Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
ཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ།


 
previousཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ།no next

ཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ།


MR11_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ་བཞུགས་སོ། །


MR11_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷུ་ཏཱ་ཡ། འདིར་ཉེར་མཁོའི་རྫས་ཀྱི་སྐོར་ལས། དང་པོ། བྱ་རྒྱུད་བུམ་རྫས་ཉེར་ལྔ་ལ་དཀྱིལ་ཆོག་སོ་སོའི་བཞེད་པ་མི་འདྲ་བ་དུ་མ་སྣང་ཡང་། ལེགས་གྲུབ་ལས། འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དང་ལྔ། །འབྲུ་རྣམས་ཀུན་ཅེས་བྱ་བ་ན། །ལས་རྣམས་ཀུན་ལ་འདི་དག་གསུངས། །སིང་གྷྲི་བྱཱ་གྷྲཱི་ཀརྞིཀ །ཧ་ས་ཧ་ས་དེ་བ་སྟེ། །སྨན་རྣམས་ཀུན་ཅེས་བྱ་བ་ལ། །ལྔ་བོ་འདི་དག་ཤེས་བར་བྱ། །བྱེ་རུ་གསེར་གྱི་ས་ལེ་བྷྲཾ། །དུང་དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཅེས་བྱ་བ་ལ། །ལྔ་བོ་འདི་དག་ཤེས་པར་བྱ། །ཞེས་བཅོ་ལྔ་བོ་འདི་ཙམ་གསུངས། །སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་སོགས་རྒྱུད་སྡེ་སོ་སོར་གསུངས་པ་དང་། བླ་མ་རྣམས་ཀྱི་སོ་སོའི་ཕྱག་བཞེས་ཀྱི་དབང་གིས་ཅུང་ཟད་མི་འདྲ་བ་དུ་མར་སྣང་ན་ཡང་། །དུས་འཁོར་རྒྱུད་དང་འགྲེལ་ཆེན་


MR11_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དྲིལ་ཉེར་ལྔ། ནགས་ཀྱི་སྨན་ཉེར་ལྔ། རིན་ཆེན་ལ་དམན་འབྲིང་ཐ་མའི་དབྱེ་བས་ཉེར་ལྔ། འབྲུ་ལ་ཉེར་ལྔ་སོགས་གསུངས་པ་ལྟར། རབ་འབྲིང་ཐ་མའི་ཆ་གང་རྙེད་ཞིག་གིས་ཆོག་པས་མཐའ་གཅིག་ཏུ་ངེས་པ་མེད་པས་དེ་ལྟར་སྦྱར་ཆོག་པར་མངོན། དེས་ན་ཡོངས་གྲགས་ལྟར་ན། སྨན་ལྔ་ནི། སེ་བ་དྲི་ལྡན་མེ་ཏོག་ཟུར་ཟུང་། ཨུཏྤལ་སྔོན་པོ། ཤུ་དག་དཀར་པོ་ལ་གཞན་གྱིས་མི་ཐུབ་པ་ཟེར་བ་དེ་དང་། ཀནྜ་ཀ་རི། ཧ་ས་དེ་བ་ཅོག་ཀླད་སྨན་དུ་གྲགས་པ་འབུ་སུ་ཧང་དང་ལྔ་ལ་བཞེད། ཡང་ཤུ་དག་དཀར་པོ་དང་ཀནྜ་ཀ་རི་འདྲ་ལ། གཞན་གསུམ་ཚབ་ཏུ། སླེ་ཏྲེས། རྒྱ་མཚོའི་སྦུ་བ། དབང་ལག་གསུམ་ཡིན་བར་ཀུན་རིག་གི་བུམ་རྫས་སུ་བྱུང་། ཁ་ཅིག་ཏུ་ཆུ་སྲིན་སྡེར་མོའང་འགྲོ་བ་ཡོད། ཁ་ཅིག་ཏུ་དབྱུག་པ་ཨུཏྤལ་དཀར་དམར་གཉིས་སུ་བགྲང་བ་ཡོད། བྱཱ་གྷྲི་ཀནྜ་ཀ་རི་ཚེར་མ་ཅན་ཚེ་བ། སེང་བྲན་ལ་སེང་ཚེར་དུ་ངོས་


MR11_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་རི་ཡིན་པ་ཨ་པར་ཛི་ཏ་ཡིན་ནམ། འདི་རྣམས་གང་རུང་གིས་ཀྱང་ཆོག་པར་མངོན། འབྲུ་ལྔ། འབྲས། སོ་བ། ནས། གྲོ། ཏིལ་དཀར། མོན་སྲན་དཀར་པོའམ་མ་རྙེད་ན་སྲན་མ་དཀར་པོ་གང་རུང་ངོ་། །ཏིལ་སྙིང་པོ་ལྔའི་གྲངས་སུ་བྱས་ནས་འབྲུ་ལྔར་སྲན་དཀར་དང་སྲན་ཆུང་མུ་དག་གཉིས་འགྲང་བ་ཡོད། རིན་ཆེན་ལྔ་ཕ་ལམ་རིགས་ལྔ་སོགས་དང་། ནོར་བུའི་རིགས་ཁ་དོག་ལྔ་རྙེད་དཀའ། འབྲིང་མུ་ཏིག །ཀ་རྐེ་ཏ། ཨིནྡྲ་ནི་ལ། པདྨ་རཱ་ག དམར་པོ། མར་གད་ལྔའམ། མ་རྙེད་ན་གསེར་དངུལ་བྱེ་རུ། མུ་མེན་མུ་ཏིག་གམ། གསེར་དང་མུ་ཏིག་བྱེ་རུ་དུང་། མན་ཤེལ་སོགས་ནོར་བུ་རིན་པོ་ཆེའི་རིགས་ལ་གཏོགས་མཆོག་དམན་གང་རུང་། དེ་རྣམས་ལས་གང་རྙེད་ཚན་ལྔའམ། མདོག་སེར་པོ་སྦུར་ལེན་འདྲ། སྔོན་པོ། དམར་པོ། ལྗང་ཁུ། །མ་རྙེད་ན་གསེར་དངུལ་ཟངས་ལྕགས་དུང་ལྔའམ། དུང་གི་ཚབ་ཏུ་གཤའ་ཚེ་དཀར་པོ་ཟེར་བའང་སྣང་། དྲི་ལྔ་ནི། ག་བུར། གུར་གུམ། ཛཱ་ཏི། ཙན་དན་དཀར་པོ། ཨ་ག་རུ་ལྔའམ། ཨ་ག་རུའི་མལ་དུ་ཙན་དན་དམར་པོའམ། ལི་ཤི་བཤད་པའང་སྣང་། དུ་རུ་ཀ་ཟེར་བའང་ཡོད། ཁ་ཅིག་གླ་རྩི་ཟེར་བའང་ཡོད་དྲི་བཟང་ཡང་སྐབས་འདིར་མི་བཏང་ངོ་། །སྙིང་པོ་ལྔ། མེ་ཏོག་གི་བཅུད་དམ་སྙིང་པོ་སྦྲང་རྩི། ཤིང་བཅུད་བུ་རམ། རྩི་བཅུད་མར། ཆུ་བཅུད་ལན་ཚྭ། ཁ་ཅིག་ཏུ་འོ་མ་དང་ལྔ་ཞེས་འདོད། ས་ཡི་འམ་པུ་ཤེལ་རྩེ་སྙིང་པོ་ཏིལ་ཞེས། ཕལ་ཆེར་དུ་བཤད། ཁ་ཅིག་སའམ་རྡོ་བཅུད་བྲག་ཞུན་ལའང་བཞེད་པ་ཡོད། ཅོང་ཞེས་ཀྱང་རུང་འདྲའོ། །སྐབས་འདིར་ཨ་པར་ཛི་ཏ་སྟེ་གཞན་གྱིས་ཐུབ་པ་དཀར་པོ་ནི། རྣམ་རྒྱལ་དཀར་པོ་ཞེས་སྔོ་ལྡུམ་དྲི་


MR11_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་ཞིག་ཡོད་ཀྱང་། མ་འབྱོར་ན་ཤུ་དག་དཀར་པོའི་ཞེས་བཞེད། ཧ་ས་དེ་བ་ལྡུམ་ཆུང་ངུ་བལ་པོ་སོགས་སུ་སྐྱེ་བ་ཡིན་ཡང་མ་རྙེད་ན་འབུ་སུ་ཧང་གིས་ཚབ་རུང་། དནྟོཏྤ་ལ་དབྱུག་པའི་ཨུཏྤལ་ཞེས་ཤིང་ཕུད་མདའ་ཚད་ཙམ་ལ་མེ་ཏོག་ཆུ་སྐྱེས་འདྲ་བའི་དཀར་དམར་གཉིས་ཡོད་ཀྱང་མ་རྙེད་ན། ཟུར་ལུགས་ཨུཏྤལ་སྔོན་པོ་དང་། ཤེའུ་དར་སྐེ་དར་དམར་པོས་ཚབ་རུང་ཞེས་མཁས་པ་དག་གསུང་པ་འཐད། བྲྀ་ཧ་ཏི་ཀནྜ་ཀ་རི་ཡིན་ལ་སྡོང་བུ་ཕྲ་བ་སྟག་ཚེར་དང་། སྦོམ་པ་སེང་ཚོར་དུ་འདོད་པའང་ཡོད། དེ་རྣམས་སྨན་གྱི་སྙིང་པོ་ཨ་རུ་རས་བུང་བསྐྱེད། བཅུད་ལྡན་འོ་མ་གཙང་མས་སྤོལ་དེ་སྨན་གྱི་ཕུར་མར་སྦྱར་བ་བྱ་རྒྱུད་སོགས་ཡོ་ག་མ་ཆད་ཀྱི་བུམ་རྫས་དང་བུམ་གཏེར་རྫས་ཁྱད་པར་ཅན་ཡིན། སྨན་ལྔའི་ནད་སེལ་འདོད་ཆགས་དག །དྲི་ལྔས་ཕྲག་དོག་དག་གཞན་དོན་ཕྲིན་ལས་ལྔ་འགྲུབ། འབྲུ་ལྔས་ལམ་ལྔ་དག་ཞེ་སྡང་སྦྱོང་། མུ་གེའི་སྐྱོན་ཞི། རིན་ཆེན་ལྔས་ང་རྒྱལ་དག་ཡེ་ཤེས་འཕེལ། སྙིང་པོ་ལྔས་གཏི་མུག་དག་ཕུན་སུམ་ཚོགས་པ་ཐོབ་པ་སོགས་སུ་བཤད། བུམ་རྫས་ཉེར་ལྔའི་སྟེང་ཤ་ལྔ་བདུད་རྩི་ལྔ་བསྣན་པས་བླ་མེད་བུམ་རྫས་སོ་ལྔ་ཡིན་ལ་དེང་སང་ཉེར་ལྔ་སྟེང་སྨན་སྒྲུབ་བསྣན་པའི་ཕྱག་ལེན་མཛད་དོ། །འབྱོར་ན་བུམ་རྫས་འདི་རྣམས་ཁྲོལ་བླུག་བྱ་དགོས་ཀྱང་མ་འབྱོར་པས་ཕྱེ་རིལ་བྱ་བ་འདི་ཞེས་གསུངས། བ་བྱུང་ལྔའི་ལག་ལེན་ནི་བེའུ་ཐོག་མར་སྐྱེས་བ་བྱུང་ན་རབ་ཡིན་ལ། དེ་ཡང་སེར་སྐྱའམ་དམར་ཟལ་གང་རུང་ལྟོ་སྦྱང་ནས་ས་གཙང་གི་རྩ་ཆུ་ལ་ལོངས་སྤྱད་པའི། ལྕི་བ་དང་ཆུ་ས་ལ་མ་ལྷུང་བར་སྣོད་གཙང་མར་བཟེད་ནས་བླངས། ཆུ་གཙང་དཀྲུགས་ནས་ལྕི་བ་


MR11_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོལ་ཙམ་བྱས་ལ་ཁུ་བ་རས་ཚག་ལ་བཙག་སྟེ་འཕོ། མང་བསྐོལ་སར་ཆུ་གཙང་ངུ་དཀྲུག་ཀྱང་ཆོག །ལྕི་བ་དེ་ཉི་མར་བསྐམ་ནས་བ་གཅིན་བར་ཆ་དངས་མ་དང་བསྲེས་ཏེ་རྡོ་གཞོང་དུ་བཏགས་སོ། །ཡང་སྐམ་སར་བ་གཅིན་བླུག་སྟེ་བཏགས་པ་སྐམ།སླར་ཡང་དེ་འདྲ་གཅིག་སྟེ་ལན་གསུམ་མཐར་སྐམ་པའི་ལྕི་བ་སྲང་ལ་བཏེགས་ནས་ལྕི་བའི་ཉི་ཤུའི་ཆ་གཅིག་གི་བ་དེའི་མར་དང་། མར་གྱི་སུམ་འགྱུར་འོ་མ་དང་ཞོ་བསྲེས། ལེགས་པའི་སྐྱོབ་ཏུ་ཕབ་རྒྱུན་ཡོད་ན་བསྲེས་ཏེ་རིལ་བུ་བྱེའུ་སྒོང་ཙམ་མམ་རྡེའུ་ཚད་གང་འོས་བྱ། སྐམ་འདུལ་ནས་རིལ་བུའི་བར་ལག་ལེན་ཞག་བདུན་ཙམ་བྱ། དམ་དགོས་པས་དབང་ལག་ཕྱེ་མ་དང་བུང་སྐྱེད་བཀྲ་ཤིས་པའི་ས་ཕྱེ་དཀར་པོ་ཅི་རིགས་བསྲེ་བའང་སྣང་། དམ་གྱི་སླད་དུ་རྒྱ་གྲོའང་བསྲེ་བ་འདུག་སྟེ་འདི་རྣམས་གང་བསྲེས་ཀྱང་འགལ་བ་མེད་འདྲ། དཀྱིལ་འཁོར་གྱི་གཞི་སྐྱང་ནུར་བྱ་བ་སོགས་དགོས་དུས་བ་བྱུང་དེ་དྲི་བཟང་གི་ཆུར་སྦྱར་ནས་བྱུག་པ་སོགས་བྱའོ། །བ་བྱུང་འདི་ལེགས་གྲུབ་སོགས་རྒྱུད་རྣམས་ལས་གསུངས་ཤིང་། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱིས་ཕྱག་ལེན་མཛད་པ་ཡིན་ལ། མཚན་ཉིད་ཚང་བའི་བ་ལ། གླང་ཆེན་རྩེ་ཞེས་པའི་སྨན་ཡོད་པ་དེའི་ཡོད་ཏན་ནི་ལྔ་སྟེ། གདོན་བགེགས་ཐུབ། ནད་སེལ། དྲི་ཞིམ། འགྲོ་བ་དབང་དུ་འདུ། ཤིན་ཏུ་གཙང་བར་བྱེད་ལ། གི་ཝཾ་ཡོད་པ་མིན་ཡང་བ་བྱུང་གཞན་ལའང་དེ་མཐུན་ནུས་པ་ཡོད་པས་རྒྱུད་སྡེ་ཀུན་ལས་དཀྱིལ་འཁོར་གྱི་གཞིར་བ་བྱུང་གིས་བྱུག་པར་གསུངས་སོ། །རབ་གནས་ཀྱི་སྐབས་སུ་དགོས་པ་བཀྲུ་རྫས་འདག་ཆལ་གྱི་རྫས་ཞོ་འོ་མ་མར་སྦྲང་རྩི་བྱེ་མ་ཀ་ར་


MR11_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་ཀ་ར་རེད་སྟེ་ཕྱིའི་བདུད་རྩི་ལྔ། འོ་ཞོ་མར་ལྕི་བ་ཆུ་སྟེ་བ་བྱུང་ལྔ། བྱ་གྲོ་དྷ། ཨུ་དུམྦ་ར། སླ་ཀྴ་པི་སྤ་ལ། གནྡྷེ་མུནྜ་སྟེ་འོ་མ་ཅན་གྱི་ཤིང་གི་ཤུན་པ་ལྔ། གོང་གི་ཉེར་ལྔའི་ནང་གི་དྲི་ལྔ། སྐྱུ་རུ་ར་དང་ཡུང་བའི་ཕྱེ་མ་འདི་རྣམས་ཀྱིས་རིམ་པར་བྱུག་ཅིང་བཀྲུ་དགོས་པ་ལས། ཤུན་པ་ལྔ་བོད་དུ་འབྱོར་དཀའ་བའི་ཚབ་ཏུ། འོམ་བུ། བལ་བུ། ལྕགས་དཀར། ཁམ་བུ། ཤུག་པའམ་ཙན་དན་དཀར་པོའི་ཤུན་པ་ལས་བྱ་བར་བླ་མ་དག་བཞེད། དེ་ཙམ་ཡང་མ་ལྕོགས་ན། སློབ་དཔོན་སྙིང་གིས། སུག་པ་དང་ནི་སྲན་ཕྱེ་དང་། །ཀུ་ཤ་བ་ཡི་རྣམ་པ་ལྔ། །དེ་ལྟར་སོ་ཕག་ལ་སོགས་པས། །ཁྲུས་ནི་བྱ་བར་གསུངས་པ་སྟེ། །ཞེས་པ་ལྟར་དང་དེ་བྱུག་བྱེད་དུར་བའི་ཤིང་གི་རྩེ་མོ་ཅུང་བསེ་བའི་པིར་ཙམ་ནི་ངེས་པར་དགོས་སོ། །གཉིས་པ་བྱུག་རྫས་དྲི་བཟང་ནི། ཙན་དན་དཀར་དམར། གུར་གུམ། གྲནྠི་ཀ །ཨ་ག་རུ་རྣམས་སམ། ག་བུར་གུར་གུམ་ཨ་ག་རུ་གླ་རྩི་སོགས་དྲིའི་རྫས་ཅི་རྙེད་པ་སྦྱར་བར་གསུངས་སོ། །མཆོད་ཡོན་གྱི་རྫས་ལ་ཞི་བའི་སྐབས། ནས་འོ་མ་མེ་ཏོག་དཀར་པོ་ཀུ་ཤ་ཏིལ་དཀར། འབྲས་ཡོས་བདུད་རྩིར་བཅས་པའི་དྲི་དཀར་པོའི་ཆུ་སྟེ་རྫས་བདུན་སྤྱི་ཁྱབ་དང་། ཁྱད་པར་བྱ་སྤྱོད་ཀྱི་ཚུལ་གཞན་དུ་གསལ། རྒྱས་པར་ཏིལ་ཀུ་ཤ་མེ་ཏོག་སེར་པོ་དྲི་སེར་པོའི་ཆུའོ།ཞབས་བསིལ་ལ་འདག་ཆལ་དུ་བཤད་པའི་རྫས་ཤུག་པ་ལྔ་སོགས་སྲོག་ཆགས་མེད་པའི་ཆུ་གཙང་སྦྱར་བའོ། །མེ་ཏོག་ནི་ཞི་རྒྱས་དབང་དྲག་སོ་སོར་འོས་པའི་མེ་ཏོག་དངོས་སོ། །བདུག་སྤོས་ནི། ཞི་བ་ལ་ཙན་དན་ཨ་ག་རུ་ག་བུར་སོགས་


MR11_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲག་པོ་ལ། ཨ་རུ་ར་ཐར་མ་གུ་གུལ་རྒྱ་སྐྱེགས་དུ་ཀུན་ཏུ་རྒྱུ་སྤོས་དཀར་དང་ཆུ་སྦྱར་བའོ། །སྤོས་སྦྱོར་སྣ་ཚོགས་པ་དུས་འཁོར་གྱི་རྒྱུད་དང་སྤོས་སྤྱོར་ཏེའུ་ཆར་བྱས་པ་སོགས་སྣ་ཚོགས་ཞིག་ཡོད་དོ། །བླ་མ་དགོངས་འདུས་ལས་གསུངས་པ་ཚུལ་བཞིའི་སྤོས་སྦྱོར་ནི། ཤིང་ཚྭ་ཆུའི་ཚུལ། སྤོས་དཀར་ཐལ་གྱི་ཚུལ། ལེ་ཤི་རྡོར་གྱི་ཚུལ། སྤང་སྤོས་ཚྭའི་ཚུལ་ཞེས་པ་ལྟར་ཚད་ལྡན་སྦྱར་བ་སྦྲང་བུར་གྱིས་དམ་རྩི་དང་ཁུ་བ་ཆང་ལ་བྱ། སུག་སྨེལ་གྱི་ཕབ་བཏབ་པས་དྲི་ཞིམ་དགོས་ལྡན་གྱི་བཟང་སྤོས་ཕྲལ་དུ་འགྲུབ། སྔོ་སྨན་གླ་རྩི། རྡོ་དྲེག །ཏང་ཀུ། བ་ལུ་བཞི་སྦྱར་བས་ཀྱང་རུང་ལ། ཡང་ན་གླ་རྩི། ག་བུར། སིལ། ཙན་དན། ཨར་ནག་བཅས་ལྔ་སྦྱོར་རམ། ཁ་ཆེ་པ་བ་ཆེན་ལུགས་ལྟར། ནཱ་གི་ཙན་དན་ཨ་གར་ཀ་ར་གླ་རྩི་ལ་སྦྱོར་བྱ། ཀླུ་ལ་གླ་རྩི་དང་གུ་གུལ་སྤང་གཟའ་ལ་སྤང་སྤོས་མི་སྦྱར་ཞེས་ཀྱང་བཤད། འཇའ་ཚོན་མ་ནིང་ལས། སྤོས་དུད་ལ་བརྟེན་ནས་སྒྲུབ་པ་ནི། ཤ་ཆེན་ཚིལ་ཆེན་རྒྱ་ཤུག་ཙན་དན་དཀར་དམར། ཨ་ག་རུ། ཛཱ་ཏི་ཕ་ལ།རྒྱ་སྤོས། སྤང་སྤོས། ཤིང་ཀུན། གླ་རྩི་ཨུཏྤལ་སྔོན་པོ་དེ་རྣམས་ཞི་བ་སྦྱར་སྤོས་རིང་ངམ། ཡང་ན་སྦོས་རྒྱ་ལ་སོགས་པར་དུས་བཞིར་སྦོས་མཆོད་མ་ཆག་པར་ཕུལ་ན། དཔལ་མགོན་འཁོར་བཅས་ཤ་ཁྱི་འཁོར་བ་ལྟར་འགྱུར་རོ། །ཞེས་གསུང་། རད་གླིང་གཏེར་ཁ་ལས། མགོན་པོ་མཆོད་བསྐང་གི་རྫས། མར། བག་བྱེ། སྦྲང་རྩི། པི་ལིང་། ན་ལེ་ཤམ། རྒུན་འབྲུམ། པལ་པོ་སེའུ་འབྲུ། བུར་ཤིང་འབྲས་བུ་སྦྱར་བ་ཚོགས་ལ་སྦོས་དུད་བསྲེག་པས་ཤིན་ཏུ་དགྱེས་པར་


MR11_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གནམ་ཆོས་གཏེར་ཁ་ལས། དྲང་སྲོང་རཱ་ཧུ་ལ་མ་ཉེས་ཐབས། ར་ཅོ། བྱ་ཤ བྱ་མོའི་གསེར་ཐིག །ཆུ་སྲིན་སྡེར་མོ། མཛོ་མོ་ཤིང་ཁང་རུལ་ཤིང་། ཕ་ཝོང་དྲེག་པ་རྣམས་ཤུག་ཚིལ་ཤུག་ཤུན་སྦྱར་ལ་བདུག །དེས་གཟའ་ཡི་ཐུགས་དང་འགལ་ཀྱང་སོར་ཆུད་ཅིང་མི་གནོད་ཅེས་གསུངས། བདུད་རྩི་རིན་པོ་ཆེ་འཁྲུངས་རྒྱུད་ལས། གླ་རྩི་རུ་དྲའི་སྤྲེ་སྟེ་མཁའ་འགྲོ་འདུ། དྲི་ཆུའི་མཆོག་གོ་གསུངས། ག་བུར་ལྷ་མོའི་སྤྲེ་དྲི་ཡིན་གསུང་ས་སྐྱའི་ཞལ་པོད་ལས། དྲི་མི་ཞིམ་པའི་མེ་ཏོག་ནི་མེ་ཏོག་བྱ་རྐང་ནག་པོ་སྟེ་འདི་ཕུལ་བས་མགོན་པོ་ཐུགས་ཁྲོས་པ་སེལ། རང་རྒྱུད་འཇམ་ཞེས་གསུངས། དེ་སོགས་རྣམས་དབྱེ་དུ་མར་མཆིས་ཏེ། དྲག་པོ་ལ་ནི་གཅིན་དང་ཁྲག་གི་མཆོད་ཡོན།དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་དང་ཚིལ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཁྲག་རུས་པའི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་ཀྱི་རོལ་མོ་ཡིན་ནོ། །སྣོད་ཀྱང་ཞི་སོགས་ལ་རིན་པོ་ཆེ་སོགས་ཀྱིས་སྣོད། དྲག་པོར་མི་ཐོད་ཡིན་ནོ། །གཞན་ཆོས་སྐྱོང་མགོན་པོ་སོགས་སོ་སོའི་མཐུན་རྫས་ཀྱི་སྤོས་སྣ་ཚོགས་ཡོད་ཀྱང་འདིར་མ་བཀོད་གཞན་ལས་ཤེས་པར་བྱའོ། །རྣམ་སྲས་དང་ཛམ་ལྷའི་བདུག་རྫས་ནི། གུ་གུལ་ཙན་དན་དུ་རུ་ཀ །ག་བུར་དང་ནི་ཨ་ག་རུ། །སྤོས་དཀར་དང་བཅས་རྒྱུད་ལས་གསུངས། འདི་ཆོས་སྐྱོང་སྤྱི་ལའང་འགྲོའི། །ན་གི་དང་ཁ་གུར་ཆ་མཉམ། དེའི་ཕྱེད་གུ་གུལ་གླ་རྩི་རུ་རྟ་གསུམ་ཆ་མཉམ། དེའི་ཕྱེད་ཙན་དན་དཀར་པོ། ཛཱ་ཏི་ཨར་


MR11_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཆ་མཉམ། དེའི་ཁྱད་ཕྱེད་སྤོས་དཀར་ཏང་ཀུ་དྲི་ལྡན་བཅས་འདམ་བཏགས་ཡུན་རིང་བྱས་པའི་རེང་བུ་སོགས་དྲི་ཞིམ་མཆོག་གྱུར་ཏེ། ཆོས་རྗེ་གླིང་པའི་གཏེར་ཁ་ནས་བྱུང་བ་གུ་རུ་སྤྱན་འདྲེན་སྤོས་སུ་བཤད། དེས་མཚོན་ནས་སྤོས་སྦྱོར་སྣ་ཚོགས་གང་ལ་གང་འོས་སུ་བྱ་སྟེ། སྤྱི་ཁྱབ་དྲི་ཞིམ་སྤོས་རེང་ས་གང་བྱུང་ལ་བྱའོ། །དྲི་ཆབ་ཀྱི་རྫས་ནི། གསེར་དངུལ་ཟངས་སོགས་སྣོད་དུ། སུག་སྨེལ། ཤིང་ཚ། སྤང་སྤོས། བཱ་ལ་ཀ །ཙན་དན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས། ཆུ་གཙང་བྲེ་བརྒྱད་ལ་བཅུག་སྟེ་བཞི་ཆ་གསུམ་བསྐམ་གཅིག་ལུས་བར་བསྐོལ་བའི་ལྷག་མ་དེའི་དྲིའི་ཆུར་འགྱུར་བར་གསུངས་བ་ལྟར། དེ་མ་གྲུབ་ན་བུམ་རྫས་སྐབས་ཀྱི་དྲི་ལྔའམ། ག་བུར་ཙན་དན། ཛྭ་ཏི། གུར་གུམ། སིཧླ་སོགས་དྲི་ཞིམ་པའི་སྨན་ཆུ་གཙང་དང་སྦྱར་བའོ། །གསང་སྔགས་ནང་གི་མཆོད་རྫས་ཁྱད་པར་ཅན། སྨན་རག་གཏོར་གསུམ་དུ་གྲགས་པའི་དང་པོ་སྨན་ནི། རྩ་བརྒྱད་ཡན་ལན་སྟོང་གི་བདུད་རྩི་སྨན་སྒྲུབ་ཆེན་པོ་ཚུལ་བཞིན་བསྡུ་སྒྲུབ་བགྱིས་པ་རབ། དེ་ལྟར་མིན་ནའང་རྩ་བ་བདུད་རྩི་རིལ་བུ་ཚུལ་བཞིན་བསྒྲུབ་པ་ཡིན་ལ། བདུད་རྩི་ཆོས་སྨན་སྦྱར་བ་དང་བསྒྲུབ་ཚུལ་ཟུར་དུ་ཤེས། བདུད་རྩི་རིལ་བུ་བྱ་ཐབས་གསར་རྙིང་གི་རྒྱུད་ལུང་རྣམས་ལས་གསལ་ཀྱང་འདིར་རྟ་མགྲིན་ཡང་གསང་གི་ཆ་ལག་སྦས་པ་མིག་འབྱེད་ལས་གསུངས་པ། ནས་བཟང་འབྲས་ཕྱེ་ཞིམ་པོ་འོ་མས་སྦྲུས་པའི་ཟན་ཟོས་ལ་སྐོམ་ན་ཆུ་གཙང་བཏུང་། ཟས་གཞན་སྤངས་པའི་དྲི་ཆེན་ཐོ་རངས་སམ་སྔ་དྲོ་བཏང་། དེའི་རྩེ་ཅུང་སྤངས་ལ་བར་གྱི་ཆ་བླངས་སྟོན་སེར་དུས་སུ་རྡོ་ལེབ་གཙང་མའི་སྟེང་ཤིང་བུས་གཏུབ་སྟེ་རུལ་


MR11_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མེད་པར་བསྐམ་པ་དང་། མུ་དྲ་སྔོ་བསང་མ་དང་སྦྱོར་བའི་བྱང་སེམས། སྐྱེས་དར་སྙིང་རྩལ་གཡུལ་དུ་བསད་པའི་ཤ་ཆེན་ནམ་དེའི་དངས་མ་ཀླད་པ་གང་རུང་། བུད་མེད་དར་མ་སྔོ་བསང་མ་ཆགས་པ་སྐྱེས་དུས་ཀྱི་ཟླ་མཚན་དང་། སྐྱེས་པ་ལོ་བརྒྱད་ལོན་པའི་དྲི་ཆུ་གདུས་པའི་ཁཎྚ་ལྔ་ནི་བདུད་རྩི་ལྔ་ཡིན་ལ། དེ་ཡང་སྦྱར་ཚད་ནི། བྱང་སེམས་དཀར་དམར་དང་དྲི་ཆེན་ཐུར་མ་རེ་རེ། ཀླད་དང་དྲི་ཆུའི་ཁཎྚ་སོ་སོ་ནས་ཐུར་མ་གཉིས་རེ་བྱ་ཞིང་། དེའི་ཡན་ལག་སྐྱོབ་དུ། ཉེ་ཤིང་། ཨ་རུ། གཟེ་མ། ར་མོ་ཤག །བཅུད་ལེན་གྱི་སྨན། མཚེ་མཁན་པ་བ་ལུ་ཤུག་འབྲུ་རྣམས་དགུན་མི་སྐམ་བས་ཚེ་ཡི་རྫས། ཅོང་ཞི་བྲག་ཞུན་གྱིས་རྒས་སྲབས་དེ་རྣམས་ཞིབ་པར་བཏགས་པ་མར་གྱིས་འབོལ་ཙམ་བཏགས།བདུད་རྩི་ལྔ་སྐྱོབ་དང་བཅས་པའི་སུམ་ཆ་གཉིས་ཀྱི་ཚད་ཙམ་གྱི་ཀ་ར་བུ་རམ་སྦྲང་རྩི་སྟེ་མངར་གསུམ་སོ་སོ་ཆ་མཉམ་པ་བཏགས་ཆང་གིས་རླ་བ་བྱས་འདམ་འཐག་རིལ་བུ་སྲན་ཕོས་ཙམ་དུ་དྲིལ་ལ་གྲིབ་བསྐམ་བྱ། དེ་ནས་ཐོད་བཟང་ནང་དུ་བླུགས་ལ་དེར།རིགས་ལྔ་ཡབ་ཡུམ་བསྐྱེད་ཅིང་། སྦྱོར་མཚམས་ནས་བྱང་སེམས་དབབ་པས་བདུད་རྩི་འཁྱིལ་བར་དམིགས་ལ། ཨོཾ་ཧཱུྃ་ཏྲྂ་ཧྲཱིཿཨཱཿ ཨོཾ་ཨཱ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཞེས་ཞག་གསུམ་མམ་ལྔའམ་བདུན་དུ་བཟླས། རྟགས་མཐོང་ནས་དངོས་གྲུབ་བླངས། དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་བྱང་སེམས་ལྔས་རིམ་བཞིན། རླུང་སོགས་ནད་ལྔ་སེལ། ཐུན་མོང་གི་དགོས་པ་ལྔ་འགྲུབ། ཡང་དགོས་དང་། མཐར་ཐུག་རིགས་ལྔ་འགྲུབ། སྐྱོབ་ཀྱི་ཕན་ཡོན་བྲག་ཞུན་གྱི་ལུས་ཀྱི་རཀྟ་འཕེལ།


MR11_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རུས་འདུས་ནད་སེལ། ར་མཉེས་རླུང་གི་རིག་འཛིན་ཐོབ། ཉེ་ཞིང་གིས་ལུས་ནད་སེལ་ཞིང་ཚེ་འགྲུབ། འོ་མ་དང་མར་གྱིས་མི་རྒས། སྦྲང་རྩིས་བཀྲག་མདངས་མི་ཉམས། བུ་རམ་གྱིས་རྩ་མི་སྐམ་ཞིང་ཤི་བ་རོ་འདྲ་ཡང་སོས། ཐབས་འདིས་ནད་གྲོལ། གདོན་སྲུང་། ལྷ་ཞལ་མཐོང་། མཆོག་ཐུན་དངོས་གྲུབ་ཐོབ། འཆི་མེད་འགྲུབ། མཁའ་སྤྱོད་དུ་འགྲོའོ་ཞེས་གསུངས། གསང་བདག་དྲེགས་འདུལ་གྱི་ཡོན་ཏན་སྒྲུབ་པ་ལ། དྲི་ཆེན་གྱིས་སྐྱོ་བ་སྤོས་ཆེན། དྲི་ཆུའི་གླ་རྩི།ཤ་ཆེན་གྱི་ཤིང་ཀུན། བྱང་སེམས་ཀྱི་ཅུ་གང་། རཀྟའི་གུར་གུམ། གཞི་ལྔ་ནི་ཤ་ཆེན་གྱི་གཞི་ཀ་ར། དྲི་ཆུའི་མར། མཱཾ་སའི་བུ་རམ། བྱང་སེམས་ཀྱི་འོ་མ། རཀྟའི་སྦྲང་རྩིའོ། །དྲི་ཆེན་གྱི་སྐྱོབ་ཏུ། ཛ་ཏི་དཔྱད། གླང་ཆེན་རྟ་བ་ལང་མི་ཁྱིའི་ཤ་བཅས་སོ། །དེ་ལྟར་རྩ་བ་བདུད་རྩི་ལྔ་ཞོར། སྐྱོབ་བམ་གྲོགས་དེའི་ཉིས་འགྱུར། གཞི་རྣམས་དེའི་ཡང་ཉིས་འགྱུར་བྱས་པ་བདུད་རྩི་ཁྲོལ་བུ་བཞག་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་དང་བདུད་རྩིར་བསམ། དེ་ལ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བདུད་རྩིའི་ཆར་བབ་པར་བསམ་ལ། ཨོཾ་ཧཱུྃ་ཏྲྂ་ཧྲཱིཿཨཱཿ ཞེས་འབྲུ་ལྔ་བཟླས་པས་འགྲུབ། ཡང་ན་ལྷ་གང་ཡིན་གྱི་སྔགས་ཤམ་འབྲུ་ལྔ་བཏགས་ཏེ་བཟླས་པས། འོད་དང་དུ་བ་འཕེལ་བའི་རྟགས་བྱུང་ནས་ཆང་གིས་སྦོལ་ཏེ་འདམ་འཐག་གྱིས་རིལ་བུའོ། །དེ་ཟོས་པས་རིགས་ལྔ་ཡེ་ཤེས་ལྔ་འགྲུབ། ཚེ་ཉི་ཟླ་དང་མཉམ་པ་སོགས་ཕན་ཡོན་ཚད་མེད་པ་འཐོབ་བོ་ཞེས་གསུངས། དུས་འཁོར་ལས་གསུང་བདུད་རྩི་ལྔའི་སྦྱོར་བ་ནི། ནང་དུ་བཤང་བ་དང་ཕྱི་རོལ་


MR11_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསེར་མུ་ཟི་ཆ་མཉམ་པ་དང་། དེ་བཞིན་ཏུ་གཅིན་དང་བྷྲྀང་གི་རཱ་ཛ། པདྨ་རཀྟ་དང་ལྷང་ཚེར་ནག་པོ། ཁུ་བ་དང་དངུལ་ཆུ་དག་པར་བྱས་པ། མིའི་ཤའམ་རྐང་དང་འབྲས་བུ་གསུམ་སྟེ། ཕྱི་ནང་གི་བདུད་རྩི་ལྔ་པོ་ཟུང་རེ་ཆ་མཉམ་པ་སྟེ། ནང་གསེས་སོ་སོའི་ཚད་ནི་ཕྱི་ནང་གི་གཤང་བ་མཉམ་བྱས་ཆ་གཅིག །ཤའམ་རྐང་ཆ་གཅིག་ལ་རྐང་པས་དམན་པ་དང་ཁྲག་ཆ་ཕྱེད། ཁུ་བ་རྐང་པ་གཅིག་རྣམས་གཅིག་ཏུ་སྦྱར་ཏེ་བཏགས་ནས་གཅིག་གིས་ལན་བདུན་བར་དུ་ཉི་མ་ལ་ཡང་སྐམ་པ་ཡང་ན་འཐག་བྱས་པ། གསེར་ཞོ་གཉིས་ཀྱི་བུང་ཙམ་མར་དང་སྦྲང་རྩི་བཅས་ཉིན་བཞིན་ཟོས་ན་ཟླ་བ་དྲུག་གི་མཚམས་སུ་ཚེ་འགྲུབ་གསུང་། མི་རྟ་གླང་ཆེན་བ་ལང་ཁྱི་རྣམས་ཀྱི་ཤ་ལྔ་པོ་ཆ་མཉམ་སྦྲང་རྩི་དང་སྦྱར་ཏེ་ཟོས་པས་ནད་མཐའ་དག་སེལ་ཞེས་གསུངས། འདི་རྣམས་གཙོ་བོར་བཅུད་ལེན་དུ་གྱུར་པའོ། །མདོར་ན་གོ་ཀུ་ད་ཧ་ན་ཞེས་བ་གོ་ལང་དང་ཀུ་ཀུ་ཁྱི་དང་དནྟ་གླང་ཆེན་དང་རྟ་མི་ཧ་མ་ཡི་ནོར་ཤ་ལྔ་ནི་སྒྲོན་མ་ལྔ་ཡིན་ལ། བེ་མུ་མར་ཤུ་ཞེས་ནིཥྡྲ་བཤང་བ་དང་མ་ཏྲ་གཅི་བ་དང་།མ་ཡི་སྒྲ་ལས་མཱཾ་ས་ཤ་ཆེན་ནམ། མ་སྟ་ཀླད་པ་སྟེ་ཤ་ཆེན་གྱི་དངས་མའམ། མཪྫ་རྐང་གསུམ་གང་རུང་ཆོད་ལ། ལུད་པ་ཤེལ་འདྲ་བས་ཀྱང་ཆ་འདྲ་རུང་ངོ་། །རཀྟ་པདྨ་རཀྟ། ཤུ་དྲ་ཁུ་བ་བྱང་སེམས་དཀར་པོ་ལྔ་ལ་བདུད་རྩི་ལྔ་ཞེས་བྱ་སྟེ། ཤ་ལྔ་དང་བདུད་རྩི་ལྔ་པོ་འདི་སྐྱོབ་དང་འཕྲོད་ཀྱི་སྨན་དང་བཅས་པ་ཚུལ་བཞིན་སྦྱར་ཏེ་ཁྲོལ་བུ་ལ་རིགས་ལྔ་ཡེ་ཤེས་ལྔའི་བྱིན་རླབས་བྱ་ཞིང་སླར་འདུམ་བཏགས་བྱས་པའི་རིལ་བུ་སྦྱང་སྦེལ་བསྒྱུར་ནས་ཡེ་ཤེས་ཀྱི་བདུད་


MR11_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་བྱིན་རླབས་གཞུང་ལྟར་ཚད་ལྡན་བྱས་པ་ནི་བདུད་རྩི་རིལ་བུ་ཞེས་བྱའོ། །དེ་ལྟར་བདུད་རྩི་ཆོས་སྨན་ནམ་བདུན་རྩི་རིལ་བུ་ནི་ནང་མཆོད་དང་སྨན་གྱི་རྫས་ཏེ། ཤ་ལྔ་བདུད་རྩི་ལྔ་དེ་དག་ཡེ་ཤེས་ཀྱི་བདུད་རྩིར་སྦྱང་རྟོགས་སྦར་བཞུ་སོ་སོའི་གཞུང་ལྟར་བྱའོ། །རཀྟའི་རྫས་རུ་རྩི་དམར་མོ་བཅུད་འདུས་ཉི་མའི་ཐིག་ལེ་ནི། དགོངས་འདུས་ལས། རྩ་བ་བརྒྱད་སྐྱོབ་ལྔ། ཡན་ལག་སུམ་ཅུ་དངོས་སུ་བསྟན་ཅིང་ཤུགས་ལས་རྒྱས་པར་ཕྱེ་ན་རྩ་བརྒྱད་སྟོང་སྦྱར་སོགས་ཡོད་པར་བསྟན་པ་ཡིན་ཞིང་།སྔོན་གྱི་ཕྱག་ལེན་དུ་རྩ་བ་བརྒྱད། ཡན་ལག་ཉེར་ལྔ། སྐྱོབ་ཀྱི་ཁ་སྐོང་བཅས་རཀྟའི་རྫས་སོ་ལྔ་གསུངས་པ་ནི། རཀྟའི་རྩ་བ་བརྒྱད་ནི་མཁའ་དབྱིངས་རྣམ་དག་པདྨ་རཀྟ་ཞེས་པར་བ་མཁའ་འགྲོ་མཚོ་རྒྱལ་སོགས་ཌཱཀིའི་པདྨ་ལས་བྱུང་བའི་རཀྟ། དེ་ལྟར་མིན་ཡང་མི་ཡི་རྣལ་འབྱོར་མ་མཚན་ལྡན་གྱིའམ། ཕལ་པ་རིགས་བཟང་སྐྱེས་པས་མ་བསླད་པའི་བུ་མོ་གཙང་མར་དང་པོར་དབང་པའི་ཟླ་མཚན་ནམ། རིགས་བཟང་ནད་མེད་ཀྱི་ཟླ་མཚན་གང་རྙེད་དང་། མ་རྙེད་ན་ཚབ་གནས་ཆེན་གྱིས་སིནྡྷུ་རའོ། །སྲིད་པའི་རཀྟ་བྲག་ཞུན་ཏེ་སྔོན་ཡུམ་བཞིའི་ཟླ་མཚན་ལས་བྱུང་བའོ། །གུ་ཧྱ་མུ་ལ་རཀྟ་ཞེས་པ་མི་རྒན་དུས་སུ་ལོ་ཟད་ནས་ཤི་བའི་སྲོག་རྩ་སྙིང་ཁྲག་ལ་རྟེན་འབྲེལ་བཅུ་གཉིས་ཚང་བས་རྟེན་འབྲེལ་བཅུ་གཉིས་མུ་ལ་རཀྟ་ཞེས་བཤད་དོ། །དེ་གསུམ་རྩ་བར་བྱས་ནས་དེའི་སྐྱོབ་ཏུ། ཙན་དན་དམར་པོ། གུར་གུམ། ལི་ཤི ཛཱ་ཏི། སྲེ་འབྲུ། སྲིན་ཤིང་སྣ་མ། སྟར་བུ། སེ་བའི་མེ་ཏོག་དམར་པོའམ་འབྲས་བུ། རྡོ་དྲག་དམར་པོ། བྱེ་རུག་པ་དམར་པོ་བཅས་སོ། །


MR11_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡན་ལག་ཏུ་སྲོག་མ་བཅད་པའི་རཀྟ་ཉེར་ལྔ་གྲགས་པ། རྡོའི་རཀྟ་ལྔ་ནི། མཚལ། ལྡོང་རོས་དམར་པོ། བཙག མདུང་རྩེ་སྨུག་པོ། སྨུག་པོ་སྦལ་རྒྱབ་ལྔའོ། །ཤིང་གི་རཀྟ་ལྔ་ནི། རྒྱ་སྐྱེགས།བཙོད། སེང་ལྡེང་། བཙན་དུག ཐར་ནུ་ལྔའོ། །རྩའི་རཀྟ་ལྔ་ནི། གླ་རྩི། གོ་བྱི། བུ་རམ། འབྲི་མོག །སྦྲང་རྩི་ལྔའོ། །འབྲུའི་རཀྟ་ལྔ། རྒུན་འབྲུམ། སྐྱེར་དམར་མར་སྟར་འགྲུ་དཔྱད་འབྲུ། སྐྱུ་རུ་ར། ར་ཤག་དམར་པོ། ནས་ནག་ལྔའོ།མེ་ཏོག་གི་རཀྟ་ལྔ་ནི། ཨུག་ཆོས། ལུག་རུ་སྨུག་པོ། སྲན་མའི་མེ་ཏོག མ་ནུ་ཁྲག་ཅན་འདྲ་མེ་ཏོག་ཧ་ལོ། རམ་བུ་བཅས་སོ། །འཁོར་བ་རྒྱུའི་རཀྟ་ཞེས་བསྒྲལ་བྱའི་རྒྱུ། ལྔ་སོགས་སྲོག་ཆགས་ལས་བྱུང་བའི་དམར་རམ་ཁྲག་སྣ་གཙང་མ་རྣམས་སྦྱར་བའི་རིལ་བུ་གྲུ་གསུམ་བྱས་ལ། གི་རྟིའི་མཁའ་ནས་དམར་ཆེན་རྒྱུད་ལས། ཞེ་སྡང་མི་དང་གཏི་མུག་གླང་། །ང་རྒྱལ་རྟ་དང་འདོད་ཆགས་བྱ། །ཕྲག་དོག་ཁྱི་དང་རྣམ་པ་ལྔ། །སྒྲོལ་བའི་རྒྱུ་ལྔ་བསྟན་པ་ཡིན། ཞེས་གསུངས། བྱ་ཡི་ཚབ་ཏུ་བ་ལང་བྱེད་ཡོངས་གྲགས། བབ་ཅིང་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པ་ལ་འཁོར་འདས་ཀྱི་རཀྟ་དང་བདེ་ཆགས་བསྟི་མ་ཏེ་རཀྟའི་སྔགས་དམིགས་ཀྱིས་བྱིན་རླབས་བྱའོ། །གཏོར་མའི་རྒྱུ་ནི་བྱ་སྤྱོད་ལ་དཀར་གསུམ་མངར་གསུམ་ཟས་སྣ་གཙང་མ་ཤིང་ཐོག་སོགས་སོ། །བླ་མེད་ལ་ནི་གཙོ་བོར་ཤ་ལྔ་བདུད་རྩི་ལྔ་བསྲེ་ཞིང་གཏོར་མའི་སྤོད་སྨད་དུ་གྲགས་པ། ཤ་ལྔ་བདུད་རྩི་ལྔའི་རིལ་བུའམ་ཆོས་སྨན་དང་། སྲོག་ཆགས་གཙང་མའི་གློ་མཆིན་མཚེར་མཁལ་མ་རྒྱུ་མ་སོགས་ནང་གྲོལ་ཁྲོད་ལྔ་ཡི་དུམ་བུ།


MR11_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་རྐང་མར་ཞག་རུས་པ་ཀླད་པ་ལྔ། མིག་རྣ་སྣ་ལྕེ་སྙིང་སྟེ་དབང་པོ་ལྔ། སྟར་རྒུན་འབྲུམ་ཁམ་བུ་ཨམྲ་སོགས་ཤིང་ཐོག་སྣ་ཚོགས། དུག་རིགས་མིན་པའི་མེ་ཏོག་སྣ་ཚོགས། འབྲས་བུ་གསུམ། བཟང་པོ་དྲུག་ག་བུར་སོགས་བཤལ་རིག་པ་མིན་པའི་སྨན་སྣ། ནས་འབྲས་གྲོ་སྲན་ཁྲེ་ཏིལ་སོ་བ་ཡུངས་དཀར་ཙི་ཙི་སོགས་འབྲུ་སྣ། ཞོ་ཐུད་མར་ཕྲུ་མལ་དུ་ལ་ཕུག་སོགས་ཟས་སྣ། ཀ་ར་བུ་རམ་སྦྲང་རྩི་སོགས་མངར་རིགས། རྩི་བོ་ཆེ་སྒ་སྐྱ་པི་ལིང་ཕོ་བ་རིས་འུ་སུ་གོ་སྙོད་ལན་ཚྭ་གཡེར་མ་སོགས་སྤོད་ཀྱི་རིགས། རི་ཀླུང་གི་ཤ་མོ་དང་སྒོག་ཙོང་གི་རིགས་དང་མདོར་ན་བཟའ་བཅའ་བཏུང་བ་ཡིད་དུ་འོང་ཞིང་གཙང་ལ་འོས་པ་ཅི་རིགས་སྦྱར་ཏེ་གཏོར་མ་བྱིན་རླབས་ཀྱི་སྔགས་དམིགས་ཀྱིས་ལེགས་པར་བསྒྲུབ་པར་བྱས་བའོ། །འཆི་མེད་ཚེ་ཡི་རིལ་བུ་ཕལ་ཆེར་ཤ་ལྔ་བདུད་རྩི་ལྔ་དང་། རྩི་བཞི་དྭངས་མ་ལྔ་ཞེས་པའི་བདུད་རྩི་བཞི་ནི། ཤུག་འབྲུ་བ་ལུ་མཚེ་དང་མཁན་པ་བཞི། །དགུན་མི་སྐམས་པ་ཚེ་ཡི་གསོས་སུ་འགྱུར། །ས་ཡི་དྭངས་མ་བྲག་ཞུན་ཤ་ཡི་གསོས། །རྡོ་ཡི་དྭངས་མ་ཅོང་ཞི་རུས་པའི་གསོས། །ཤིང་གི་དྭངས་མ་བུར་མ་སྟོབས་ཀྱིས་གསོས། །མེ་ཏོག་དྭངས་མ་སྦྲང་རྩི་མདངས་ཀྱི་གསོས། །རྩི་ཡི་དྭངས་མ་མར་དཀར་བཅུད་ཀྱི་གསོས། །ཞེས། བདུད་རྩི་སྙིང་པོའི་རྒྱུད་ལས་གསུངས་པ་འདི་རྣམས་གཙོ་བོར་བྱས་ནས་སྨན་གཞན་ཁ་བསྐང་པ་དང་ཕབ་རྒྱུན་ལྡན་པ་བསྒྲུབ་པར་བྱ་བ་ཡིན་ལ། རཏྣ་གླིང་པའི་གཏེར་བྱོན་ཚེ་སྒྲུབ་གསང་འདུས་ལས། གཞི་འབྲས་བུ་གསུམ་ལ་བྱས་ཏེ། བྱང་སེམས་དཀར་དམར། དབང་ལག །རྟག་ངུ་། ཅོང་ཞི། བྲག་ཞུན། ཅུ་གུར་ལི་གསུམ། གི་ཝཾ། ཤིང་མངར།


MR11_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

གོ་སྙོད། རྩ་ཨ་བ། ཙན་དན་དཀར་དམར། ཨ་གར་འབའ་ཞིག །དཔྱིད། དངུལ་ཆུ་དུག་ཐོན་མུ་ཟི་སེར་པོ་སྦྱར་བ། ར་མཉེ། ཉེ་ཤིང་། ཤུག་འབྲུའི་ཁཎྜ། གླ་རྩི། ཨ་མྲྀ་ཏ་བླ་མའི་བདུད་རྩི་དྲི་ཆུ་རྣམས་མངར་གསུམ་སྦྱར་བའི་རིལ་བུ་སྲན་ཚད་བྱ་ཕབ་རྒྱུན་ཚད་ལྡན་བསྲེ ། བདག་མདུན་ཚེ་དཔག་མེད་པར་གསལ། །རིལ་བུ་རེ་རེ་ཧྲཱིཿརེར་བསྒོམ། །དེ་སྙེད་ཚེ་དཔག་མེད་དུ་གསལ། །ཐུགས་ཀའི་ཧྲཱིཿཡི་འོད་ཟེར་གྱིས། །སྲིད་ཞིའི་ཚེ་བཅུད་བསྡུས་ལ་བསྟིམ། །ཨོཾ་ཨཱ་ཿཧཱུྃ་བཛྲ་གུ་རུ་ཨ་ཡུ་ཛྙ་ན་ཧཱུྃ་བྷྲཱུྂ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཡིག་འབྲུ་ཉི་ཤུ་པ་འདི་ཞག་བདུན་བཟླ། ལྟོ་སྟོང་རིལ་བུ་ལྔ་རེ་བཟའ། དེས་ཚེ་འཕེལ་འཆི་མེད་འགྲུབ་གསུངས་སོ། །ཡང་དཔེ་གཞན་ནས་ཚེ་རྫས། བ་དམར་འོ་མ།ཅོང་ཞིའི་ཆུ། ག་བུར། ཅུ་གང་། གི་ཝཾ། ལྔ་ཚན་ལྔའི་རྫས། མུ་ཏིག ཤེལ། དངུལ། ཡུམ་མཚན་ལྡན་དང་སྦྱོར་བའི་བྱང་སེམས། བུ་མོ་ལོ་བཅོ་ལྔ་མའི་མངལ་ཁྲག །ཙན་དན་དམར་པོ། གནོད་སྦྱིན་གངས་ཀྱི་ཆུ། གནམ་ཆར་ཁ་བའི་ཆུ། སེར་བ་ཀྲུའི་ཆུ། རྩི་ལི་མར། མངར་གསུམ། ཨ་མྲྀ་ཏ། རྒུན་འབྲུམ། བུ་རམ་བཅས་སོ། །ཞེས་བཤད། རཏྣའི་སྐྱེ་བདུན་རིལ་སྒྲུབ་ལ་དལ་འབྱོར་ལྡན་པའི་གྲུབ་ཐོབ་བདུན་གླང་ངེས་དྲན་པའི་ཤ་སྲན་མ་ཙམ།གཙོ་བོ་ལ། བཟང་དྲུག །གླ་རྩི། ཨ་མྲྀ་ཏ། གྲུབ་ཐོབ་ཀྱི་ཤ་སྣ་ཚོགས་གང་རྙེད། བྱིན་རླབས་ཀྱི་རྫས་ཚད་ལྡན་དང་། མེ་ཏོག་རྟག་ངུ་རྣམས། དབང་ལག་འབྲས་ཕྱེ་ཕུལ་རེ་སྦྱར་བ། ནུས་ལྡན་སྔགས་པ་གྲུབ་ཐོབ་སམ། ཁྲིམས་ལྡན་


MR11_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཆུ་དང་སྦྱར། གཞན་གསང་རྫས་རྒྱལ་རིགས་ཀྱི་བུ་ཆུང་དང་བྱ་རྒོད་ཀྱི་ཤ་ཡོད་ན་མཐེབ་རྩེ་ཙམ་རེ་བསྲེ། མཚལ་སྐྱེར་ཁན་གུར་གུམ་གྱིས་མདོག་ཁ་བསྒྱུར། བདག་མདུན་ཐུགས་རྗེ་ཆེན་པོ་བསྐྱེད་ལ་ཡིག་དྲུག་བཟླ། དེ་ནས་སྣང་སྲིད་ལྷར་གསལ་ཞིང་འོད་ཟེར་སྤྲོ་བསྡུས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་དབབ་ལ་བསྟིམ། རྩ་སྔགས་དང་། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུྂ་ལཱྂ་མཱྂ་པཱྂ་ཏཱྂ། སརྦ་ཏ་ད་ག་ཏ་མ་ཧཱ་པཉྩ་ཨོཾ། ཨཱ་ཡུར་ཛྙཱ་ན་མ་ཧཱ་པུཎྱ་ཏིཥྠ་ཨོཾ། ཞེས་བསྒྲུབ་བར་བྱའོ། །ཞེས་གསུངས། གཞན་འཇམ་དབྱངས་སྨྲ་སེང་གི་ཤེས་རབ་རི་བུ་དང་། དབྱངས་ཅན་དཀར་མོའི་ཤེས་རབ་རིལ་བུ་དང་། དབྱངས་ཅན་སྨན་མར་སོགས་ལྷ་སོ་སོའི་སྒོ་ནས་ལས་སོ་སོ་རབ་འབྱམས་སྒྲུབ་བའི་རིལ་བུ་བསྡུ་སྒྲུབ་རྣམས་སོ་སོའི་གཞུང་ལས་ཤེས་པར་བྱའོ། །རཏྣ་གླིང་བའི་ཐུགས་སྒྲུབ་ཀྱི་གཏེར་ཁ་ནས་བྱུང་བ་ཚོགས་ཆང་གི་རྫས་ནི། ཤ་ལྔའི་གཙོ་བྱས་ཤ་སྣ་ཚོགས་ཚད། བདུད་རྩི་ལྔའི་གཙོ་བྱས་ཚོགས་ཀྱི་དམ་རྫས་དང་ཟས་སྣ་ཚོགས། ཨ་མྲྀ་ཏ་ཁྱད་པར་ཅན། བཟང་དྲུག་སོགས་སྨན་སྣ་ཚོགས་ཚད། ཤིང་ཐོག་མེ་ཏོག་དང་འབྲུ་སྣ་གསུམ་ཚོགས་ཚད། རིན་ཆེན་ལྔ་སོགས་རིན་ཆེན་ཅི་འབྱོར་པཉྩ་སྟེ་ཆང་དང་སྦྱར། གསང་ཡུམ་མམ་བུ་མོ་གཙང་མས་རིལ་བུ་སྦྱར་ཐོད་པ་དུམ་བུ་གཅིག་པའི་ནང་བཀང་ལ། ཚེས་བཅུའི་སིནྡྷུ་རའི་དཀྱིལ་འཁོར་བྱས་པའི་དབུས་སུ་བཞག མེ་ལོང་ལ་སིནྡྷ་རས་ཆོས་འབྱུང་ཉིས་བརྩེགས་དཔའ་མོའི་ས་བོན་བྲིས་པས་ས་བཅད། ཐོད་པ་ལག་


MR11_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བླངས། གཡས་ཀྱིས་ཆོས་འབྱུང་དང་ཨོཾ་ཨཱཿཧཱུྃ་དང་བཾ་བྲི་འང་སྣང་། མཆོད་གཏོར་སོགས་བཤམས། ཚེས་བཅུའི་མཆོད་པ་གཞུང་བསྲང་། མདུན་གྱི་རིལ་བུ་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གི་སྦྱོར་བས་བཞུ་བཏུལ་བྱ་བ་སྨན་བདུད་རྩི་ལྟར་བསྒྲུབ། ཁ་ཆོད་སིནྡྷུ་རའི་དཀྱིལ་འཁོར་ལས་ཡེ་ཤེས་པ་རྣམ་གཉིས་བདེ་སྦྱོར་བས་བྱང་སེམས་བདུད་རྩི་བབ། དམིགས་པ་གསལ་ལ་ངག་བཅད་དེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དྷ་ལི་སཱ་ཧཱ།བཟླ་ཞིང་དུས་གསུམ་མཆོད་སོགས་བྱ། ཞག་བདུན་ནམ་བཅུ་བཞི་སོགས་སུ་བསྒྲུབ། དྲི་ངས་འབྱུང་བ་དང་འཕེལ་བ་སོགས་འཕར་གཡོའི་རྟགས་འབྱུང་གི་བར་དུ་བསྒྲུབ་ནས་རྫས་དང་ཐོད་པ་དར་དམར་དྲིལ། མི་ལྤགས་ཀྱི་རྐྱལ་བུར་གསང་ལ་འཆང་དམ་རྫས་མཆོག་གི་རིལ་བུ་འདི་ཚོགས་གཏོར་དང་བདུད་རྩི་ལ་སྦྱར་ན། གྲོག་མའི་ཁ་གང་ལ་མཁའ་འགྲོ་འབུམ་ཕྲག་འདུ་ཞེས་གསུངས་སོ། །བདུད་རྩི་ལག་མཆོད་བྱ་ན། རྡོ་རྗེ་ཕག་མོ་ཆང་གི་ལྷ་མོ་ཡིན་པས་འདིར་ལྟར་མཆོད་པར་བྱ་སྟེ། དུམ་གཅིག་ཐོད་ནང་མར་བྱུག་ལ་ཆང་བཟང་དམ་རྫས་བཅས་བླུག་ལ་ཆང་ཁྱིམ་སྟེང་དུ་བཞག་རིགས་བཟང་བུ་མོའི་མེ་ལོང་ལ་སིནྡྷུ་ར་དང་ཆང་སྦྱར་བས་ཆོས་འབྱུང་མཁའ་འགྲོའི་སྙིང་པོ་བྲིས་པ་པྲ་རྩིའི་མནན་ཏེ་ཆུས་མི་འཇུག་པར་བྱས་པས་ཐོད་པའི་ཁ་བཅད་ཀ་པ་ལ་ལག་གཡོན་བླགས། གཡས་ཀྱི་མེ་ལོང་ལ་ཆོས་འབྱུང་ཨོཾ་ཨཱཿཧཱུྃ་དང་བཾ་བྲིས་ལ། ཆང་གི་ནང་དུ་བཾ་ལས་ལྷ་མོ་དམར་སེར་གཅེར་བུ་གྲི་ཐོད་ཅན། ལྟེ་བ་ཡན་ཆད་བདུད་


MR11_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་སྟེང་དུ་འཐོན་པ། དེའི་མཐར་དབྱངས་གསལ་བསྐོར། དེའི་སྤྱི་བོར་ཟླ་སྟེང་ཨ་དཀར་པོ་ལ་ཨཱ་ལི་ཀཱ་ལིས་བསྐོར་བ་དེའི་འོད་ཀྱིས། འཁོར་འདུས་ཀྱི་བདུད་རྩི་བཀུག དབྱངས་གསལ་ལ་ཐིམ་ནས་འོད་དུ་ཞུ་ལྷ་མོའི་སྤྱི་བོར་ཞུ་ཞིང་ཐིམ་པས་ཤིན་ཏུ་བདེ་བ་རྒྱས། དེའི་འོད་ཀྱིས་སིནྡྷུ་རའི་ལྷ་ལ་མཆོད་པས་བདེ་བ་རྒྱས། དེའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་དབབ་པར་བསམ་ཞིང་ལྷ་ཐམས་ཅད་ཀྱི་ཞལ་ནས་ཛབ་དབྱངས་ལྡི་རི་རི་བཟླས་པར་དམིགས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དྷ་ལི་ཧཱུྃ་ཧྲཱིཿཋཿ པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཿ ཞེས་བཟླས། མཐར་ལྷ་དང་ཡིག་འབྲུ་ཐམས་ཅད་འོད་དུ་ཞུ་བདུད་རྩིར་གྱུར་པར་བསམ། རང་གི་ལྕེ་རོའི་ལྷ་མོར་བསྒོམ་ནས་རྩ་གནས་ཀྱི་ལྷ་མཆོད་པར་བསམ་ཕ་རོལ་བས་མཁའ་འགྲོ་མཉེས་པར་འགྱུར་རོ། །རྡོ་རྗེ་ཕག་མོ་ཆང་གིས་མཆོད། །དམ་ཚིག་ཌཱ་རུ་དྲིལ་བུ་དཀྲོལ། །རྐང་གླིང་འབུད་ཅིང་ཉམས་སྤྲོ་ནས། །གླུ་ལེན་གར་བྱེད་སོགས་བྱས་ན། །ཌཱ་ཀི་ཤིན་ཏུ་མཉེས་གྱུར་ནས། དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད། །ཅེས་གསུངས། འདི་ཡང་རཏྣའི་གཏེར་ཁ་ལས་སོ། །གོང་གི་བྱིན་རླབས་ཆང་འདིས་སྒྲུབ་ན་ལེགས་སོ། །མཁའ་འགྲོའི་འབོད་རྫས་ཁྱད་པར་ཅན་ནི། ཕོ་མོ་དར་མ་གྲིར་ཤི་བའི་བརླ་རྐང་གཉིས་ལས་བཟོས་པའི་རྐང་དུང་གི་ཁ་ལ་ཆུ་སྲིན་གྱི་ཁ་བྱ། རང་གི་བྱང་སེམས་དང་རིགས་བཟང་གི་པད་རག་གིས་མཐིང་ཤོག་ལ་མཁའ་འགྲོའི་ས་བོན་དང་བརྡ་སྐད་སྔགས་བྲིས་ཏེ་དུང་ཆེན་གྱི་ཆུ་སྲིན་ལྔའི་ནང་དུ་སྦྱིན་གྱིས་སྦྱར་བ་སྒྲགས་པ་ཙམ་ནས་དཔའ་བོ་མཁའ་འགྲོ་ཐམས་ཅད་དབྱིངས་


MR11_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐུལ་ཏེ་དབང་མེད་ཐོད་རྒལ་དུ་འདུ། ས་བོན་བོ་མོ་ཡིག་བརྒྱད་དང་མཁའ་འགྲོའི་བརྡ་ནི། ཧ་རི་ནི་ས་ར་ཙ་ཧྲཱི་ཡཿ ཨ་བེ་ཤ་ཡ་ཨ་ར་ལི་ཧོཿ བཛྲ་ས་མ་ཡ་ཕེཾ་ཕེཾ་ཧྲིང་ཧྲིང་། ཛཿཧཱུྃ་བྂ་ཧོཿ ཞེས་སོ། །ཞོར་ལ་རབ་གནས་བྱ་སྟེ་གསང་བའི་དུང་ཆེན་ནོ། །ཡང་ཁྱེའུ་རིགས་བཟང་གཙང་མ་ལོ་བརྒྱད་པ་ཅན་གཉིས་ཀྱི་བཅུ་དྲུག་ལྟག་སྤྲོད་རབ། མིན་ཕོ་མོ་གང་རུང་ལྟག་སྤྲོད་ལ། དམ་རྫས་པཉྫ་ཨ་མྲྀ་ཏ་དང་མཚལ་དཀར་གྱིས། ཕོ་ལ་ཕོ་ཡིག་ལྔ། མོ་ལ་མོ་ཡིག་ལྔ་བྲི། གཞན་ཡང་རྩ་གསུམ་སྔགས་འདོད་གསོལ་སྨོན་ལམ་བཅས་པ་བྲི། ནལ་བུའི་ལྤགས་བས་གཡོགས། མི་ཡི་སེན་མོའི་རྣ་བ་བྱས་པར་རབ་གནས་བྱས་ནས། གཏོར་མ་དང་ཚོགས་ཀྱི་དུས་སུ་བཀྲོལ་ན་ལན་གཅིག་གི་དཔའ་བོ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པར་འདུའོ། །འདི་ནི་གསང་བའི་རྔའོ། །ཡང་ན་སེང་ལྡིང་དམར་པོའི་ཅང་ཏེའུ་མ་ཁྱིད་གང་སོགས་ལ་འཁོར་ལོ་བྲི་རྒྱུ་མང་པོ་སྣང་ངོ་། །དེ་རྣམས་རཏྣའི་འོ། །སྤྱིར་མཁའ་འགྲོ་མི་ཡི་སྒྲུབ་རྫས་ནི། བུད་མེད་ལོ་བཞི་བཅུ་མན་ཆད། བཅུ་གཉིས་ཡན་ཆད་གྲིར་ཤི་བའི་སྙིང་དེ་ཡང་མཚན་ལྡན་དགོས་ཀྱི་བྱེ་ཡུགས་ནད་བུ་གཅོང་ཅན་གྱིས་མི་རུང་། སྐྱེས་དར་མ་ཡང་ལོ་ཚོད་དང་མཚན་ཉིད་བཟང་པ་དེ་འདྲར་གྲིར་ཤི་བའི་སྙིང་། ཕོ་མོ་མ་འཕྲད་བའི་བྱང་སེམས་དཀར་དམར་གཉིས་ཏེ་དེ་ལྟར་རྫས་བཞི་ཚན་དང་པོའོ། །ཡང་སིནྡྷུ་ར། གི་ཝཾ། ཨ་མྲྀ་ཏ་ཨེན་གཅིག །མཐིང་ཤོག་ལ་གསེར་དང་མཚལ་བསྲེས་པས་སྲོག་སྙིང་བྲིས་པ་སྟེ་རྫས་ཚན་བཞིའོ། །


MR11_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མེ་ལོང་མཐེབ་སྐོར་ཙམ་གཅིག ཐོད་པ་ལྟག་སྤྲོད་ཀྱི་ཌཱ་མ་རུ་དང་། དྲིལ་བུ། ཐོད་པ་དུམ་བུ་གཅིག་པ། རྡོ་རྗེ་ཕག་མོའི་སྐུ་དང་རྫས་ཚན་ལྔའོ། །དེ་ལྟར་བཞི་དང་ལྔ་ཡི་རྫས་བསགས་ན། རྫས་བསགས་པ་དང་འགྲུབ་པ་དུས་མཉམ་ཞེས་མཁའ་འགྲོ་སྙིང་ཐིག་ལས་གསུངས་སོ། །སྤྱིར་ལྷག་པའི་ལྷ་རྣམས་ཀྱི་སྐུ་རྟེན་བྲིས་སྐུ་ཚད་ལྡན། ཐུགས་རྟེན་སྲོག་འཁོར་བླ་རྡོ་དང་མེ་ལོང་ཤེལ་རྡོ། ཡོན་ཏན་རྟེན་ཀ་པཱ་ལ་ཚད་ལྡན། ཕྲིན་ལས་རྟེན་རྡོར་དྲིལ་དང་ཕྱག་མཚན་དར་སྣ་ལྔ་སོགས་བསགས། ཁྱད་པར་ཆོས་སྐྱོང་སོ་སོའི་བླ་རྡོ་སྲོག་འཁོར་འབོད་པ་དང་སྒྲུབ་པ་དང་མཆོད་བསྐང་གི་མཐུན་རྫས་སོགས་སོ་སོའི་གཞུང་ལས་ཤེས་པར་བྱས་ལ་དེ་དག་གི་དམ་ཚིག་གི་རྟེན་དུ་འཆང་ན་ངེས་པར་འདུ་ཞིང་འགྲུབ་བོ། །མཆོད་བསྐང་མདོས་སོགས་ལ་མཁོ་བའི་སྨན་སྣ་ནི། ཨ་བར་སྐྱུར་གསུམ། བཟང་པོ་དྲུག་གེ་སར་གསུམ། ཞོ་ཤ་གསུམ། འབྲས་སྣ་གསུམ། ག་པུར་ཙན་དན་དཀར་དམར། ཨ་ག་རུའི་རིགས། གི་ཝཾ།བྲག་ཞུན། ཅོང་ཞི། སྔོ་སྨན་རྩ་བ་ལྔ། པྲི་ཡངྐུ། རུ་རྟ། རྟག་ངུ་། ཏིགྟ། ཟིལ་པའི་རིགས། ཨུཏྤལ། ད་ལི་སོགས་དུག་རིགས་མིན་པའི་མེ་ཏོག་དྲི་བཟང་ཀླུ་དང་ས་བདག་ལ་མི་གནོད་པའི་རིགས་ཀྱིས་བུང་བསྐྱེད་པར་བྱས་པའོ། །དེ་ཡང་རྒྱས་བར་དུག་རིགས་དང་བཤལ་སྐྱུག་གི་སྨན་དང་ཀླུ་དང་ས་བདག་ལ་གནོད་པ་གླ་རྩི་ཤིང་ཀུན་གུ་གུལ་སོགས་མིན་པའི་རྩི་སྨན་འཇམ་ལ་དྲི་བཟང་གི་རིགས་ཚང་བར་བསྡུས་ཀྱང་རུང་ཞེས་བཤད། རིན་ཆེན་ཕྱེ་མ་ནི་ཤེལ་རིགས་ཀྱི་རིན་ཆེན་


MR11_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

པད་རག་བཻཌཱུཪྻ་སོགས་འབྱོར་དཀའ། འབྱོར་ན་ཅི་རིགས་དང་། ཕ་ལམ་ཚབ་རྡོ་ཀོར་ཀྫར་གྲགས་པ་དང་། གསེར་དངུལ་སྦྲང་གཤོག་ཞིབ་བརྡུངས་གཏུབ་པ་དང་། མུ་ཏིག་སོགས་གཙོ་བོར་འཛོམ་ན་མཆོག་ཡིན་ལ། མ་འབྱོར་ཀྱང་གསེར་དངུལ་ཕྱེ་མ་ཉ་ཕྱིས། མུ་མེན། གཡུ། བྱེ་རུ། དུང་། ཟངས་དང་ལྕགས། གཟི་མཆོང་། ནལ། གཡང་ཊི་སོགས་དང་། རིན་ཆེན་གྱི་རིགས་གང་འབྱོར་གཡའ་ཕྱི་དུག་འདོན་སོགས་མ་གྲུབ་ཀྱང་། ཆུ་ཚན་དུ་བསྐོལ་བའི་ཆུ་ཕྱིར་ཕོ། ཆུ་གྲངས་གིས་བཤལ་བ་ལན་གསུམ་དག་ངེས་བྱས་ཏེ། ཁྲོལ་བུར་བརྡུང་བ་ལ་རང་བྱུང་རྡོ་ཤེལ་གྱི་བསྐྱེད་པར་བྱ། ཧ་ཅང་མི་ཞིབ་ཧ་ཅང་མི་རྩེང་པའི་ཕྱེ་མ་བྱའོ། །བསྐང་མདོས་ཀྱི་རྫས་ཤ་སྣ་ཁྲག་སྣ་སྙིང་སྣ་རྣམས་ནི། མི་རྟ་ཁྱི་གླང་པོ་བ་ལང་གཙོར་གྱུར། གཡུང་དྭགས་རི་དྭགས་འདབ་ཆགས་ཆུ་གནས་སོགས་ཀྱི་ཤ་སྣ་ཅི་འབྱོར་ལ། གཡུང་དྭགས་གཙང་མའི་ཤ་སྣ་བརྒྱ་ལ་སོགས་པས་བུང་བསྐྱེད་ཤ་སྣ་དང་། དེ་བཞིན་ཁྲག་དང་།དེ་བཞིན་སྙིང་སྣ་སྦྱར་བའོ། །བསངས་རྫས་བརྒྱ་རྩར་གྲགས་པ་ནི། ཉང་གཏེར་དུ་གྲགས་པའི་ཡིག་རྙིང་དང་། ལས་འཕྲོ་གླིང་པའི་གཏེར་ཁ་བསགས་ཀྱི་ལོ་རྒྱུས་སོགས་ལས་གསུངས་པ་ལྟར། གསེར་དངུལ་ཟངས་ལྕགས་གཡུ་བྱེར་སྦུར་ལེན་གཟི་མཆོང་དུང་མུ་མེན་མུ་ཏིག་ཉ་ཕྱིས་སོགས་རིན་ཆེན་གང་འབྱོར་དང་། ག་བུར་བཟང་དྲུག་ཙན་དན་དཀར་དམར་ནཱ་ཁི་ཨ་གར་རིགས་གསུམ་སོགས་བཟང་ཤིང་གི་རིགས་དང་། སློབ་དཔོན་པདྨས་མཛད་པའི་མནོལ་བསང་གི་འདོན་ཆར་


MR11_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ལྟར། མཁན་གསེར་མགོ་ཤུག་བ་ལུ་སྟེ་འཆི་མེད་བདུད་རྩའི་ཤིང་གསུམ་། སྟག་པ། འོམ་བུ། སྦ་སྙུག སྙག་མ་གསེར་མགོ ཉ་སྦྲིད་ལོ་འབྲུམ་དང་གཞན་ཡང་སྨྱུག་ལོ་དེ་བར་དུ་རྣམས་སྤོས་དམར་བུང་བསྐྱེད། གེ་སར་གསུམ། རྒྱ་སྤོས།སྤང་སྤོས། བྲག་སྤོས། ཕུར་མོང་རིགས་གཉིས། རྩ་འབའ་ལ། གྲོ་ཚེ་སྤོས། རུ་རྟ། མ་ནུ། ལི་ག་དུར། སིལ། པྲི་ཡངྐུ། མཁན་སྐྱ། གནྡྷ་བྷ་དྲ། གླང་སྣ་དཀར་དམར། ལུག་རུ་སེར་པོ། ཏང་ཀུ། འུ་སུ།སྤོས་དཀར། གུ་གུལ། འབྲས་སྣ་གསུམ། ཞོ་ཤ་གསུམ། ཀུ་བ། རྡོ་རྒྱུས། ཨུཏྤལ། སེ་བའི་མེ་ཏོག ཤིང་མངར། ལི་ཁྲི། མཚལ། སླེ་ཏྲེས། ཀནྜ་ཀ་རི། དབང་ལག ཆུ་སྲིན་སྡེར་མོ། སྤུ་ནག་ཀྱང་ཤུ་དག་དཀར་པོ། རྒྱ་མཚོའི་དབུ་པ། རྡོ་དྲག་དམར་པོ། ཟ་རྩ་དང་། ནས་འབྲས་གྲོ་དང་སོ་བ་ཏིལ་དཀར་ནག་སྤྲས་གང་བ། ཟར་མ། སྲན་མ་སོགས་འབྲུ་སྣ་གང་འབྱོར། ཆིབ་ཁ། རྒྱ་ཡུང་། ཀུ་ཤུ། ཤིང་ཐོག་ཨ་གུལ་འམ་ལི་ལ་བཞེད། བསེ་ཡབ། སེ་འབྲུ། ཁམ་བུ། སྟར་ཐོག་སོགས་ཤིང་ཐོག་སྣ་ཚོགས་དང་། ལན་ཚྭ། མངར་གསུམ། མར་ཞོ་འོ་མ། ཇ་ཆང་། དར་ཚོན་སྣ་ལྔ། འོལ་སྐོམ་རྣམས་གཙང་སྦྱར་འགོམ་ཡུག་མ་སོང་བར་བྱས་ལ་བསང་ནས་བསྲེའོ། །འདི་ལ་བརྒྱ་དང་བརྒྱད་ཀྱི་ངེས་ཆ་བྱས་པ་སྣང་ཡང་། ཇི་ལྟར་རྙེད་པ་བཞིན་སྦྱར་བར་བྱའོ། །གླ་རྩི་གཞུང་དུ་ཡོད་ན་རྡོ་དྲག་ཡོད་པས་མི་སྐྱོན་པར་བཤད་ཀྱང་དེ་སྤང་ན་ཀླུ་གཉེན་ས་བདག་ལ་འཕྲོད་ཅེས་བཤད། དེས་མགྲོན་


MR11_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཉེས་འགྲམ་འཁྲུགས་ཞི། ཕྲིན་ལས་མྱུར་དུ་འགྲུབ་པ་སོགས་ཕན་ཡོན་མང་དུ་བཤད་དོ། །གླུད་རྫས་ནི་གཙོ་བོར་ནས་འབྲས་གྲོ་སྲན་ཏིལ་སོགས། འབྲུ་སྣ་ལྔའམ་བདུན་ནམ་བཅུ་གཉིས་སམ་བཅུ་གསུམ་སོགས་དང་། མིག་ཚབ་ལོང་ཐང་། ལྕེ་རྒྱ་དར་དམར་པོ། མགྲོན་བུའི་སོ། སྙིང་ཞོ་ཤའི་སྙིང་། དབང་ལག་གི་ལག་པ། མཚལ་གྱི་ཁྲག རྐང་པ་གཡས་གཡོན་ཟངས་ལྕགས། གྲོ་གའི་རྣ་བ་འདི་རྣམས་ངར་གླུད་ཀྱི་གནས་སོ་སོར་གཞུག་དགོས་པ་ཡིན་ཡང་མ་འབྱོར་ན་ཕྱེ་མ་བྱ། གཞན་ཡང་དར་སྣ་འབྲུ་སྣ་རིན་ཆེན་ཕྱེ་མ་སྨན་སྣ་སོགས་ཀྱང་བསྲེ་བར་བྱའོ། །བྱིན་འབེབ་ཀྱི་རྫས་ནི་གུ་གུལ་ནག་པོ། བདུད་རྩི་ལྔ། ཁྱད་པར་བྱང་སེམས་དཀར་དམར། མིའི་ཀླད་པ་དང་།ཉ་བཞིའི་ཤ མི་ཚིལ་བཅས་གཙོ་བོ་ཡིན་ལ་གསང་རྫས་བྱི་ལ་ནག་པོའི་བྲུན་དང་། གཞོན་ནུ་མའི་རྔུལ་གྱིས་གོས་པའི་འདོམ་རས་གཉིས་ཡིན་ནོ། །དེ་སྟེང་། གླ་རྩི། ཙན་དན་དཀར་དམར། སྒྲུབ་པ་པོའི་མིའི་སྐྲ་སེར། སྤོས་དཀར།ཤུ་དག་བཅས་དང་། ཤ་ལྔ། ཐང་ཆུ། རའི་ལྕེ། རའི་ཉ་བཞི། བ་ལང་གི་སྦུ། སྟག་ལྤགས། སྤྲུལ་ཤུན་རྣམས་མྱོས་བྱེད་ཆང་གིས་སྦོལ་ནས་ཕུར་མའམ་རིལ་བུ་བྱས་པས་བདུག །བདུད་རྩི་ལྔའི་ཆུས་ལུས་ལ་གཏོར་དམིགས་པ་སྔགས་ཀྱིས་གཟིར་བས་ཡེ་ཤེས་དངོས་སུ་དབབ་ནུས་སོ། །བུང་བསྐྱེད་པ། ཛ་ཏི་གུར་གུམ་ག་པུར་ཙན་དན་ཨ་གར་གྱི་རིགས་སོགས་དྲི་བཟང་ཅི་མང་བྱ་ཞེས་ཀྱང་བཤད། རཏྣའི་གཏེར་ཁར་མཁའ་འགྲོའི་སྲོག་གི་རྫས་ལྔ་སྟེ།


MR11_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཨུག་ཆོས་མེ་ཏོག །སེ་རྒོད་འབྲས་བུ། མདའ་མ་ཕོག་པའི་ན་ཆུང་ཁྲག་ནལ་ཕྲུག་ཀླད་པ། མཛོ་མོའི་སྤྲི་སྐམ་རྣམས་སྦྱར་ལ་སློབ་མར་མེ་ཏོག་ཕོག་ཤུལ་སྤྱི་གཙུག་ཏུ་བསྐུ་བྱུག་བྱ། སྣ་བུག་ཏུ། རྫས་དེའི་དུད་པ་བཏང་བས་མཁའ་འགྲོ་འཕེབ་གསུངས། ཀློང་སྡེ་རྡོ་རྗེ་ཟམ་པ་ལས། མཁའ་འགྲོའི་སྤོས་སྦྱོར། ནལ་ཤ མི་ཀླད། བྱ་ཤ་ཟན་ཀླད་པ། བའམ་མཛོ་མོའི་སྤྲི། སྦྲང་རྩི། བུ་རམ། ཛ་ཏི། རྒྱ་ཤུག ཏང་ཀུན། མཛོ་འམ་སྲིའུའི་ཁྲག་རྣམས་ཤུག་ཚིལ་ལམ་སྤོས་དཀར་དང་བཅས། ཆང་ངམ་མར་ནག་ཏུ་སྦྱར་ལ་མོ་ཐོད་མཚན་ལྡན་དུ་བླུག ཡེ་ཤེས་པ་དབབ་པའི་དུས་སོལ་མེ་ལ་བསྲེག་ཞེས་གསུངས་སོ། །ཞི་རྫས་ནི་ཆུ་གཙང་དང་ཉུངས་གར་དྲི་བཟང་སོགས་ལྔ་ཚན་ལྔ་དང་།སྦྱིན་སྲེག་གི་རྫས་དང་ཆུ་ཁམས་པ་ཁ་དོག་དཀར་པོ་བཀྲ་ཤིས་རིགས་ཡིན་ནོ། །དེ་ཡང་། ཁྲུས་རྫས་དང་སྲུང་རྫས་ཉེས་སེལ་དང་ནད་གདོན་པ་ཞི་བའི་རྫས་སྣ་ཚོགས་གཞུང་སོ་སོ་ལས་གྲགས་པ་བཞིན་ཤེས་པར་བྱ་སྟེ་འདིར་མ་བཀོད་དོ།།རྒྱས་པ་དང་གཡང་རྫས་ནི། ཚེ་རིང་འབྱོར་ལྡན་བཀྲ་ཤིས་པའི་ཕག་ནས་བྱུང་བའི་ཟས་གོས་རིན་ཆེན་སྨན་འབྲུའི་ཕུད། རང་བྱུང་གནས་ཆེན་མ་ཉམས་ཤིང་མི་ཤིས་པ་མ་བྱུང་པའི་རྡོ་ཆུ་ཤིང་སྣ་ཚོགས། ཀླུ་ཆེན་གནས་པའི་མཚོ་རྡེལ་དང་བྱེ་མ།གཞི་བདག་བཀྲ་ཤིས་པའི་ས་རྡོ་ཤིང་སྣ། ས་སྙིང་གསེར། ཆུ་སྙིང་ལན་ཚྭ་བཟང་པོ་དང་ཆུ་ཤེལ། མེ་སྙིང་མེ་ཤེལ། རླུང་སྙིང་དར་སྣ་ལྔ། མཁའ་སྙིང་རང་བྱུང་ཤེལ། ཚེ་རིང་བའི་རྫས་དུརྦ། ནད་ཉུང་ཨ་རུ་ར། དོན་གྲུབ་པི་ལ་པ་


MR11_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་ཞི་བ་ཡུངས་དཀར། ནང་མཐུན་གི་ཝཾ། ལེགས་ཚོགས་དབང་སྡུད་སིནྡྷུ་ར། ཡིད་འཕྲོག་ལི་ཁྲི། བཀྲ་ཤིས་དགེ་བ་དཀར་གསུམ། ཐམས་ཅད་དབང་བྱེད་མངར་གསུམ།ཟས་བཅུད་འཕེལ་བ་ཟས་མཆོག་སྟེ་ཞོ་ཟན། གོས་འབྱོར་ཕྱིར་ཟ་འོག་དམར་པོ། ནོར་གྱི་སྙིང་པོ་རིན་ཆེན་ལྔ། །ལོ་ལེགས་ཕྱིར་ཞིང་བཟང་དགུའི་ས། །ཕྱུགས་འཕེལ་ཕྱུགས་ལྷམ་བཀྲ་ཤིས་པ་དགུའི་ལྷས་ས། གཡང་ཅན་གྱི་རྟ་ཕྱུགས་ལུག རིལ་སྤུ་སྣ། འབྲི་སྣ། ཁྲིམས་དག་ཕྱིར་དྲི་ལྔ། ལང་ཚོ་རྒྱས་ཕྱིར་སྨན་ལྔ་སོགས་སྨན་སྣ། བཀྲག་བཟང་ཕྱིར་རྨ་བྱའི་མདངས། དུག་བསྲུང་གི་ཕྱིར། ཁབ་ལེན་རྡོ། ལྷ་ཀླུའི་འཁོན་སྦྱོང་། ཤུ་དག་དཀར་བོ།རྒྱ་སྤོས་སྤངས་སྦོས་རྡོ་དྲེག་དམར་པོ། ལྷ་སྲིད་རྟོག་གནན་ཕ་ཝཾ་ལོང་བུ་ཏྲིས་མཚན་པ། བདུད་རྩི་འཁྲུངས་རྒྱུད་ལས། ཙན་དན་དམར་པོ་དང་གུ་གུལ་བགེགས་ཀྱི་གཉེན་པོ་ཡིན་ལ་རྡོ་ཕ་ཝཾ་ཆོ་ལོ་རིས་ཀྱང་དེ་འདྲར་གསུང་མཆན། གཞི་བདག་འཕོ་སྐྱེས་སྤང་ཕྱིར་སོ་སོའི་དཀྱིལ་ནས་བླང་བའི་རྡོ། ཆོས་སྐྱོང་འགྲོགས་ཕྱིར་གཡུ་སྤྱང་ས་བོན་མཚན་པ། མཁའ་འགྲོའི་འདུ་བ་མི་ཆད་པའི་མགྲོན་དུ་ཧ་རི་ནི་ས་བྲིས་པ། རིགས་རྒྱུད་མི་འཆད་ཕྱིར་མོན་ལུག་གླ་སྒང་དང་ཉུངས་མའི་འབྲུ། དགེ་འདུན་འདུ་བ་རྒྱས་ཕྱིར་བཀྲ་ཤིས་ཆོས་གྲྭ་ཆེན་པོའི་ས། བཤད་སྒྲུབ་བསྟན་པ་རྒྱས་ཕྱིར་རྟེན་གསུམ་བྱིན་ཅན་རྡུལ། བསྟན་པའི་སྙིང་པོ་རྒྱས་ཕྱིར་སངས་རྒྱས་འཕེལ་གདུང་། གཞན་ཡང་བཀྲ་ཤིས་འབྱོར་ལྡན་གྱི་གནས་ནས་བླངས་པའི་འབྲུ་སྣ།


MR11_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣ་ཚོགས། ཟས་སྣ་ཚོགས། གླང་པོ་སོགས་རི་དྭགས། སྟག་སོགས་གཅན་གཟན། བྱ་སོགས་འདབ་ཆགས་ཀྱི་སྤུ་སྣ། རྒྱུན་འབབ་གཏན་འཁྱིལ་གྱི་ཆུ་ཀླུང་དང་མཚོ་ཆེན་གྱི་ཆུ་སྣ་རྣམས་ཅི་འབྱོར་བའོ། །ཁ་དོག་སེར་བོའམ་དཀར་པོར་བསྒྱུར་བར་བྱའོ། །དབང་སྡུད་ཀྱི་རྫས་ནི། གི་ཝཾ། གུར་གུམ། ཙན་དན་དཀར་དམར། ཀླ་རྩི། ག་བུར། བྱང་སེམས་དཀར་དམར། ལི་ཁྲི། རྩ་ལྕགས་ཀྱུ། གླང་སྣ་བ་དཀར་སེར་དམར་པོ། ལྕགས་ཀྱུ་རིགས་གསུམ།རྡོ་ཁབ་ལེན། ནཱ་ག་གེ་སར། པདྨ་གེ་སར། སྤོས་དཀར། རྒྱ་སྤོས། ཤུ་དག ཤང་དྲི ལ་དཀར་དམར། ལུག་རུ་དཀར་དམར། ཨུག་ཆོས། རུ་རྟ། པྲི་ཡངྐུ། ཤུག་པ། སིནྡྷུ་ར། སྤོ་སོ་ཆ། སུག་སྨེལ། ཛཱ་ཏི། འབྲས་བུ་གསུམ། སྨྱག་མའི་མེ་ཏོག །སེ་བའི་མེ་ཏོག ཉ་སྦྲིད་པའི་འབྲུམ་པ། མེ་ཏོག་སེར་ཆེན། བྷྲྀང་གི་རཱ་ཛ། སྲོ་ལོ་དམར་པོ། ལན་ཚྭ་དམར་པོ། འབུད་དུང་བརྡར་ཕྱེ་རྣམས་གཞིར་ཡིན། འབྲུ་སྣ་ཚོགས། རིན་ཆེན་སྣ་ཚོགས། དཀར་གསུམ། མངར་གསུམ་རྣམས་འབྲས་ས་ལུའི་གཞི་བླངས། སྦྲང་རྒོད་དང་ཆང་གིས་དྲིལ་མཚལ་གྱིས་མདོག་བསྒྱུར་བའོ། །དེ་སྟེང་རང་གི་ལྟོ་བའི་སྲིན་བུ་ཀ་རི་ཀ ལྟེ་བ་དང་ལྕེ་སོགས་ལུས་ཀྱི་དྲེག་པ། སྐྱུག་པ། མཆིལ་བའི་ཤ་དང་སྙིང་། དཔྱིད་གཙང་མའི་ཤ བྱ་ཕོའི་ཟེ་ཁྲག ཕོ་མོའི་འདོད་ཆུ། ཕུག་རོན་དང་། གོ་བོའི་བྲུན་བཅས་སྦྱར་བཏང་སྔགས་དམིགས་མེད་ཀྱང་འགྲུབ་བོ། །དྲག་པོའི་རྫས་སྣ་ཚོགས་ཏེ། སྤྱིར་འཕུང་ཤུལ་གྱིས། རི་སུལ་འདྲེ་ཅན། གཡུལ་འགྱེ་བའི་ས།


MR11_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ས། བསམ་ཡས་མཆོད་རྟེན་ནག་པོ་སོགས་དྲག་ཅིང་བདུག་པའི་ས་སྣ་དུག་ཆུས་དང་ཁྲག་གིས་སྦྲུ། བྲ་བོ་ནས་ནག་སོགས་བསྲེས་པའི་རྒྱུ་ལས་ཨེ་ཁང་དང་དལ་གྱི་གཞི་དང་བཟློག་པའི་ཟོར་ཀོང་རྣམས་བྱ། ཟོར་ཀོང་དེས་སྣང་སྲིད་ལྷ་འདྲེའི་ཆད་པ་བཟློག དེ་ནང་ཡུངས་ཀར་གྱིས་གཤིན་རྗེའི་དམོད་པ་བཟློག ཁྲག་ནག་མཚེས། དེ་བཞིན་ས་བདག་གི་ལྷ་བཤོས། མཁའ་འགྲོའི་མར་མེའི་ཀོང་བུ། རྩང་ཕུར་རྦད་འདྲེ་བཟློགདེ་ཡང་གོང་བུའི་ཟུར་གསུམ་དུ་མདའ་འཕང་ཡུགས་སའི་རྩང་གསུམ་བཙུགས། དཀྱིལ་དུ་ལྷ་བཤོས་བྲུ་གསུམ་ཤ་ཁྲག་རུས། ལོགས་གསུམ་ཡུངས་ཀར་གང་བུ་བྲག་ནག་མཚེ། མར་མེའི་སྡོང་བུ་རེ་གཟུགས། ནང་དུ་སྤོས་རེང་དང་འང་སྟེ་རྒྱ་སྤོས་སམ་སྤོས་ཀྱི་སྡོང་བུ་རྒྱལ་པོའི་གཉེན་པོ་དང་། རྒྱལ་པོ་བྲག་སྦོས། མ་མོར་མོང་རྩི་གནོད། གནོད་སྦྱིན་རབས་ཆད་ཁང་དུད་ཀླུའི་ཤ་ཁྲག །ཚེར་མའི་མདུང་ཤིང་གིས་གཟའ་སྐར། དེ་བཞིན་གྲེ་པོའི་གཉེན་པོ་ཕབ་རྩེ།ཐེ་རང་གི་སྦང་མ། གཟའ་ཡི་མེ་ཏོག་སྣ་ཚོགས། འགོངས་པོའི་བཙན་དུག་བཙན་ལ་རྟ་དམར་ཚིལ། བེ་ཧར་ལ་གུ་གུལ། ཡུལ་ལྷ་ལ་རྭ་གཞོབ། སྲིན་པོ་ལ་ཡུངས་ནག འཆི་བདག་ལ་མེ་ཏོག་ནག་པོ། དམུ་ཡི་རབས་ཀྱི་ཕྱི་མོ། ཐམས་ཅད་ཀྱི་གཉེན་པོར་ཡུངས་ཀར་ནག ལྕགས་ཟངས་རྡོ་ཡི་ཕྱི་མ་རྣམས་དུག་ཆུ་དང་བྲི་ཕྲི་ཁྲག་བྱུགས་པའོ། །ཅེས་དང་བལ་ཚོན་འདབ་མས་དཀྲིས་པས་ནད་ཡམས་བཟློག གཞན་ཡང་ཕོ་ཏོང་རྩ་ཤིང་ནམ་རྒྱང་རུ་མཚོན་


MR11_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་མཚན་དང་འཕན་ཡང་གཞུག་པར་བཤད། ཞེས་པ་འདི་སྔགས་བཟློག་གི་རྒྱུད་ཀྱི་ཀོང་བུའི་དོན་གཏན་ལ་དབབ་པ་ལས་གསུངས་སོ། །གཞན་ཡང་མི་རྩིབ་ཉིས་མཐུད་ཀྱི་གཞུ་བྱ། སྐྱེར་བའི་མདའ་སྲིན་བྱ་སོགས་ཀྱི་སྒྲོ་ལྡན་གནམ་ལྕགས་སམ་མི་བསད་ཀྱི་མདེའུ་ཅན་གྱི་མདའ་ཟོར་དང་། ནད་ཁྲག་ལ་སོགས་ཁྲག་སྣ་རྣམས་སླང་ངའམ་ཐོད་ངན་ནང་དུ་བཞག་པ་ཁྲག་ཟོར་དང་། དུར་ཁྲོད་སོགས་ཀྱི་རྡོ་དམར་པོའམ་ནག་པོ་ལ་དུག་ཁྲག་གིས་བྷྱོ་བཟློག་སོགས་བྲིས་པ་རྡོ་ཟོར་དང་། དུག་སྣ་ཚོགས་ཀྱི་དུག་ཟོར་དང་། མི་བསད་ཀྱི་གཡག་ར་གཡས་པའི་རྭ་ཟོར་སོགས་ཆས་དུ་མ་ཡོད་དོ། །ཐུན་རྫས་ལ། ཕྱེ་གསུམ་ནི་ལྕགས་ཟངས་རྡོ་ཕྱེ། འབྲུ་གསུམ་སྐེ་ཚེ་ཤང་ཙེ་ཉུངས་ཀར། དན་གསུམ་བྲ་འོ་སྤང་མར་མ་བུ་ཞེས་རྫས་སྣ་དགུ་གསུངས་པ་ཐུན་རྫས་སྤྱི་འགྲོ་སྟེ། ཕྱེ་གསུམ་མཚོན་ཆ། འབྲུ་གསུམ་ཐོག་སེར་། ངན་གསུམ་ནད་རླངས་ཀྱི་རང་བཞིན་དུ་བསྒོམ་པར་གསུངས། དེ་སྟེང་ཉུངས་ནག བཙན་དུག་ཐང་ཕྲོམ་ཐར་ནུས་སོགས་ས་ཆུ་རྡོ་ཤིང་གི་དུག་སྣ་ཚོགས། མི་རྟ་ཁྱི་ཕག་གི་ཁྲག་བཞི་གཙོར་གྱུར་གཅན་གཟན་དང་ན་དང་ངན་གྱིས་ཤི་བ་ཁྱི་སྨྱོན་སོགས་ཀྱི་ཁྲག་སྣ་སྣ་ཚོགས། མི་བསད་རྦབ་རྡོ། མི་བསད་པའི་མཚོན་ཆ་སོགས་བརྡར་ཕྱེ། མི་བསད་པའི་ཕྱུགས་ཀྱི་རྭ་དང་གཅན་གཟན་གྱི་མཆེ་སྡེར་སྣ་ཚོགས། གུ་གུལ། མུ་ཟི་ནག་པོ། ཏིལ་ནག ཟི་ར་ནག་པོ། ཚ་བ་གསུམ། རོ་བསྲེག་ཐལ་ཆེན། རྒྱ་ཚིལ། མི་ཚིལ། བོང་ཚིལ། རུས་པ་སྣ་ཚོགས། རོ་སོལ། སེག་


MR11_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར་བརྡར་ཕྱེ། རྨེ་བའི་རྫས་ཡུགས་ས་སོགས་ངན་པའི་མངལ་ཁྲག མཛེ་ཁྲག་སོགས་དང་། ཁྱི་ལུད་སོགས་རྨེ་རྫས་བསྲེ་བར་བཤད་ཀྱང་། ཐུན་གྱི་གཙོ་བོ་རྣམས་ཅི་རིགས་ཚང་མ་འཐུས་ཤིང་། རྒྱས་པར་བྱེད་ན་ཐམས་ཅད་སྦྱར་བར་བྱས་པའོ། །གཞན་ཡང་ངན་རྫས་མི་ཁའི་རྫས་རྣམས་ཀྱང་བསྲེ་བར་བཤད། ཐུན་རྫས་སོ་སོར་ཕ་རོལ་གྱི་ལྷ་རྣམས་དབྱེ་བའི་ནུས་པ་ཡོད་པས་སྔགས་མེད་པར་བྲབ་ཀྱང་དགྲ་གཞོམ་ནུས་པའི་ཚུལ་ཚེ་བདག་གི་ཡིག་ཆ་སོགས་སུ་གསུངས་སོ། །ལྷ་དབྱེའི་རྫས་ནི། གུ་གུལ། རྟ་བོན། ར་དུག་གི་སྤྲི། མཛེ་ཡུགས་སོགས་ཀྱི་ལྷམ་འབོག་སོགས་རྨེ་རྫས་རྣམས་དང་། གཞན་ཡང་། ར་རུ། ཡུགས་སའི་ཞབས་མའམ་དོར་རྟ་ཁྱི་སྤྲེ། རྒྱ་ཚིལ་ཏེ་ཁྱི་ལུད།མུ་ཟི། སྤྲུལ་ཤ གླ་རུའི་གཞོབ། ཕག་ཚིལ་ལ་ཆ་རྣམས་རང་དང་རང་གི་འཁོར་དང་ལྷ་རྟེན་ལ་མི་ཕོག་པར་རླུང་ཕྱོགས་དང་བསྟུན་དགྲ་ལིང་ལ་བདུག་པར་བྱ། དེ་ལྟར་མ་གྲུབ་རྫས་ཐུམ་ཆུང་ངུ་ལིང་གའི་སྙིང་གར་བཞག་སྲོལ་མཛད། མི་ཁའི་རྫས། སྦང་མ་སྐམ་པོ། རམ་བུ། བྲ་བོ། སྒོག་པ། གཡེར་མ། སྲན་ནག མཆིག་གི་ལྟོ་ཕྱེ་རྣམས་དང་། སྤྲོས་ན་དེ་སྟེང་གྲོད་སྒོག ཁྱི་ཕག་སོགས་ཀྱི་ཁྲག་སྐོར་རུས་པ། ར་རུ་བཙའ་བོ། བཙོད་རོ། ཤ་སྒོག་ཕྱེ་ངན། ཆང་ལད། ཇ་ལོ་སོགས་ངན་སྙིགས་ཀྱི་རྫས། ཚྭ་དང་། ཐལ་ཟན་རྣམས་ཀྱང་ངོ་། །མནན་རྫས་དགུ་ནི། ཐར་མེད་གཏིང་རྡོ་ཞེས་པ་ཁྲོ་ཆག་དུམ་བུ། བླ་རྡོ་ལྟ་བུ་གྲོལ་མེད་ཀྱི་ནང་ཆིངས་ཤི་སྐྲ། དྭངས་མེད་མུན་པ་


MR11_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་རེ་ཕྱི་ཐུམ། སྡོམ་བྱེད་ཕྱི་ཆིངས་ཀྱི་བྱད་ཐག་ཚོན་སྐུད་སྣ་ལྔ་ངན་སྣ་འདྲེན་པའི་མི་དགུ་མི་ཁའི་རྫས་སྣ་ཚོགས་ཁུར་བའམ་བསེ་ཕོར་ནང་དུ་བླུགས་པ་ཐོགས་བའི་དར་མི་དགུ་དུ་ཡོ་ཐམས་ཅད་མཉམ་དུ་བཞག ངོ་དམར་སྒབ་སེར་ཞྭ་བོ། ཞེས་པའི་རིམ་བཞིན་སྤྲེའུ་དང་འཕྱི་བ་དང་མི་ལངས་མི་ནུས་པའི་སྤུ་གསུམ་མོ། །ལིངྒ་དང་མཉམ་དུའོ། །ཁ་ཆོད་དང་མཉམ་དུའོ། །མི་རྒན་སྐྱ་བོ་དགུ་ནི་ཐང་རམ་ཐལ་ཟན་ལས་བྱས་ངར་མི་ཕུང་རེའི་བ་དན་ཐོགས་པ་དགུ། ནག་པོ་ཆེན་པོ་རོ་གཡམ་སྟེང་གནོན། བྱི་ནག་རྫེས་གཅོད་གྲུབ་སྣོད་གཡག་གི་རྭ་ཅོའོ། །དེ་ལྟར་མི་ཁ་རབ་འཇོམས་ཁ་ཆོད་དང་མཉམ་དུའོ། །མན་ངག་གི་རྫས་དགུ་གཤིན་རྗེ་བཤོར་ཚང་ཉི་མ་ཁྲོས་པའི་ལས་མཐའ་ལས་གསུངས་སོ། །བྲུབ་སྣོད་ནི། ཕུག་རྡུག་བ་ལ་གྲུབ་ཁུང་བྱ།མནན་དོང་ཁ་བལ་ནག་དང་ཚེར་མས་བཅད་ནས་མཐས་པར་བཅག མེ་ཆུ་རྡོ་སོགས་འབྱུང་བཞི་རིམ་དགུས་ཀྱང་མནན་པར་བྱའོ། །ལིང་གར་བྱུག་རྒྱུའི་རྫས་དགྲ་གང་ཡིན་དེའི་ལུས་ཀྱི་ཟག་རྫས་སྐྲ་སེན་སྣབས་ལུད་བཤང་གཅི་སྟེ་དྲི་མ་ལས་འཁོར་ལོ་དང་ལིང་གར། བཙན་དུག་ཐང་ཕྲོམ་མཛེ་ཁྲག་གྲི་ཁྲག་སོགས་ཁྲག་སྣ་དུག་སྣ་དང་། རྨེ་རྫས་མཚོན་ཆའི་ཕྱིས་བྱུག དུག་གསུམ་རང་གནད་ཀྱི་རྫས། མཆོད་རྟེན་ཞིག་པོ་དང་། རི་ཉིལ་ས་དང་། ལྷ་ཁང་ཞིག་པའི་ས་གསུམ་བྱུག གཞན་པ་ཚེ་ཟད་སོགས་འབྱུང་བཞིའི་ཟད་ཁ་མའི་རྫས་སོགས་སྣ་ཚོགས་ཡོད། ལིང་ག་ལ་དྲག་ལས་སོ་སོའི་དམིགས་བསལ་རྫས། ངག་མནན་ལ་ཕུག་རོན་སྒོ་ངའི་སེར་ཐིག །ལུད་པའམ་ཆུ་མིག་ལྐུག་པའི་ཆུ།


MR11_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྐུག་པའི་གཅིན་དང་རྟུག་པ། ཐིབ་དང་ཕུག་རོན་དང་ལུག་དང་ལྐུག་པའི་ཀླད་པའམ་ཁྲག་རྣམས་བྱུག་རངས་པས་འདོད་ན་ལིང་གར་བསེ་ཞོ་དང་ཕྱི་ཁྲག་བྱུག །སྨྱོ་བར་དྷུ་རུ་སྨྱོན་པ་དང་ཁྱི་སྨྱོན་སོགས་ཀྱི་ཀླད་པའམ་ཁྲག་དང་ཤའམ་སྤུ། བསྐྲད་པར་རྔ་མོང་གི་ཤ་སོགས་དང་། དབྱེ་བར་ལྷ་དབྱེའི་རྫས་དང་སྲོག་ཆགས་དགྲ་གཤེད་མི་མཐུན་པའི་ཤ་ཁྲག །བསད་པར་ཁྲག་སྣ་དུག་སྣ་སོགས་དང་། རིམས་བསྐྱེད་པ་ལ་རིམས་ཤིའི་ཁྲག་སོགས་རྫས་དང་ལག་ལེན་རྣམ་པ་མང་པོས་དྲག་སྔགས་ཀྱི་གཞུང་རྣམས་ཀྱི་ལག་ལེན་ཞིབ་ཏིག་ལས་ཤེས་པར་བྱ་སྟེ་འདིར་མི་སྤྲོའོ། །རང་སྲུང་གི་རྫས་རྣམ་པ་ཤིན་ཏུ་མང་པོ་ཡོད་པ་དུས་རྒྱུན་དང་ཁྱད་པར་གཏད་མནན་སོགས་བྱེ་པའི་དུས་སུ་ཤིན་ཏུ་གལ་ཆེ་སྟེ། རྫོགས་པ་རང་བྱུང་གི་རྒྱུད་ལས། ཀླུ་རིགས་ལྔ་བསྐྲད་པ་དང་དྲག་ལས་བྱས་པ་རང་ལ་མི་ལྡོག་པའི་ཐབས་སུ། རང་ཉིད་དབང་ཆེན་དུ་བསྒོམ། སྐྲ་སྦྱི་བོར་བཅིངས། རྨ་བྱའི་སྒྲོ་སྦྱི་གཙུག་ཏུ་གཞུག །ལག་གཡས་རལ་གྲི་ཐོགས། གཡོན་ཕུར་པ། དཔུང་གཡས་པག་པའི་སྣ། ཐོང་ག་གཡས་སུ་སེང་ལྡིང་ཕུར་པ། དབུས་སུ་རྡོ་རྗེ་རྩེ་དགུ། གཡོན་དུ་ལྕགས་ཕུར་བཏགས། གླ་རྩི་བཙན་དུག་སྐེ་ལ་བཏགས། དེས་རང་ལ་མི་ལྡོག་སྦྱོར་བ་ཅི་ཅི་བྱས་ཀྱང་རང་ལ་ལྡོག་པའི་ཆིང་མེད་དོ། །ཞེས་གསུངས་པས་མཚོན་ནས། རང་སྲུང་གི་རྫས་རྒོད་དང་སྒྲིབ་ཤིང་གི་རྣམ་པ་ཤིན་ཏུ་མང་ཞིང་གཞུང་སོ་སོ་ནས་བསྟན་པ་འདིར་སྨྲོས་ཀྱི་མི་ལོང་ངོ་། །ཀླུ་སྨན་ལ་རྒྱས་བསྡུས་སྣ་ཚོགས་ཀྱི་བཞེད་


MR11_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོ་སོ་བ་མང་ཡང་གཙོ་བོར། ཨུཏྤལ་སྔོན་པོ་དང་དམར་པོ། ད་ལི། སྤེན་མ། འོམ་བུ། སེ་བ་ཉ་སྦྲིང་རྣམས་ཀྱི་མེ་ཏོག ཤང་དྲིལ་དཀར་དམར། སྤང་རྒྱན། ལུག་མིག ལུག་རུ་དཀར་དམར། མེ་ཏོག་ཧ་ལོ། རྟག་དུ་རིགས་གསུམ། དུག་ཏིག་བཅས་དང་དུག་རིགས་མིན་ཞིང་འབུ་སྲིན་གྱི་རོ་སོགས་མི་གཙང་བས་མ་གོས་པའི་མེ་ཏོག་རྣམས། ཁྱེའུ་མགོ་གཙང་གིས་ཁ་ལག་བཀྲུས་ཏེ་ཀླུ་ཐེབས་དུས་སུ་བཏུས་ལ་སྤང་སྤོས་ལ་གཞི་བླངས་ཏེ་སྦྱར་བ་ནི་རྩ་བའི་སྦྱོར་བའོ། །དེ་སྟེང་ཀླུའི་དཔངས་སྐོང་ལས་བཤད་པ། སྨྱུག་མའི་ལོ་མ་དང་ཐར་དཀར་ལོ་མས་ཀླུ་ཡི་རྩ་རྒྱུས་ཉམས་པ་གསོ། ནཱ་ག་གེ་སར་གྱིས་བྱང་ཆུབ་ཀྱི་སེམས་བརྗེད་པ་དྲན། སྤོས་དཀར་གྱིས་བྱང་ཆུབ་སེམས་བརྟན། པུ་ཤེལ་རྩེས་རྩ་རྒྱུས་གསོ། རྡོ་རྒྱུས་བྱ་བ་ལ་མས་རུས་པ་གསོ། པུཥྤ་གེ་སར་གྱིས་མེ་ཏོག་གི་ཚལ་འབྱུང་། ག་བུར། གུར་གུམ། ཙན་དན་དཀར་དམར་རྣམས་ཀྱིས་ཚད་ནད་སེལ་ལུས་བཅུད་ལྡན། ཛཱ་ཏི་དང་སྙིང་ཞོ་ཤ མཁལ་མ་ཞོ་ཤ་རྣམས་ཀྱིས་སྙིང་སོགས་སོ་སོའི་ནད་སེལ། གཞན་ཡང་རྨ་བྱའི་མདོངས་ཏེ་རྩ་རྨ་བྱར་གྲགས་པ་དང་། ཟི་ར་དཀར་ནག་དང་། སྤྲུལ་པགས་པ་ཞེས་པ་དངོས་ཤིང་གི་ཤུན་པ་ཞིག་སྟེ་ལྷོ་མོན་ནས་འབྱུང་ལ་དེ་མ་རྙེད་ཤིང་སེ་རྒོད་ཀྱི་ཤུན་པས་བྱེད་པ་བླ་མ་གོང་མའི་ཕྱག་བཞེས་སུ་སྣང་། རྒྱ་མཚོའི་ལྦུ་བ་དང་། ཤུ་དག་དཀར་པོ་རྣམས་ཀྱང་ངོ་། །དེ་སྟེང་བླ་མ་དགོངས་འདུས་ཀྱི་ཆ་ལག་ལས་བྱུང་བའི་སྨན་ནི། རྒྱ་སྤོས་རྩ་བ། སུག་སྨེལ་གསེར་དང་དངུལ། དུང་སྲིན་མེད། བྱེ་རུ། ཟངས་རང་བྱུང་


MR11_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

སླད་མེད། མུ་ཏིག་རྣམས་གཡའ་ཕྱི་དུག་འདོན་གསོ་རིག་གི་གཞུང་བཞིན་བགྱིས་པ་རབ། མིན་ཀྱང་ཧྲོབ་བརྡུང་བྱས་པའི་ཕྱེ་ཆུ་གཙང་ལ་སྐྱུ་རུ་སྟར་བུ་སོགས་སྐྱུར་བ་དང་སོགས་ཀྱིས་ཆུ་ལ་བསྐོལ་ཏེ་ཆུ་གྲང་གིས་བཤལ་བས་གཡའ་དང་དྲི་མ་དག་ངེས་བྱས་པ་དང་། མེས་ཚིག་བྱེ་ཚན་སོགས་འབྱུང་ལྔ་དང་ཁྱུང་གི་འཇིགས་སྐྱོབ་ལེབ་བརྒན་སོགས་དར་སྣ་མདངས་ལྡན་གཙང་མ་རྣམས་བསྲེའོ། །ཡང་དེ་སྟེང་ཀླུ་གཏོར་ལས་གསུངས་པའི་སྨན། གཟི་དང་ལི་ཁྲི་སྟེ། སིནྡྷུ་ར། མགྲོན་བུ། ཆག་ཚང་ཀུ་བ། སླེ་ཏྲེས། བྱི་ཏང་ཀ ཨ་རུ་ར། འདམ་བུ་ཀ་ར་རྣམས་ཀྱང་བསྲེའོ། །དེ་ཡང་རིན་ཆེན་རྣམས་བཀྲུ་བཤལ་གྱིས་དག་ངེས་བྱས་པས་ཆོག ཤིང་རིགས་རྣམས་རང་ཡུལ་དུ་ཡོད་རིགས་དབྱར་དུས་སུ་ཤིང་རྣམས་དར་ལ་རྒྱས་དུས་གཙང་སྦྲ་བཅས་ཏེ་བཏུ། ལ་སྨན་རྣམས་གསར་བསྲེ་ལྡན་ལས་དྲིས་མ་ཕོག་པ་ཀླུ་ལ་གནོད་པ་གླ་རྩི་སོགས་དང་སྨན་གཞན་གྱི་དྲིས་མ་བགོས་པ་ལོགས་སུ་ཚག་བྱས་པ་བྱུང་ན་ལེགས། དེ་ལྟར་མ་བྱུང་ན་རྣམ་འཇོམས་སོགས་ཀྱིས་བསྒྲུབ་པའི་གཟུངས་ཆུ་དང་ལྡན་པའི་ཆུ་གཙང་གིས་ལེགས་པར་བཀྲུ། བཀྲུར་མི་རུང་བ་རྣམས་དང་སྤྱི་ལ་སྦྱངས་ཁྲུས་བྱས་ནས་དག་པར་བྱ་སྟེ། ཀླུ་སྨན་མ་དག་པ་སྣ་ཚོགས་འབའ་སམ་དུ་བསྲེ་བས་ཀླུ་ལ་གནོད་པར་འགྱུར་བའི་ལོ་རྒྱུས་དུ་མ་སྣང་། གཟའ་ཟླ་བ་སོགས་ཀླུ་དང་བསྟུན་པའི་དུས་གཟའ་སྐར་བཟང་བར་སྦྱར་ཞིང་མི་རྣམས་ཀྱི་ཁྲུས་བྱས་ཁ་ལག་གཙང་ཞིང་ཁ་རླངས་ལུས་དྲི་མ་འཕོག་པར་རྡོ་གཞོང་བཀྲུ་བཤལ་བྱས་པའི་གཙང་མར་ཞིབ་འདུལ་བྱ།


MR11_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་དང་བུད་མེད་ཀྱི་རེག་པ་དང་འགོམ་པ་སྤང་། ཁྱད་པར་གླ་རྩི་གུ་གུལ་སོགས་ཀླུ་ལ་གནོད་པ་དང་། སྒོག་ཙོང་སོགས་ཟས་ངན་དང་ཤ་ཁྲག་སོགས་མི་གཙང་པའི་རྫས་ཀྱི་དྲི་ཙམ་ཡང་མ་ཕོག་པ་གལ་ཆེ་བས། ལས་བྱེད་པ་རྣམས་ཀྱིས་ཤ་ཆང་སྒོག་ཙོང་སོགས་མི་བཟའ་ཞིང་དྲི་ཙམ་ཡང་སྨན་ལ་མ་འབོག་པར་བྱ། མི་གཙང་པ་དང་མ་འདྲེས་པའི་ཀ་ར་བུ་རམ་བལ་པོའི་ལག་ནས་བྱང་བ་དང་སྦྲང་དཀར་དངས་མ་འབུ་རོ་དང་སྙིགས་མེད་པའི་མངར་གསུམ་གྱིས་སྤོལ། དགོངས་འདུས་ལས་བག་བྱེས་རིལ་བུ་བྱ་བར་གསུངས་ཀྱང་ད་ལྟའི་ཕྱག་རྒྱུན་དུ་ཉ་ལ་གནོད་ཟེར་མི་མཛད་ཅིང་། གྲོ་ནས་འབྲས་སོགས་འབྲུ་དཀར་ཕྱོགས་བསྲེས་ཀྱི་ཕྱེ་ཞིབ་ཕྲན་བུ་སྤྱར། ལྕགས་དང་བསེ་སོགས་དྲག་པོ་དང་དུག་ཅན་མིན་པའི་སྣོད་དུ་ཀླུ་གནས་པའི་ཆུ་སྣ་དང་། མཚོ་ཆེན་དང་ཆུ་ཀླུང་གི་ཆུ་དང་། བ་དམར་སེར། བ་དཀར་མོ། འབྲི་དཀར་ཟལ་གསུམ་གྱི་འོ་མས་སྦྲུ། དབང་ལག་གི་དམ་བརྒྱབ་སྟེ་རིལ་བུ་ལུག་རིལ་འབྲིང་བོ་ཙམ་དུ་བསྒྲིལ་ནས་གྲིབ་བསྐམ་བྱ།ཡང་ན་སྨན་པར་མ་སིལ་བུར་བྱས་ཀྱང་རུང་། རས་དཀར་དྲི་མེད་ཀྱི་ཁུག་མར་བླུག རིན་པོ་ཆེའམ་རྫའམ་ཤིང་གི་སྤར་བུ་གཙང་མར་མེ་དང་ཉི་མ་ནམ་མཁའ་སྔོན་པོའི་མདངས་མ་ཕོག་པར་བཞག །རྒྱལ་དང་མཆུ་ཡི་ཟླ་བའི་ཉ་སོགས་ཀྱི་དུས་སུ། ཁྱི་སྒྲ་དང་བུད་མེད་སོགས་མེད་ཅིང་། སྔར་རོམ་དབྱུང་བའི་སར་བྱིན་རླབས་དང་ལྡན་པ། དགོངས་འདུས་ལྟར་གསུངས། ནམ་དགོས་དུས་ལག་རྗེན་གྱིས་མ་རེག་པར་དཀར་རམ་སྔོན་པོའི་ཁུད་དུ་བཏུམ་ནས་ཆུ་མིག་


MR11_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོའི་ཕུག་ཏུ་བྱ། ཁྱིས་མི་མཐོང་སར་སྦ་བ་དང་། མཚོ་སོགས་གལ་ཆེ་བར་སྨྱུག་ཚིགས་ལྟ་བུར་ཆར་བསྐུལ་གྱི་སྔགས་འཇམ་པོ་གཙང་མའི་གུར་གུམ་སོགས་ཀྱིས་བྲིས་པའང་བཅུག་སྟེ་ཁ་ལ་ཆས་བཅད་དེ་གཏིང་དུ་འཕངས་པས། ཞག་གསུམ་མམ་ལྔ་འགྱང་ནའང་བདུན་ཚུན་ཆར་ཆེན་འབེབས་ཅེས་བཤད། ཀླུ་བཅོས་སོགས་བྱེད་ཚེ་བའམ་རའི་འོ་མ་རིལ་བུ་སྦྱངས་ཏེ་ཆུ་མིག་སོགས་སུ་བླུགས་ན། ཀླུ་གནོད་ཞི་ཞིང་།ཆུ་མིག་སྐམ་པ་གསོ་བ་སོགས་ཀྱི་ཡོན་ཏན་མང་ངོ་། །ཀླུ་བསངས་བྱེད་ཚེ་ཀླུ་ཡི་ཤིང་སྣ་རྣམས་ཟུར་དུ་བསྡུས་པའི་ཕྱེ་མ་བསང་རྫས་ས་ལ་བསྲེས་ནས་དུད་པ་བཏང་ནའང་ལེགས་ཞེས་བཤད། ཀླུ་སྨན་འདི་ལ་སྦྱོར་སྡེ་རྒྱས་བསྡུས་སྣ་ཚོགས་ཡོད་ཀྱང་སོ་སོའི་ལུགས་བཞིན་བྱ་ཟེར་ཀྱང་། གོང་བཤད་རྒྱས་པ་ཚང་ན་ལེགས་ཀྱང་རེ་ཟུང་མ་ཚང་ནའང་ཆད་སྐྱོན་ཅན་དུ་མི་འགྱུར་ཏེ་གང་ཚང་བ་དེ་དག་ཀྱང་ཀླུ་དགའ་བའི་རྫས་ཡིན་པའི་ཕྱིར་རོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། ཀླུ་ཤིང་གྲ་མ་ཚེར་མ་ཅན། མེ་ཏོག་དཀར་པོ་ཅན་དེ་ཀླུ་སྨན་གྱི་མཆོག་ཡིན། འདྲེ་ནད་ཀུན་ལ་ཕན། དབང་བསྐུར་ན་སོ་ཤིང་བྱ། སྦྱིན་སྲེག་གི་ཡམ་ཤིང་དུ་བྱ། སྨན་དུ་མེ་ཏོག་གཏོང་། ལུམ་ལ་ཤུན་པ་བཟང་ཞེས་གསུངས་པ་དང་། ཁ་ཅིག་ཏུ་སོ་མར་ཙ་ཁོ་ན་ཀླུ་སྨན་བྱས་ནའང་མཆོག་ཏུ་བཤད་པ་དང་། ཛ་བ་རིས་མཛད་པའི་ཀླུ་རིགས་བཞིའི་སྒྲུབ་ཐབས་ལས་ཀླུའི་མཐུན་རྫས། ནཱ་ག་གེ་སར་སོགས་དུ་མ་ཞིག་གསུངས་པ་ལས།


MR11_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གཞན་གོང་དུ་ཚང་འདུག་ཀྱང་། ཀཎྚ་ཀ་རི། བལ་བོའི་སེའུ། སྨྱག་ཤད་ལྕུག་མ། པུ་ཤེལ་ཙེ། སྟག་པའི་ཤུན་པ། སེང་ལྡེང་དཀར་དམར་རྣམས་དང་། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་གསུངས་པ་རྣམས་གཞུང་དུ་ཚང་ལ་རས་སྐུད་དམར་པོས་ཚེ་སྲོག་བསྲིང་གསུངས་པ་རྣམས་ཀྱང་གོང་གི་ཁ་སྐོང་དུ་སྦྱར་ན་ལེགས་པར་སེམས་སོ། །གོང་བཤད་ལྟར་རྒྱས་པའམ། ཀླུ་སྨན་ཟབ་མོ་སྙིང་པོ།གསེར་གཡུ་མུ་མེན་བྱེ་རུ་མུ་ཏིག་སྟེ་རིན་ཆེན་ལྔ། ནས་དཀར་གྲོ་དཀར་སྲན་དཀར་འབྲས་དཀར་ཏིལ་དཀར་སྡེ་འབྲུ་ལྔ། དར་ནག་པོ་མིན་པའི་དར་སྣ་ལྔ། ཙན་དན་ཀར་དམར། འབྲས་བུ་གསུམ། ཇུ་གུར་ལི་ཛ་སུག་ལྔ།སྙིང་མཁལ་གླ་གོར་ཞོ་ཤ་གསུམ། ནཱ་ག་པདྨ། པུཥྤེ་གེ་ཨུཏྤལ་གེ་སར། སར་གསུམ། སེ་འབྲུ། ག་བུར་དབང་ལག ཆུ་སྲིན་སྡེར་མོ། སྤ་ལོ་སྨུག་ལོ། པུ་ཤེལ་རྩེ། རྡོ་རྒྱུས་བྱ་བལ་མ། རྒྱ་མཚོའི་དབུ་བ།འཕྲུག་ཤིང་རྣམས། བད་ཀར་དང་། ར་དཀར་འོ་མས་རིལ་བུ་དྲིལ། གཙང་སྦྲ་གོང་ལྟར་དང་། གནམ་མ་མཐོང་བར། དང་པོ་ཁྲོལ་སྒྲུབ་ཞག་གསུམ། དེ་ནས་གྲོ་ཡི་རྗེན་ཕྱེས་རིལ་བུ་དྲིལ། བུམ་པར་བླུག་གཟུངས་ཐག་གཏགས་ལ་བསྒྲུབ་ཅེས་བཤད། འདི་སྟེང་གོང་བཤད་སྨད་སྨན་གཙང་མ་ཇི་འབྱོར་དང་ཀླུ་ཤིང་གྲ་མ་དང་སྤང་སྤོས་ཀྱིས་བསྐྱེད་པས་འཐུས་སོ། །དེ་ནས་ཕོ་ཐང་མོ་ཐང་རྨེ་མཛེ་སོགས་མི་གཙང་བའི་ལག་བརྒྱུད་མ་


MR11_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པར་འཆང་བར་བྱའོ། །ཀླུ་བཅོས་སོགས་ཀྱི་སྐབས་སུ་མཁོ་བ་ཀླུ་ཤིང་ནི་ནཱ་ག་གེ་སར་གྱི་ཤིང་བྱུང་ན་ལེགས་ཤིང་། བོད་དུའང་ཀླུ་ཤིང་གྲམ། ཤུག་པ། སེ་བ། སྐྱེར་བ། ལྕང་མ།རྒྱ་ལྕང་། སྨྱག་ཤད། སྟག་པ། ལྗོན་པ། སྦྱར་ཐ་ལོ་བཟང་། གླ་རྐང་། སྣང་མ་རྣམས་སུ་བཤད། ཀླུ་མཆོད་རྫས། དར་དམར། བཤོས་གཙང་། དཀར་གསུམ། མངར་གསུམ། མངར་གསུམ་གཙང་མ།མར་མེ། དར་ཚོན་སྣ་ལྔ། རས་སྐུད་དམར་པོ། འབྲས་ཆན། གཙང་མའི་ཁུར་བ། འབྲུ་ལྔ། སྨན་ལྔ། དུང་གཡས་འཁྱིལ། གསེར་སོགས་རིན་པོ་ཆེ། ཀླུ་སྨན་སྣ་ཚོགས། དཀར་མངར་གྱི་གཏོར་མ་གཙང་མ། མེ་ཏོག་དྲི་བཟང་སྣ་ཚོགས། ཤིང་སྣ་ཚོགས་ཀྱི་བལ་ཚོན་གཙང་མ་རྣམས་ཡིན་ནོ། །རྫས་སྣ་ཚོགས་དུ་མའི་སྦྱོང་བ་ནི་གཞུང་སོ་སོ་ལས་འབྱུང་བ་འདིར་བརྗོད་ཀྱིས་མི་ལང་སྟེ་རྫས་རེ་རེ་ལའང་ནད་གདོན་སེལ་བ་ལ་སོགས་པའི་ཡོན་ཏན་དུ་མ་ཡོད་པ་ཡིན་ལ། ལྷན་ཅིག་སྦྱར་བ་ལའང་དཔེར་ན། ནོར་བུ་བཟང་པོའི་རྟོགས་པ་ལས། ཐང་ཆུ་དང་ནི་ཐང་ཤིང་པྲི་ཡངྐུ། རུ་རྟ། བྱི་མའི་བྲུན། ཕྱུགས་ཀྱི་རྭ། སྨྱུག་མའི་ཤུན་པ།ལ་ཆ་རྣམས་རའི་ཆུ་ངན་གྱིས་གཞིབ་ལ་གྲིབ་མར་བསྙེལ། བདུག་པ་འདི་དག་མཆོག་གི་གཙོ། །གཟའ་ཀུན་ལས་ནི་གྲོལ་བར་བྱེད། །དེ་རུ་སྦྲུལ་མི་གནས་པ་དང་། །གང་གཞན་གདུག་པ་ཅན་གྱི་ཤིང་། །གཟའ་


MR11_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནད་ཀུན་ངེས་པར་འཇོམས། །རིམས་དང་རྗེད་བྱེད་ཀྱང་ཉམས་བྱེད། །བདུག་སྤོས་ལས་ཀུན་བྱེད་པ་བྲམ་ཟེའི་གསང་པའོ། །བདུག་པ་དེའི་སྔགས་ནི། ཨོཾ་སུ་བྷིར་ཎ་ཏཱ་ཡེ་སྭཱ་ཧཱ། །ཞེས་གསུངས་སོ། །རྟ་མགྲིན་ཡང་གསང་གི་རྒྱུད་ལས། རུ་རྟ་ཤུ་དག་རྒྱ་སྤོས་དང་། །པྲི་ཡངྐུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་པུས། །བསྲེག་སྟེ་དུ་བ་རང་ལ་བདུག །མི་ཡི་རྒྱལ་པོ་བདག་དབང་འགྱུར། །ཁྲོས་དང་དགྲ་ཀུན་བྱམས་ཤིང་བརྩེ། །བུད་མེད་ཀུན་གྱི་ཡིད་དུ་འོང་། །གཅན་གཟན་གདུག་པ་ཀུན་ཀྱང་བྱམས། །སྐྱེ་འགྲོ་ཀུན་ཀྱང་བདག་དབང་འགྱུར། །འདྲེ་གདོན་ཀུན་ཀྱང་མི་གནོད་སྲུང་། །ཞེས་སྦྱིན་སྲེག་གི་སྐབས་སུ་གསུངས་པས་མཚོན་ནས། །ཞི་རྒྱས་དབང་དྲག་གི་རྫས་སྣ་ཚོགས་ཡོད་པ་སོ་སོའི་གཞུང་ལས་ཤེས་པར་བྱ་ཡི་འདིར་སྤྲོས་ཀྱིས་མི་ལང་མོད། ཉེར་མཁོའི་རྫས་སྣ་ཚོགས་བསྡུ་ཐབས་ཀྱི་ལག་ལེན་ཤེལ་ཕྲེང་འདི་ཀོང་སྤྲུལ་རིན་པོ་ཆེས་མཛད་པ་རྫས་རྣམས་ཀྱི་གསལ་བྱེད་པདྨའི་ཆུན་པོ་ཞེས་པ་གཏེར་མཛོད་དུ་བཞུགས་པ་སོགས་གཞུང་དང་རྒྱུད་དང་མན་ངག་གི་དཔེ་སྣ་ཚོགས་ལས་འདིར་ཉེར་མཁོ་ཅི་རིགས་ཕྱོགས་གཅིག་ཏུ་མི་ཕམ་པས་བཀོད་པ་དགེའོ། ༈ །ཉེར་མཁོ་རྫས་སྦྱོར་སྣ་ཚོགས་པ། ཕྱོགས་བསྡུས་རིན་ཆེན་ཟ་མ་ཏོག །འགྲོ་ལ་ཕན་བཞེད་ཨ་ཛི་ཏས། །རྒྱུད་གཞུང་མན་ངག་ཀུན་ལས་བཏུས། །


MR11_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་འོ་མའི་རྒྱ་མཚོ་བཞིན། །ཚེས་དཀར་སྤར་དཔོན་ངག་འཇིགས་དང་། སྤར་གཉེར་ཚུལ་དཔལ་རྣམ་གཉིས་ཀྱིས། །འཛད་མེད་སྤར་དུ་བསྒྲུབས་པའི་དགེ། །འདིས་མཚོན་དུས་གསུམ་བྱས་བསགས་པའི། །རྣམ་དཀར་ཇི་སྙེད་མཆིས་སོ་ཅོག །རྒྱལ་བ་དགྱེས་པའི་ལམ་ཞུགས་ཏེ། །འགྲོ་ཁམས་རྒྱ་མཚོར་སྨིན་གྱུར་ཅིག། དགེའོ། ༈ །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པོ་ཤོག། །


previousཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ།no next