Nitartha Digital Library
Tibetan
གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
བདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱི་ཀ
   


 
previousབདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱི་ཀnext

བདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱི་ཀ


MR10_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱི་ཀ་བཞུགས་སོ། །


MR10_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་བྷེ་ཥ་ཛ་རཱ་ཛཱ་ཡ། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་འདི་འཆད་པ་ལ། མཚམས་སྦྱར་བ། གླེང་གཞི་དང་གླེང་སློང་གི་ཚིག་དང་། རྒྱུད་དོན་དངོས་བཤད་པ་དང་གཉིས། དང་པོ་ནི།གོང་དུ་མན་ངག་གི་རྒྱུད་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་དེས་དགོས་འདོད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ནས། ནད་ཐམས་ཅད་ཞི་བར་བྱེད་པ་ལ་ཐོགས་པ་མེད་པ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་གསང་གནས་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཞུམ་པ་དང་སྐྲག་པའི་ཉེས་སྐྱོན་ཐམས་ཅད་བསལ། ལུས་ལ་བར་དུ་གཅོད་པའི་ནད་དང་། ཚེ་ལ་བར་དུ་གཅོད་པའི་གདོན་ཐམས་ཅད་ཞི་བར་བྱས་ཏེ་སླར་སྐུའི་


MR10_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་འདུས་པ་ལས། རྒྱལ་བ་ཐམས་ཅད་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་སངས་རྒྱས་དོན་ཡོད་གྲུབ་པའི་ངོ་བོ་ཡིན་པ་ལ། སྐབས་འདིར་སྨན་པའི་རྒྱལ་པོ་ཉིད་ཀྱི་ཕྲིན་ལས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཏུ་སྣང་བར་མཛད་དེ་མདུན་གྱི་བར་སྣང་ལ་བཞུགས་པ་དེ་ལ། གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་སྔར་ནས་སྤྲུལ་ཟིན་པ་བཀོད་པ་མ་བསྡུས་པར་བཞུགས་པ་དེས་སྤྲུལ་གཞི་སྨན་པའི་རྒྱལ་པོ་ཉིད་དང་། དེའི་སྤྲུལ་པ་སྐབས་འདིའི་རྒྱུད་འཆད་པ་པོ་སྟོན་པ་རིག་པའི་ཡེ་ཤེས་དང་བཅས་པ་ལ་ཕྱག་དང་བསྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ཀྱཻ། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། རྒྱུད་སྡེ་བཞི་ལ་བསླབ་བར་བྱའོ། །ཞེས་སྔར་གསུངས་པ་ལས་རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་དང་གསུམ་པོ་རིམ་པ་ལྟར་དབང་པོ་རབ་


MR10_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཐ་མའི་དོན་དུ་གསུངས་ལགས་ན། ད་ནི་ཕྱི་མའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི་བ་འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་ལ་བཤད་དུ་གསོལ། ཞེས་ཞུས་ཏེ་གླེང་བསླད་བ་ན་སྟོན་པས་བཀའ་སྩལ་པ། གཉིས་པ་རྒྱུད་དོན་དངོས་བཤད་པ་ལ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཀྱཻ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། རྒྱུད་བཞིའི་ཐ་མ་ཕྱི་མའི་རྒྱུད་ལ་བསླབ་པ་ནི། འདི་ལྟར་གསོ་བྱ་ནད་དང་། དེ་གསོ་བྱེད་ཀྱི་གཉེན་པོ་དང་། ནད་དང་གཉེན་པོ་བསྐྲད་ནས་གསོ་བའི་ཐབས་བསྟན་པ་དང་གསུམ་དུ་ཡོད་པ་ལས། གསོ་ཡུལ་ནད་དེ་ལའང་ཀུན་བརྟགས་གདོན་གྱི་ནད་བརྒྱ་དང་གཅིག་དེ་བཞིན་ལྟར་སྣང་འཕྲལ་གྱི་ནད། གཞན་དབང་སྔོན་ལས་ཀྱི་ནད། ཡོངས་གྲུབ་ཚེ་ཡི་ནད་བརྒྱ་དང་གཅིག་སྟེ་བཞི་བརྒྱ་དང་བཞིར་ཡོད་ལ། དེ་ལའང་རྒྱས་པར་ཕྱེ་ན་སྔོན་ལ ས་ཀྱི་ནད་མ་གཏོགས་པ་གསུམ་ལ་གནས་ཀྱི་དབྱེ་བ་ལ་སོགས་པས་བསྒྲེས་ཏེ་རྩིས་ན་སྟོང་དང་ཉིས་བརྒྱ་བཅུ་གཉིས་སུ་འགྱུར་ཞིང་རྣམ་པས་དབྱེ་ན་དཔག་ཏུ་མེད་པར་འགྱུར་རོ། །དོན་མདོ་རུ་བསྡུས་པས་བཅོས་དགོས་པ་བརྒྱ་རྩ་གཅིག་སྟེ་ཡོངས་གྲུབ་ཚེ་ཡི་ནད་ནི་བཅོས་ན་འཚོ་ལ་མ་བཅོས་ན་རང་གར་མི་འཚོ་བས་བཅོས་དགོས་པ་ཞེས་བྱ་ཞིང་། དེ་ལས་གཞན་ལྟར་སྣང་གི་ནད་རྣམས་ནི་མ་བཅོས་ཀྱང་འཚོ་ལ། གདོན་ནད་རྣམས་ནི་གདོན་འཆོས་པ་གཙོ་ཆེ་ཡི་སྨན་དཔྱད་གཙོ་མི་ཆེ་ལ། སྔོན་ལས་ཀྱི་ནད་ཕལ་ཆེར་བཅོས་སུ་མི་བཏུབ་པའི་ཕྱིར་རོ། །གསོ་བྱེད་ཀྱི་གཉེན་པོ་


MR10_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱུད་འདིར་བསྟན་པ་ཐམས་ཅད་དབྱེ་བ་བགྲངས་ན་སྟོང་དང་གཉིས་སུ་ཡོད་ཀྱང་། མདོར་བསྡུས་ན་སྨན་དཔྱད་ཟས་སྤྱོད་བཞི་ལ་འདུ་ཞིང་། སྨན་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་དང་། ཞི་བྱེད་ལའང་ཚ་བ་ཞི་བར་བྱེད་པ་བསིལ་སྨན་དང་གྲངས་བ་ཞི་བྱེད་དྲོད་སྨན་གཉིས། སྦྱོང་བྱེད་ཀུན་ལ་སྨན་གྱི་ངོ་བོས་དྲག་སྦྱོང་དང་འཇམ་སྦྱོང་གཉིས་ཏེ་སྨན་ལ་སྤྱིར་བཞི་དང་། དཔྱད་ལ་འཇམ་པ་དུགས་ལུམས་བྱུག་པ་གསུམ་དང་། རྩུབ་ལ་གཏར་བསྲེག་ཐུར་མ་གསུམ་སྟེ་འཇམ་རྩུབ་གཉིས། ཟས་ལ་ཉེས་པ་སོ་སོ་ལ་ཞི་ཞིང་ཕན་པར་བྱེད་པ་རླུང་ལ་ཟས་སྣུམ་བཅུད་ལྟ་བུ་དང་། གནོད་པའམ་སློང་བར་བྱེད་པ་རླུང་ལ་ཡང་རྩུབས་ཀྱི་ཟས་ལྟ་བུ་སྟེ། འདིར་རྣམ་པར་གྱུར་པའི་ཉེས་པ་སྟེ་ཞི་བའམ་སློང་བྱེད་ལ་ཕན་གནོད་དུ་གྱུར་པའི་ཟས་སུ་ཤེས་ནས་ཉེས་པ་གང་འཕེལ་བ་ན་ཕན་པའི་ཟས་སྦྱར་ཞིང་ཟད་པ་ན་གནོད་པའི་ཟས་སྦྱར་བ་ཡིན་ནོ། །སྤྱོད་ལམ་མང་ཡང་བསྡུ་ན་དྲག་དལ་གཉིས་ཏེ་དེ་ལྟར་གཉེན་པོ་བཅུ་པོ་དེ་ནད་གང་ལ་གང་འོས་སུ་བསྟེན་པར་བྱ་བ་ཡིན་ནོ། །གསུམ་པ་གསོ་བའི་ཐབས་ཀྱི་ལག་ལེན་ལ་ནི། རྒྱུད་བཞི་པོ་འདིར་བསྟན་པའི་བརྟག་ཐབས་དང་གསོ་ཚུལ་སོགས་ཀྱི་དབྱེ་སྒོ་སོ་སོར་བགྲང་ན་སུམ་བརྒྱ་དྲུག་ཅུ་ཡོད་ལ། དེ་དག་མདོར་བསྡུས་ན་དང་པོ་ནད་གང་ཡིན་པ་བརྟག་ཐབས་དང་། རྟོག་ནས་ཇི་ལྟར་འཚམས་པར་གསོ་ཚུལ་ཤེས་པ་དང་། ཤེས་ནས་སྨན་སོགས་དངོས་སུ་སྦྱར་


MR10_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསོ་བའི་ཐབས་ལག་ཏུ་ལེན་པ་གསུམ་དུ་འདུ་ལ། །དེ་ལ་བརྟག་ཐབས་རེག་མཐོང་གཉིས་ཀྱིས་ནད་གང་ཡིན་ངོས་བཟུང་། དེ་ལའང་འཁྲུལ་པའི་གཞི་འབྱུང་སྲིད་པས་གནད་ཀྱི་གལ་འགགས་བཞི་ཡིས་དཔྱད་པ་ལ་ནོར་འཁྲུལ་འབྱུང་བའི་དོགས་འཕྲང་བསལ། གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་མ་འཛོལ་བར་སྤྲད། གསོ་ཐབས་ལག་ལེན་བཅོ་བརྒྱད་ཀྱིས་ནད་ཀྱི་དཔུང་གཞོམ་པ་སྟེ། དེ་ལྟར་སུམ་ཅུ་རྩ་གསུམ་དང་ལྡན་པ་འདི་ནི་གསོ་བ་རིག་པའི་གཞུང་གི་བསྟན་དོན་ཐམས་ཅད་ལག་ཏུ་ལེན་ཐབས་སྙིང་པོར་དྲིལ་བ་ཡིན་ཏེ། འདི་དག་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་རྩ་བའི་སྡོམ་ཚིག་ཡིན་ཏེ་དྲང་སྲོང་རྣམས་ཀྱིས་ཡིད་ལ་དེ་ལྟར་ཆོངས་ཞེས་གསུངས་སོ། །གཉིས་པ་ལ་བརྟག་པ་རྩ་ཆུའི་མདོ། ཞི་བྱེད་སྨན་གྱི་མདོ། སྦྱོང་བྱེད་ལས་ཀྱི་མདོ། འཇམ་རྩུབ་དཔྱད་ཀྱི་མདོ་བསྟན་པ་བཞི་ལས། དང་པོ་ལ་ཞུས་པ་དང་། ལན་བསྟན་པ་གཉིས་ཀྱི་དང་པོ། དེ་ནས་དྲང་སྲོང་ཡིད་ལས་སྐྱེས་སོགས་ནས། ཞེས་ཞུས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །གཉིས་པ་ལ་རྩ་མདོ་ཆུ་མདོ་གཉིས་ལས། དང་པོ། སྟོན་པས་གསུངས་པ་ཞེས་སོགས་ཀྱིས་བསྟན་ཏེ། འདི་དག་ལ་ས་བཅད་ནི་གཞུང་གི་མདོར་བསྟན་དང་རྒྱས་བཤད་ཀྱིས་གསལ་བས་གཞུང་བཞིན་འབྲུ་གཉེར་བས་འཐུས་སོ། །དེ་ལ་དང་པོ་རེག་པ་རྩ་ལ་བརྟག་པ་ནི། ནད་པ་དང་


MR10_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་པ་གཉིས་ལ་བརྡའ་སྦྱོར་ཞིང་འཕྲིན་པ་བྱེད་པ་ལྟ་བུ་ནི་རྩ་ཡིན་པས་དེ་ལ་བརྟག་པ་ནི་ཤིན་ཏུ་གལ་ཆེ་ཞིང་། དེ་བརྟག་པར་བྱེད་པ་ལ་སྔོན་འགྲོ་ཟས་སྤྱོད་བསླབ་པ་ནས་བླ་རྩ་བརྟག་པའི་བར་གྱིས་སྤྱི་དོན་བཅུ་གསུམ་གྱིས་བསྟན་པ་བཞིན་རྒྱས་པར་བཤད་པ་ལ། དང་པོ་སྔོན་འགྲོ་ཟས་སྤྱོད་ལ་བསླབ་པ་ནི། སང་ཉིན་རྩ་བལྟ་བའི་དེ་རིང་ལྟ་བུ་ནས་ཀྱང་ཤ་ཆང་ལ་སོགས་པ་ཧ་ཅང་དྲོད་བཅུད་དྲག་པོ་ཟོས་ན་ཟས་དེའི་རྐྱེན་གྱིས་རྩ་ཡང་ཚ་བའི་ནད་གཞི་དང་མཐུན་པར་ཅུང་འགྱུར་དུ་འོང་བ་དང་། དེ་བཞིན་འཇུ་དཀའ་ཞིང་བསིལ་ཆེས་པ་བཟའ་ཆེས་ན་གྲང་བའི་ནད་གཞི་སློང་བས་དེ་ལྟར་ཚ་གྲང་གི་ནད་གཞི་འཁྲུགས་པའི་ཟས་སྤང་ལ་བསིལ་དྲོད་སྙོམས་པའི་ཟས་བཟའ་དེ་ཡང་ཧ་ཅང་འགྲང་ཆེ་བ་དང་། ལྟོགས་ཆེས་པ་དང་བུད་མེད་དང་ཉལ་པོ་བྱེད་པ་དང་གཉིད་ཆགས་པ་དང་སྨྲ་བརྗོད་དང་སེམས་ཀྱིས་བསམ་བློ་མང་དུ་བཏང་བའི་སེམས་ལས་བྱེད་པ་དང་། འགྲོ་ཞིང་འདུག་པའི་སྤྱོད་ལམ་མང་པོ་བྱེད་པ་སྤངས་ཏེ་བརྟག་པར་བྱ། དེ་ལྟར་བྱས་ནས་དེ་ཡིས་འདུ་བ་རླུང་མཁྲིས་བད་ཀན་རྣམ་གསུམ་མི་འཁྲུག་པས། རྩ་གསལ་ཞིང་ཐིག་པ་འོང་ངོ་། །དེ་ལྟར་མ་བྱས་ན་བརྒྱགས་ཆེ་བའི་དུས་སུ་རྩ་མཐོ་ལ་གྲིམས་པ། ལྟོགས་ཆེ་དུས་རྩ་སྤང་དམའ་ལ་ཞན་པ། གཉིད་ཆགས་པ་དང་། སྨྲ་བརྗོད་མང་བས་རླུང་འཁྲུགས་ཏེ་རྩ་ཡང་རླུང་གི་ནད་དང་མཐུན་པར་འོང་ངོ་། །འགྲོ་འགྲོ་འདུག་འདུག་མང་བས་རྩ་ཡང་འཚུབ་པ་ལྟ་བུ་འོང་


MR10_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྐྱེན་དེ་དག་སྤང་ནས་དལ་བར་བྱས་ན་རང་བཞིན་ནད་ཁམས་ཀྱི་རྩ་གང་ཡིན་དེ་ཇི་ལྟར་ཡིན་པ་རང་སོ་ན་གསལ་ལོ། །ད་ལྟར་རྩ་གློ་བུར་དུ་བལྟ་བར་བྱེད་ན་ཡང་དེ་དུས་ནད་པ་དབུགས་རང་མལ་ཚུད་པ་ཅན་དུ་བྱ་སྟེ། ངལ་བ་དང་རྒྱུག་པ་སོགས་ཀྱིས་དབུགས་མལ་དུ་མ་ཚུད་པའི་སྐབས་ན་རྩ་ཡང་འཚུབ་པ་འོང་བས་དབུགས་མ་རྒོད་པའི་སྐབས་སུ་བལྟ་བ་དང་། དབུགས་རྒོད་པའམ་བསྡོམས་པ་སོགས་རྩ་ཡི་དཔང་། དབུགས་ཀྱིས་རྐྱེན་གྱིས་མ་བཏེགས་པའམ་མ་བསྒྱུར་བ་གཅེས་པ་ཡིན་ཏེ་དབུགས་ཀྱི་དབང་ལས་རྩ་གྲིམ་ལྷོད་དུ་འགྱུར་བ་མྱོང་བས་གྲུབ་པའི་ཕྱིར་རོ། །གཉིས་པ་བལྟ་བའི་དུས་ནི་ནམ་མཁའི་ངོས་ལ་ཉི་འོད་ཤར་བས་ནམ་ལངས་ལ། ས་གཞིའི་ཀླུང་དུ་ཉི་འོད་དངོས་སུ་མ་ཕེབས་པ་ནམ་ལངས་པའི་དང་པོར། སྨྲ་བརྗོད་སོགས་ཀྱིས་ཁོང་བའི་ནང་གི་དབུགས་དྲོན་མོ་ཕྱིར་རིང་དུ་མ་རྒྱུས་པ་དང་། ཁ་སྣར་ཕྱི་རོལ་གྱི་རླུང་ངམ་དབུགས་གྲང་མོ་ནང་དུ་མ་ཤོར་བ་དང་། རང་མལ་ནས་མ་འགུལ་ལ་ཁ་ཟས་མ་ཟོས་པའི་དུས་དེར་ནི། གདགས་སྲིབས་ཀྱི་དབུགས་སྙོམས་པས་ན་དབུགས་ཀྱིས་བཏེགས་ནས་འཕར་བའི་རྩ་རང་མལ་ན་གནས་དུས་བལྟ་ཞེས་སོ། །དེ་ལ་གདགས་སྲིབས་ཞེས་ཉིན་སྲིབས་ཀྱི་བརྡའ་འདི། གདགས་ལྷ་རྗེ་དང་སྲིབས་ནད་པ་གདགས་དོན་ལྔ་དང་སྲིབས་སྣོད་དྲུག་གདགས་གཡས་རྒྱུ་དང་སྲིབས་གཡོན་རྒྱུ། གདགས་ཉིན་མོ་དང་སྲིབས་མཚན་མོ་སྟེ་དེ་གཉིས་ཀྱི་བར་གྱི་དུས་ལྟ་བུ་ནམ་ལངས་སོགས་སུ་འཆད་ཚུལ་སྣ་


MR10_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བྱེད་པ་ཡོད་ཀྱང་། སྐབས་འདིར་གདགས་སྲིབས་ནི་ཚ་གྲང་གི་མཚོན་བྱེད་ཀྱི་མིང་སྟེ། སྤྱོད་ལམ་དྲག་པོས་ཁོང་བར་དྲོད་འབར་ཞིང་དབུགས་རྒོད་པ་ནི་ཚ་བའི་དབུགས་ཏེ་དེའི་དུས་སུ་རྩ་ཡང་གྲིམས་པར་འོང་། ལྟོ་ཆགས་པ་དང་ལུས་གྲང་བ་སོགས་ཀྱིས་ཁོང་པ་གྲང་ཞིང་དབུགས་རྒྱུ་བ་ཞན་པའི་ཚེ་བལྟ་རྩ་ཡང་དེ་དང་འཚམས་པར་ཅུང་ཞན་པར་འབྱུང་བ་མངོན་སུམ་ཡིན་ལ། དེའི་ཕྱིར་ནང་མོ་མལ་ནས་མ་འགུལ་གང་སྤྱོད་ལམ་སྙོམས་པས་དབུགས་ཚ་གྲང་སྙོམས་ལ། དེའི་དབང་གི་ནད་གཞིའི་རྩ་ཇི་ལྟ་བུ་ཡིན་པ་མ་གཏོགས་འཕྲལ་གྱི་དབུགས་ལ་བརྟེན་པའི་རྩ་རྒྱུད་དྲག་དལ་མི་འོང་བས་དུས་དེར་འདྲ་རྩ་བལྟ་བའི་དུས་ཡིན་ཞེས་བསྟན་ལ། ནམ་ལངས་དངོས་མིན་ཡང་གློ་བུར་ནམ་ཡིན་བལྟར་རུང་མོད། ནམ་ལངས་དུས་ལྟ་བུ་གསལ་ཆ་མི་ཆེའོ། །གསུམ་པ་བལྟ་གནས་ནི། ལག་པའི་མཁྲིག་མ་ལ་མཉེར་མ་གཉིས་ཡོད་པ་ལས། ལག་པའི་རྩ་བར་ཡོད་པའི་མཉེར་མ་དང་པོ་ནས་ནད་པ་རང་གི་མཐེ་བོང་གི་ཚིགས་མཚམས་དང་སེན་མོའི་དྲེག་པ་དཀར་ནག་གི་མཚམས་ཀྱི་བར་ཆ་ལ་ཚོན་གང་ཞེས་བྱ་བ་དེ་ཡི་ཚད་ཙམ་མར་བཅལ་བའི་བར་དེར་དོན་སྣོད་དྲུག་གི་རྩ་ཆ་མཉམ་པར་རྒྱུ་བས་ན་དེར་བརྟག་པར་བྱའོ། །དེ་ཡང་མཁྲིག་མཉེར་དང་པོ་ནས་ཚོན་གང་མར་གཞལ་བའི་སྣ་དང་ལག་པའི་རུས་པ་འབུར་པོ་ཐད་ཀར་འོང་བས། རུས་པ་འབུར་པོའི་ལྡེབས་ཞེས་མི་ནོར་བའི་གཟེར་བཤད་པའོ། །དེ་ལྟར་མཁྲིག་མཉེར་དང་པོ་དང་། རུས་པ་འབུར་པོའི་བར་གྱི་ཆ་ཚོན་གང་པོ་དེ་


MR10_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆ་གསུམ་བགོས་པའི་གནས་དེ་ལ་རྒྱ་ནག་སྐད་དུ་ཚུན་ཀྭན་ཆི་ཞེས་གྲགས་པ་ཡིན་ལ། དེ་སོར་མོ་གསུམ་གྱིས་བརྟག་ཚེ་གནས་ཀྱི་མིང་གནས་ཅན་སོར་མོ་གསུམ་ལ་བཏགས་ཏེ་མཛུབ་མོ་ལ་ཚོན་གུང་མོ་ལ་ཀན། སྲིན་ལག་ལ་ཆག་ཅེས་ཟུར་ཆག་པའི་བརྡ་བྱས་པ་དེ་དག་ཆ་ཆེ་ཆུང་མེད་པར་སྙོམས་པར་བཞག་ནས་བལྟ་བར་བྱ་ཞེས་གསུངས་སོ། །འདི་ལ་བོད་ཀྱི་འཚོ་བྱེད་པ་སྔ་མ་དག་གིས་མཁྲིག་མཉེར་དང་པོ་ནས་ཚོན་གང་མར་གཞལ་བའི་འོག་ནས་ད་གདོད་སྨན་པའི་མཛུབ་མོ་གསུམ་སྙོམས་པར་བཞག་སྟེ་བལྟ་ཞེས་བཤད་ཀྱང་ལུང་རིགས་དང་མི་མཐུན་ཏེ། ལུང་ནི། རྒྱ་ནག་ཡུལ་དུ་རྩ་ཆུ་གསལ་བོར་བསྟན་ཞེས་གསུངས་པ་ལྟར་རྒྱ་ནག་གི་རྩ་མདོ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་གསར་འགྱུར་ལས། ལྟ་གནས་མཁྲིག་མའི་མཉེར་མ་ནས། །རུས་པ་འབུར་པོའི་ལྡེབས་སུ་སྟེ། །ཞེས་སོགས་གསལ་པོར་བསྟན་པ་ཉིད་ལས་ཤེས་ཤིང་། རིགས་པ་ནི། ནད་པ་རང་གི་ལག་རྩ་ལ་གོང་བཤད་ལྟར་ས་ཁྱོན་ངེས་པ་ཅན་ཡོད་ན་གནས་དེ་དང་དེར་དོན་སྣོད་ཀྱི་རླུང་ཁྲག་སོ་སོར་རྒྱུ་བའི་ངེས་པ་ཞིག་རུང་གི། རུས་འབུར་གྱི་གཤམ་ལ་ཡ་མཐར་བྱས་ནས་དེ་མན་ཆད་ངེས་པ་ཅི་ཡང་མེད་པར་མཛུབ་མོ་གསུམ་བཞག་པ་ཙམ་གྱིས་གནད་མི་ཟིན་ཏེ། ནད་པ་ལུས་ཆེ་ཆུང་མ་ངེས་པ་ལ་སྨན་པ་སོར་མོ་ཆེ་ཆུང་མ་ངེས་པས་གང་ལྟར་བལྟས་ཀྱང་སོར་མོའི་རྗེས་སུ་དོན་སྣོད་ཀྱི་རྩ་བསམ་པ་བཞིན་འོང་བའི་རྒྱུ་མཚན་མེད་པས་ལུགས་དེ་ལ་བརྟགས་ན་དཔྱད་མི་བཟོད་པའོ། །


MR10_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་ནད་པའི་ལག་རྩའི་ས་ཁྱོན་དེ་དེ་ལྟར་ཤེས་ནས་སོར་མོ་གསུམ་མམ་སོར་མོ་གཅིག་གིས་བལྟས་ཀྱང་གནས་དེ་དང་དེའི་རྩ་ནི་དེ་ལྟར་ནམ་ཡང་མི་འགྱུར་བས་ངེས་པ་དང་ལྡན་ནོ། །འོན་ཀྱང་ཉམས་མྱོང་དང་བསྟུན་ན་ལྟ་རྩ་ཚོན་གང་རེའི་བར་དུ་དོན་སྣོད་དྲུག་གི་རླུང་ཁྲག་ཚན་རེ་རྒྱུ་བ་མ་འདྲེས་པ་འདྲ་སྟེ། མཉེར་མ་དང་པོ་དང་རུས་འབུར་བར་གྱི་དོན་སྣོད་ཀྱི་རྩའི་དྲག་དལ་ཇི་ལྟ་བ། རུས་འབུར་ནས་མར་ལ་སླར་ཡང་ནད་པའི་ཚོན་གང་གཞལ་བའི་བར་གྱི་ཁྱོན་ལ་དོན་སྣོད་ཀྱི་རྩ་བརྟག་པའང་སྔ་མ་དང་འདྲ་བར། འབྱུང་བའི་གནད་འདིས་དེ་ལྟར་ཡིན་པ་དང་། བོད་སྔ་རབས་པ་རྣམས་ཀྱིས་ལག་རྩ་ལྟ་ཚུལ་དེས་ཀྱང་ཕྱོགས་ཙམ་རྟོགས་པ་གནད་འདི་ལ་ཐུག་པ་ཡིན་ནམ་སྙམ་དུ་རང་གིས་རྣམ་པར་སེམས་སོ། །དེ་ལྟར་འཕར་རྩ་མང་པོ་ཡོད་བཞིན་གནས་འདི་ཁོ་ནར་རྩ་ལྟ་བ་ཅིའི་ཕྱིར་ཞེ་ན་རླུང་ཁྲག་གཉིས་འདོམས་པའི་འཕར་རྩ་ནི་ལུས་ཀྱི་ཆ་སྟོད་སྨད་ཀུན་ལ་ཡོད་མོད་ཀྱང་། དོན་དང་ཧ་ཅང་ཉེ་བ་རྐེ་ཡི་འཕར་རྩ་སོགས་ལ་ལྟ་ན་ཕུ་ཆུ་འབྲུབ་པ་དང་མཚུངས་པས་བརྟག་མི་བདེ་ལ། རིང་བ་རྐང་པའི་ལོང་བུའི་རྩ་སོགས་ནི་ཐག་རིང་མགྲོན་པོའི་གཏམ་དང་འདྲ་སྟེ་དོན་སྣོད་ཀྱི་ཚ་གྲང་གསལ་པོར་མི་མཚོན་ནོ། །དེས་ན་ཐག་ཉེ་རིང་འཚམས་པ་མཁྲིག་མའི་འཕར་རྩ་ལ་བརྟགས་པ་འདི་ནི་རྒྱང་གྲགས་གཅིག་གི་སར་དབྱར་རྔའི་སྐད་བསྒྲགས་ན་འབྲུག་གི་སྒྲར་ནོར་བ་མེད་པ་བཞིན་དུ་ཐེ་ཚོམ་མེད་པར་ངེས་པར་སྟེར་བའོ། །འདི་ལ་རྒྱང་གྲགས་དུང་དང་དབྱར་སྐད་


MR10_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་གི་སྒྲ་བཞིན་དུ་ཞེས་དང་། རྒྱང་གྲགས་ཙམ་དུ་ཕན་ཚུན་དབྱར་གྱི་དུས་སུ་སྐད་ཀྱིས་འབོད་པ་སོགས་བྱེད་ན་དབྱར་ས་རྡུལ་སོགས་ཞི་བས་སྐད་གསལ་པོར་ཐོས་ཞེས་རྣམ་བཤད་བྱེད་པའང་ཡོད་དེ་དཔེ་ཙམ་དུ་གང་ལྟར་བཤད་ཀྱང་འགལ་བ་ཆེར་མེད་ཀྱང་གོང་ལྟར་ཤེས་པར་བྱའོ། །ཡང་རྩ་ལ་བལྟས་པས་ཁོང་པའི་ནང་གི་ནད་ལ་སོགས་པ་ཅི་ལྟར་ཤེས་སྙམ་ན། དཔེར་ན་ཕྱོགས་ཀྱི་སྐྱེ་བོ་ཐམས་ཅད་རྒྱུ་བའི་ཚོང་དུས་ཀྱི་རྒྱ་སྲང་སྟེ་ལམ་དེར་ནི་ཕྱོགས་ཐམས་ཅད་ཀྱི་གཏམ་གསལ་བ་བཞིན་ནོ། །འདིར་རྒྱ་མ་དང་སྲང་གིས་ལྕི་ཡང་ཤེས་པ་བཞིན་ཞེས་འབྲུ་གཉེར་བ་ནི་མི་བདེའོ། །ལམ་གང་ན་ཕྱོགས་མཐའ་དག་ནས་འོང་བའི་སྐྱེ་བོ་རྒྱུ་ཡང་རྩ་འདིར་ནི་དོན་ལྔ་དང་སྣོད་དྲུག་པོ་ནི་རྩ་ཡི་ནང་དེར་ཀུན་ཏུ་མི་རྒྱུ་བས་ན་ལམ་གང་དུ་གཏམ་སྣ་ཚོགས་གསལ་བ་བཞིན་རྩ་ལ་བརྟག་པས་དོན་སྣོད་ཀྱི་ནད་རྟོགས་པ་འགལ་ལོ་ཞེ་ན་མི་འགལ་ཏེ། རླུང་ཁྱབ་བྱེད་ཀྱིས་བསྐྱོད་ནས་དོན་སྣོད་སོ་སོའི་དྭངས་མའི་ཟུངས་ཁྲག་རྩ་ནང་ཀུན་ཏུ་རྒྱུ་བས་ན་དཔེར་ན་ཚོང་དཔོན་ལམ་དུ་རྒྱུ་བ་བཞིན་ནོ། །ཚོང་དཔོན་ལྟ་བུའི་རླུང་ཁྲག་འདིས་ཡུལ་གཞི་དང་ནོར་རྫས་ལྟ་བུ་དོན་སྣོད་སོ་སོའི་ཚུལ་ནད་དུ་ཇི་ལྟར་གྱུར་པའང་ཤེས་པར་ནུས་ཏེ་དེ་དང་དེ་འབྲེལ་བའི་དབང་གིས་སོ། །དེ་ལྟར་ཡིན་དུ་ཆུག་ཀྱང་རྩ་གཅིག་གི་ནང་དུ་རྒྱུ་བའི་རླུང་ཁྲག་ཐམས་ཅད་འདྲེས་པའི་ཕྱིར་སོ་སོའི་ཁྱད་པར་ཤེས་པར་མི་འགྱུར་རོ་ཞེ་ན། ལུས་ཀྱི་དངོས་པོའི་ཆོས་ཉིད་ཀྱིས་རླུང་ཁྲག་བཅུ་གཉིས་པོ་མ་འདྲེས་པར་ཕད་རྩེ་སྟེ་སྒྱེ་མོ་དག་གི་རེ་སོ་རིམ་པར་


MR10_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པར་ཡོད་པ་དང་འདྲ་སྟེ། ཤེལ་གྱི་དང་བུ་གཅིག་ཏུ་ཚོན་སྣ་དྲུག་ཆ་མཉམ་པར་མ་འདྲེས་རིམ་པར་བཀོད་པ་བཞིན་ནོ། །དེས་ན་གནས་འདི་དང་འདི་ན་དོན་སྣོད་འདིའི་རླུང་ཁྲག་རྒྱུའོ་སྙམ་དུ་སོར་མོས་བརྟག་པའི་ཚེ་དུས་རྒྱུན་སོ་སོར་མངོན་དགོས་པ་མ་ཡིན་གྱི། ནད་ཁམས་ལ་སོགས་པའི་རྐྱེན་ལས་མི་འདྲ་བར་དྲག་དལ་དང་མ་ཚང་པ་སོགས་སུ་མངོན་འོང་བ་ཡིན་ནོ། །དེ་ལྟར་རླུང་ཁྲག་མི་འདྲ་བར་རྒྱུ་བ་ཡང་ལུས་ཀྱི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་སྟེ་དཔེར་ན་ཁྲག་ལ་གནས་པའི་སྲིན་བུ་ཕྲ་མོ་དག་སྐད་ཅིག་ཙམ་ལ་ལུས་ཐམས་ཅད་དུ་རྒྱུ་ནུས་པར་གསུངས་པ་བཞིན་ནོ། །དེས་ན་འདི་ལ་རྩ་བཅུ་གཉིས་མ་འདྲེས་པར་བསྒྲིམ་ཡོད་པ་སོགས་སུ་བཤད་པ་དང་། ཕན་ཚུན་དགག་བཞག་མང་པོ་བྱས་པ་ཕལ་ལ་སྙིང་པོ་ཡོད་པར་མ་མཐོང་ངོ་། །བླ་རྩ་ནི་ལག་པའི་མར་ཟུར་ཆུ་བ་དང་རྒྱུས་པའི་གསེབ་ན་རྒྱུ་བས་བལྟ་རྩའི་ཐད་དུ་མངོན་ན་དེ་དང་། མི་གསལ་ན་ཡས་མན་ཕན་ཚུན་དུ་སོར་མོས་མནན་ལྷོད་གང་འོས་བྱས་ཏེ་གང་དུ་གསལ་བའི་གནས་སུ་བལྟ་བར་བྱའོ། །འཆི་བའི་ཚེ་རྩ་ཐམས་ཅད་ལུས་ཀྱི་མཐའ་ནས་སྙིང་གར་སྡུད་པར་འགྱུར་ཕྱིར་འཆི་ཁ་མའི་རྩ་ཆད་དམ་མ་ཆད་ནི་རྐང་པའི་བོལ་གོང་གི་འཕར་རྩར་བརྟག་པར་བྱ་སྟེ། དེའི་རྒྱུ་མཚན་ལག་རྩ་སོགས་འཕར་རྒྱུ་མ་ཆད་སྔོན་ནས་དེ་འཕར་རྒྱུན་ཆད་པ་ཡིན་པའི་ཕྱིར་རོ། །བཞི་པ་མནན་ཚད་ནི་ཚོན་གྱིས་པགས་པ་ནོན་ཙམ་དང་། ཀན་གྱིས་ཤ་ནོན་པ་དང་། ཆག་གིས་རུས་པ་ནོན་པ་ཙམ་ཞེས་པགས་པ་


MR10_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤ་དང་རུས་པས་ཚོར་ཙམ་བྱ་སྟེ། ཚོན་ལ་སྲན་མ་དྲུག་གི་ལྕིད་དང་། ཀན་ལ་བཅུ་གཉིས། ཆག་ལ་ཉེར་བཞིའི་ལྕིད་ཡོད་པ་ཙམ་དུ་མནན་པར་བྱ་བར་གསུངས་སོ། །དེ་ལྟར་རིམ་པས་མནན་ཇེ་ཆེར་བྱ་བ་ཅིའི་ཕྱིར་ཞེ་ན། རྩའི་དབྱིབས་ལ་ཕུག་དང་འདྲ་བར་རིམ་པས་ཤ་ཡི་གཏིང་དུ་ཟུག་པས་ན་སོར་མོ་དེ་དག་གི་ཐད་དུ་ཤ་ཡི་རྔམ་ཟབ་པ་དང་མི་ཟབ་པ་ལས་བྱུང་བ་ཡིན་ཏེ་ཤ་ཅི་ཙམ་ཟབ་པ་དང་མཚུངས་པར་མནན་ཆེ་དགོས་པ་ཡིན་ནོ། །ལྔ་པ་བལྟ་ཚུལ་ནི། སྨན་པའི་ལག་པའི་སོར་མོ་དག་གནས་སྐབས་སུ་མ་གྲང་བའི་རང་དྲོད་དང་མཐུན་པ་དང་། དུས་རྒྱུན་མེ་ལ་རེག་པ་དང་། ལས་བྱེད་པ་སོགས་ཀྱིས་སོར་མོའི་ལྤགས་པ་འཐུག་ཀོབ་ཏུ་མ་སོང་བས་འཇམ་ཞིང་མཉེན་པར་གྱུར་ན་རྩ་གསལ་པོར་རྟོགས་པ་དེ་ཡིས་ཐོག་མར་ཕོ་རྩ་གཡོན་དང་མོ་རྩ་གཡས་སུ་བརྟག་པར་བྱའོ། །དེ་ལ་ནད་པ་ཕོ་ཡིན་ན་ཐོག་མར་གཡོན་དུ་བརྟག་པ་སོགས་རྒྱུ་མཚན་གང་ཡིན་སྙམ་ན། རྒྱ་ནག་རྩ་མདོ་ཀུན་མཁྱེན་ཆོས་འབྱུང་གིས་གསར་འགྱུར་ལས། ཉི་ཤར་ཚུན་གྱི་སྒོ་རུ་ནི། །བླ་རྩ་འཁྱམས་པོ་འདུས་པའི་ཕྱིར། །གསལ་མཐོང་རྟེན་འབྲེལ་སྒོ་ཡིན་པས། །དེ་ཡི་དུས་སུ་བརྟག་པ་གཅེས། །ཞེས་གསུང་པ་ལྟར། གོང་བཤད་མཁའ་ལ་ཉི་ཤར་ནམ་ལངས་ཀྱི་དུས་དེར་ལུས་ཀྱི་བླ་ཁམས་ཕན་ཚུན་དེ་སྙིང་རྩ་ཡོད་པ་དེར་འདུ་བས་དེ་དུས་རྩ་བརྟགས་ན་འཚོ་འཆི་སོགས་གསལ་བ་ཡིན་ཅིང་། དེར་ཡང་ཕོ་ལ་ལག་གཡོན་གྱི་ཚུན་སྙིང་རྩ་དང་། མོ་ལ་གཡས་སུ་སྙིང་རྩ་འོང་བའི་གནད་ཀྱིས་ཡིན་ཏེ།


MR10_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་དུས་དེ་འདྲ་ལ་གནས་དེར་བརྟག་དགོས་པའི་དོན་གྱིས་དེ་ལྟར་གསུངས་ཀྱི། གཞན་དུ་སྙིང་རྩ་ཡོད་ཕྱོགས་ཡིན་པ་ཙམ་ཞིག་རྒྱུ་མཚན་བྱས་པས་གོ་རྒྱུ་ཅིའང་མེད་དེ། སྙིང་རྩ་ཡོད་ཕྱོགས་དེ་ལྟར་ཡིན་ཀྱང་སྔ་ཕྱི་ནམ་བལྟས་ཀྱང་སྙིང་རྩ་ལ་ཁྱད་པར་མི་འོང་པས་བརྟག་བྱ་ལ་ཁྱད་མེད་ཅིང་རྟེན་འབྲེལ་ལ་ཉེ་ལྟ་བུའི་དགོས་པ་གཞན་ཡང་ཡོད་པར་མ་བཤད་པས་ཕོ་གཡོན་མོ་གཡས་ལ་ཐོག་མར་བརྟག་པའི་རྒྱུ་མཚན་མི་རྙེད་དོ། །ནམ་ལངས་ཀྱི་དུས་ཡིན་ན་དེ་ལྟར་བརྟག་པ་ནི། བླ་ཁམས་གནས་དེར་འདུ་བ་མ་གྱེས་པའི་རིང་ལ་བརྟག་པའི་དོན་ཡོད་པ་མན་ངག་གིས་ཤེས་པར་བྱ་བའི་ཆེད་དུ་དེ་ལྟར་གསུངས་པ་ཡིན་ནོ། །དང་པོ་ནད་པའི་ལག་གཡོན་སྨན་པའི་གཡས་པས་བརྟག་པའི་ཚེ། མཛུབ་མོ་ལ་ཚོན་ཞེས་བརྡ་བྱས་པ་དེ་ཡི་འོག་ཏུ་ཡ་ཟུར་སྙིང་དང་མ་ཟུར་རྒྱུ་མའི་རྩ་ཡོད་ལ། ཀན་ཏེ་གུང་མོའི་འོག་ཏུ་ཡ་ཟུར་མཚེར་པ་དང་། མ་ཟུར་ཕོ་བའི་རྩ། ཆག་སྟེ་སྲིན་ལག་གི་འོག་ཏུ་ཡ་ཟུར་མཁལ་མ་གཡོན་པ་དང་མ་ཟུར་བསམ་སེ་བརྟག་པར་བྱའོ། །དེ་བཞིན་ཏུ་ནད་པའི་ལག་གཡས་སྨན་པའི་གཡོན་པས་བལྟས་ལ། དེའི་ཚེ་ཚོན་འོག་གི་ཡས་མར་གློ་བ་དང་ལོང་ཀ །ཀན་འོག་ཏུ་མཆིན་པ་དང་མཁྲིས་པ། ཆག་གི་འོག་ཏུ་མཁལ་མ་གཡས་པ་དང་ལྒང་པ་བརྟག་པར་བྱའོ། །འདི་ནི་ནད་པ་ཕོ་ཡིན་པའི་དབང་དུ་བྱས་ཀྱི། མོ་ལ་ནི་ཚོན་འོག་གི་རྩ་གཉིས་པོ་གཡས་གཡོན་གོང་ལས་གོ་ལྡོག་སྟེ། སྙིང་དང་རྒྱུ་མའི་རྩ་ལག་པ་གཡས་སུ་དང་། གློ་


MR10_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་གི་རྩ་ལག་གཡོན་དུ་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕོ་དང་མོ་ལ་གློ་སྙིང་ལ་གཡས་གཡོན་གྱི་ཕྱོགས་སུ་ཡོད་ཚུལ་ཁྱད་མེད་ཀྱང་། སྙིང་གི་རྩ་ཡི་མཇུག་མའི་རྩེ་མོ་དེ་ལྟར་ཕོ་ལ་གཡོན་དང་མོ་ལ་གཡས་སུ་བསྟན་པའི་ཕྱིར་དོན་སྣོད་དེ་དག་གི་རླུང་ཁྲག་དེ་ལྟར་ལག་པ་གཡས་གཡོན་དུ་འབབ་པ་ཡིན་ནོ། །ཚོན་འོག་གི་རྩ་གཉིས་པོ་དེ་ལྟར་བསྣོལ་བ་མ་གཏོགས་གཞན་དོན་སྣོད་རྣམས་ནི་གནས་ཀྱི་སྐལ་བ་སྟེ་སོ་སོའི་ཡོད་ཕྱོགས་ཀྱི་དབང་གིས་འཕར་རྩའི་རླུང་ཁྲག་ཀྱང་ཕོ་དེ་ཡི་སྐབས་སུ་གོང་ན་བཤད་པ་ལྟར་ངེས་ཏེ་ཁྱད་མེད་པར་ཤེས་པར་བྱའོ། །དྲུག་པ་ནད་མེད་ཐ་མལ་དུ་གནས་པ་ལུས་རྟེན་རང་ཉིད་ཀྱི་རྩ་རྒྱུད་རྣམ་པ་གསུམ་ནི་འདི་ལྟར་ཕོ་ཡི་རྩ་ཞེས་པ་རྩ་རྒྱུད་སྦོམ་ལ་འཕར་ཚུལ་རགས་པར་འཕར་བས་རླུང་གི་རྩ་དང་རྗེས་སུ་མཐུན་པ་ལྟར་འོང་ལ། མོ་ཡི་རྩ་ནི་རྩ་རྒྱུད་ཕྲ་ལ་འཕར་བ་མྱུར་བས་མཁྲིས་པའི་རྩ་དང་རྗེས་སུ་མཐུན་པ་དང་། ཕོ་མོ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བས་མ་ནིང་གི་རྩའམ་བྱང་ཆུབ་སེམས་རྩ་ཞེས་པ་ནི། འཕར་བ་དལ་བུས་བྱེད་པའི་རྒྱུད་རིང་ཞིང་དར་དཀར་སྣལ་མ་ལྟར་འཇམ་ཤོད་དེ་བ་དང་ཧ་ཅང་གྲིམས་ཆ་མེད་པར་མཉེན་ཏེ་བད་ཀན་གྱི་རྩ་དང་རྗེས་སུ་མཐུན་ནོ། །དེ་ལྟར་ནད་མེད་ཐ་མལ་པའི་རྟེན་གྱི་རྩ་ལའང་སྦོམ་ལ་ཤེད་ཆེ་བ་ཕྲ་ལ་མྱུར་བ། འཇམ་ལ་དལ་བའི་རྩ་རྒྱུད་གསུམ་ཡོད་པས་དེ་གང་རུང་ཞིག་མིན་པ་མེད་ཅིང་། ནད་མེད་པའི་ཚེ་དེ་གསུམ་གང་ཡིན་ཀྱང་འཕར་གྲངས་ནི་ཕྱི་ནང་གི་དབུགས་ལ་ལྔ་འཕར་བ་ལ་ནི་འདྲ་ཞིང་ཁྱད་མེད་དོ། །


MR10_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྟེན་གྱི་གང་ཟག་ཕོ་ཡིན་པ་ལ་ལག་རྩ་ཕྲ་ལ་མྱུར་བའི་མོ་རྩ་ཆགས་པ་སྟེ་བྱུང་ན་མི་དེ་ཚེ་རིང་ཞིང་། མོ་ལ་འཕར་རྩ་སྦོམ་པའི་ཕོ་རྩ་བྱུང་ན་བུད་མེད་དེ་ལ་བུ་མང་པོ་འབྱུང་བས་བུ་ཡི་དཔལ་ཆེའོ། །ཕོ་འམ་མོ་གཉིས་ཀ་གང་ལའང་བྱང་ཆུབ་སེམས་པའི་རྩ་བྱུང་ན། ཕོའམ་མོ་དེ་ཚེ་རིང་ནད་དཀོན། རང་ལས་མཐོ་བ་ཡས་ཀྱི་མི་རྣམས་ཀྱི་བྱམས་ཤིང་། རང་ལས་དམའ་བ་མས་ཀྱི་མི་རྣམས་ཀྱིས་སྡང་བ་དང་། རང་གི་དྲུང་ན་གནས་པ་གསུམ་སྟེ་ཁུ་ཞང་ཚ་གསུམ་ལྟ་བུ་དགྲར་སྡང་ལ་མཐའ་ཕུག་མི་རབས་ཀྱང་ཆད་པ་འབྱུང་ངོ་། །ཕོ་རྩ་ནང་འཕྲད་དེ་ཕོ་ལ་ཕོ་རྩ་བྱུང་ན་མི་དེ་ལ་ཕལ་ཆེར་བུ་མང་པོ་འབྱུང་ལ། མོ་རྩ་ནང་འཕྲད་ཞེས་བུད་མེད་ཞིག་ལ་མོ་རྩ་ཆགས་ན་བུད་མེད་དེ་ལ་བུ་ཚ་བྱུང་བ་ན་བུ་མོ་ཕལ་ཆེར་མང་ངོ་། །ཕལ་ཆེར་གྱི་སྒྲས་གྲོགས་ཀྱི་དབང་གིས་གཞན་དག་ཀྱང་འབྱུང་སྲིད་པར་སྟོན་ཏོ། །བྱང་ཆུབ་སེམས་རྩ་ཕོའམ་མོ་གང་ཕྲད་པ་ཞེས་པ་ནི་བཟའ་མི་གཉིས་ལས་ཕོའམ་མོ་གང་དང་འཕྲད་པ་ན་རྩ་དེའི་དབང་གིས་ཅིག་ཤོས་ཕོ་རྩའམ་མོ་རྩ་ཡིན་པ་དེའི་སྐལ་བར་རྩ་དང་མཐུན་པར་བུའམ་བུ་མོ་གཅིག་འབྱུང་ལ། དེ་ཕན་ཆད་ནས་བུ་ཚ་གང་ཡང་མི་འབྱུང་བ་ཡིན་ཏེ། གཅིག་བྱང་ཆུབ་སེམས་རྩར་འགྱུར་བའི་ཕྱིར་རོ། །དེ་ལྟར་བསྟན་པའི་ཤུགས་ཀྱིས་ཁྱོ་ཤུག་གཉིས་ཀ་ཕོ་རྩ་ཡིན་ན་བུ་ཁོ་ན་མང་བ་དང་། མོ་རྩ་ཡིན་ན་བུ་མོ་ཁོ་ན་མང་བ་དང་། བྱང་ཆུབ་སེམས་རྩ་ཡིན་ན་བུ་ཚ་གཅིག་ཀྱང་མི་འབྱུང་བར་ཤེས་པར་བྱའོ། །བདུན་པ་དུས་བཞི་ཁམས་ལྔའི་འབྱུང་བ་


MR10_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བ་ནི་ཇི་ལྟར་ཞེ་ན། དང་པོ་ཕྱི་ནམ་ཟླའི་དུས་བཞི་དང་། ནང་དོན་ལྔའི་ཁམས་དང་། བར་དོན་ལྔའི་རྩ་སྟེ་དེ་གསུམ་འབྱུང་བ་ལྔའི་རང་བཞིན་དུ་སྦྱར་ལ་མ་བུ་དགྲ་གྲོགས་བཞིའི་སྐོར་འགོ་བརྩི་བ་ཡིན་ནོ། །དེ་ལ་དུས་ནི་འདི་ལྟར་དཔྱིད་དང་དབྱར་དང་སྟོན་དང་དགུན་བཞི་དང་དེ་དག་སོ་སོའི་དུས་མཚམས་བཞི་བསྡོམས་པ་གཅིག་ཏུ་བྱས་ཏེ་དུས་ལྔ་འབྱུང་ངོ་། །དེ་ཡང་དཔྱིད་ཀྱི་ཟླ་བ་གསུམ་ནི་ས་མི་འགྱུར་བའི་རྟགས་སུ་ཤིང་རྩི་ཁ་འབུས་ལ། གནམ་མི་འགྱུར་བའི་རྟགས་སུ་སྐར་མ་རྟ་པ་དང་དབོ་དང་ནག་པས་ནམ་ཚོད་འཛིན་པ་སྟེ། ཟླ་བ་འདི་དག་གི་ཉ་སྐར་སྐར་མ་འདི་དག་གིས་བྱས་ནས་སྐར་མ་དེ་དང་དེ་ཤར་བ་ན་མཚན་གྱི་ཐོག་མ་ཟུག་ལ་ནུབ་པ་དང་ནམ་ལངས་པ་འབྱུང་བའི་ཕྱིར་རོ། །དེ་ཡང་དཔྱིད་ར་ཧོར་ཟླ་དང་པོར་རྟ་ཆེན་གྱིས་ནམ་ཚོད་འཛིན་པ་སོགས་རིམ་པར་རོ། །བར་མི་འགྱུར་བའི་རྟགས་སུ་བྱིའུ་ཅོ་ག་རྣམས་མཁའ་ལ་འཕུར་རྩལ་སྦྱོང་ཞིང་རང་སྐད་འབྱིན་པར་བྱེད་པའི་དུས་ཡིན་ལ་དེ་ལྟར་དཔྱིད་ཀྱི་ཟླ་བ་གསུམ་ལ་ཞག་དགུ་བཅུ་ཡོད་པ་ལས་རགས་རྩིས་སུ་དཔྱིད་ར་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བརྩམས་ཏེ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་ཤིང་ཁམས་མཆིན་པའི་རྩ་རྒྱུ་བའི་དུས་ཏེ། ཤིང་ཁམས་ཀྱི་རྩ་འདི་དར་བའི་རང་དུས་ཡིན་ནོ། །འདིའི་འཕར་ལུགས་ཇི་འདྲ་བ་འོང་སྙམ་ན་ཤིང་གི་རྩའི་འཕར་ཚུལ་ནི་དཔེར་ན་སྲོག་ཆགས་ཅོ་གའི་སྐད་ལྟར་རྩ་རྒྱུད་ཕྲ་ལ་གྲིམ་པར་འཕར་བ་ཞིག་འོང་བ་ཡིན་ནོ། །ཞག་དོན་གཉིས་པོ་དེའི་ལྷག་མ་ཞག་བཅོ་བརྒྱད་པོ་ལ་ནི་ས་ཁམས་མཚེར་བའི་རྩ་རྒྱུ་བའི་


MR10_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཤེས་པར་བྱའོ། །དབྱར་ཟླ་གསུམ་ནི་ས་ལ་མེ་ཏོག་སོགས་ཀྱི་འདབ་མ་རྒྱས་ཤིང་ཆར་འབབ་པ་དང་། གནམ་ལ་སྐར་མ་ས་ག་དང་། སྣྲོན་དང་། ཆུ་སྟོད་ཀྱིས་ནམ་ཚོད་འཛིན་པ་དང་། བར་དུ་བྱ་ཡི་རྒྱལ་པོ་ཁུ་བྱུག་གིས་རང་སྐད་འབྱིན་པའི་དུས་སུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་མེ་ཁམས་སྙིང་གི་རྩ་རྒྱུ་བ་སྟེ་ཕྱི་ནང་མཚུངས་པར་གྱུར་པ་མེའི་ཁམས་དར་བའི་དུས་ཡིན་པས་དེའི་ཚེ་ན་སྙིང་རྩ་དེ་བྱ་ཁུ་བྱུག་གི་སྐད་བསྒྲགས་པ་ལྟར་རྩ་རྒྱུད་སྦོམ་ལ་རིང་བར་འཕར་བ་ཞིག་འབྱུང་བར་ཤེས་པར་བྱའོ། །དེའི་ཞག་ལྷག་མ་བཅོ་བརྒྱད་ལ་ནི་ས་ཁམས་མཚེར་རྩ་དར་ཞིང་རྒྱུ་བའི་དུས་ཡིན་ནོ། །སྟོན་ཟླ་གསུམ་ནི་ས་ལ་རྩི་ཐོག་སྨིན་པའི་དུས་ཡིན་ལ། སྐར་མ་གྲོ་ཞུན་དང་ཁྲུམས་སྟོད་དང་དབྱུག་པས་རིམ་པར་ཟླ་བར་འབྲིང་ཐ་མ་ལ་ནམ་ཚོད་འཛིན་ནོ། །བར་དུ་བྱིའུ་འུར་བ་སྟེ་རྒྱ་ནག་སོགས་སུ་བྱིའུ་མཇུག་སྒྲོ་ཟླུམ་པ་ཞིག་གིས་གཤོག་སྒྲ་འབྱིན་པ་དེ་ཡིན་ཞེས་སྔ་འགྲེལ་རྣམས་སུ་བཤད། འོན་ཀྱང་ཆག་པ་ལ་སྟོན་དུས་གཤོག་པ་སྐྱེས་ནས་ནམ་མཁར་ཚར་ཚར་གྱི་སྒྲ་འབྱིན་པ་ལ་འུར་བ་ཞེས་སྒྲ་འབྱིན་པའི་དོན་དུ་བཤད་པ་གང་ལྟར་ཀྱང་དུས་མི་འགྱུར་བའི་གཟེར་དུ་རུང་བས་འདྲའོ། །དེར་ཞག་དོན་གཉིས་སུ་ལྕགས་ཁམས་གློ་བའི་རྩ་རྒྱུ་བ་ནི། དཔེར་ན་བྱིད་པོ་སྟེ་ཆག་པའི་སྐད་ལྟར་འཕར་སྣ་ཐུང་ལ་རྩ་རྒྱུད་རྩུབ་པོ་ལྟར་འཕར་བ་འབྱུང་ངོ་། །དེའི་ལྷག་མ་ཞག་བཅོ་བརྒྱད་ལ་ནི་ས་ཁམས་མཚེར་པའི་རྩ་རྒྱུའོ། །དགུན་ཟླ་གསུམ་ནི་ས་


MR10_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་རྟགས་སུ་ས་ཆུ་འཁྱགས་པའི་སྒྲང་ལ་བབས་པ་དང་། གནམ་ལ་དགུན་ཟླ་ར་བ་སོགས་རིམ་པར་སྨིན་དྲུག་མགོ་རྒྱལ་གསུམ་གྱིས་ནམ་ཚོད་འཛིན་ལ་བར་གྱི་རྟགས་སྲོག་ཆགས་ཤ་བ་ནག་པོས་ངུ་སྐད་འདོན་པའི་དུས་སུ་ཞག་དོན་གཉིས་ལ་ཆུ་ཁམས་མཁལ་མའི་རྩ་རྒྱུ་སྟེ། དེར་ཡང་དཔེར་ན་ཆུ་བྱ་མཐིང་རིལ་གྱི་སྐད་ནི་འཇམ་ལ་དལ་བ་ལྟར་རྩ་རྒྱུད་འཇམ་ལ་འཕར་ཚུལ་དལ་བར་འཕར་བ་ཡིན་ནོ། །དེའི་ཞག་ལྷག་མ་བཅོ་བརྒྱད་ལ་ས་ཁམས་མཚེར་རྩ་རྒྱུའོ། །དེ་ཡང་དཔྱིད་ལ་སོགས་པའི་དུས་སུ་མིང་འདོགས་ལུགས་དང་། ལོ་མགོ་འཛིན་ཚུལ་ལ་མདོ་རྒྱུད་དང་ནག་རྩིས་སོགས་ཀྱི་ལུགས་མི་འདྲ་བ་མང་ཡང་གསོ་དཔྱད་ཀྱི་ལུགས་འདིར་ནི་ཉི་མ་གང་ལྡོག་པའི་ཟླ་བ་དེ་དབྱར་འབྲིང་དང་དགུན་འབྲིང་པོར་བརྩི་བ་ལ། འཆུགས་པ་མེད་པར་བྱས་པས་ན་མཆུ་ཟླ་དཔྱིད་ར་ཧོར་ཟླ་དང་པོ་ནས་ལོ་མགོ་འཛིན་པ་འདི་ཉིད་ཡིན་ནོ། །དེ་ལྟར་དཔྱིད་ལ་སོགས་པའི་ཞག་དོན་གཉིས་པོའི་ལྷག་མ་དུས་མཚམས་བཅོ་བརྒྱད་པ་ཕྲག་བཞི་བསྡོམས་པས་ཞག་དོན་གཉིས་པོ་ལ་ས་ཁམས་མཚེར་རྩ་དར་ཞིང་རྒྱུ་དུས་དེར། ས་ཁམས་མཚེར་པའི་རྩ་རང་གི་འབྱུང་བའི་ཁམས་ཀྱི་འཕར་ཚུལ་ཇི་ལྟ་བུ་ཡིན་སྙམས་ན་དཔེར་ན་བྱིའུ་ནས་ཟན་ཏེ་མཆིལ་པའི་སྐད་ལྟར་འཕར་ཚུལ་ཐུང་ལ་རྩ་རྒྱུད་འཇམ་པར་འཕར་བ་ཤེས་པར་བྱའོ། །དེའང་ཉིན་ཞག་དང་ཚེས་ཞག་ཁྱིམ་ཞག་གསུམ་རིང་ཐུང་མི་མཉམ་པའི་དབང་གིས་ཚེས་ཀྱི་ཆད་ལྷག་དང་ཟླ་བཤོལ་འབྱུང་བས་ན་ཞིབ་པར་ནི་གསེར་


MR10_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་རི་མོ་ལས་ཤར་བ་དེ་ལྟར། དཔྱིད་ལ་སོགས་པའི་དུས་བཞིའི་དང་པོའི་དབུགས་ཐོབ་ཤར་བའི་ཉིན་དེ་ནས་བཟུང་སྟེ་མཆིན་རྩ་ལ་སོགས་པ་རང་རང་གི་རྒྱུ་དུས་དང་། དཔྱིད་ལ་སོགས་པའི་ས་རྒྱལ་འཆར་བའི་དུས་དེར་ས་ཁམས་མཚེར་རྩ་རྒྱུ་བའི་དུས་ཡིན་པར་ངོས་འཛིན་པ་ནི་ཞིབ་རྩིས་ཡིན་པས་ཤིན་ཏུ་ལེགས་སོ། །དེ་ལྟར་དུས་བཞི་ལ་འབྱུང་བའི་ཁམས་ལྔར་ཕྱེས་ནས་ནི་ད་ནི་འབྱུང་བ་དེ་དག་གི་དར་གུད་ཤེས་པའི་སླད་དུ་མ་བུ་དགྲ་གྲོགས་ཀྱི་སྐོར་མགོ་བརྩི་བར་བྱ་སྟེ། ཤིང་མེ་ས་ལྕགས་ཆུ་ལྔ་ནི་ཡར་དེད་མ་ལ་མར་དེད་བུ་སྟེ། ཆུ་མ་ལྕགས་དང་། ཤིང་བུ་མེ་ལ་སོགས་པ་རིམ་བཞིན་དུ་བསྐོར་ཏེ་ཤེས་པར་བྱ་ཞིང་། མེ་ཆུ་ས་ཤིང་ལྕགས་ལྔ་ནི་ཡར་དེད་གྲོགས་ཏེ། ལྕགས་གྲོགས་ཤིང་ནས་མེ་གྲོགས་ལྕགས་ཀྱི་བར་དུ་བསྐོར་བས་ཤེས་ཤིང་། མར་དེད་དགྲ་སྟེ་མེ་དགྲ་ཆུ་ནས་ལྕགས་དགྲ་མེ་ཡི་བར་དུ་བསྐོར་ཏེ་དེ་ལྟར་མ་བུ་དགྲ་གྲོགས་ཀྱི་འབྱུང་བ་གང་དང་གང་འཕྲད་ཚུལ་བརྟགས་ལ་སྐྱོན་ཡོན་ཅི་འབྱུང་བརྩི་བར་བྱའོ། །དེ་ཇི་ལྟ་བུ་ཞེ་ན་ལོ་གཅིག་གི་དུས་ཚོད་ལྔ་པོ་གང་ཡིན་པའི་དུས་དེའི་རང་རྩ་དང་། དེའི་མ་བུ་དགྲ་གྲོགས་ཀྱི་རྩ་རྣམས་སུ་ཡོད་པ་ལས། དུས་ནམ་ཡིན་ཀྱང་མ་རྩ་དང་རང་རྩ་ནི་དར་ན་རབ་ཏུ་བཟང་སྟེ་དེ་དག་རང་ས་ཡིན་པར་བརྩི་དགོས་སོ། །གྲོགས་རྩ་དར་ན་ནི་གྲོགས་འབྱུང་བས་བཟང་ལ་བུ་རྩ་དར་ན་ནི་དབང་ཐང་ཆེའོ། །དགྲ་རྩ་དར་ན་ནི་མི་བཟང་སྟེ་རང་ལ་དགྲ་འོང་བའམ། ཡང་ན་གསོ་དཀའ་བའི་ནད་


MR10_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའམ། ཡང་ན་འཆི་བའི་ཉེན་ཡོད་དོ་ཞེས་སྤྱིར་བསྟན་པ་སྟེ། དེ་ལ་དར་བ་དང་གུད་པའི་མཚན་ཉིད་ཅི་འདྲ་བ་ཡིན་སྙམ་ན། མ་བུ་དགྲ་གྲོགས་ཀྱི་སྐབས་འདིར་རྣམ་པ་ཀུན་ཏུ་རྩ་འཕར་ཚུལ་གྱི་ཁྱད་པར་ལས་དར་གུད་ཤེས་དགོས་ཀྱི་དྲག་ཞན་ཙམ་མིན་ནོ། །དེ་ཅི་ལྟ་བུ་ཞེ་ན། སྤྱིར་བཏང་རྩ་ཐམས་ཅད་འཕར་ལུགས་ལྔ་ལས་མི་འདའ་སྟེ། ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་བ་སོགས་གོང་བཤད་ལྔ་པོ་དེའོ། །དེ་ལ་རྩ་གང་ཡིན་ཀྱང་ཕྲ་ལ་གྲིམས་པར་འཕར་ན་ཤིང་ཁམས་ཀྱི་འཕར་ཚུལ་ཡིན་པ་སོགས་འབྱུང་ལྔའི་འཕར་ཚུལ་ཤེས་པར་བྱས་ནས། དུས་གང་ཡིན་གྱི་རྩ་དེ་རང་རྩར་བཟུང་ནས་དེའི་མ་བུ་དགྲ་གྲོགས་ཀྱི་རྩ་ལྔར་བསྡུས་ཏེ། མཛུབ་མོ་རེ་རེའི་འོག་གི་རྩ་རེ་རེའི་འཕར་ཚུལ་ཇི་ལྟ་བུ་བྱེད་དཔྱད་དགོས་ཀྱི་དོན་སྣོད་སོགས་སོ་སོར་དཔྱད་མི་དགོས་སོ། །དེ་ལ་དཔྱིད་ཀྱི་དུས་སུ་མཆིན་རྩ་དེ་ཅོ་གའི་སྐད་ལྟར་ཕྲ་གྲིམས་སུ་འཕར་བ་དང་། དེར་མ་ཟད་རྩ་རྒྱུད་སྤྱིའང་ཕྲ་གྲིམས་ཀྱི་ཞད་ཅིག་ཡོད་པར་འཕར་བ་ནི་རང་བཞིན་ཕྱི་ནང་གི་འབྱུང་བ་མཚུངས་པའི་རྟེན་འབྲེལ་ལས་དེ་ལྟར་འོང་བ་ནི་དུས་ཀྱི་རྩའོ། །དེས་ན་ཐ་མལ་གྱི་རྩ་རྒྱུད་གསུམ་གང་ཡིན་ཀྱང་རང་རང་གི་འཕར་ཚུལ་གཞིར་བཞག་པའི་སྟེང་དུ་དུས་ཀྱི་ཁམས་ཀྱི་འཕར་ཚུལ་གྱི་འགྱུར་བ་ཕྲ་མོ་ཡོད་པ་དེ་རྟོགས་དགོས་ཤིང་། དེ་ཡང་ངོ་མཚར་རྩ་བདུན་ནད་མེད་མི་ལ་བལྟ་ཞེས་གསུངས་པས། ནད་མེད་པའི་རྩ་ལ་དུས་རྩའི་འཕར་ཚུལ་ལས་བླང་དོར་དཔྱད་དུ་ཡོད་ཀྱི་ནད་ཡོད་ན་ནད་ཀྱི་ཁམས་


MR10_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕར་ཚུལ་བསྒྱུར་ནས་འོང་བས་ངེས་པ་མེད་པར་ཤེས་པར་བྱའོ། །དེ་ལ་རྩ་གང་ཡིན་ཀྱང་འཕར་ལུགས་ལྔ་རེ་ཡོད་པའི་རང་གི་འཕར་ཚུལ་ལྟར་འཕར་ན་དར་བ་ཆུང་ངུ་། གྲོགས་ལྟར་འཕར་ན་དར་བ་འབྲིང་། མ་ལྟར་འཕར་ན་དར་བ་ཆེན་པོ་སྟེ་དེ་གསུམ་གང་ཡང་བཟང་སྟེ། དཔེར་ན་མཆིན་རྩ་དེ་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་ན་རང་གི་འཕར་ལུགས་དང་། ས་ཁམས་ཀྱི་འཕར་ལུགས་ནས་ཟན་གྱི་སྐད་ལྟར་ཐུང་ལ་འཇམ་པར་འཕར་ན་གྲོགས་ལྟར་འཕར་བ་དང་། མ་རྩ་ཆུ་ཁམས་མཁལ་རྩའི་འཕར་ལུགས་མཐིང་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར་བ་སྟེ་དེ་གསུམ་གང་ལྟར་འཕར་ཀྱང་ཤིང་ཁམས་མཆིན་རྩ་དེ་དར་བ་ཡིན་ལ། བུ་ཁམས་མེ་རྩའི་འཕར་ལུགས་ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར་ན་གུད་པ་དང་། དགྲ་ཁམས་ལྕགས་རྩའི་འཕར་ལུགས་བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་ན་ཤིན་ཏུ་གུད་པ་སྟེ། མདོར་ན་མ་གྲོགས་རང་གསུམ་གྱི་འཕར་ཚུལ་ནི་དར། བུ་དགྲ་ནི་གུད་པའོ། །འོན་ཀྱང་གྲོགས་རྩའི་སྐབས་སུ་གྲོགས་རྩ་ནི་རབ་དང་། མ་འབྲིང་དུ་བྱེད་པ་དང་། བུ་རྩའི་སྐབས་སུ་བུ་རྩའང་ལེགས་པ་ལྟ་བུ་དམིགས་བསལ་ལོ། །དེས་ན་དོན་ལྔའི་རྩ་ལྔ་པོ་རེ་རེ་ལའང་འཕར་ཚུལ་ལྔ་རེ་ཡོད་པས་མུ་ཉི་ཤུ་རྩ་ལྔར་ཕྱེས་ནས་དུས་གང་ཡིན་པ་དེའི་རང་མ་བུ་གྲོགས་དགྲའི་རྩ་དར་གུད་ཤེས་པར་བྱ་བ་འདི་ཁོ་ན་དགྲ་གྲོགས་ཀྱི་རྩ་བརྟག་ཚུལ་ཡིན་པས་འོག་གི་སྐབས་རྣམས་སུ་དེ་ལྟར་ངེས་པར་བྱའོ། །


MR10_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ངོ་མཚར་བའི་རྩ་བདུན་ནི། ཁྱིམ་ཕྱྭ་ནས་བུ་རྩ་བརྟག་པའི་བར་བདུན་པོ་དེའོ། །དེ་རྣམས་རྒྱས་པར་བཤད་པ་ལ། དང་པོ་ཁྱིམ་ཕྱྭ་བལྟ་ན། རྩ་གང་ཡིན་ཀྱང་ཤ་ཡི་གཏིང་དུ་མར་བྱིང་ཞིང་འདི་ཞེས་ངེས་པ་མི་སྐྱེ་བས་མི་གསལ་བ་འཐིབ་པོ་ཞིག་ཏུ་བྱུང་ན་གྲིབ་དང་མི་གཙང་བའི་རྩ་ཡིན་ནོ། །དེ་ལྟར་བྱིང་བ་མིན་ནའང་རང་བཞིན་གྱི་མི་གསལ་བ་ནི་རྨུགས་ཤིང་འཐིབ་པ་ཞེས་བྱ་སྟེ་དེ་ལྟ་བུ་བྱུང་ན་མྱ་ངན་འོང་བའི་རྩ་ཡིན་ནོ། །དེའང་ད་ལྟ་ཕ་མ་ཤི་བ་སོགས་ཀྱི་མྱ་ངན་ལ་གནས་བཞིན་པ་ལ་རྩ་བལྟ་ན་རྨུགས་འཐིབ་ཅན་དེ་ལྟ་བུ་འོང་ལ། དེ་སྔ་མྱ་ངན་མེད་ཅིང་ནད་མེད་པ་ལ་དེ་ལྟར་བྱུང་ན་གདོད་མྱ་ངན་འོང་ཞེས་ཁ་དམར་གདགས་པར་བྱའོ། །འདི་བཞིན་རྩ་ངན་དྲུག་པོ་ཀུན་ལ་འགྲེ་པར་བྱའོ། །ཆུ་ལྟར་འབྲུ་བཅིང་རེས་བརྒྱལ་བ་ལྟར་སྡོད་ན་བྲེད་སྔངས་འོང་བའི་རྩ་སྟེ་མི་གློ་བུར་སྐྲག་དངངས་དྲག་པོ་བྱུང་བ་ལ་དེ་འཕྲལ་རྩ་བལྟས་ཚེ་རྩ་ལྷོག་ལྷོག་ཚུབ་ཚུབ་བྱས་ནས་རྒྱུ་བ་ཇེ་ཞན་འཕར་རྒྱུ་མེད་པ་ལྟ་བུ་འབྱུང་བ་འོང་ངོ་། །རྩ་སྐྱེར་ཚེར་འདྲ་བ་སོར་མོའི་ཞབས་ནས་ཡར་རྣོ་ཀ་རེ་བ་བྱུང་ན་སྡུག་བསྔལ་ལས་ཐར་བ་མེད་པའི་རྩའོ། །ཆུ་ཚན་ཁོལ་བ་ལ་མཐའ་དབུས་ངེས་མེད་འབར་འབུར་བྱེད་ཅིང་མྱུར་དུ་གཡོ་བ་ལྟར་རྩ་རྒྱུད་འབར་འབུར་ངེས་མེད་དང་། འདར་སིལ་སིལ་ཁོལ་བ་ལྟར་བྱེད་པ་ནི་མི་ཁ་དྲག་པོ་འོང་བའི་རྩའོ། །མེ་ལྕེ་ཆད་པ་རེས་ཆེ་རེས་ཆུང་ལྷབ་ལྷབ་བྱེད་པ་ལྟར་རྩ་ངེས་མེད་ལྷབ་ལྷབ་བྱེད་ཅིང་ཆེ་ཆུང་ངེས་མེད་འཕར་ན་ནོར་ལ་གོད་ཁ་འོང་བའི་རྩ་དེ་ལྟར་


MR10_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་པ་འབྱུང་བའི་རྩ་ངན་དྲུག་པོ་དེ་དག་གང་ཡང་དུས་གང་ཡིན་གྱི་རང་རྩ་དར་བའི་དུས་སུ། རང་གི་རྩ་ལ་གང་བྱུང་ན་རྩ་བལྟ་ཡུལ་དེ་ཁོ་རང་ལ་འོང་སྟེ། དཔེར་ན་དཔྱིད་ཤིང་གི་ཞག་དོན་གཉིས་པོའི་རང་ལ་མཆིན་རྩའི་ནང་དུ་བྱིང་འཐིབ་བྱུང་ན་ཁོ་རང་ལ་མི་གཙང་བའི་ངོ་ཡོད་པ་ལྟ་བུའི་འགྲེའོ། །དེ་བཞིན་དཔྱིད་དུས་མ་རྩ་ཆུ་ཁམས་མཁལ་རྩའི་ནང་དུ་བྱུང་ན་མ་དང་ཞང་པོ་ལ་མི་གཙང་བ་སོགས་ཀྱི་རྩ་གང་བྱུང་བ་དེའི་སྐྱོན་འབྱུང་ལ། བུ་རྩ་ལ་བྱུང་ན་བུ་དང་ཚ་བོ་ལ་འབྱུང་། གྲོགས་རྩ་ལ་བྱུང་ན་ནོར་ལ་འབྱུང་སྟེ། གཡང་ལྷ་མི་གཙང་བས་མནོལ་བ་སོགས་དང་། ནོར་ཉམས་པས་སྐྲག་སྔངས་དང་། དགྲ་དང་གཅན་གཟན་འབྱུང་བ་སོགས་གང་འོས་སུ་ལུང་སྟོན་པར་བྱའོ། །དུས་ཀྱི་དགྲ་རྩའི་ནང་དུ་རྩ་ངན་དེ་གང་བྱུང་བ་བཞིན་དེ་དུས་ཉེས་པ་དེ་དག་དགྲ་ལ་འབྱུང་བས་བཟང་སྟེ། དམག་དཔོན་དང་མཐུ་མཁན་གྱི་རྩ་ལ་དེ་ལྟར་བྱུང་ན་དེ་དུས་དགྲ་ཐུལ་བ་སོགས་སོ། །གཉིས་པ་མགྲོན་ཕྱྭ་ནི། བྱེས་སུ་སོང་བ་དེའི་གང་བརྩེ་ཞིང་ཡིད་ལ་གཅག་པའི་གཞི་པ་ཞིག་ལ་བརྟག་གོ། དེ་ལ་ལ་ཉེའི་རྩ་དང་། དགྲ་གྲོགས་ཀྱི་རྩ་གཉིས་ལས། དང་པོ་མཆིན་རྩ་དང་། གློ་རྩ་དང་། སྙིང་རྩ་དང་། མཚེར་རྩ་དང་། མཁལ་རྩ་ལྔ་པོ་འདི་ལ་ནང་གསེས་གང་མཐོ་ཞིང་གང་ཤེད་ཆེ་བ་ཡིན་དཔྱད་པ་ནི། དེ་ལྔའི་ནང་ན་མཆིན་རྩ་དྲག་ན་ད་ལྟ་གོང་དུ་སོང་བའི་གཞི་དེར་ཡོད་པ་དང་། གློ་རྩ་དྲག་ན་ཚུར་ལམ་དུ་ཞུགས་ཚར་བ་སོགས་གོ་རིམ་བཞིན་དུ་སྦྱར་རོ། །


MR10_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེ་བརྟག་པ་འདི་ལ་ནི་རྩ་དེ་དག་གི་དྲག་ཞན་ཙམ་ལྟ་བ་ཁོ་ན་ཡིན་པས་འཕར་ཚུལ་གྱི་ཁྱད་པར་གཞན་དཔྱད་མི་དགོས་སོ། །ཡང་ན་དགྲ་གྲོགས་བརྩི་བར་བྱ་སྟེ། དུས་དེའི་མ་དང་རང་རྩ་དར་ན་གཞི་ལ་གནས་པ་དང་། བུ་རྩ་དར་ན་ཚུར་ལམ་དུ་ཞུགས་པ་དང་དགྲ་རྩ་དར་ན་ད་ལྟ་སླེབ་པ་ཡིན་ནོ། །མགྲོན་པོ་དེས་དོན་གཉེར་བ་འགྲུབ་བམ་མི་འགྲུབ་བརྟག་པ་ལ། ལ་ཉེ་ནི་སྙིང་མཆིན་མཁལ་རྩ་གསུམ་གང་དྲག་པར་འཕར་བ་ལ་དཔགས་ཏེ་དགྲ་འོང་བ་སོགས་རིམ་པས་སྦྱར་རོ། །དགྲ་གྲོགས་ཀྱི་རྩ་ལས་དགྲ་རྩ་དར་བ་དང་། རང་རྩ་སོགས་ལ་སོ་སོའི་དགྲ་རྩ་བྱུང་བ་ལྟ་བུ་དགྲ་རྩ་བྱུང་ན་དོན་མི་འགྲུབ་ལ། གྲོགས་རྩ་དར་བ་དང་། རང་མ་བུ་རྩ་ལ་སོ་སོའི་གྲོགས་རྩ་བྱུང་བ་སྟེ་དེ་དག་རང་གི་གྲོགས་རྩ་ལྟར་འཕར་ན་དེའི་ཚོད་ཀྱིས་དོན་འགྲུབ་པ་སྟེ། ཞིབ་ཏུ་ཕྱེ་སྟེ་དཔྱད་ན་གྲོགས་ཆེ་ཆུང་སོགས་ཀྱི་ཁྱད་པར་དུ་མའང་མཐོང་ངོ་། །གསུམ་པ་དགྲ་ཕྱྭ་ནི། དགྲ་དང་རྩོད་པ་པོ་དེ་དང་། དམག་ཆེན་སོགས་ལ་དམག་དཔོན་ལྟ་བུར་བརྟག་པས་དེ་དག་གི་གློ་རྩ་རང་ས་དང་། མཚེར་རྩ་དགྲ་སར་བྱས་ཏེ་དེ་གཉིས་གང་དྲག་ལས་ཁ་དམར་གདགས་པ་ནི་ལ་ཉེའི་རྩའོ། །དགྲ་གྲོགས་ཀྱི་དབང་དུ་ན། དཔྱིད་དུས་ལ་མཚོན་ན། དུས་དེའི་དགྲ་རྩ་གློ་པའི་རྩ་དེ་ཁུ་བྱུག་གི་སྐད་ལྟར་སྦོམ་ལ་རིང་བར་འཕར་ན་དགྲའི་རྩ་ལ་དགྲ་རྩ་བྱུང་བས་དགྲ་ཐུབ་བོ། །རང་རྩ་མཆིན་པའི་རྩ་ལྕགས་ཁམས་བྱིད་པོའི་སྐད་ལྟར་ཐུང་རྩུབ་ཏུ་འཕར་ན་རང་ལ་དགྲ་རྩ་བྱུང་བས་ཕར་རྒོལ་ན་དགྲ་ཐུབ་པར་མི་འགྱུར་རོ། །རང་ལ་དགྲ་རྩ་བྱུང་བ་


MR10_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འདྲ་ན་ཚུར་རྒོལ་བའི་ཚེ་རང་ལ་དགྲ་ཡིས་ཚུགས་ལ་དུས་ཀྱི་མ་རྩ་དང་རང་རྩ་དར་ན་ཚུར་རྒོལ་བྱུང་ཡང་རང་ལ་དགྲས་ཚུགས་པར་མི་འགྱུར་རོ། །བཞི་པ་གྲོགས་ཕྱྭ་ལ། ནོར་གྱི་བདག་པོ་དེའི་རྩ་ལ་བལྟས་པ་ཡིས་མཆིན་རྩ་ནོར་གྱི་བང་མཛོད་དུ་དཔྱད་ནས་དེ་དྲག་ན་ནོར་འཕེལ་གོད་མི་འོང་། ཞེས་བྱ་སྟེ་འདི་ནི་དུས་ལ་མི་ལྟོས་པར་དུས་རྒྱུན་ལ་ཉེའི་རྩའོ། །དེ་བཞིན་དུ་སྙིང་རྩ་མཚེར་རྩ་ཡང་དྲག་ན་ནོར་ལ་བཟང་སྟེ། ཞན་ན་གོད་ཁ་འོང་བས། དུས་རྒྱུན་མཆིན་རྩ་ལ་སོགས་པ་གསུམ་པོ་དྲག་ན་དེ་དུས་ནོར་ཕྱྭ་ལ་བཟང་ངོ་། །དགྲ་གྲོགས་ལྟར་ན་དུས་དེའི་གྲོགས་ཀྱི་རྩ་གང་ཡིན་པ་དེ་ཁོ་ན་ལ་བལྟས་ཚེ་འཕར་ཚུལ་ལྔའི་ནང་གི་གྲོགས་རྩ་བྱུང་ན་གྲོགས་རབ་ཅིག་འབྱུང་བ་སོགས་ལྔ་ཀ་ཚང་བ་འདིར་བསྟན་པ་བཞིན། སྐབས་གཞན་དུ་ཅི་རིགས་གསུངས་པ་ལའང་མུ་ལྔ་པོ་དཔྱད་དགོས་པ་ཡིན་ནོ། །ལྔ་པ་གདོན་ཕྱྭ་ལ། ཤིང་རྩ་མཆིན་པ་མེ་རྩ་སྙིང་ལ་སོགས་པ་དོན་ལྔའི་རྩ་དེ་དག་ཏུ། རྩ་རྒྱུད་གཞན་དང་མི་འདྲ་བ་ལྷག་པར་བྲེལ་བའམ་དལ་བ་སྡོད་འཐེན་སོགས་མི་སྙོམས་པ་ཞིག་བྱུང་ན། གཉན་དང་རྒྱལ་པོའམ། རྒྱལ་པོ་དང་དཀོར་བདག །ཀླུ་དཀྱུས་མ་དང་། ཀླུ་མ་རུངས་བ་ཀླུ་སྲིན་སོགས་ཀྱི་གདོན་ཡིན་པར་ངོས་འཛིན་པ་ནི་དུས་ལ་མི་ལྟོས་པའི་དོན་ལྔའི་རྩའོ། །གཞན་ཡང་ཤིང་ཁམས་ཀྱི་རྩའི་འཕར་ལུགས་ཕྲ་གྲིམ་དེ་རྩ་རྒྱུད་ཀུན་ལ་ཤས་ཆེ་ན་ཤིང་གི་རྩ་ལ་གཉན་དང་རྒྱལ་པོའི་གནོད་པ་སོགས་སུ་ཡང་དོན་གྱིས་གོ་རུང་ངོ་། །


MR10_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགྲ་གྲོགས་ལྟར་ན། མ་རྩའི་ནང་དུ་མི་སྙོམས་པ་བྱུང་ན་ཕ་མའི་རིང་ནས་ཆགས་པའམ། ཕ་མ་ཤི་ཟིན་ན་དེ་དག་གི་ཡིད་ཆགས་ཞེན་ཡོད་པར་ཡང་བཤད་འདུག བུ་རྩ་ལ་བྱུང་ན་བུ་རྩའི་ཞང་པོའི་རྒྱུད་ནས་བྱུང་བའི་འདྲེ་ནས་གྲོགས་ཀྱི་རྒྱུད་ནས་འགོས་པའི་འདྲེ་ཡི་བར་དུ་སྦྱར་རོ། །ཡང་དུས་ཀྱི་མ་ཁམས་ཀྱི་རྩའི་མཚན་ཉིད་རྩ་རྒྱུད་ཀུན་ལ་ཤས་ཆེར་བྱུང་བ་ལའང་ཁ་དམར་འདི་སྦྱོར་རུང་པར་མངོན་ནམ་སྙམ་པ་རང་གི་རྣམ་རྟོག་གོ། དྲུག་པ་མེ་ཆུ་གོ་ལྡོག་གི་རྩ་ཞེས་པ་དཔེས་མཚོན་ནས་མིང་དུ་བཏགས་པ་སྟེ། དཔེར་ན་སྣོད་ཀྱི་ནང་གི་ཆུ་དེ་དྲག་ཏུ་ཁོལ་བར་མཐོང་ཚེ་དེའི་འོག་ན་མེ་འབར་བ་དངོས་སུ་མ་མཐོང་ཡང་དེའི་ཚ་བ་ལ་དཔགས་ནས་དེའི་འོག་ན་མེ་ཡོད་པར་ཤེས་པ་དང་། སྣོད་ནང་གི་ཆུ་ཁོལ་བ་མ་མཐོང་ཡང་། འོག་ན་མེ་དྲག་ཏུ་འབར་བ་དངོས་སུ་མཐོང་ན་ཆུ་དེ་ལའང་དྲོད་ཡོད་དོ་སྙམ་དུ་ཤེས་པ་བཞིན་དུ། ཕ་ན་ན་བུ་ལ་རྩ་བལྟ་བ་སོགས་ནི་མེ་ཆུ་ལ་གོ་ལྡོག་བལྟས་པས་ཅིག་ཤོས་ཀྱི་ཚུལ་ཤེས་པ་དེ་དང་འདྲ་བའི་ཕྱིར་རོ། །བུ་ཡི་མཆིན་རྩ་ཕ་ཡི་ས་དང་། དུས་ཀྱི་མ་རྩ་དེ་ཕ་ཡི་ས་ཡིན་ལ། ཕའི་སྙིང་རྩ་དང་བུ་རྩ་གཉིས་བུ་ཡི་ས་དང་། མ་དང་བུ་མོའང་ཕ་བུ་བཞིན་ནོ། །ཁྱོ་སྟེ་སྐྱེས་པའི་མཁལ་རྩ་ཆུང་མའི་ས་དང་། དུས་ཀྱི་དགྲ་རྩ་འང་ཆུང་མའི་སར་བརྩི། ཆུང་མའི་མཆིན་རྩ་དང་དུས་ཀྱི་གྲོགས་རྩ་སྐྱེས་པའི་ས་ཡིན་པས་ལ་ཉེའི་རྩ་དེ་དག་ཚང་ཞིང་སྐྱོན་མེད་པ་དང་། དགྲ་གྲོགས་ཀྱི་རྩ་ལྟར་ན་སོ་སོའི་ས་མལ་གྱི་རྩ་དེ་འཕར་ཚུལ་ལྔ་ལྟར་གྱིས་དར་ན་མི་འཆི་


MR10_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞན་མ་ཚང་ཞིང་རྒུད་ན་འཆི་ཞེས་སོ། །བདུན་པ་མངལ་དུ་བུ་ཆགས་སྦྲུམ་མའི་རྩ་ནི་འབུར་ལ་འདྲིལ་བར་འཕར་བ་ཞིག་ཏུ་འོང་ངོ་། །དེའང་བུད་མེད་དེའི་མཁལ་རྩ་གཡས་གཡོན་གཉིས་ལས་གཡས་པ་དྲག་ན་མངལ་གནས་དེ་བུ་ཕོ་ཡིན་ལ། གཡོན་པ་དྲག་ན་བུ་མོར་སྐྱེའོ། །བུད་མེད་དེའི་དུས་ཀྱི་རྩ་གང་ཡིན་པའི་བུ་ཡི་རྩ་ལ་འཕར་ཚུལ་ལྔའི་ནང་གི་མ་རྩ་བུ་རྩའི་འཕར་ཚུལ་བྱུང་ན་མངལ་གནས་དེ་ལ་ལེགས་དེ་མ་རྩ་བྱུང་ན་བཙས་སླ། བུ་རྩ་བྱུང་ན་བུ་ཚ་གསོ་སླ། དགྲ་རྩ་བྱུང་ན་གསོ་དཀའ། རང་གྲོགས་ནི་འབྲིང་དུ་ཤེས་པར་བྱའོ། །དེས་ངོ་མཚར་རྩ་བདུན་སོང་ནས། ད་ནི་ས་བཅད་དགུ་པ་ནད་དང་ནད་མེད་འཕར་བའི་གྲངས་ཀྱིས་ཤེས་པ་བསྟན་ལ།ནད་མེད་ཐ་མལ་དུས་རྒྱུན་གྱི་རྩ་ནི། སྨན་པ་དར་མ་ཁམས་སྙོམས་པ་ཡི། དབུགས་ཕྱི་རོལ་ཏུ་འབྱིན་པ་ལ་གཉིས་དང་། ནང་དུ་རྔུབ་པའི་ཚེ་གཉིས་དང་། དེའི་བར་དུ་གཅིག་སྟེ་མདོར་ན་སྐྱེས་བུ་ནད་མེད་པའི་དབུགས་འབྱིན་རྔུབ་ཟུང་གཅིག་གི་ཡུན་ལ་ལན་ལྔ་ལས་མི་མང་མི་ཉུང་བར་འཕར་པ་ན་ནད་མེད་པའི་དུས་ཀྱི་འཕར་ཚུལ་ཡིན་ནོ། །དེ་ཡང་དབུགས་ནི་རིང་ཐུང་ཇི་ལྟར་འདྲེན་ཀྱང་ཆོག་མོད། རང་བབ་ཏུ་བཞག་པའི་དབུགས་ཀྱི་དབང་དུ་བྱས་པ་སྟེ། རྩ་ལ་གོམས་པ་རྣམས་ཀྱིས་རེག་པ་ཙམ་གྱིས་དུས་རྒྱུན་ལས་འཕར་ཚུལ་འཕེལ་འགྲིབ་སོགས་ཤེས་ནུས་སོ། །ཕྱི་ནང་གི་དབུགས་ལ་ལན་ལྔར་འཕར་བ་དེ་ཡང་ལན་རེ་ཟུང་ཙམ་འོལ་སྤྱིར་བརྟག་པ་ལ་ལྟར་


MR10_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འབྱུང་སྲིད་བས་འཕར་བ་དེ་ལན་གྲངས་བརྒྱ་ཡི་བར་དུ་གཅིག་པ་ལྟར་བྱུང་ཞིང་། རེས་ཆེ་རེས་ཆུང་རྩ་སྟོད་སྨད་ལ་དྲག་དལ་དང་བྱིང་རྒྱས་དང་སྡོད་འཐེན་དང་ཐང་བ་སྟེ་གྲིམ་པ་དང་ལྷོད་པ་སོགས་ཀྱི་ཁྱད་པར་མེད་པར་འཕར་ན་ནད་མེད་པའི་རྩ་ཡིན་པར་འདོད་དོ། །དེ་ལས་ལྡོག་པ་ནད་ཅན་གྱི་རྩ་ཡིན་ཏེ། གང་ཞེ་ན། ཕྱི་ནང་གི་དབུགས་ཀྱི་རྒྱུ་བ་གཅིག་གི་ཡུན་ལ་དྲུག་འཕར་ན་ཚ་བ་ཙམ་པོ་པ་དང་། བདུན་འཕར་ན་ཚ་བ་འབྲིང་པོ་དང་། བརྒྱད་འཕར་ན་ཚ་བ་ཆེན་པོ་སྟེ། དགུ་འཕར་ན་ཚ་བ་མི་བཟད་པ། བཅུ་ལ་སོགས་པ་ནི་ཚ་བ་ལ་འདས་པ་ལྟ་བུ་རིམ་པས་ཚ་བ་ཇེ་ཆེར་འཕར་གྲངས་ཀྱིས་ཤེས་པ་དང་། ཡང་ལྔ་ལས་ཉུང་བར་འཕར་ཏེ་བཞི་ལས་འཕར་མ་ནུས་ན་གྲང་བ་ཙམ་དང་།གསུམ་འཕར་ན་གྲང་བ་འབྲིང་དང་། གཉིས་འཕར་ན་གྲང་བ་ཆེན་པོ། གཅིག་ལས་འཕར་མ་ནུས་ན་དམུ་ཆུའི་འཆི་རྩ་ལྟ་བུ་སོགས་གྲང་བ་གཏིང་འཁར་ཏེ་འཆི་བའི་རྩ་ཡིན་ནོ། །དེ་ལྟར་ནད་མེད་པའི་རྩ་སྐྱོན་མེད་པར་བསྟན་པ་ནི་སྤྱིར་དེ་ལྟར་ཡིན་མོད། འོན་ཀྱང་ནད་མེད་པའི་མི་འགའ་ཞིག་གི་རྩ་རྒྱུད་ཀྱང་། མུ་ཏིག་ཐ་ན་སོགས་ཀྱི་ཕྲེང་བ་བཞིན་དུ་སྟོད་སྨད་དུ་ཆེ་ཆུང་སོགས་མི་སྙོམས་པ་ཅན་དང་། ཚོན་ལ་སོགས་པའི་ཐད་གང་རུང་ནས་ལམ་བཞིན་མི་གནས་པར་ལག་པའི་རྒྱབ་ཕྱོགས་སུ་གོང་བརྒལ་བ་དང་། དོན་སྣོད་ཀྱི་རྩ་གང་ཡང་རུང་བ་མ་ཚང་བ་དང་། འཕར་མཚམས་བཅད་དེ་མི་འཕར་བར་སྡོད་པ་དང་། སྡོད་ལ་ཁད་དུ་འཐེན་པ་དང་ལ་སོགས་པའི་སྒྲས་རྩ་གཉིས་སུ་གྱེས་


MR10_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྕམ་དྲལ་དང་གཞན་ཡང་དྲག་དལ་མི་སྙོམས་པ་སོགས་སྣ་ཚོགས་ངེས་མེད་དུ་ཡོད་སྲིད་པའི་ཕྱིར། ནད་དུ་གྱུར་པ་ལ་རྩ་བལྟ་བའི་གང་དུ་ནད་མེད་ཐ་མལ་གྱི་དུས་ནའང་རྒྱུན་རྩ་ཅི་འདྲ་ཡིན་པ་གཏན་ལ་དབབ་དགོས་ཏེ་གཞི་རྩའམ་རྒྱུན་རྩ་མ་རྟོགས་ན་ནད་ཀྱིས་བཏབ་པའི་དུས་རྩ་བལྟས་ནས་འཚོ་འཆི་ལ་སོགས་པའི་ཁ་དམར་གདགས་པ་དོན་ཐོག་ཏུ་མི་ཁེལ་བའི་ལོག་བར་འགྲོ་བ་སྲིད་དེ། དེ་ཇི་ལྟ་བུ་ཞེ་ན། ཕོ་རྩ་སྦོམ་ལ་རགས་པ་དང་། མོ་རྩ་ཕྲ་ལ་མྱུར་བ་དང་། བུ་རྩ་དེ་སྦྲུམ་མའི་རྩ་འབུར་ལ་འདྲིལ་བས་དེ་རེག་པ་ཙམ་གྱིས་སྨན་པ་ལས་དང་པོ་པ་དག་གིས་ཚ་བར་འཁྲུལ་པ་ཡོད་ལ། མི་ནོར་བའི་ཐབས་ནི་སྦོམ་པ་དང་། མྱུར་བ་དང་། འདྲིལ་ཀྱང་རུང་སྟེ་ཕྱི་ནང་གི་དབུགས་ལ་ལན་ལྔ་འཕར་ན་ཚ་བ་མིན་ལ། དེ་ལས་མང་དུ་འཕར་ན་ཚ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་རྩ་རྒྱུད་འཇམ་ལ་སྣ་རིང་བས་གྲང་བར་འཁྲུལ་པ་ཡོད་མོད། དེ་ཡང་ལེགས་པར་བརྟགས་ན་འཕར་གྲངས་ཀྱིས་མི་ནོར་རོ། །དེ་བཞིན་དུ་དོན་སྣོད་ཀྱི་རྩ་གང་རུང་མ་ཚང་བ་དང་། འཕར་འཕྲོ་གཅོད་ཅིང་སྡོད་པ་རྣམས་འཆི་རྩར་འཁྲུལ་པ་ཡོད་ཀྱང་། ལེགས་པར་བརྟགས་ནས་གཞི་རྩ་ཡིན་པའམ་ནད་སྡོད་སོགས་དང་ཤན་ཕྱེས་ལ་འཆི་བའི་རྟགས་དང་མ་འདོམས་ན་དེ་ཙམ་གྱིས་འཆི་བར་མི་ངེས་པའི་ཤན་ཕྱེད་དགོས་སོ། །དེའི་ཕྱིར་སྔར་ནད་མེད་པའི་དུས་ཀྱི་རྩ་རྒྱུས་མེད་པ་རྣམས་ལ་ཐོག་མ་སྟེ་ཁ་དམར་མ་གདགས་གོང་དུ་ཁྱོད་ཀྱི་རྒྱུན་རྩ་ལ་འདི་འདྲའི་སྐྱོན་སྔར་ཡོད་དམ་མེད་ལྷ་རྗེ་རྣམས་ཀྱིས་ཇི་སྐད་ཟེར་ཚུལ་


MR10_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དྲི་བར་གཅེས་སོ། །བཅུ་པ་ནད་ངོས་བཟུང་བ་ལ། སྤྱི་བྱེ་བྲག་གཉིས་ཀྱི་དང་པོ་སྤྱི་རྩ་དྲུག་གིས་ཚ་གྲང་གི་ནད་ཀྱི་ཤན་དབྱེ་བ་ནི། དྲག་ཅེས་འཕར་ཤེད་ཆེ་བ། རྒྱས་ཞེས་པ་ཤ་ཁར་ཡར་དོན་པ། འདྲིལ་ཞེས་པ་ལྕགས་ཀྱི་ཐུར་མ་ལ་སོགས་པ་བཞིན་དུ་ཤ་ནང་ནས་རྩ་ཀྲིལ་ཀྲིལ་མངོན་པ། མགྱོགས་ཞེས་འཕར་བའི་བྱ་བ་མྱུར་དུ་བྱེད་པ། གྲིམས་ཞེས་གཞུ་རྒྱུད་ལྟར་ཐེང་ངེ་ཐེང་ངེར་གནས་པ། མཁྲང་ཞེས་མར་མནན་ན་སྟོང་སོབ་མི་བྱེད་པར་སྲ་ཐིང་ངེ་བ་སྟེ་དྲུག་པོ་འདི་ནི་གང་ཡིན་ཀྱང་ཚ་བའི་རྩ་ཡིན་ལ། དེའང་རྩ་དྲག་རྒྱས་བྱུང་ན་དཔངས་ཀྱི་ཚ་བ་དང་། འདྲིལ་མགྱོགས་བྱུང་ན་གྲངས་ཀྱི་ཚ་བ་དང་། གྲིམས་མཁྲང་བྱུང་ན་སྙུགས་ཀྱི་ཚ་བ་ཞེས་བྱ་སྟེ། རྩའི་ཚུལ་ལས་བརྡའ་དེ་སྐད་བྱས་ཀྱི་དོན་ལ་དཔངས་ཞེས་ཁ་ཡི་ཚ་བ་དང་། གྲངས་ཞེས་བར་གྱི་ཚ་བ་དང་། སྙུགས་ཞེས་གཏིང་གི་ཚ་བའི་བརྡ་ཡིན་པར་བཤད། དེ་ལྟར་བརྡའ་བཏགས་ཀྱང་ཚ་བའི་ངོ་བོ་ནི་དཔངས་དང་གྲངས་ཀྱི་ཚ་བ་ནི་འཁྲུགས་དང་རིམས་ཀྱི་ཚ་བ་གསར་པ་དང་། སྙུགས་ཀྱི་ཚ་བ་ནི་རྙིང་པའི་ཚ་བ་ཡིན་ནོ། །གྲང་བའི་རྩ་ནི་གོང་གི་དྲུག་པོ་དང་རིམ་པར་ལྡོག་ཕྱོགས་སུ་གྱུར་པ་སྟེ། དྲག་པའི་ཟློག་ཕྱོགས་འཕར་ཤེད་ཞན་པ་དང་། རྒྱས་པའི་ཟློག་ཕྱོགས་ཤ་གཏིང་དུ་མར་བྱིང་བ་དང་། འདྲིལ་བའི་ཟློག་ཕྱོགས་གུད་པ་སྟེ་ཤ་ནང་ནས་ཁྱུག་གེ་མི་མངོན་པར་ཉམས་དམའ་བ་དང་། མགྱོགས་པའི་ཟློག་ཕྱོགས་འཕར་བའི་བྱ་བ་བུལ་བ་དང་། གྲིམས་པའི་ལྡོག་ཕྱོགས་རྒྱུད་ལྷད་དེ་བར་གྱུར་པ་


MR10_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཁྲང་བའི་ལྡོག་ཕྱོགས་མནན་ན་སྟོང་སོབ་བེ་བ་དང་དྲུག་གོ། དེ་དྲུག་ལ་དཔངས་ཀྱི་གྲང་བ་སོགས་བརྡ་སྦྱར་ཚུལ་གོང་དང་འདྲ་ལ། འོན་ཀྱང་འདིར་སྙུགས་ཀྱི་གྲང་བ་ནི་གསར་ལ་གྲངས་དང་དཔངས་ཀྱི་གྲང་བ་ནི་རྙིང་པར་འདོད་དེ། ཚ་བ་ནི་ཕྱི་ཤ་ལྤགས་སམ་ཁ་ཡི་ཚ་བ་དང་བར་རུས་རྐང་གི་ཚ་བ་གཉིས་གསར་པ་དང་། ནང་དོན་སྣོད་ལ་ཞུགས་ནས་རྙིང་པ་ཡིན་ཞིང་། གྲང་བ་ནི་ནང་དོན་སྣོད་ལ་དང་པོར་ཞུགས་ནས། རྙིང་པའི་ཚེ་ཕྱི་ཤ་པགས་ལ་འཇུག་པའི་དབང་གིས་ཡིན་ལ་དེ་དག་གི་རྩ་ཡང་འདིར་བརྡ་སྦྱར་བ་བཞིན་ནོ། །དེ་དག་གིས་ནད་ཡིན་ནོ་ཅོག་ཀུན་ངོ་བོ་ཚ་བའམ་གྲང་བ་གང་རུང་ལས་འོས་མེད་པས་དེ་དག་གིས་སྤྱི་རྩ་བཤད་ལ། གཉིས་པ་བྱེ་བྲག་ནད་སོ་སོའི་རྩ་བརྟག་པའང་རྣམ་པ་གཉིས་སུ་ཡོད་པ་ཡིན་ཏེ། རྩ་རྒྱུད་སོ་སོས་ནད་རིགས་ཀྱི་དབྱེ་བ་ངོས་བཟུང་བ་དང་། ཚོན་ཀན་ཆག་གསུམ་གྱི་འོག་གི་རྒྱུ་བ་བཅུ་གཉིས་ཀྱིས་ལུས་ཀྱི་སྟོད་སྨད་དོན་སྣོད་ཀྱི་བྱེ་བྲག་གར་བབ་བརྟག་པ་སྟེ། དེ་ལྟར་ན་ནད་ཀྱི་བྱེ་བྲག་བརྟག་པ་དང་། ནད་དེ་གང་དུ་བབ་པའི་གནས་ཀྱི་བྱེ་བྲག་བརྟག་པ་གཉིས་སོ། །དང་པོ་རྩ་རྒྱུད་སོ་སོར་བརྟག་པ་ནི། རླུང་གི་རྩ་ནི་རྐྱལ་ཞེས་པ་དཔེར་ན་ལྦུ་བ་སོགས་ཆུ་ཡི་ཁ་ན་འཕྱོ་བ་ལྟར་རླུང་གི་སྟོབས་ཀྱིས་རྩ་དེ་ཤ་ཡི་ཁར་འཕྱོ་ཞིང་མནན་ན་མར་ནུབ་པ་ལྟར་བྱེད་པའོ། །སྟོང་ཞེས་མནན་ན་རྩ་ནང་སྟོང་པར་གྱུར་པ་དང་། སྐབས་སྐབས་སུ་མི་འཕར་བར་སྡོད་པར་བྱེད་པའོ། །མཁྲིས་པའི་རྩ་ནི་རྩ་རྒྱུད་


MR10_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྦོམ་པར་ཕྲ་ལ་གྲིམས་པ་སྟེ་གཞུ་རྒྱུད་ལྟར་བྲེང་ངེར་འཕར་བའོ། །བད་ཀན་སྐྱ་བོ་སྟེ་བད་ཀན་རྐྱང་པ་ནད་གཞན་མ་འདྲེས་པ། གྲང་བ་ཅན་དེ་ཡི་རྩ་ནི་གཏིང་དུ་བྱིང་ལ་རྒུད་པ་སྟེ་ཉམས་དམའ་བ་གོང་བཤད་བཞིན་ནོ། །འདི་ལྟར་བྱིང་བ་དང་དྲག་པ་ལ་སོགས་པའི་འཕར་ཚུལ་རྣམས་གོང་འོག་གང་དུ་བྱུང་ཡང་དོ ན་གཅིག་ཏུ་འཆད་དགོས་ཀྱི་སྐབས་སོ་སོའི་ཐད་དུ་གོ་བ་རེ་ལེན་རྒྱུ་མེད་པས་འཕར་རྩའི་མཚན་ཉིད་བཤད་ཟིན་རྣམས་ལས་སླར་མ་བཤད་པ་ཀུན་ཀྱང་གོང་ལྟར་ཤེས་དགོས་སོ། །ངེས་པ་མེད་པར་སྣ་ཚོགས་སུ་འཆད་པ་ནི་ཤིན་ཏུ་མི་བདེའོ། །རླུང་ཚད་གཉིས་ལྡན་པའི་རྩ་ནི་རླུང་གི་སྟོབས་ཀྱིས་སྟོང་ལ་ཚད་པའི་སྟོབས་ཀྱིས་རྒྱུག་པ་སྟེ་མགྱོགས་པར་གཡོ་བའོ། །བད་མཁྲིས་གཉིས་ལྡན་གྱི་རྩ་ནི་བད་ཀན་གྱི་ནུས་པས་རེག་མ་ཐག་ཏུ་མི་མངོན་པར་ཁ་ན་བྱིང་ཞད་ཅིག་ཡོད་ཀྱང་། མཁྲིས་པའི་སྟོབས་ཀྱིས་མར་མནན་ན་གཏིང་ན་གྲིམས་ཞད་ཅིག་འབྱུང་ངོ་། །བད་རླུང་ལྡན་པའི་རྩ་ནི་རླུང་གི་སྟོབས་ཀྱིས་སྟོང་ལ་བདེ་ཀན་གྱིས་འཕར་བ་དལ་བུར་བྱེད་དོ། །རླུང་མཁྲིས་བད་ཀན་ཁྲག་དང་བཅས་པ་འདུས་པ་ལ་མིང་དུ་བད་ཀན་སྨུག་པོ་ཞེས་བྱ་སྟེ། དེའི་རྩ་ནི་རྩ་རྒྱུད་སྦོམ་ལ་ནང་གང་བ་ལྟར་ཁེངས་ཤིང་སྨུག་པོ་ཁྲག་མཁྲིས་ལ་གནས་པའི་སྟོབས་ཀྱིས་མཆིན་རྩ་གཙོར་གྱུར་ཀན་འོག་གི་རྩ་གཉིས་པོ་དམའ་བ་ལ་ཞར་ཞེས་བྱ་སྟེ། མིག་ཉམས་པ་ལ་ཞར་ཞེས་གྲགས་པ་ལྟར་རྩ་རྒྱུད་ཀུན་ལས་གཅིག་ལྷག་པར་དོང་དུ་ལྷུང་བ་ལྟར་དམའ་བ་ལ་ཞར་བ་ཞེས་བྱའོ། །ཆུ་སེར་ནད་ཅན་གྱི་རྩ་ནི་འདར་འདར་དུ་བྱེད་


MR10_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྒྱུ་བ་དཀའ་བ་སྟེ་འཕར་དཀའ་དཀའ་ལྟར་གྱུར་པའོ། །སྲིན་གྱི་རྩ་ནི་འཁྱིག་ཅེས་པ་ཚུར་སོར་མོའི་ངོས་སུ་དཀྲི་བའམ་འཁྱུད་པ་ལྟར་བྱེད་པ་སྟེ། སོར་མོའི་ངོས་ཁུད་དུ་ལེན་པ་ལྟར་སྡོམ་སྡོམ་བྱེད་པ་ལྟ་བུའི་ཚུལ་དུ་འཕར་བ་དང་། ཞེང་དུ་ལེབ་ལེབ་མོ་ལྟ་བུར་འཕར་བར་བྱེད་པའོ། །མཛེ་ཡི་རྩ་ནི་ནད་དོན་སྣོད་གང་དུ་ཞུགས་པའི་རྩ་དེ་ཞན་ཅིང་། ཆུ་སེར་ལ་བརྟེན་པའི་ཕྱིར་རྩ་རྒྱུད་ཀུན་འདར་ལ། གདོན་ཤས་ཆེ་བས་ན་གློ་བུར་དུ་ལྷོག་ལྷོག་འཕར་བའམ་འཕྲིག་པར་བྱེད་པ་ཡིན་ནོ། །ཟས་སྤྱོད་ཀྱིས་འཁྲུགས་ནས་ཚད་པ་འཕེལ་བ་འཁྲུགས་ཚད་ཀྱི་རྩ་ནི་སྦོམ་རྒྱས་འབུར་འདྲིལ་བཞི་ལྡན་དུ་འོང་སྟེ་ཁྲག་ལ་བརྟེན་པའི་ཚད་པ་ཤིན་ཏུ་རྒྱས་པའི་ཕྱིར་རོ། །ལུས་བརྡབ་འགྲམ་ལ་བརྟེན་ཏེ་ཚད་པ་བྱུང་བའི་རྩ་ནི་ཕྲ་མཁྲང་གྲིམས་པར་འཕར་བའོ། །རིམས་ཚད་རྩ་ནི་ཕྲ་ལ་མགྱོགས་པར་འཕར་བའི། །གཉེན་གྱི་རྩ་ནི་འཁྱིག་ཅེས་པ་སྲིན་ལ་བཤད་པ་བཞིན་དང་། ལྕམ་དྲལ་ནི་རྩ་གཉིས་གཤིབ་ཏུ་འཕར་བ་སྟེ་གཉེན་གང་ལ་ཞུགས་པའི་དོན་སྣོད་ཀྱི་རྩ་དེར་འབྱུང་ངོ་། །གཟེར་ཐུང་ནི་ཚད་པ་གཟེར་ཐུང་ལྟ་བུ་ནད་ཟུག་ཆེན་པོ་བློ་བུར་འཕར་བའི་རྩ་ནི་ཐུང་ཐུང་སྦུད་སྦུད། དར་ལྕེ་རླུང་བསྐྱོད་བཞིན་དུ་འཕར་བའོ། །སྦྱར་དུག་གི་རྩ་ནི་རྩ་རྒྱུད་འབར་འབུར་མང་བས་རེ་བ་ལྟར་རྩུབ་པ་དང་། སྦུན་པ་ནི་ཐུང་ཐུང་དུ་འཕར་བའི་དོན་ཏེ། འཁྲུགས་ཚད་ཀྱི་ལེའུ་ལས་སྦུན་པ་རིང་དུ་སོང་ཞེས་རིང་བའི་ཟློག་ཕྱོགས་སུ་གསལ་བ་བཞིན། རྩ་སྦུན་པ་ཞེས་གང་བྱུང་ལ་དེ་ལྟར་གོ་དགོས་


MR10_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནད་མ་གོ་བར་རང་བཟོ་སྣ་ཚོགས་བཤད་པ་མཐོང་སྟེ་སྙིང་པོ་ཅིའང་མེད་དོ། །འཆོལ་བ་ཞེས་རེས་དྲག་རེས་ཞན་ལྟ་བུ་སོགས་ངེས་མེད་འཆོལ་བ་སྣ་ཚོགས་སུ་འོང་བ་དང་། མཐའ་གཅིག་ཏུ་ནད་འདི་ལྟ་བུའོ་ཞེས་རྩ་ལས་མངོན་མི་བཏུབ་པའོ། །ཤ་དུག་རྩ་ནི་ཕྲ་མགྱོགས་བྱིང་བ་གསུམ་ལྡན་དང་། ཁྱད་པར་དུག་དེ་ཞུགས་པའི་ཕོ་བའི་རྩ་ལྟ་བུ་ཞར་བ་འབྱུང་ངོ་། །ཚ་བ་ཤུགས་མ་རྫོགས་པར་མ་སྨིན་པའི་ཚ་བ་ནི་ཕྲལ་མགྱོགས་པ་རླུང་ལྟར་གཡོ་བའོ། །སྨིན་ནས་རྒྱས་ཚད་ཀྱི་རྩ་ནི་དྲག་ལ་གྲིམས་པར་འཕར་བའོ། །ཚད་གཞུག་རླུང་གིས་གཡོས་པ་སྟོང་ཚད་རྩ་ནི་སྟོང་ལ་རྒྱུག་པའོ། །གྲང་བའི་འོག་ཏུ་ཚ་བ་གབ་པའི་རྩ་ནི་རྩ་དཔངས་དམའ་ལ་གཏིང་ནས་གྲིམས་ཞད་བྱུང་བའོ། །ཚད་པ་ཡུན་རིང་ལོན་པའི་རྙིང་པ་ཕྲ་ལ་གྲིམས་པར་འཕར་བའོ། །ཆུ་སེར་དང་བཅས་ཏེ་ལུས་ལ་རྙོགས་པའི་ཚད་པའི་རྩ་ནི་ཕྲ་ཞིང་ཤ་ཡི་གཏིང་ནས་མྱུར་དུ་འཕར་བ་སྟེ་རྒྱུག་པའོ། །རྨ་ལ་ཚད་པ་ཞུགས་པའི་རྩ་ནི་སྦོམ་མཁྲང་མགྱོགས་པར་འཕར་བའོ། །ཁོང་པའི་ནང་དུ་མདེའུ་སོགས་ལུས་པ་ཟུག་རྔུའི་རྩ་ནི། དོན་སྣོད་སོགས་གང་གི་ཕྱོགས་སུ་མདེའུ་སོགས་ཟུག་རྔུ་ལུས་པ་དེའི་རྩ་ཞར་ཞིང་ལྕམ་དྲལ་དུ་བྱེད་དོ། །མགོ་ཆག་པ་ལ་བཏག་ན་ཤ་རུས་ཀླད་པ་གསུམ་གང་ལ་སྐྱོན་ཡོད་ན་ཚོན་ཀན་ཆག་གི་རྩ་རིམ་བཞིན་དྲག་ཅིང་སོགས་གསུངས་ཏེ། ཤ་ལ་སྐྱོན་ཡོད་ན་ཚོན་རྩ་དྲག་པ་འོང་། རུས་ལ་སྐྱོན་ཡོད་ན་ཀན་འོག་གི་རྩ་གྲིམས་པ་འབྱུང་ངོ་། །ཀླད་པ་ལ་སྐྱོན་ཡོད་ན་ཆག་འོག་གི་རྩ་


MR10_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་པར་འབྱུང་ངོ་། །རྣག་གི་རྩ་ནི་འདར་བ་འབྱུང་སྟེ་རྣག་སྤྱིའི་རྩ་ཆུ་སེར་དང་མཚུངས་པར་འདར་བའོ། །རམ་ཞེས་འདམ་ག་ཅན་གྱི་ཚིག་ཕྲད་སྦྱར་ནས། ཡང་ན་ཚ་བ་ལ་ཞེས་རྣག་ཚད་ཡིན་ན་སྦུན་པ་སྟེ་འཕར་ཐག་ཐུང་བ་འབྱུང་ཞེས་སོ། །འདི་ལ་རེག་བྱ་ཚ་བ་སོགས་སུ་འཆད་པ་ནི་གནད་ཅུང་ཟད་མ་གོ་བའོ། །གྲང་བའི་རྩ་ལ་མ་ཞུ་གསར་པ་ཡི་རྩ་ནི་སྦོམ་ལ་མཁྲང་བ་འབྱུང་ངོ་། །མ་ཞུ་རྙིང་པའི་རྩ་ནི་ཤེད་ཆུང་ལ་རྩ་རྒྱུད་ཕྲ་བ་ཡིན་ནོ། །དམུ་ཆུ་དང་འོར་དང་སྐྱ་རྦབ་གསུམ་གྱི་རྩ་ནི། ཕྲ་ཞིང་བྱིང་ལ་གཏིང་ན་དམ་པ་སྟེ་ཤེད་ཡོད་པའོ། །སྐྱུག་པ་མང་དུ་བྱས་ན་རྩ་སྟོད་ཞན་ལ་འཁྲུ་ཟིན་པའི་རྗེས་སུ་རྩ་སྨད་ཞན་པ་འབྱུང་ངོ་། །འོན་ཀྱང་རྩ་ལ་ཕན་ཚུན་ནོར་སོ་འབྱུང་བའི་འཕྲང་དྲུག་ཡོད་དེ། གང་ཞེ་ན་ཁྲག་གི་རྩ་དང་རླུང་གི་རྩ་ནི། རྐྱལ་པར་བྱེད་པས་ནོར་ར་རེ་ཞེས་གསུངས་པས། ཁྲག་གསར་པའི་རྩ་དང་མུན་རྩ་གང་ཡིན་ཀྱང་སྟེང་དུ་རྐྱལ་བ་ཞིག་འབྱུང་བའི་ཕྱིར་རོ། །དེ་མི་ནོར་བའི་གནད་ནི། གཏིང་མཁྲང་ན་ཁྲག་ཡིན་ལ་སྟོང་ན་རླུང་ཡིན་པས་ཤན་ཕྱེད་པར་བྱའོ། །དེ་བཞིན་དུ་རྒྱས་ཚད་དང་སྟོང་ཚད་ཀྱི་རྩ་ཡང་རྒྱུག་པར་བྱེད་པའི་ཆ་ནས་འདྲ་བས་ནོར་བ་འབྱུང་ལ། དེ་ཡང་གཏིང་ན་ཤེད་ཆེ་ཆུང་གིས་མི་ནོར་པར་བྱ་དགོས་སོ། །བད་ཀན་དང་ཁྲག་གི་ནད་རྒས་པ་གཉིས་ཀྱང་རྩ་གཏིང་དུ་བྱིང་པའི་སྒོ་ནས་འདྲ་བས་ནོར་ཉེན་ཆེ་ཡང་། གཏིང་ན་གྲིམས་ལྷོད་མི་འདྲ་བས་ཤན་ཕྱེད་དགོས་སོ། །གཉིས་པ་ནད་དེ་དག་ལུས་ཀྱི་སྟོད་སྨད་


MR10_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྣོད་གར་བབ་པའི་གནས་བྱེ་བྲག་ངོས་བཟུང་བ་ནི། ཚོན་རྩ་གཉིས་ཀྱིས་སྤྱིར་ལུས་ཀྱི་སྟོད་དང་དོན་སྣོད་ལས་གློ་སྙིང་ལ་ནད་ཡོད་མེད་བརྟག །དེ་བཞིན་ཀན་ལ་སོགས་པས་བརྟགས་ཏེ་གཞུང་བཞིན་གོ་སླའོ། །གདགས་ཡར་ཟུར་དང་། སྲིབ་མར་ཟུར་གྱི་རྩ་ཡིས་དོན་ལྔ་དང་སྣོད་དྲུག་སོ་སོར་གོང་བཞིན་བརྟག་གོ། །དེ་ཡང་རྩ་འདི་དག་ལ་གདགས་དང་སྲིབས་ཀྱི་རྩ་ཞེས་གདགས་པའི་རྒྱུ་མཚན་གང་ཞེ་ན། སོར་མོའི་ཡར་ཟུར་ན་གནས་པ་དོན་ལྔ་དང་། དབུགས་ཕྱིར་རྒྱུ་བའི་ཚེ་འཕར་བའི་རྩ་ལ་གདགས་ཀྱི་རྩ་ཞེས་བྱ་ལ། མར་ཟུར་ན་གནས་པ་སྣོད་དྲུག་གི་རྩ་དང་དབུགས་ནང་དུ་རྔུབ་པའི་ཚེ་འཕར་བའི་རྩ་ནི་སྲིབས་ཀྱི་རྩ་ཞེས་བྱ་སྟེ་དེའི་རྒྱུ་མཚན་དོན་རྣམས་ཁྲག་རྒྱུ་བ་ཤས་ཆེ་བས་དེའི་རྩ་ཡང་ཐབས་ཀྱི་རྩ་སྟེ་སྣོད་ཀྱི་རྩ་ལས་ཅུང་དྲག་པས་ཚ་བ་དང་རྗེས་སུ་མཐུན་ལ། སྣོད་ནི་རླུང་རྒྱུ་བ་ཤས་ཆེ་བས་དེའི་རྩ་ཡང་ཤེས་རབ་ཀྱི་རྩ་སྟེ་དོན་གྱི་རྩ་རྣམས་ལས་ཅུང་ཞན་ལ་སྟོང་བས་གྲང་བ་དང་རྗེས་སུ་མཐུན་པས་དོན་སྣོད་ནང་ཕན་ཚུན་ལྟོས་ནས་གདགས་སྲིབ་ཏུ་བཞག་ལ། དབུགས་ཕྱིར་འབྱིན་པའི་ཚེ་རྩ་རྒྱུ་བ་གཉིས་པོ་དེ་ནང་དུ་རྔུབ་པ་ལས་དྲག་པས་འབྱིན་རྔུབ་ཀྱི་དུས་ཀྱི་འཕར་རྩ་ལ་ནང་ཕན་ཚུན་ལྟོས་ནས་དྲག་ཞན་ཅུང་ཟད་རེ་འབྱུང་བས་གདགས་སྲིབ་ཏུ་བརྗོད་དེ་ཞིབ་མོའི་བློས་བརྟགས་ན་དེ་ལྟར་མངོན་དུ་འགྱུར་རོ། །འདི་ལ་བརྟེན་ནས་རླུང་ཁྲག་གི་རྒྱུ་བ་འཕར་རྩ་ཡོད་པ་ལས་ནད་ཀྱི་མཚན་ཉིད་ཤེས་པའི་ཚུལ་ལ་ངེས་པར་སྐྱེ་བར་འགྱུར་ཏེ་ལུས་ཀྱི་རྟེན་འབྲེལ་གྱི་ཆ་ཅི་རིགས་པ་མངོན་


MR10_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་འདི་ལས་གཞན་རྗེས་སུ་དཔག་རུང་བའི་ཕྱིར་རོ། །དོན་སྣོད་ཕལ་ཆེར་ལ་རོལ་ཏེ་གཅིག་ལ་ཚ་བ་དང་གཅིག་ལ་གྲང་བ་ལྟ་བུ་དུས་གཅིག་མི་འབྱུང་ཞིང་ཞེས་སྙིང་དང་རྒྱུ་མ་ལྟ་བུ་སོགས་འབྱུང་བའི་ཁམས་གཅིག་ཅིང་ཟུང་དུ་བཞག་པ་དེ་ལ་ཚ་གྲང་གི་ནད་མི་མཐུན་པ་དུས་གཅིག་འབྱུང་དཀའ་ལ། ཕལ་ཆེར་གྱི་སྒྲས་འབྱུང་མི་སྲིད་པ་ནི་མ་ཡིན་ནོ། །གལ་ཏེ་བྱུང་ན་ཡང་དོན་སྙིང་ལ་ཚ་བ་ཡོད་ཚེ་སྣོད་རྒྱུ་མ་ལ་གྲང་བ་ཡོད་པ་རེས་འགའ་འབྱུང་སྲིད་ཀྱི། སྣོད་རྒྱུ་མར་ཚ་བ་ཡོད་བཞིན་དུ་དོན་སྙིང་ལ་གྲང་བ་ལྷན་ཅིག་ཏུ་འབྱུང་བ་མི་སྲིད་ལ། ལུས་སྟོད་སྨད་ཀྱི་ཚ་གྲང་འབྱུང་ཚུལ་ཀྱང་དེ་ལྟར་ཤེས་པར་བྱ་སྟེ། སྟོད་ཚ་སྨད་གྲང་འབྱུང་སྲིད་ལ་སྨད་ཚ་སྟོད་གྲང་དུས་གཅིག་མི་འབྱུང་ངོ་། །དེ་ལྟར་ནད་དང་དེ་གང་དུ་གནས་པ་ཡི་བྱེ་བྲག་དེ་དག་ཕྲ་ཞིང་ཞིབ་པ་དག་གི་མཐར་ཐུག་པར་མ་འདྲེས་པར་སོ་སོར་ཕྱེད་པར་རྟོགས་པར་བྱ་དགོས་སོ། །བཅུ་གཅིག་པ་འཆི་རྩ་ནི། རྩ་རྒྱུད་འགྱུར་བ་དང་། མ་ཚང་པ་དང་། སྡོད་པ་གསུམ་ལས། དང་པོ་རྩ་རྒྱུད་སྔར་ལས་འགྱུར་བ་ནི། དར་ལྕེ་རླུང་གིས་བསྐྱོད་པ་དང་འདྲ་བར་ལྷབ་ལྷབ་འཕར་ཞིང་རེས་དལ་རེས་བྲེལ་ངེས་མེད་བྱེད་ཅིང་སྡོད་པ་རླུང་གི་འཆི་རྩ་དང་། འདབ་ཆགས་ཁྲ་ནི། ཕན་ཚུན་མི་འགྲོ་བར་ནམ་མཁའི་དཀྱིལ་དུ་སྡོད་པའི་མཇུག་རྩེ་ཕྲིག་ཕྲིག་གཡོ་བ་ལྟར་མགྱོགས་པར་གྲངས་རྩིས་མ་ཟིན་པ་ལྟ་བུར་འཕར་བ་མཁྲིས་པའི་ནད་ཀྱི་འཆི་རྩ་དང་། ཁང་རྒན་ཐིགས་པ་ཟག་པ་ལྟར་ཤེད་ཆུང་བ་རེ་རེ་འཕར་ནས་སྡོད་


MR10_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཅིག་རྗེས་གཅིག་གིས་མི་སླེབ་པ་བད་ཀན་གྱི་འཆི་རྩ་དང་། འབབ་ཆུའི་ནང་དུ་དངོས་པོ་རྩྭ་ཤིང་སོགས་གཞུག་པ་མི་སྡོད་པར་འགུལ་ཞིང་བཟུང་ན་འཕར་མི་ནུས་པ་ལྟར་རྩ་གཡོ་ཞིང་འཕར་བ་མནན་ན་འགུལ་མི་ནུས་པ་ནི་རླུང་མཁྲིས་ཀྱི་འཆི་རྩའོ། །འདི་ལ་ཆུ་བྱའི་མཇུག་མ་ལ་དཔེ་བྱེད་པ་སོགས་འཆད་ལུགས་སྣ་ཚོགས་མཐོང་ངོ་། །ཆུ་ཁར་ཤ་སོགས་བསྐྱུར་བའི་ཚེ་ཉ་རྣམས་གཟན་དེ་ལ་རྔམས་ནས་ཆུ་གཏིང་ནས་ཡར་བྱུང་སྟེ་ཟས་དེ་ལྷོག་གིས་བཟུང་ནས་ཡང་ཆུ་གཏིང་དུ་མར་འགྲོ་བ་ལྟར། རྩ་ཤེད་ཆེ་བ་ལྷོག་གེ་བ་རེ་འཕར་ནས་ཡང་སྡོད་པ་བད་རླུང་གི་འཆི་རྩ་དང་། བྱེའུ་མཆིལ་པ་རྒུམ་བུ་ཐུ་བའི་ཆ་ལན་གཅིག་གམ་གཉིས་སམ་གསུམ་སོགས་མ་ངེས་པའི་གྲངས་ཀྱི་རྒུམ་བུ་ཐུས་ནས་བར་བར་སྡོད་པ་ལྟར། ཤེད་ཆུང་བའི་འཕར་གྲངས་གསལ་པོ་རེ་ཟུང་བསྟུང་ནས་སྡོད་པ་ཅན་ཏེ་འདི་ནི་བད་མཁྲིས་ལྡན་པའི་འཆི་རྩའོ། །སྦལ་པ་ནི་ལན་རེ་དལ་བུས་མཆོངས་ནས་ཡང་སྡོད་པ་ལྟར། རྩ་སྦོམ་ལ་ཤེད་ཆེ་ཞིང་འཕར་ཐག་རིང་པོ་རེ་རེ་འཕར་ནས་སྡོད་པ་ནི་འདུས་པ་སྟེ་བད་ཀན་སྨུག་པོའི་འཆི་རྩ་དང་། གླང་རྒན་གྱི་ཁ་ཆུ་ནི་མཚམས་མི་ཆད་པར་ཏ་ལ་ལ་བྱེད་པ་ལྟར་རྩ་ཡང་འཕར་མཚམས་མི་འབྱེད་པར་གཏིང་ནས་འགུལ་བ་མངོན་ཙམ་ན་ར་ར་བྱེད་པ་ནི་དམུ་ཆུའི་འཆི་རྩ་ཡིན་ལ། ནད་ཁམས་སོ་སོར་མ་ངེས་པ་ཡང་འཆི་རྩ་ལ་འདི་འདྲ་གང་རུང་འོང་བས་འཆི་རྩ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ནད་སྟོབས་ཆེན་པོ་གློ་བུར་བྱུང་མ་ཐག་ནས་ཡུན་རིང་ཟུངས་ཟད་ཀྱི་ནད་


MR10_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རྩ་སྟོབས་ཕྲ་ཞིང་རྩ་ཤེད་ཤོར་བ་དང་། ཡུན་རིང་ཟུངས་ཟད་ཀྱི་ནད་ཡིན་ཀྱང་རྩ་ཤེད་ཆེ་ལ་རྒྱས་ཤིང་འཁྲུགས་པ་དང་། ནད་གྲང་བ་ལ་རྩ་ཚ་བ་ལྟར་མངོན་པ་དང་། ནད་ཚ་བ་ལ་རྩ་གྲང་བའི་ཚུལ་ལྟར་བྱུང་པ་དང་། གློ་ཚད་དང་། ཤ་དུག་དང་། བད་མཁྲིས་ལྡན་པ་དང་སྐྲན་ཕོ་ཁར་འདྲིལ་བ་སྟེ་ནད་འདི་བཞི་ཤུགས་ཆེ་བར་བྱུང་ཡང་རྩ་ནད་མེད་ཐ་མལ་ལྟར་གྱུར་ན་འཆི་བ་ཡིན་ཏེ། དེ་རྣམས་ཀྱང་རྩ་རྒྱུད་འགྱུར་བ་ཞེས་བྱ་སྟེ་ནད་དང་མི་མཚུངས་པའི་རྩ་བྱུང་བའི་ཕྱིར་ནའོ། །གཉིས་པ་སྙིང་ལ་སོགས་པའི་རྩ་གང་རུང་རེ་མ་ཚང་བ་སྟེ་གནས་དེར་འཕར་རྒྱུ་རྩ་བ་ནས་མེད་སོང་ཚེ་དེ་དག་དོན་སྣོད་དེའི་རླུང་ཁྲག་ཉམས་ནས་འཆི་བ་དངོས་ཀྱི་ལྟས་ཡིན་ཏེ་ལྗོན་པའི་རྩ་བ་ཉམས་པས་ལོ་འབྲས་ཀྱང་རྒུད་པ་ལྟར་དོན་རང་རང་གི་འབྱོར་པ་ལའང་རྟགས་འོང་བས་ན། ནང་གི་དོན་རང་རང་དང་འབྲེལ་བའི་འབྱོར་པ་ལྔ་པོ་མིག་ལམ་དུ་མངོན་པ་ཕྱི་ཡི་རྟགས་ལའང་དཔག་པར་བྱ་སྟེ། དེ་གཉིས་མཚུངས་ན་ནི་འཆི་རྩ་དངོས་ཡིན་ལ། གཞན་དུས་རྒྱུན་རྩ་མི་ཚང་པའང་སྲིད་པར་གོང་དུ་བཤད་པ་བཞིན་ནོ། །ཇི་ལྟར་དཔགས་ཞེ་ན། སྙིང་རྩ་མ་ཚང་ན་སྙིང་དང་འབྲེལ་བའི་འབྱོར་བ་ནི་ལྕེ་ཡིན་པས། ནང་དུ་སྙིང་གི་རླུང་ཁྲག་ཉམས་པའི་གནད་ཀྱིས་དེའི་འཕར་རྩའང་མི་ཚང་བ་ཡིན་ན། དེའི་ཚེ་ཕྱི་ན་མངོན་པའི་ལྕེ་ཡི་མདོག་ནག་པོར་འགྱུར་ཞིང་གཞན་ཡང་མིག་འབུར་ཚུགས་སུ་ལྟ་བ་འབྱུང་ངོ་། །དེ་ལྟར་ན་ནད་པ་དེ་ཞག་གཅིག་ན་འཆིའོ། །དེ་བཞིན་དུ་གློ་རྩ་མ་


MR10_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ན་གློ་བའི་འབྱོར་པ་སྣ་ཡིན་པས་སྣ་ཞོམ་པ་སྟེ་ཚུགས་མི་ཐུབ་པར་སྙེལ་ལ་སྣ་ཡི་ནང་གི་སྤུ་གྱེན་དུ་ལོག་པ་འབྱུང་ངོ་། །དེ་ནི་ཞག་གཉིས་ན་འཆིའོ། །མཆིན་རྩ་མ་ཚང་ན་མཆིན་པའི་འབྱོར་པ་མིག་གྱེན་དུ་ལྡོག་པ་དང་། གཞན་སྨིན་མའི་སྤུ་འཚོམ་པ་སྟེ་ཕན་ཚུན་ཐ་དད་དུ་གཟེར་ན་ཞག་གསུམ་ན་འཆིའོ། །མཚེར་རྩ་མེད་པ་དང་། དེའི་འབྱོར་པ་མ་མཆུ་ཐུར་དུ་འཕྱང་བ་དང་གཞན་ཡང་ལྷེན་སྣེའི་རུས་པ་ནང་དུ་ལྡིབ་ན་ཞག་ལྔ་ན་འཆིའོ། །མཁལ་རྩ་མ་ཚང་བ་དང་། མཁལ་མའི་འབྱོར་པ་རྣ་བ་ཡིན་པས་དེ་ཚུགས་མ་ཐུབ་པར་མགོ་ལ་འབྱར་ཞིང་མདོག་ཉམས་པ་དང་། རྣ་སྦུབས་མཛུབ་མོས་འདན་ཚེ་འུར་འུར་གྲགས་པ་རྣ་བའི་སྒྲ་དེ་ཆད་པ་སྟེ་མེད་པར་སོང་ན་དེ་ལྟར་ཐོག་མར་བྱུང་བ་ནས་བརྩིས་པའི་ཞག་བརྒྱད་ན་འཆིའོ། །གསུམ་པ་སྡོད་པ་ལ་ནི་གསུམ་སྟེ། དོན་སྣོད་བྱེ་བྲག་པའམ་རྩ་སྤྱི་ལའང་ནད་ཀྱི་དབང་གིས་སྡོད་པ་ནི། ཆེར་ན་དུས་སྡོད་པ་དང་། གང་ན་བའི་གནས་དེའི་རྩ་ལ་སྡོད་བྱུང་བའོ། །འདྲེ་སྡོད་ནི་གནས་དང་གྲངས་ལ་ངེས་པ་མེད་པར་སྡོད་པ་དང་རྩ་འཕར་ཚུལ་སོགས་ལའང་དྲག་དལ་སྣ་ཚོགས་བྱེད་པ་ཅན་ནོ། །དེ་ལྟར་ནད་དང་གདོན་གྱིས་སྡོད་པ་མིན་པར། རྩ་ཡི་འཕར་གྲངས་དུ་ལ་སྡོད་པའི་གྲངས་དེ་ཡི་དུས་ཀྱི་སྟེང་ནས་ངེས་པར་སྡོད་པ་སྟེ། རྟག་ཏུ་གསུམ་མམ། བཅུ་ལ་སོགས་པ་ངེས་ཅན་དུ་སྡོད་པ་ན། དེ་དུས་སམ་སླར་ཡང་རུང་སྟེ་འཆི་སྡོད་ཡིན་ནོ། །གལ་ཏེ་འདྲེ་སྡོད་ཡིན་ཀྱང་འདྲེ་ལ་ཡས་བྱིན་པ་སོགས་ཀྱིས་


MR10_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བཅོས་དང་། ནད་ལ་སྨན་གྱིས་བཅོས་བྱས་པས་སྡོད་དེའང་མེད་སོང་ན་དེར་ཟད་ལ། དེ་ལྟར་བྱས་ཀྱང་རྩ་སྡོད་ལ་ནི་སྔར་ལྟར་སྐྱེད་ཅིའང་མེད་ན་ཅིས་ཀྱང་འཆི་བར་འགྱུར་རོ། །ནད་ཀྱི་རྐྱེན་ཁ་ཅིག་ལས་རྩ་གཏིང་དུ་བྱིངས་ནས་མེད་སོང་བ་དང་། སྐྲག་དངངས་སོགས་གློ་བུར་གྱི་རྐྱེན་གྱིས་རྩ་གབ་སྟེ་མི་མངོན་པ་དང་། གདོན་དྲག་པོའི་ཆོ་འཕྲུལ་གྱིས་སྦས་པའི་སྟོབས་ཀྱིས་རྩ་བལྟ་རྒྱུ་མེད་པར་གྱུར་ཀྱང་འཆི་བའི་ངེས་པ་མེད་དེ་ཕལ་ཆེར་འཚོ་བའང་ཡོད་པས་ལེགས་པར་བརྟག་དགོས་སོ། །བཅུ་གཉིས་པ་གདོན་གྱི་རྩ་ནི་རྩ་རྒྱུད་སྟོད་སྨད་སོགས་དྲག་དལ་ལ་སོགས་པ་མི་སྙོམས་པ་དང་། རེས་དལ་རེས་བྲེལ་ལ་སོགས་པ་ལྟ་བུ་འགྱུར་ལྡོག་མང་བ་དང་། གནས་དང་གྲངས་ལ་ངེས་པ་མེད་པའི་སྡོད་པའམ་འཐེན་པའམ་ལྕམ་དྲལ་ལ་སོགས་པར་བྱེད་པ་སྟེ། དེ་ཡང་སྐྱོན་གྱི་ཆ་ཅི་རིགས་པ་དེ་དག་སྙིང་གི་རྩ་ལ་འབྱུང་བ་མང་ན་རང་གིས་བརྟེན་པའི་ལྷ་སྲུང་མ་མཉེས་པའམ་རྒྱལ་པོ་དག་གིས་གནོད་པར་བརྟག གློ་བའི་རྩ་ལ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་གྱིས་གནོད་པ་དང་། མཆིན་པར་ས་བདག་དང་དམ་སྲི་དང་གྲེ་མོ་སྟེ་ཤི་འདྲེ་མོ་ཡིས་གནོད་པ་དང་། མཚེར་བར་ཤི་འདྲེ་ཕོ་དང་གཉན་དང་ས་བདག་གིས་གནོད་པ་དང་། མཁལ་མ་གཡས་ལ་ཀླུ་དང་གཉན། གཡོན་ལ་མཚོ་ལ་གནས་པའི་སྨན་མོ་དང་ཀླུ་བསེན་མོས་གནོད་པར་བརྟག །རྩ་རྒྱུད་ཤེད་ཆེ་ཞིང་འཕར་ཐག་རིང་ལ་མི་གྲུང་པ་སྟེ་མི་གསལ་བའམ་མ་ངེས་པ་ཅན་ལག་གཡས་ཀྱི་རྩ་ལ་


MR10_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་ཕོ་གདོན་གྱིས་གནོད་པ་དང་། ཆུང་ཐུང་མི་གྲུང་བ་གཡོན་ལ་བྱུང་ན་མོ་གདོན་གྱིས་གནོད་པར་བཟུང་བར་བྱའོ། །ནད་སོ་སོའི་བདག་པོ་ཡི་གདོན་ནི། རླུང་ཡིན་ཚད་ལ་རྒྱལ་པོས་གནོད་པ་སོགས་གཞུང་ལྟར་གོ་སླ་ལ། གང་གིས་གནོད་པ་ངོས་ཟིན་ནས་བོན་ལུགས་ཀྱི་གཏོ་དང་མདོས་ཀྱིས་བརྔན་པ་དང་། དྲག་པོའི་སྒོ་ནས་བསྐྲད་པ་དང་། སྲུང་བའི་འཁོར་ལོ་སོགས་བསྒོམས་ཏེ་ལྷའི་བྱིན་རླབས་བྱ་བ་དང་། རྒྱལ་བའི་བཀའ་བསྒྲག་པ་དང་། མཆོད་སྦྱིན་དང་ཚུལ་ཁྲིམས་སྲུང་བ་སོགས་བསོད་ནམས་བསགས་པ་དང་སོགས་པའི་སྒྲས། སྦྱིན་སྲེག་དང་གཏོར་མ་ལ་སོགས་པས་ཞི་དྲག་གི་ཐབས་ཇི་ལྟར་རིགས་པ་སོ་སོའི་ཡུལ་ལུགས་ལ་གྲགས་པ་དང་འཚམས་པར་བཅོས་པར་བྱའོ། །སྤྱི་དོན་བཅུ་གསུམ་པ། ཚེ་རྟགས་བླ་ཡི་རྩ་ལ་བརྟག་པ་ནི། རང་གི་སེམས་ལ་རང་དབང་མ་ཐོབ་པར་འཁྲུལ་བའི་དབང་དུ་སོང་སྟེ་འཁོར་བའི་བདེ་བ་ལ་ཕྱིར་བལྟས་ཤིང་ཆགས་པའི་དབང་གིས། མ་རིག་པ་སོགས་ཉོན་མོངས་པ་དང་། དེའི་དབང་གིས་ལས་བསགས་པའི་སྲིད་པའི་འབྲས་བུར་གྱུར་པའི་ཟག་བཅས་ཀྱི་ལུས་ངན་བླངས་བ་ཡིས། འདི་ལྟར་ཚེ་གནས་པ་དང་སྲོག་མི་འགག་པའི་རྟེན་དུ་བླ་རྩ་འཁྱམ་པོའང་བྱུང་བ་སྟེ། དཔེར་ན་མིག་ཤེས་ཀྱི་རྟེན་དུ་མིག་དབང་བྱུང་བ་བཞིན་དུ། ཚེ་སྲོག་གི་རྟེན་དྭངས་མའི་རླུང་དང་ཐིག་ལེ་རྣམ་ཤེས་དང་འགྲོགས་པ་ལ་བླ་ཞེས་བྱ་སྟེ། དེ་གང་ནས་རྒྱུ་ཞིང་འཁྱམས་པར་བྱེད་པའི་རྟེན་ནམ་ལམ་ལྟ་བུ་ལག་པའི་མར་ཟུར་གྱི་འཕར་རྩ་འདི་བྱུང་སྟེ་


MR10_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་བླ་གནས་པ་དང་མི་གནས་པའི་རྗེས་སུ་མཐུན་པར་གཡོ་འགྱུར་ཅན་ཡིན་པས་འཁྱམས་པོ་ཞེས་བྱའོ། །དེའི་ཕྱིར་ན་བླ་རྩ་འདི་སྐྱོན་མེད་པར་གནས་ན་རྟེན་བླ་དང་དེ་ལ་བརྟེན་པའི་ཚེ་ཡང་རང་མལ་དུ་གནས་ལ། བླ་རྩ་འདི་འགྱུར་ལྡོག་བྱེད་ན་ཚེ་ཡང་མི་བརྟན་ཏེ་ཚེ་སྲོག་ནི་བླ་ལ་བརྟེན་ཞིང་བླ་ནི་རྩ་འདི་ལ་གནས་པའི་ཕྱིར་རོ། །བླ་རྩ་བྲོས་པ་སྟེ་རང་གི་གནས་ནས་མི་མངོན་པར་སོང་ན་བླ་ཚེ་ཡར་ཏེ་འཆི་བ་ཡིན་ལ། དེར་ཡང་ཚེ་སྒྲུབ་པའི་ཆོ་ག་དང་། འཆི་བསླུ་བྱས་ན་སླར་བླ་རང་གནས་སུ་ཁུག་ཅིང་དེའི་དབང་གིས་བླ་རྩ་ཡང་སྔར་ལྟར་སོར་ཆུད་པ་སྲིད་པ་ཙམ་ཡིན་ནོ། །གལ་ཏེ་ཆུ་རྒྱུས་ཀྱི་བར་རང་གནས་ནས་ཡར་མར་དུ་འབྲོས་སྲིད་པས་ཕར་ཚུར་སོང་ཡང་། ཡར་ཟུར་ཆུ་བ་དང་མར་ཟུར་རྒྱུས་པའི་འོག་ཏུ་བཙལ་ཀྱང་མི་རྒྱུ་བར་འཕར་རྒྱུ་མེད་སོང་ན་བན་བོན་ཡིན་ན་རང་གི་སྲུང་མ་བདུད་དུ་བབ་པའམ་སྐྱེ་བོ་ཡིན་ན་གཞན་གྱི་ཟོར་ཁ་ཕུར་ཁ་ཟུག་པའམ། ཡང་ན་ཀླུ་གཉན་དང་འགྲས་པ་ཡིན་ནོ། །ཕོ་ལ་བླ་རྩ་གཡས་པ་ལ་འཁྱིག་ཅིང་སྡོད་པ་བྱུང་ན་ཕའམ་སྤུན་ཟླ་འཆི། གཡོན་པ་ལ་འཁྱིག་ཅིང་སྡོད་པ་བྱུང་ན་རང་གི་བུ་སྨད་འཆི། གཡས་གཡོན་གཉིས་ཀ་འཁྱིག་ཅིང་སྡོད་ན་རང་ཉིད་གྲི་རུ་འཆི་བ་ལྟ་བུ་འབྱུང་ངོ་། །བླ་རྩ་ལ་དུས་རྒྱུན་རྩ་སྐྱོན་ཆེན་པོ་མེད་ཀྱང་། སྐབས་རེའམ་ཐེང་གཅིག་ཙམ་རེ་སྡོད་བྱུང་ན། གོད་ཁའམ་གཞན་མ་ཉེས་ཁ་ཡོག་སོགས་འབྱུང་ངོ་། །བུད་མེད་ཀྱི་བླ་རྩ་གཡས་པ་འཁྱིག་ཅིང་སྡོད་ན་ཁྱོ་ཕོའི་ཕྱོགས་ཏེ་མདུན་སྣ་སའི་ཕྱོགས་


MR10_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མི་འཆི་བ་སོགས་འབྱུང་། གཡོན་པར་འཁྱིག་སྡོད་བྱུང་ན་རྒྱབ་ཕ་མིང་ཕྱོགས་ཀྱི་མི་ཞིག་འཆི་བ་སོགས་ཕ་མིང་ལ་ངན། གཉིས་ཀ་འཁྱིག་ཅིང་སྡོད་ན་བུད་མེད་དེའི་བུའམ་ཁྱོ་ཕོ་འཆི། བླ་རྩ་ནང་སྟོང་ཞིང་འཕར་བའི་འཕྲོ་ལ་འཕར་བ་ཇེ་ཞན་བརྒྱལ་བ་ལྟར་འཕར་རྒྱུ་མེད་སོང་བ་བྱུང་ན་གོད་ཁ་དང་བློ་སྟོང་འོང་ལ། ཐང་བ་སྟེ་གྲིམས་པ་དང་། འཁྱིག་པ་སྲིན་རྩར་བཤད་པ་ལྟར་འོང་ན་ཁ་རྨས་འོང་ངོ་། །མལ་མི་ཐུབ་པ་ཞེས་བླ་རྩ་རང་གནས་སུ་མི་སྡོད་ཕར་འགྲོ་ཚུར་འགྲོ་བྱུང་ན་གདོན་གྱི་རྩ་ཡིན་ཏེ་དེ་ཡང་རྩ་སྦོམ་ལ་འཁྲུག་པ་སྟེ། ཤེད་ཆེ་ཞིང་རྒྱས་པ་ལྟ་བུ་བྱུང་ན་ཕོ་གདོན་དང་། འཕར་ཐག་ཐུང་ལ་རྩུབ་པ་བྱུང་ན་མོ་གདོན་གྱི་ངོ་ཡིན་ནོ། །བླ་རྩ་ལ་སྐྱོན་གང་ཡང་མེད་ལ་སྔ་མ་ལྟ་བུར་སྙོམས་པར་ལན་བརྒྱར་འཕར་བ་བྱུང་ན་ནི། མི་དེ་ལོ་བརྒྱ་ཐུབ་སྟེ་སྐྱོན་མེད་སྙོམས་པར་ལྔ་བཅུ་བར་འཕར་ན་ལོ་ལྔ་བཅུ་བར་ཐུབ་པ་སོགས། དེ་བཞིན་དུ་སྐྱོན་མེད་པའི་འཕར་རེས་ལོ་རེ་ཐུབ་པར་བཤད་དེ་སྐྱོན་མེད་སྙོམས་པར་ཇི་ཙམ་འཕར་བའི་གྲངས་དེ་ཙམ་གྱི་ལོ་ཡི་བར་དུ་དགེ་ཞིང་འཚོ་ལ། སྐྱོན་བྱུང་བ་དེ་དེའི་མཚམས་ན་ཀེག་འབྱུང་ངོ་། །རྩ་བརྟག་པའི་ཚུལ་ཇི་སྐད་བཤད་པ་དེ་ལྟར་ཡིད་ཀྱིས་རྟོག་ཅིང་རྩ་ལ་རེག་བཞིན་པའི་སྨན་པ་དེ་ནི་འཕྲིན་བསྐུར་བའི་སྒྲ་ལ་ཉན་པ་དང་འདྲ་སྟེ། ཇི་ལྟར་ན་སྒྲ་ལ་གཅིག་ཏུ་བསྒྲིམས་ནས་ཡིད་གཏད་ཅིང་དེའི་དོན་ལ་རྗེས་སུ་དཔྱོད་པ་བཞིན་དུ་འདིར་ཡང་ཤེས་པ་ཡུལ་གཞན་ལ་མ་ཡེངས་པར་བརྟག་བྱའི་དོན། རྩ་ཡི་འཕར་ཚུལ་སོགས་ལ་གཅིག་


MR10_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྡུས་ནས་འདི་ནི་འདི་ལྟ་བུའོ་ཞེས་རྩ་ལས་རྗེས་སུ་དཔགས་པའི་རྣམ་པར་དཔྱད་པ་སྤྲོ་བའམ་འགྱེད་པར་བྱའོ། །ཞེས་སོ། །རེག་པ་རྩའི་མདོའི་དོན་རྣམ་པར་བཤད་པའོ། །དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས། དྲང་སྲོང་ཡིད་ལས་སྐྱེས་ལ་བོས་ཏེ། ཆུ་མདོའི་དོན་བཀའ་སྩལ་པ་མཐོང་བ་ཉིད་ཀྱི་སྒོ་ནས་ཇི་ལྟར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ཆུ་ལ་ནད་ངོས་བཟུང་བ་ལ། སྔོན་འགྲོ་ནས་བཟུང་སྟེ་གདོན་ཆུའི་བར་གྱི་ས་བཅད་རྣམ་པ་བརྒྱད་ཀྱིས་ཆུ་བརྟག་ཚུལ་མདོར་བསྟན་པ་བཞིན། དེའི་དོན་རྒྱས་པར་བཤད་པ་ལ། དང་པོ་སྔོན་འགྲོ་ནི་སང་ཆུ་བལྟ་བའི་དོ་དགོང་གི་ནུབ་མོ་ནས། ཇ་དང་དར་བ་དང་ཆང་བསིང་རྫས་ལ་ཆུ་བརྒྱབ་པའི་སིང་པོ་སོགས་སྐོམ་གྱི་རིགས་ཧ་ཅང་མང་དུ་འཐུངས་ན་དེས་ཆུ་མདོག་སྐྱ་གླེག་སོགས་སུ་འགྱུར་བས་སྤང་། ཧ་ཅང་ཁ་སྐོམ་པར་ཡང་སྡོད་པར་མི་བྱ་སྟེ་དེས་ཆུ་ཉུང་ལ་སྐ་ཞིང་སེར་བར་འགྱུར་རོ། །དེས་ན་སྐོམ་རན་བར་འཐུང་བར་བྱ་ཞིང་བུད་མེད་དང་ཉལ་པོ་བྱེད་པ་ཡང་སྤང་བར་བྱ་སྟེ་ཉལ་པོ་བྱས་པའི་ཆུ་ནི་ཁུ་བ་དང་འདྲེས་ནས་བ་གླང་གི་ཁ་ཆུ་ལྟར་ནལ་ནལ་པོ་རྙོགས་པ་ཅན་འབྱུང་ངོ་། །གཉིད་ཆག་པ་དང་འགྲོ་འདུག་མང་དུ་བྱས་པ་དང་། སེམས་ལས་སྣ་ཚོགས་བྱས་པས་ཀྱང་རླུང་འཁྲུག་པས་ཆུ་ཡང་དེ་དང་འདྲ་བར་འབྱུང་བ་སྟེ། དེ་ལྟར་ཆུ་འཁྲུགས་པར་བྱེད་པའི་རྐྱེན་སྤང་བར་བྱའོ། །དེ་ཡང་སྨན་དང་ཟས་ཀྱིས་ཆུ་མདོག་འགྱུར་སླ་བས་ཟས་སྤྱོད་རྣལ་མ་ལས་ཆུ་འགྱུར་བའི་ཟས་སྤྱོད་


MR10_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ངོ་། །དེ་ཡང་ནམ་སྟེ་མཚན་མོ་ཕྱེད་ཕན་ཆོད་ཀྱི་ཆུ་ནི་ཟས་ཀྱི་ཆུ་ཡིན་པས་དེ་བཏང་སྟེ་ཕོ་བར་བྱས་ལ། དེ་ཕན་ཆད་ནམ་སྨད་ཀྱི་ཆུ་ནི་ནད་དང་མཐུན་པའི་ཆུ་ཡིན་པས་དེ་བཏང་བ་ན་སྣོད་དུ་བསགས་ཏེ་དེ་ལ་བལྟ་བར་བྱའོ། །གཉིས་པ་ཆུ་ལ་བལྟ་བའི་དུས་ནི། མདོག་དང་རླངས་པ་དང་ཀུ་ཡ་རྣམས་གསལ་པོར་མཐོང་ནས་བརྟག་པའི་ཕྱིར། ནམ་ཞོགས་པ་ན་སྣོད་ལ་ཉི་མའི་འོད་མདངས་ཕོག་པ་བྱུང་དུས་བརྟག་གོ། གསུམ་པ་ཆུ་བལྟ་བའི་སྣོད་ཀྱི་ཁྱད་པར་ནི་ཆུ་ཡི་མདོག་གཞན་དུ་སྣོད་ཀྱིས་མི་བསྒྱུར་བའམ་མི་འགྱུར་བའི་ཕྱིར་དུ། དཀར་ཡོལ་དང་མཁར་དཀར་གྱི་གཞོང་པ་དང་། ལྕགས་དཀར་གྱི་སྣོད་དུ་བརྟག་གོ། རྫ་མའི་སྣོད་དུ་ནག་པོ་དང་ཟངས་སྣོད་དུ་དམར་པོ་དང་། ར་གན་དུ་སེར་པོ་དང་དམར་ཡོལ་ཏེ་ནང་དམར་བའི་རྡོ་ཡི་ཞལ་བུ་རུ་དམར་པོར་འགྱུར་བ་སོགས་ཆུ་ཡི་མདོག་འགྱུར་བས་སྤང་ངོ་། །འོན་ཀྱང་རྫ་མ་ལ་སོགས་པ་དེ་དག་ཏུ་ཆུ་བལྟ་དགོས་པ་བྱུང་ན་འཇག་མ་སོགས་རྩ་དཀར་པོའམ། སེམས་ཅན་གྱི་སོག་པའི་རུས་པ་དཀར་པོ་ལྟ་བུ་སོགས་ཁ་དོག་དཀར་པོ་ཅན་གྱི་དུམ་བུ་སྣོད་དེའི་ནང་དུ་བཞག་ན། དེའི་ཐད་ནས་ཆུ་མདོག་ཇི་བཞིན་པ་མཐོང་བས་ན་བརྟག་ཏུ་རུང་ངོ་། །བཞི་པ་འགྱུར་ཚུལ་ནི། ཟས་དང་སྐོམ་རྣམས་ཕོ་བར་དྭངས་སྙིགས་ཕྱེ་ནས་འགྲོ་ལ་དེར་སྙིགས་མ་དེ་དག་རྒྱུ་མའི་ནང་དུ་ཚུད་ནས་སླར་ཡང་སྐ་བ་དང་སླ་བ་ཕྱེ་ཞིང་། སླ་བ་དྲི་ཆུར་གྱུར་ནས་རྒྱུ་གྲོག་རྩ་ནས་ལྒང་པར་འདྲིལ་བ་སྟེ་འབབ་བོ། །ཁ་ཟས་ཀྱི་དྭངས་མ་མཆིན་པའི་གནས་སུ་


MR10_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ་འགྲིམ་པ་ཁྲག་ཏུ་འགྱུར་ལ། ཁྲག་དེ་དག་གི་སྙིགས་མ་སྣོད་ཀྱི་མཁྲིས་པའི་ནང་དུ་གསོག་པར་བྱེད་ཅིང་མཁྲིས་ཁུར་འགྱུར་རོ། །མཁྲིས་པ་ལ་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ནི་ལུས་ཀྱི་ཆུ་སེར་དུ་འགྱུར་ལ། མཁྲིས་པའི་སྙིགས་མ་ནི་ཆུ་ཡི་ཀུ་ཡར་འགྱུར་ཏེ། དེ་རྩ་མིག་རྣམས་འགྲིམ་ནས་ལྒང་པའི་ནང་དུ་དྲི་ཆུ་དང་ལྷན་ཅིག་གསོག་གོ། འགྱུར་ཚུལ་དེ་ལྟར་ཡིན་པ་དེའི་ཕྱིར་ན་ཆུ་ཡི་ཁ་དོག་ཟས་ཀྱིས་སྒྱུར་བར་བྱེད་ལ། ཀུ་ཡ་ནི་ཁྲག་དང་མཁྲིས་པའི་གནས་ནས་འབྱུང་བའི་ཕྱིར། ཚ་བ་དང་ཁྲག་མཁྲིས་ཀྱི་ཁམས་འཕེལ་བའི་ཚེ་ཀུ་ཡ་ཡང་མང་ལ། ཟད་པའི་ཚེ་ཉུང་བའི་ཕྱིར་ལུས་ལ་ཚ་གྲང་གང་ཡོད་ཆུ་ལ་གསལ་ཏེ་དཔེར་ན་ཚོང་པས་ཚོང་དུས་ཀྱི་ཟོང་མང་ཉུང་སོགས་ཀྱི་གཏམ་བརྗོད་པ་བཞིན་ནོ། །ལྔ་པ་ཐ་མལ་ནད་མེད་པར་གནས་པའི་ཆུ་ཡི་མཚན་ཉིད་བསྟན་པ། ཁ་དོག་འབྲི་མར་བཞུས་པའི་དྭངས་མ་འདྲ་བ་དཀར་ལ་སེར་པའི་ཞད་ཡོད་པ་སྤྲེ་དྲི་སྟེ་གཅིན་གྱི་རང་དྲི་མི་གདུག་པ་ཙམ་མནམ་པ་དང་། རླངས་པ་ཆེ་ཆུང་དང་ཡལ་ཡུན་རྣམས་རན་པ་སྟེ། ཧ་ཅང་མི་ཆེ་མི་ཆུང་བ་སོགས་དང་། མེ་ཏོག་སྟེ་སྦུ་བ་ཧ་ཅང་མི་ཆེ་མི་མང་ལ་ཧ་ཅང་མི་ཆུང་མི་ཉུང་བས་སྙོམས་པ་དང་། ཀུ་ཡ་མི་ཆེ་མི་ཆུང་བར་ཆུའི་ཁྱོན་ཀུན་ཏུ་འདྲ་ཞིང་ཁྱབ་པ་དང་། མ་དཀྲུག་པར་བཞག་ན་གྲང་བའི་ཚ་སྤྲིས་མ་ནི་མི་སྲབ་མི་འཐུང་པ་ཀོ་མོག་གི་ཆུ་སྟེ་ཆུ་འཁྱིལ་ཆུང་ངུའི་སྤྲིས་མ་ཙམ་ཡོད་པ་དང་། རླངས་པ་ཡལ་བའི་དུས་ན་མཐའ་ནས་


MR10_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་མོར་མདོག་འགྱུར་བས་ལྡོག་པ་དང་། ཆུ་མདོག་སྔ་མ་ལས་ལོག་ཚར་བའི་རྗེས་སུ་མདོག་དཀར་སེར་དྭངས་བ་ཞིག་བྱུང་བ་ན་ནད་མེད་ཀྱི་ཆུ་ཡིན་ནོ། །དྲུག་པ་ནད་ཆུ་ནི། ནད་མེད་ཀྱི་ཆུ་ལས་བཟློག་པ་ཡིན་ལ། དེ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ལ་བརྟག་པའི་དུས་གསུམ་དུ་བརྟག་པའི་ཚུལ་དགུ་ཡོད་དེ། དུས་ནི་ཆུ་བཏང་མ་ཐག་པ་ཚན་མོ་དེའི་དུས་སུ་མདོག་དང་རླངས་པ་དང་དྲི་དང་མེ་ཏོག་སྟེ་བཞི་བརྟག་ལ། ཚ་བའི་ངད་ཡལ་འགྲོ་བའི་དུས་སུ་ཀུ་ཡ་དང་སྤྲིས་མ་བརྟག ཆུ་དེ་གྲང་ལ་ཁད་པའི་དུས་ནས་ལྡོག་དུས་སྔ་ཕྱི་དང་ལྡོག་ཚུལ་དང་གྲང་ཚར་ནས་ལོག་རྗེས་གསུམ་བརྟག་གོ། དེ་དག་གི་དོན་རྒྱས་པར་བཤད་ན། དང་པོ་ཆུ་ཚ་བའི་དུས་ཀྱི་ཁ་དོག་ལ་བརྟག་པའི་ཚུལ་ནི། ནེའུ་གསིང་གི་དཀྱིལ་དུ་ས་འོག་ནས་ཡར་འབུར་བ་ལུ་མའི་ཆུ་ལྟར་སྔོ་ལ་སླ་བ་ནི་རླུང་ནད་ཀྱི་ཆུའོ། །སེར་ན་མཁྲིས་པ། དཀར་ན་བད་ཀན་གྱི་ནད་དང་། དམར་ན་ཁྲག་གི་ནད་དང་། རྒྱ་ཤལ་ཏེ་རྒྱ་སྐྱེགས་ཀྱི་སྣོད་ཆུས་བཤལ་བ་ལྟར། ཁམ་ཞད་བག་ཙམ་ཡོད་པ་ཆུ་སེར་གྱི་ནད་དེ་ལུག་ལྗུད་ཀྱི་ཁོག་པ་ཆུས་བཤལ་བའི་ཆུ་ལ་རྒྱ་ཞད་དོད་པ་ལྟ་བུའོ། །མདོག་སྨུག་ལ་དྲི་དུག་པ་སྟེ། དྲི་གདུག་པ་བད་ཀན་སྨུག་པོར་བརྟག་པར་བྱ་ཞིང་། ཆུ་མདོག་འདྲེས་ན་ལྡན་དང་འདུས་པའི་ནད་དེ། དཀར་སེར་འདྲེས་ན་བད་མཁྲིས་ལྡན་པ་སོགས་གོང་བཤད་ཅི་རིགས་པར་འདྲེས་པ་ལས་སོ། །མར་ནག་སྟེ་ཏིལ་མར་རམ་རྩི་མར་ཡུན་རིང་བསྐོལ་


MR10_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནག་ཞད་ཅན་གྱི་ཞུན་མར་དང་འདྲ་ན་རིམས་དང་མཁྲིས་པའི་ནད་ཤུགས་རྒྱས་པའོ། །མདོག་དམར་སེར་སྐ་ལ་དྲི་མ་ངན་པའམ། དུགས་ན་འགྲམས་སམ་འཁྲུགས་ཀྱི་ཆུ་ཡིན་ནོ། །ཆུ་མདོག་ནག་པའམ་འཇའ་ཚོན་འདྲ་བ་ནི་དུག་གོ། རླངས་པ་ལ་བརྟགས་པའི་ཚུལ་ནི། ཆུ་བསྐོལ་བ་ལྟར་རླངས་པ་ཆེ་ན་ཚ་བ་རྒྱས་པའི་ཆུ་དང་། རླངས་པ་ཆུང་ལ་ཡུན་རིང་པོར་མི་ཡལ་ན་ཚ་བ་གབ་པའམ་ཡང་ན་ཚ་བ་རྙིང་པའི་ཆུའོ། །རླངས་པ་ཆུང་ལ་ཡུན་ཐུང་ངུས་ཡལ་འགྲོ་བ་ནི་བད་ཀན་དང་རླུང་གི་རང་བཞིན་གྲང་བའི་ཆུའོ། །རླངས་པ་རེས་ཆེ་ཞིང་རེས་ཆུང་བ་ལྟ་བུ་སྤེལ་མར་མངོན་ན་ཚ་གྲང་འདྲེས་པར་བརྟག་པར་བྱའོ། །དྲི་མ་ལ་བརྟག་པའི་ཚུལ་ནི་དྲི་དུག་ལ་སྣ་ནང་དུ་འཁྲི་བ་ལྟར་དཀུ་ན་ཚ་བ་ཆེའོ། །དྲི་མ་གཏན་ནས་བྲོ་རྒྱུ་མེད་དམ་ཡོད་ཀྱང་དྲི་བྲོ་བ་ཆུང་ན་གྲང་བ་ཡིན་ནོ། །ཤ་དང་ཆང་ལ་སོགས་པ་ཟས་ཀྱི་དྲི་མནམ་ན་ཟས་གང་གི་དྲི་མནམ་པའི་ཟས་དེ་མ་ཞུ་བ་ཡིན་ནོ། །ལྦུ་བ་ལ་བརྟག་པའི་ཚུལ་ནི། ལྦུ་བ་མདོག་སྔོ་ལ་ཆེ་བ་ནི་རླུང་གི་ནད་ཡིན་ཏེ། ལྦུ་བ་ཕྲ་མོ་སེར་ཞད་ཅན་སངས་པ་སྟེ་ཡལ་སྐྱེན་པའམ་མགྱོགས་ན་མཁྲིས་པ་ཡིན་ནོ། །ལྦུ་བ་མཆིལ་མ་དང་འདྲ་བར་དཀར་ཞིབ་མང་པོ་གསོག་ན་བད་ཀན་གྱི་ནད་ཡིན་ནོ། །ལྦུ་བ་དར་དམར་ངམ་ཡོད་ན་ཁྲག་ནད་དང་། འཇའ་ཚོན་འདྲ་བ་མདོག་སྣ་ཚོགས་བྱུང་ན་དུག་གི་ནད་དོ། །ཕུག་རོན་གྱི་ཁྱུ་ཁྲ་ཡིས་གཏོར་བ་དང་འདྲ་བར་ཤིང་བུ་ལྟ་བུས་དཀྲུག་པའི་མོད་ལ་ཆགས་པའི་ལྦུ་བ་རྣམས་དཀྱིལ་


MR10_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡོད་ལོང་མེད་པར་མཐར་མྱུར་དུ་འཐོར་འགྲོ་ན་ནད་གང་ཡིན་ཀྱང་རླུང་གིས་ལུས་ལ་བྱེར་སོང་བའི་རྟགས་ཡིན་ནོ། །འདིར་བླ་མའི་ཞལ་ཤེས་ལ་ཇི་ལྟར་དཀྲུག་ཀྱང་ལྦུ་བ་ཆགས་རྒྱུ་མེད་པའམ་ལྦུ་སོབ་ཕྱུར་བུར་འོང་བ་ནི། རིམ་པ་བཞིན་བྱེར་བའི་ནད་དང་། ཆུ་གསོག་དང་རྒྱབ་ཤ་བཅད་དགོས་ནད་དེ་དག་གིས་དབང་གིས་མིན་ན་གདོན་གྱི་ཆུར་བརྟགས། ལྦུ་བ་ཆེ་ཆུང་འབྲིང་རྣམས་ལ་ལྦུ་ཆུང་དུ་མས་བསྐོར་ཞིང་ཧ་ཅང་མི་མང་མི་ཉུང་ཡུན་ཧ་ཅང་རིང་པོར་མི་འདུག མྱུར་དུ་ཡང་མི་ཡལ་བའི་ཡིད་དུ་འོང་བ་ནི་རང་ས་སོགས་སུ་གྲོགས་ངོ་སོགས་ཡིན། ལྦུ་བ་ཉ་མིག་ཆུ་ལ་ཕྱེད་ཙམ་ནུབ་པ་སྲན་རྡོག་ཙམ་ནས་ཡུངས་ཀར་དང་བྱེ་མ་ཙམ་གྱི་བར་ཆེ་ཆུང་ངེས་མེད་དེ་འདྲ་ལ་ཉ་མིག་ཀྱང་ཟེར། འགའ་ཞིག་གིས་དེ་འདྲ་ཆུང་ངུ་ལ་ཆུ་རྫིའང་ཟེར་ཏེ་ཡུན་རིང་པོར་འདུག་པ་དེ་ལ་གར་སོང་གི་ཚུལ་ལས་ལྷ་ངོ་དང་གདོན་ངོ་སོགས་བརྟག་རྒྱུ་ཡོད། འབམ་སོགས་ཕབ་རྒྱུ་ཡིན་ན་ཕྱོགས་གཅིག་ཕབ་ཐུབ་པའི་ཚེ་ལྦུ་བ་གཡུང་ཞིང་བརྟན་པར་འོང་། རྒོད་ན་ཕབ་དཀའ། ལྦུ་བ་གསོག་ཅིང་བརྟན་ན་རྣག་སོགས་དང་ཆུ་བསགས་པའམ་བད་ཀན་གྱི་ཤས་ཆེ་བའི་རྟགས་ཡིན། ཀུ་ཡ་ལ་བརྟག་པའི་ཚུལ་ནི། ཀུ་ཡ་ཞེས་པ་ནད་ཅན་ནད་མེད་སུ་ཡིན་ཀྱང་དྲི་ཆུ་ཚ་གྲང་གང་གི་དུས་སུའང་ཡོད་པ་ལྷག་པར་ཚ་ན་དེའི་དུས་སུ་མང་བ། ཆུ་ཡི་ནང་ན་སྐྱ་ཞིབ་ཞིབ་མངོན་པ་དེ་ཡིན་ཏེ། ཆུ་མདོག་དང་འདྲེས་ནས་མི་མངོན་པ་དེ་གསལ་པའི་ཕྱིར། ཆུ་ཡི་ནང་དུ་རྡོ་གཡའ་མ་སྔོན་པོ་ལྟ་བུ་དུམ་བུ་ཞིག་འཕང་ན་དེའི་ཐད་ནས་སྐྱ་སིབ་སིབ་མངོན་པ་དེ་ཡིན་ལ། འདི་ལ་བརྟག་པ་གལ་


MR10_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཆེ་སྟེ། ཆུ་མདོག་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ། ཞེས་གསུངས་ཤིང་སྨན་པའི་རྒྱལ་པོ་གཡུ་ཐོག་པའི་ཞལ་གདམས་མན་ངག་ཏུ། རྩ་མ་ངེས་ཇི་ལྟར་འདུག་ཀྱང་རུང་། རྩ་གཏིང་ཤེད་ཆེ་ན་ཚ་བ་ཡིན། །གཏིང་ཤེད་ཆུང་ན་གྲང་བ་ཡིན། །ཆུ་མ་ངེས་ཇི་ལྟར་འདུག་ཀྱང་རུང་། །ཀུ་ཡ་ཆེ་ན་ཚ་བ་ཡིན། །ཀུ་ཡ་ཆུང་ན་གྲང་བ་ཡིན། །ཞེས་གསུངས་ཏེ་འདི་ལ་འཁྲུལ་པ་མེད་པའི་ཕྱིར་བརྟག་པ་ཀུན་ལས་ཤིན་ཏུ་གཅེས་པར་བྱའོ། །དེ་ལ་ཀུ་ཡ་དག་གི་དབྱིབས་སྦུ་དང་འདྲ་ན་རླུང་གི་ནད་ཡིན་ལ། བལ་འདབ་ཆུ་ལ་བསྒྱུར་བ་དང་འདྲ་བར་བྱུང་ན་ཁྲག་མཁྲིས་ཀྱི་ནད་དང་། ལྦུ་རྩེ་གཏུབ་པ་དང་འདྲ་བ་བད་ཀན་གྲང་བའི་ནད་དང་། སྤྲིན་དང་འདྲ་བར་གྱུར་ན་གློ་ནད་ཡོད་ལ། རྣག་དང་འདྲ་བ་ལྟ་བུ་བྱུང་ན་ལུས་ལ་རྣག་དེ་ཉིད་ཡོད་དོ། །བྱེ་མ་དང་འདྲ་བ་ཞབས་སུ་རྩིག་རྩིག་བྱུང་ན་མཁལ་ནད་ཡོད་པ་ཡིན་ལ། ཆུ་ཡི་སྟེང་འོག་བར་གང་དུ་ཀུ་ཡ་གནས་པ་ཤས་ཆེན་ནད་ཀྱང་དེ་བཞིན་དུ་སྟེང་ན་གནས་པ་ཤས་ཆེ་བ་སོགས་སུ་བརྟག་པར་བྱའོ། །ཀུ་ཡ་ཞོ་ཤི་བ་སྟེ་ཞོ་སྐམ་པ་ལྟ་བུ་སྐྱ་ཡམ་ཡམ་པས་ཆུ་སྟེང་ཁྱབ་པ་བྱུང་ན། རླུང་གི་ལུས་ཟུངས་དང་ནད་ཚ་གྲང་དཀྲུག་པ་ཡིན་ནོ། །ཀུ་ཡ་མཐུག་པ་སྟེ་མང་ན་ཚ་བ་དང་སྲབ་པ་སྟེ་ཉུང་ན་ནད་གྲང་བ་ཤེས་པར་བྱའོ། །ཀུ་ཡའི་ཁ་དོག་ནི་ཆུ་ཡི་མདོག་གང་བྱུང་བ་དེ་ལྟར་ཤེས་པར་བྱ་སྟེ། ཆུ་ནང་ན་གནས་པའི་ཕྱིར་ཆུ་དེའི་མདོག་ལས་གཞན་དུ་མི་མངོན་ནོ། །སྤྲིས་མ་ལ་བརྟག་པའི་ཚུལ་ནི་སྲབ་ན་གྲང་བ། མཐུག་ན་ཚ་བའོ། །ཚ་ཆུ་སྤྲིས་མ་མཐུག་ན་ལུས་ཟུངས་ཞུ་བ་ཡིན་ནོ། །


MR10_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་ཆུ་ལ་སྤྲིས་མ་མཐུག་པོ་མི་འབྱུང་ཡང་། དམིགས་བསལ་གྲང་ཆུ་ཡིན་ཀྱང་སྤྲིས་མ་མཐུག་པོ་ཆགས་པ། ཐུར་རྩེ་སོགས་ཀྱིས་ཚུར་བླངས་ཏེ་གཞན་དུ་བཞག་བཏུབ་པ་ལྟ་བུ་བྱུང་ན་སྤྲིས་མ་དེ་ལྟ་བུའི་མིང་ལ་ཞག་རྒོད་ཅེས་བྱ་སྟེ། དེ་མེར་བསྲེགས་པས་གསུར་དྲི་བྱུང་ན་མར་མ་ཞུ་བ་ཙམ་ཡིན་པས་བཅོས་མི་དགོས་ཏེ་མ་བཅོས་ཀྱང་འཚོ་བའང་ཡོད་པས་ཤན་ཕྱེད་དགོས་སོ། །སྤྲིས་མ་རང་བཞིན་གྱིས་དུམ་བུར་ཆད་དེ་གས་པ་མང་ན་སྐྲན་ནད་ཀྱི་རྟགས་ཡིན་ནོ། །ཆུ་སྣོད་དུ་བཏང་བའི་ཕྱོགས་ངོས་ཟིན་པར་བྱས་ལ་མི་སྒུལ་བར་བཀབ་ནས་བཞག་ལ་ངད་ཡལ་དུས་སྤྲིས་མའི་གཟུགས་ལས་གདོན་ངོས་འཛིན་འོག་ནས་འཆད་འགྱུར་ལྟར་བྱ་དགོས་སོ། །ལྡོག་དུས་ཀྱི་ཚུལ་ལ་བརྟག་ན། རླངས་པ་མ་ཡལ་བཞིན་དུ་ཆུ་མདོག་སྔ་མའི་གནས་སྐབས་ལས་ལྡོག་པ་ནི་ཚ་བའི་ཆུའོ། །རླངས་པ་ཡལ་རྗེས་ཆུ་གྲང་ནས་གཟོད་ཆུ་མདོག་ལྡོག་པ་ནི་གྲང་བའི་ཆུ་ཡིན་ནོ། །རླངས་པ་ཡལ་བ་དང་ལྡོག་པ་དུས་མཚུངས་ན་ནད་ཚ་གྲང་སྙོམས་པ་སྟེ་སྤྱིར་བཏང་ནད་མེད་པའི་དུས་ཀྱི་ཆུ་ལྟ་བུ་ཡིན་ནོ། །ལྡོག་ཚུལ་ལ་བརྟག་པ་ནི། ཆུ་ལ་མཐའ་དབུས་སྲབ་མཐུག་གི་ཁྱད་པར་མེད་པ་ལ་ནི་མཐའ་ནས་ལྡོག་སྟེ་དང་པོར་མཐའ་ནས་ཆུ་འཁྱགས་པའི་ཕྱིར་རོ། །གང་སྲབ་ན་སྲབ་ས་དེ་ནས་ལྡོག་སྟེ་སྲབ་ས་ནས་ཐོག་མར་འཁྱགས་པའི་ཕྱིར་རོ། །དེ་ལྟར་གང་སྲབ་པའི་ཕྱོགས་དང་མཐའ་ནས་ཐོག་མར་ལྡོག་པ་ནི་གྲང་བའི་རྟགས་ཡིན་ཏེ། གྲང་ཆུ་ནི་ཚ་ལོག་མི་བྱེད་པར་གྲང་ནས་ལྡོག་པའི་གནད་ཀྱིས་སོ། །གང་ཆུ་མཐུག་པའི་དཀྱིལ་ནས་


MR10_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ལོངས་པོར་ཏེ་ལིང་ལིང་པོར་ལྡོག་ན་ཚ་བ་གསར་པ་ཡིན་ནོ། །མཐའ་ནས་དབུས་སུ་ཤར་ཤར་གྱི་ཚུལ་དུ་མདོག་ལོག་བྱུང་ན་ནི་རྙིང་པའི་ཚད་པ་ཡིན་ནོ། །ཆུ་ལྡོག་པའི་སྣ་ལ་སྟེ་དེའི་སྔོན་དུ་ཀུ་ཡ་ལྡོག་པ་སྟེ་སངས་ན་ནད་ཚ་གྲང་འཐབ་པ་ཡིན་ལ། ཆུ་ལྡོག་པ་དང་ཀུ་ཡ་སངས་བ་སྟེ་ཉུང་ངུར་འགྲོ་བ་དུས་མཉམ་པ་ནི་སྤྱི་ཁྱབ་རང་བཞིན་དུ་ཡིན་ནོ། །ཚ་བ་ལུས་ལ་བྱེར་ཆེས་པ་དང་། གྲང་བ་ཁ་འབྱམས་པ་དང་། གདོན་ཤས་ཆེ་བའི་ཆུ་གསུམ་ནི།མདོག་ལྡོག་པར་མི་འགྱུར་ཏེ་དེ་ལྟར་ཆུ་མི་ལྡོག་པའང་ཡོད་དོ། །དེ་ལ་དང་པོར་བཏང་མ་ཐག་པར་མདོག་དམར་སེར་དྲི་དུགས་ནའང་། རྗེས་ནས་ཇེ་དྭངས་དང་དྲི་ཆུང་བར་འགྱུར་བ་དང་། ཡང་དང་པོར་ཚན་དེའི་དུས་སུ་དྭངས་པ་ལ་རྗེས་ནས་རུལ་ཏེ་རྩིག་ཅན་དུ་འགྱུར་བ་ལྟ་བུ་དང་པོ་བཏང་མ་ཐག་པ་སོགས་ཚན་དེའི་དུས་ཀྱི་ཆུ་ཡི་མདོག་སོགས་ལས་འགྱུར་བ་ནི་ཆུ་ལྡོག་པ་ཞེས་བྱ་ལ། དང་པོ་ཇི་ལྟ་བ་ལས་ཅིའང་མི་འགྱུར་ན་ནི་མ་ལོག་པའོ། །ལོག་པའི་རྗེས་ལ་བརྟག་པའི་ཚུལ་ནི་དུས་རྒྱུན་གྱི་ལུས་ལ་ནད་གཞིའི་ཤས་གང་ཡོད་བརྟག་སྟེ་ཇི་ལྟར་ན་སྐ་ན་ཚ་བ་དང་སླ་ན་གྲང་བ་ཡིན་ནོ། །དེས་ན་ནད་གཞི་ཚ་བ་ཤས་ཆེན་ལོག་པའི་ཚེ་སྔར་བས་སྐ་ལ། གྲང་བ་ཆེ་ན་ལོག་པའི་ཚེ་ཆུ་ལྟར་ཤིན་ཏུ་དྭངས་པ་འོང་ངོ་། །དཀར་སེར་དྭངས་བ་ནི་ནད་མེད་པའི་ཆུར་སྔར་གསུངས་པ་བཞིན་ནོ། །བྱིས་པ་མའོ་འཐུང་བའི་ཚེ་ན་ཆུ་ལོག་རྗེས་དཀར་ཉོག་རུལ་བ་འོང་བ་དང་། མཁལ་ནད་ཅན་གྱི་ཆུ་ནི་ལོག་རྗེས་ཤིན་ཏུ་རུལ་བ་ལྟར་སྙིགས་མ་རྩག་རྩིག་ཅན་


MR10_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ངོ་། །བྱེ་བྲག་མདོར་བསྡུས་ན། ཚ་ཆུ་དང་གྲང་ཆུ་གཉིས་སུ་འདུ་སྟེ། དེ་དག་ནི་མདོག་ལ་སོགས་པ་དགུ་པོ་མི་འདྲ་བའི་ཁྱད་པར། ཚ་བའི་ཆུ་ནི་ཞེས་པ་ནས། གྲང་ཆུ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ་འདིར་ཕྱོགས་གཉིས་སུ་དྲིལ་ཏེ་ཤན་ཕྱེད་པར་བསྟན་པ་ལས། ཚིག་གི་དོན་ནི་སྔར་བཤད་པ་ལས་ཤེས་སོ། །དེ་ལྟ་ན་ཡང་དེའི་འདྲ་འདྲ་ནོར་བའི་ཤན་ཕྱེད་དགོས་པའི་ཚུལ་བསྟན་པ་ནི། ཁ་དོག་དཀར་ལ་སྔོ་སང་ཀུ་ཡ་མཐུག་པ་ཅན་གྱི་ཆུ་ན། ལྟར་སྣང་གྲང་བ་ལྟ་བུ་ཡིན་ཡང་གཏིང་ན་ཚ་བ་ཡོད་པ་ཡིན་ལ། མདོག་དམར་སེར་ཅན་གྱི་དྲི་ཆུ་གང་ལ་ཀུ་ཡ་མེད་པ་སྟེ་མང་པོ་མེད་པ་བྱུང་ན། ལྟར་སྣང་ཚ་ཡང་ནད་ཀྱི་ངོ་བོ་གྲང་བ་ཡིན་ནོ། །ཚ་ཆུ་ལྟར་སྣང་ཡང་ལྡོག་བུལ་ལ་གྲང་བའི་ཆུ་ཡི་མཚན་ཉིད་ཡོད་ཀྱང་ལྡོག་སྐྱེན་པ་ལྟ་བུ་མི་མཚུངས་འདྲ་མིན་ཞིག་བྱུང་ན་ཚ་བ་མི་མངོན་པར་གབ་པའི་ནད་དུ་ཤེས་པར་བྱའོ། །ཚ་བའི་ཆུ་ལ་མེ་ཏོག་མེད་པ་སྟེ། ཇི་ལྟར་དཀྲུགས་ཀྱང་ལྦུ་བ་གཅིག་ཀྱང་ཆགས་རྒྱུ་མེད་ན་ཚ་བ་ཁོང་དུ་ཤོར་ཏེ་ནད་གཏིང་ན་བྱིང་བ་ཡིན་ལ། དེ་བཞིན་གྲང་བའི་ཆུ་ལ་མེ་ཏོག་མེད་ན་གྲང་བ་ཁ་འབྱམས་པའོ། །ཚ་བའི་ཆུ་ལ་སྤྲིས་མ་ཧ་ཅང་མཐུག་ན་ལུས་ཟུངས་ཞུ་བའི་རྟགས་ཡིན་ཞིང་། དེ་བཞིན་གྲང་ཆུ་ལ་སྤྲིས་མ་མཐུག་ན་མར་གྱི་རིགས་སྣུམ་བཅུད་མ་ཞུ་བར་ངེས་སོ། །ལར་ནི་ནོར་སོ་འདི་ལྟ་བུ་ཡོད་དེ་སྟོངས་ཚད་དང་ཁྲག་གི་ཚད་པ་གཉིས་ཀ་ཆུ་དམར་པོ་ཞིག་འབྱུང་བས་ཕན་ཚུན་འཁྲུལ་པ་སྲིད་ཀྱང་ལེགས་པར་བརྟག་ན་དྭངས་མི་དྭངས་ལྦུ་བ་ཆེ་ཆུང་སོགས་ཀྱིས་མི་ནོར་ཏེ། རླུང་གི་ཆུ་ནི་དྭངས་ལ་སྦུ་བ་ཆེ་བ་


MR10_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་ཅིག་ཤོས་དེ་ལས་ལྡོག་པ་ཡིན་ནོ། །བད་ཀན་སྨུག་པོ་དང་ཆུ་སེར་གྱི་ནད་གཉིས་ཀ་ལ་ཆུ་མདོག་སྨུག་ཁམ་ཞིག་འབྱུང་བས་ཕན་ཚུན་འཁྲུལ་སྲིད་ཀྱང་། ལེགས་པར་བརྟག་ན་ཆུ་སེར་གྱི་ཆུ་ནི་དྭངས་ལ་དྲི་མ་ཆུང་། སྨུག་པོ་ནི་དེ་ལས་ལྡོག་པ་ཡིན་ནོ། །མཁལ་མ་མཆིན་པ་མཚེར་པ་གསུམ་གང་ལ་ནད་ཡོད་ཀྱང་ཆུ་མདོག་དམར་པོ་འོང་བས་ཕན་ཚུན་ནོར་སྲིད་ཀྱང་ལེགས་པར་བརྟག་ན་མཁལ་མ་ལ་ནད་ཡོད་པའི་ཆུ་ནི་རུལ་ཞིང་རྙོགས་ལ། གཞན་གཉིས་ཀ་དེ་ལས་ཅུང་དྭངས་པ་དང་། མཆིན་ནད་ཅན་གྱི་ཆུ་ནི་ཕལ་ཆེར་ཚ་བའི་ཆུ་དང་རྗེས་སུ་མཐུན་ལ། མཚེར་ནད་ཅན་གྱི་ཆུ་ནི་དམར་ཡང་གྲང་བའི་རྟགས་གཞན་དང་མཐུན་པ་ལྟ་བུ་དང་། ཀུ་ཡ་སྟེང་དུ་ཡོད་ན་མཆིན་པ་དང་། བར་དུ་ཡོད་ན་མཚེར་པ་དང་། སྨད་དུ་ཡོད་ན་མཁལ་ནད་ཡིན་པས་ཤན་ཕྱེད་པར་བྱའོ། །གབ་ཚད་དང་བད་རླུང་གྲང་བའི་ཆུ་ཡང་མདོག་སྔོན་པོར་སྣང་བས་འཁྲུལ་སྲིད་ཀྱང་། ཀུ་ཡ་སྲབ་མཐུག་དང་། རླངས་པ་ཆེ་ཆུང་སོགས་ཀྱིས་མི་ནོར་བར་འབྱེད་དགོས་སོ། །དེ་ལྟར་འཁྲུལ་སོ་ཅན་གྱི་རྟགས་དེ་དག་སྒོ་ཀུན་ནས་ཞིབ་པར་བརྟག་ལ་མ་འཁྲུལ་བར་ནད་སོ་སོར་ངོས་བཟུང་བར་བྱའོ། །བདུན་པ་འཆི་བའི་ཆུ་ནི། མདོག་ཁྲག་འདྲ་ལ་ཀོ་བ་རུལ་བའི་དྲི་མནམ་པ་འབྱུང་སྟེ། བཅོས་ཀྱང་སྐྱེད་མེད་པ་དེ་ལས་མི་འགྱུར་ན་ཚ་བའི་འཆི་ཆུ་ཡིན་ནོ། །ཁ་དོག་དེ་བཞིན་དུ་ཀུ་ཡ་སངས་ཚར་རྗེས་ཀྱང་མི་ལྡོག་ན་ཚ་བའི་འཆི་ཆུའོ། །མདོག་སྔོ་ཞིང་དྲི་རླངས་ལ་བྲོ་བ་མེད་པ་དང་བཅོས་ཀྱང་སྔར་ལས་མི་འགྱུར་བ་


MR10_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲང་བའི་འཆི་ཆུ་ཡིན་ནོ། །ཚོགས་པ་སྟེ་སྔོ་ཡི་ཚོད་མ་བཙོས་པ་ཆད་པ་སྟེ་ཡུན་རིང་ལོན་ནས་མདངས་ཆད་པའམ་རུལ་བ་ན་ཆུ་སྔོན་དྭངས་སྙིགས་ཅན་འབྱུང་བ་དེ་ལྟ་བུར་བྱུང་ན་རླུང་གི་ནད་ཀྱིས་འཆིའོ། །ཆུ་རྩའི་ཁུ་བ་ཆད་པ་ལྟར་སེར་རུལ་བྱུང་ན་མཁྲིས་པའི་ནད་ཀྱིས་འཆིའོ། །མཚལ་ཁུ་ཆད་པ་ལྟ་བུར་དམར་ཧྲུལ་བྱུང་ན་ཁྲག་གི་ནད་ཀྱིས་འཆིའོ། །འོ་མ་ཤི་བ་སྟེ་རུལ་བ་ལྟ་བུར་བྱུང་ན་བད་ཀན་གྱི་ནད་ཀྱིས་འཆིའོ། །སྣག་ཚ་ཆད་པ་སྟེ་རུལ་བ་ལྟ་བུ་ནག་ཧྲུལ་ལེ་བ་བྱུང་ན་དུག་གི་ནད་ཀྱིས་འཆིའོ། །མཁལ་མ་ལ་ནད་མེད་པར་ཁོང་པའི་ནང་ནས་ཆུ་ལོག་སྟེ་བཏང་མ་ཐག་ཏུ་རུལ་བ་ལྟ་བུ་ཕྱུང་ན་འདུ་བ་ཁོང་ནས་རུལ་བ་ཞེས་འཆི་བའི་ཆུ་ཡིན་ནོ། །བརྒྱད་པ་གདོན་གྱི་ཆུ་བརྟག་པ་ནི། སྣོད་དུ་དང་པོར་གང་ནས་བཏང་བའི་ངོས་དེ་ཤར་དུ་བརྩི་བར་བྱས་ལ། ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་དུ་གནས་པའི་ཚུལ་དུ་བྱས་ལ། སྔར་གྱི་ཤར་དེ་གློ་གཡས་སུ་བྱས་ཏེ། མགོ་བོ་ལྷོར་བསྟན་ནས་ཐུར་མ་བཞི་བསྣོལ་བའི་ཐིག་བཞིས་ལིང་ཚེ་དགུ་པའི་ས་དགུར་བཅད་ལ་རུས་སྦལ་གྱི་གཡས་ཕྱོགས་ཀྱི་རེའུ་མིག་གསུམ་ནི་སྟེང་ནས་མར་ལྷ་ས་མི་ས་གདོན་གྱི་ས་གསུམ་ཡིན་ལ། གཡོན་ཕྱོགས་ཀྱི་གསུམ་ནི་མགོ་ནས་མར་དུར་ས་ཁང་ས་ཞིང་གི་ས་ཡིན་ནོ། །དབུས་གསུམ་ནི་མགོ་ནས་མར་ཕ་མེས་དང་རང་དང་བུ་ཚའི་ས་ཡིན་ནོ། །དེ་ལྟར་ལིང་ཚེ་དགུ་པོའི་ས་དེ་དང་དེར་སྤྲིས་མ་ལ་གཟུགས་བརྙན་གང་བྱུང་བའམ། ལིང་ཚེ་གང་རུང་ཞིག་གཞན་ཀུན་ལས་སྔ་བར་ལྷག་པར་ལྡོག་སྐྱེན་པའམ། ཡང་ན་


MR10_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཅིག་གཞན་ཀུན་ལོག་ཚར་བའི་རྗེས་སུ་ལྡོག་སྣ་རིང་བ་དང་། ཡང་ན་མི་ལྡོག་པར་གནས་པ་དང་། ལྦུ་བ་ཉ་མིག་འདྲ་བ་དང་། ཆུ་ལ་སྲུབས་མཚམས་འདྲ་བའི་རི་མོ་དང་། ལྦུ་བ་དཀྱུས་མ་ཡང་གནས་གང་དུ་ལྷག་པར་བྱུང་བ་སྟེ། དེ་ལྟར་གནས་གང་ཡང་རུང་བ་ཞིག་ན་གཞན་ལ་མེད་པའི་རྟགས་ཞིག་བྱུང་ན་དེ་ལ་བརྟག་གོ། འདིར་ཉ་མིག་འདྲ་བ་དང་། མ་བསྲུབས་ཀྱང་སྲུབས་པ་འདྲ་བའི་ལྦུ་བ་གང་བྱུང་བ་ཞེས་འཆད་པའང་འདུག་གོ། དེ་ཡང་རྟགས་དེ་དག་ལྷ་སར་བྱུང་ན་རང་གིས་བརྟེན་པའི་ལྷ་སྲུང་བཅོས་དགོས་ལ། མི་སར་བྱུང་ན་མི་ཤི་བ་འདྲེར་སྐྱེས་པའི་གྲེ་ཕོ་མོས་གནོད་པ་དང་། གདོན་སར་བྱུང་ན་སྲིད་པའི་སྤྱི་འདྲེས་གནོད་པ་དང་། ཕ་མེས་ཀྱི་སར་བྱུང་ན་ཕ་མེས་ཀྱི་ཆགས་འདྲེས་དང་གཞན་གྱི་རྦད་འདྲེས་གནོད། རང་སར་བྱུང་ན་གྲོགས་ཀྱི་རྒྱུད་ནས་འགོས་པའི་འདྲེ་གནོད་ལ། བུ་ཚའི་སར་བྱུང་ན་ཞང་ཉེ་དང་མ་སྲུའི་ཕྱོགས་ཀྱི་འདྲེ་དང་། ཁང་དུར་ཞིང་སར་བྱུང་ན་ཁང་པ་ལ་འཁྲི་བའམ་ཁང་པ་ཉེས་པའི་འདྲེ་དང་། དུར་འདྲེ་འམ། དུར་ས་ཉེས་པ་སོགས་ཀྱི་སྐྱོན་དང་། ཞིང་སའི་འདྲེ་སྟེ་ཕྱོགས་དེ་ནས་གནོད། གཞན་ཡང་ཕྱོགས་ཀྱི་དབང་དུ་བྱས་ན། ཤར་དུ་བྱུང་ན་རྒྱལ་པོ་དང་གཉན་ལ་སོགས་པས་གནོད་དེ་གཞུང་ལྟར་གོ་སླ་ལ། ཀླུ་སྲིན་ཞེས་པ་མ་ཀླུ་ལ་ཕ་བདུད་སོགས་གདུག་པ་ཅན་དུ་གྱུར་པས་ཀླུ་མ་རུངས་བ་གདུག་པ་ཆེ་བ་ལྟ་བུ་ལ་ཟེར། ཡང་ན་རིགས་ཀླུ་ཡིན་ཀྱང་རང་བཞིན་གྱི་གདུག་པ་ཆེ་ཞིང་འཚེ་བའི་རིགས་ལ་ཟེར། གཞན་སྡེ་བརྒྱད་རྣམས་རང་མིང་གིས་གསལ། ནག་སྨུག་ནི་རྒྱལ་པོ་དང་


MR10_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཐེའུ་རང་བསྡོང་བ་སོགས་ལ་ངོས་འཛིན་པ་སྣང་ཡང་མ་མོའི་རྒྱུད་ལུང་རྣམས་སུ་ཨེ་ཀ་ཛཱ་ཊི་སོགས་སྨུག་མོའི་ཚོགས་དང་། རེ་མ་ཏི་སོགས་ནག་མོའི་ཚོགས་ལ་ནག་སྨུག་ཅེས་བརྡ་མཛད་པས་ན་འདིར་ཡང་དེ་བཞིན་མ་མོའི་ཚོགས་ཀྱིས་གནོད་པ་ལ་ངོས་འཛིན་པ་ལེགས་སོ། །རིག་འཛིན་ནི་ཕྱོགས་སྐྱོང་བཅུའི་ནང་ཚན་གྱི་རིག་འཛིན་རྒྱལ་པོ་གདོན་གྱི་བདག་ཞེས་པ་དེའོ། །འོན་ཀྱང་ཆུ་ལོག་རྗེས་ཉི་མའི་མདངས་ཆུ་ལ་ཤར་བའི་ཚེ་འདྲ་བའི་གཟུགས་ལ་གདོན་གྱི་ཁྱད་པར་ངོས་བཟུང་བ་ནི། རྨ་བྱའི་མདངས་འདྲ་ན་མ་མོ་ནག་སྨུག་གིས་གནོད་པ་དང་། བ་དན་ཕྱར་བ་འདྲ་བ་སྟེ་གྲུ་བཞི་ལ་དར་ལྕེ་ཡོད་པ་ལྟ་བུ་བྱུང་ན་མགོན་པོས་གནོད་པ་དང་། ལྕགས་སྒྲོག་གི་དབྱིབས་ལྟ་བུ་ཡོད་ན་ལྷ་མོས་གནོད། མདུང་གི་རྩེ་ལྟ་བུ་བྱུང་ན་ཕོ་ལྷས་གནོད། རྭ་སྐྱེས་ཏེ་ར་མའི་མགོའམ་ལུས་དང་བཅས་པ་ལྟ་བུ་བྱུང་ན་རྡོར་ལེགས་སོགས་དགྲ་ལྷས་གནོད། ཤུག་པ་འདྲ་ན་ཡུལ་ལྷས་གནོད། པདྨ་འདྲ་ན་མོ་ལྷས་གནོད་པ་སྟེ། འདི་ཡན་ཆད་ནི་ལྷ་ངོ་སྟེ་ལྷས་སྲུང་གི་བཀའ་ཆད་ལ་སོགས་པར་བརྟག་གོ། འོད་ཀོར་འདྲ་ན་ཞེས་འོད་དཀར་པོ་ཟླུམ་པོའི་རྣམ་པ་དང་ཕྱོགས་འདྲ་བྱུང་ན་རྒྱལ་པོས་གནོད་པ་དང་། ཙིག་ཁུང་ཉི་ཤར་འདྲ་བ་འོད་གཏིང་དུ་ཟུག་པ་ལྟ་བུ་བཙན། དར་ལྕེ་ལྟར་ཤར་ཤར་མང་ན་ཀླུ་བཙན་དང་། སྡིགས་པའི་གཟུགས་འདྲ་ན་ཀླུ་བདུད་དང་། ཤ་རུ་འདྲ་ན་བཙན་ཡམ་ཤུད་དང་། གལ་ཏེ་འདྲ་བ་མགོ་གཉིས་བྱུང་ན་ཐེ་བྲང་དང་། མེ་ལོང་འདྲ་ན་མཚོ་སྨན་དང་། ཏམྦུ་ར་སྟེ་པི་ཝཾ་འདྲ་ན་བདུད་མོ་དང་། ཉ་དང་དུང་གི་གཟུགས་འདྲ་ན་ས་བདག་དང་། ཆུ་


MR10_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དང་སྦྲུལ་འདྲ་ན་ཀླུ་གདོན་གྱིས་གནོད་པ་དང་། ན་བུན་དང་སྤྲིན་འདྲ་ན་མི་གཙང་བ་ལངས་པ་དང་། མདའ་འདྲ་ན་གྲེ་ཕོ་དང་འཕང་འདྲ་ན་གྲེ་མོ་དང་། མིག་མང་དང་གྲུ་བཞི་བཀྲམ་པ་འདྲ་ན་ཞིང་འདྲེ་དང་། ཕུར་བ་ཡུངས་ཀར་འདྲ་ན་གཞན་གྱི་ཕུར་ཁས་གནོད་པ་དང་། ཐོད་པ་འདྲ་ན་ཀླུ་གཏད་ཀྱི་གནོད་པ་དང་། མ་ཧེ་ལྟ་བུ་རྭ་རིང་པོའི་གཟུགས་ཅན་བྱུང་ན་དམ་སྲིས་གནོད་པ་སྟེ། འདི་རྣམས་འདྲེ་ངོའོ། །དེ་རྣམས་གང་ལ་གནོད་པ་ལིང་ཚེའི་ས་དགུ་པོའི་ཕྱོགས་ལས་དཔག་པར་བྱ་སྟེ། ལྷ་སར་འདྲེ་ངོ་བྱུང་ན་འདྲེ་དེ་ལྟར་བརྫུ་བ་སྟེ། དཔེར་ན་ལྷ་སར་གལ་ཏ་མགོ་སྦྲེལ་ལྟ་བུ་བྱུང་ན་ཐེའུ་བྲང་ལྷར་བརྫུ་བ་སོགས་སོ་སོའི་ཁྱད་པར་གོང་བཞིན་ནོ། །འདྲེ་སར་ལྷ་ངོ་བྱུང་ན་ལྷ་ཁྲོས་ནས་འདྲེ་རུ་གནོད་པ་སྟེ། ཤུག་པ་འདྲ་ན་ཡུལ་ལྷ་ཁྲོས་པ་ལྟ་བུས་མཚོན་ཏེ་གོང་བཞིན་ཤེས་པར་བྱའོ། །ཆུ་ལྡོག་ཏུ་མི་འདོད་པ་སྟེ་མི་ལྡོག་ན་ལྷོག་ཙམ་བསྐོལ་བའི་ནང་དུ་ཚ་ཆུ་ལ་ག་བུར་ཅུང་ཟད་དང་། གྲང་ཆུ་ལ་ཚ་བ་གསུམ་ཐུན་གཅིག་བཏབ་ནས་བསྙལ་བཞག་ན་ལྡོག་པར་གྱུར་ན་ནད་ཀྱི་དབང་གིས་མ་ལོག་པ་ཡིན་ལ། དེས་ཀྱང་མ་གསལ་བ་སྟེ་ནད་ཀྱི་ཆུ་ངེས་པ་མ་གསལ་ན་ཆུ་དེ་ནི་གདོན་ངོ་ཆེ་ཞིང་དེའི་དབང་གིས་མི་ལྡོག་པ་སྟེ་གབ་པའམ་ཡིབ་པ་ཞེས་བྱའོ། །འདི་ལ་ཆུ་མི་ལྡོག་ན་བསྐོར་ཕྱྭ་བཏབ་པ་སྟེ་ནས་འབྲུ་དགུའི་མོ་འདེབས་ཚུལ་ལྟར་འཆད་པའང་ཡོད་དེ། བསྐོལ་ཞེས་ལ་མཐའ་དང་། བསྐོར་ཞེས་ར་མཐའི་ཁྱད་པར་ཅན་དུ་བྱེད་པ་དང་། ཕྱྭ་ཞེས་སྐོར་མགོ་སྟེ་རྩིས་བྱེད་པ་དང་། མཆན། པ་མོ་འདེབས་པའི་དོན་དང་།


MR10_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་རྒྱུའི་སྨན་དེ་ལ་འཆད་པའི་ཁྱད་པར་དག་བྱུང་ངོ་། །སྤྱིར་ན་དོན་རྣམས་ཀྱི་ནད་རྩ་ལ་གསལ་བ་ཤས་ཆེ་ཞིང་སྣོད་རྣམས་ཀྱི་ནད་ནི་རྩ་བས་ཀྱང་ཆུ་ལ་གསལ་ཆེ་ལ། འཚོ་འཆིའི་ལ་ཤན་འབྱེད་པ་ནི་ཆུ་ལའང་ཡོད་མོད་ཀྱི་གཙོ་བོར་རྩ་ཡིས་འབྱེད་དགོས་ན་ཡང་། ཚ་གྲང་གི་ལ་ཤན་ནི་རྩ་བས་ཀྱང་ཆུ་ལ་མཐོང་བ་ཙམ་གྱིས་གསལ་བ་དེའི་ཕྱིར། སྨན་པ་མཁས་པས་ནད་ངོས་འཛིན་པའི་ཕྱིར་ཆུ་ལ་བརྟག་པར་བྱའོ། །གལ་འགག་བཞིའི་འཁྲུལ་སོ་བསལ་བ་ནི། མན་ངག་རྒྱུད་ཀྱི་ཚ་གྲང་གལ་མདོར་ལྟོས་ཞེས་ཞལ་འཕང་སྟེ་སྔར་ཞུས་པ་ལ་ལན་གསུངས་པའོ། །དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་གོང་དུ་སྡོམ་སུམ་ཅུ་རྩ་གསུམ་གྱི་གྲངས་སུ་གསོ་ཚུལ་དགུ་གསུངས་པ་དེ་བཤད་པར་ཞུས་པ་ལ་ལན་གསུངས་པ། ཀྱཻ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས། ནད་དང་གཉེན་པོ་ཇི་ལྟར་འཚམ་པར་སྤྲོད་པར་བྱ་བའི་ཕྱིར་གསོ་བའི་ཚུལ་ཤེས་པ་ནི་ཤིན་ཏུ་གཅེས་ཤིང་། དེ་ལྟར་གཅེས་པའི་དོན་ལ་སྐབས་འདིར་ཞུས་པ་ལེགས་ན་ཡང་། གསོ་ཚུལ་དགུ་པོ་དེ་ནི་སྔར་བཤད་པའི་རྒྱུད་དུ། མ་རྟོགས་དོགས་ས་བཅས་གདིང་མ་ཐོབ་པའི་ནད། །བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། །ཞེས་སོགས་ཀྱིས་ལེགས་པར་བསྟན་ནས་ཡོད་པས་དྲང་སྲོང་ཆེན་པོ་དེ་ལ་ཐོས་པའི་ཤེས་རབ་ཀྱིས་ལྟ་ཞིང་བསམ་པའི་ཤེས་རབ་ཀྱིས་རྟོག་དཔྱོད་གནད་དུ་འཐེམ་པར་གྱིས་ཤིག །དེ་ལྟ་བུའི་ལྟ་རྟོག་དང་ལྡན་པ་མ་ཡིན་ན་མུན་ཁུང་དུ་རྫས་སྟོར་བ་དང་འདྲ་སྟེ། ཉམས་ལེན་དཔེའི་སྟེང་དུ་ལུས་པའམ་དེ་ལ་རགས་ལས་པས་དགོས་དུས་སླེབ་པའམ་ཕན་པར་མི་འགྱུར་རོ། །རྒྱུད་ཆེན་


MR10_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དོན་ལ་ལྟ་རྟོག་གནད་དུ་ཐེམས་ནས་དོན་ཉམས་སུ་ལོང་བ་བྱུང་ན། མུན་ཁང་གི་མཛོད་དུ་ཉི་མ་ཤར་བ་ཇི་བཞིན་དུ་དོན་ཀུན་གསལ་ཞིང་། དེའི་ཚེ་གསེར་གཡུས་གང་བའི་སྒྲོམ་བུར་ལག་པ་བཅུག་ནས་ལེན་པ་བཞིན་དུ་རང་ལ་ནམ་དགོས་པའི་དུས་ན་སྤྱད་པས་ཆོག་སྟེ་རང་ཉམས་སུ་གྱུར་པའི་ཕྱིར་རོ་ཞེས། དྲང་སྲོང་ཡིད་ལས་སྐྱེས་ལ་སྔར་གསུངས་པའི་དོན་ལ་བརྗེད་པ་མི་སྲིད་ཀྱང་འདིར་སྡོམས་ཀྱིས་གྲངས་སུ་སྨོས་པ་དེ་སྔར་གསུངས་པ་དང་གཅིག་གམ་གཞན་ཞིག་ཡིན་སྙམ་པའི་རྗེས་འཇུག་གི་དོགས་པ་བཅད་པའི་དོན་དུ་ཞུས་པ་ལ། རྒྱུད་བཞིའི་དོན་གནད་བསྡེབས་ནས་ཤེས་དགོས་པའི་ཚུལ་འདི་ལྟ་བུ་རྗེས་འཇུག་རྣམས་ཀྱི་དོན་དུ་གདམས་པ་ཡིན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་བའི་ལེའུ་སྟེ་གཉིས་པའི་རྣམ་པར་བཤད་པའོ། །གང་ལ་ཡིད་ཆེས་ལུང་རིགས་ཀྱིས། །ཐེ་ཚོམ་དྲྭ་བ་རབ་བསལ་བ། །ཕྱི་མ་རྒྱུད་ཀྱི་མདོ་དང་པོའི། །རྣམ་བཤད་འདི་ནི་གཞན་ལས་འཕགས། །ཤར་དཔལ་སྤུངས་པའི་སྨན་གྲལ་འཛིན་པ་མི་ཕམ་པས་སྦྱར་བ་དགེའོ། །མངྒ་ལཾ། ༈ །ཚེ་ལས་འདས་པ་ངེས་དོན་གྱི། །དངོས་རྫས་རྐྱེན་སྦྱར་འདི་བསྒྲུབས་པས། །དགེ་འདིས་མཁའ་མཉམ་སེམས་ཅན་ཀུན། །བཻཌཱུརྱ་ཞིང་སྐྱེ་བར་ཤོག། །། དགེའོ།། །།


previousབདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱི་ཀnext