Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།
   
   
   


 
previousསྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།next

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།


MR11_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣཱ དཪྴ ནཱ མ ག ཎི ཏ སྱ བཱུ རྦཾ ག ཏི བི ཧ ར ཏི སྨ། །
སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་ཞེས་བྱ་བ་བཞུགས་སོ། །


MR11_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་བི་ཛ་ཡནྟུ། །དུས་གསུམ་དུས་མེད་མཉམ་པ་ཉིད། །ཡན་ལག་མེད་པ་རྩིས་ལས་འདས། །དེ་ཁོ་ན་ཉིད་འཕོ་མེད་དབྱིངས། །འཇམ་དཔལ་དུས་ཀྱི་འཁོར་ལོར་འདུད། །དེ་ཡི་ངང་ལ་འཕོ་བཅས་ཀྱི། །སྣང་བར་ཕྱི་ནང་གཞན་གསུམ་ཚུལ། །གཞལ་དང་བགྲང་དུ་རུང་བའི་ཆོས། །འདི་ཀུན་རྩིས་ཀྱི་ལམ་ལ་གནས། །བཟང་ངན་ཤེས་ཤིང་དུས་ཤེས་པས། །རྟེན་འབྲེལ་ལམ་གྱིས་ཅི་ཡང་འགྲུབ། །དེ་ཕྱིར་རྟོག་པའི་བློ་ཅན་ཆེད། །རྩིས་ཀྱི་ཚུལ་ལ་འཇུག་པ་བརྗོད། །འདི་ལ་རྩི་ཐབས་བརྩི་བྱ་གཉིས། །དང་པོ་གྲངས་ཀྱི་རྩིས་བཤད་པ། །འབྲི་བགྲང་སྣོན་པ་གཡས་ནས་བརྩམ། །བསྒྱུར་བགོད་འབྲིད་པ་གཡོན་ནས་སོ། །འབྲི་བ་ཡིག་གཟུགས་བཅུ་པོ་དེ། །རྐྱང་སྦྲག་བརྩེགས་མ་གང་འདོད་བྲི། །བསྒྱུར་བགོད་ཕྲི་བསྣན་བྱེད་པའི་ཚེ། །གོང་འོག་ཐད་


MR11_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་རིམ་འགྲིགས་བཀོད། །བགྲང་བ་ཐ་མའི་གནས་ནས་བཟུང་། །གོང་ནས་གོང་དུ་བཅུ་འགྱུར་བརྩི། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་སྟོབས་མིག་བྱམས་སྙིང་དགའ། །བཏང་སྙོམ་ཉེར་ལྔ་ཆེན་པོར་བཅས། །ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། །ཐེར་འབུམ་ཐེར་འབུམ་ཆེན་པོ་སོགས། །དེ་ལྟར་ལུང་རེ་སྦྱར་ལ་རྩི། །གནས་ནི་དྲུག་ཅུའི་གྲངས་སོན་པར། །ཐ་མ་གྲངས་མེད་ཅེས་སུ་བརྗོད། །བསྣོན་པ་ངོ་ཐོག་གནས་


MR11_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམ་པ། །བཅུ་པ་གང་ལོང་གོང་དུ་འགྲོ། །ལྷག་མ་རང་གི་ལམ་དུ་བཞག །ཐམ་པའི་གནས་སུ་ཐིག་ལེའོ། །བསྒྱུར་བའི་དོན་ནི་བསྒྱུར་བྱ་དེ། །བསྒྱུར་བྱེད་གྲངས་སུ་སྤེལ་བ་ཡིན། །གཅིག་བསྒྱུར་བ་ལ་མང་ཉུང་མེད། །གཉིས་སོགས་ཀྱིས་བསྒྱུར་གོང་དུ་འཕེལ། །རྐྱང་བསྒྱུར་ཐ ད་ཀར་གང་ཡོད་བསྒྱུར། །སྦྲག་བསྒྱུར་སྒྱུར་བྱེད་ཐ་མ་ནི། །བསྒྱུར་བྱའི་དང་པོའི་འོག་བཞག་སྟེ། །དེ་ལྟར་གནས་ཀུན་རིམ་བཞིན་བསྒྱུར། །བསྒྱུར་བགོད་དགུ་མཐའི་གྲངས་ལས་ཤེས། །དགུ་གཅིག་གཅིག་དགུ་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ། བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་སྟེ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་བདུན་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུའོ། །


MR11_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་རྩ་དྲུག་གོ། ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་སྟེ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་ཡིན་ནོ། །བཞི་གསུམ་གསུམ་བཞི་བཅུ་གཉིས་ལ། །བཞི་བཞི་དག་ནི་བཅུ་དྲུག་གོ། གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཏུ་འགྱུར། །གསུམ་གསུམ་ལ་ནི་དགུ་ཡིན་ནོ། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་བཞི་རུ་ཤེས་པར་བྱ། །གཅིག་གཅིག་གཅིག་ཉིད་ཐིག་ལེ་སྟོང་། །བགོད་པའི་དོན་ནི་བགོད་བྱ་དེ། །བགོད་བྱེད་གྲངས་སུ་སྡུད་པ་ཡིན། །རྐྱང་བགོད་ཅི་ཙམ་ཐོབ་པ་ཁྱེར། །སྤྲག་བགོད་འོག་མའི་ཚོང་དང་སྦྱོར། །ཐེབ་རེར་གཅིག་ནས་དགུ་ཡི་བར། །གང་ཐོབ་ནོར་སྐལ་ཡས་ནས་བཀོད། །མཐོ་བ་ནོར་གྱི་སྐལ་བ་ཐིག །བརྩིགས་པ་རྣམས་ལ་འོག་ནས་ཡར། །འཁོར་ལོས་དྲིལ་བྱས་ཐོབ་པའི་ནོར། །གོང་མའི་གནས་སྐལ་རིམ་བཞིན་སྦྱིན། །ཕྲི་བ་མཐའ་ནས་གནས་མཚུངས་བཀོད། །རིམ་བྲི་མ་ལྡོང་གོང་ནས་ཕབ། །བརྩེགས་མ་རྣམས་ལ་སྟེང་ནས་མར། །རིམ་ཕྲི་མ་འདང་སྟེང་ནས་ཕབ། །ཕབ་


MR11_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྟེང་གི་གྲངས་གཅིག་ཀྱང་། །འོག་ཏུ་རང་རང་འཁོར་ལོ་འགྱུར། །སྒྱུར་བྱེད་མཐའི་ཐིག་གྲལ་མཐར་འགོད། །བགོད་བྱེད་མཐའ་ཐིག་མ་མཐའ་བཀག །སྒྱུར་བྱེད་སྟོང་ན་བསྒྱུར་བྱ་བྱི། །བསྒྱུར་བྱ་སྟོང་པ་བསྒྱུར་དུ་མེད། །དབུས་མཐའི་ཐིག་ཀུན་རང་གནས་འཛིན། །ཐོག་མའི་ཐིག་ལེ་རང་སར་ཡལ། །བར་འོག་གནས་སྟོང་ཐིག་ལེས་བརྒྱན། །སྡེ་ཚན་ས་འཛིན་ཐིག་གིས་ནུས། །ཉུང་མཐའ་ནས་བཟུང་ཇེ་མང་དུ། །རིམ་པས་སྦྱངས་ན་རྟོགས་པར་སླ། །དགུ་སྦྲག་ལ་སོགས་གང་འདོད་གྲངས། །དེ་ཉིད་དེས་བསྒྱུར་དེས་བགོས་པས། །དེ་ཐོབ་ལྷག་མེད་རྣམ་དག་ཤར། །ཚེགས་མེད་འདི་འབྱུང་རི་མོ་བྱང་། །དེ་ནས་ཡན་ལག་ལྔ་ལ་སོགས། །གཞུང་གི་རྩིས་ལ་འཇུག་པར་བྱ། །ཞར་བྱུང་ཉེར་མཁོའི་བརྡ་ཆད་ནི། །རང་བཞིན་གཟུགས་དང་བསེ་རུ་དང་། །ཟླ་བ་རི་བོང་ཅན་རྣམས་གཅིག །ལག་མིག་ཟུང་དང་བགྲོད་པ་དང་། །འཁྲིག་སྦྱོར་མཚེ་མ་གཤིན་རྗེ་གཤིས། །འཇིག་རྟེན་དུས་དང་ཡོན་ཏན་དང་། །མེ་དང་ཚ་བ་རྩེ་མོ་གསུམ། །རྒྱ་མཚོ་ཆུ་གཏེར་ཆུ་བོ་དུས། །རིག་བྱེད་སྡེ་བདུད་ཟུང་ལྡན་བཞི། །མདའ་དབང་ཕུང་པོ་འབྱུང་བ་ལྔ། །རོ་དང་བྲོ་བ་དུས་མཚམས་དྲུག །གཟའ་གླིང་ཐུབ་རི་དྲང་སྲོང་བདུན། །ཀླུ་སྦྲུལ་ལག་འགྲོ་གདེངས་ཀ་ཅན། །ནོར་ལྷ་ནོར་དང་དབྱིག་རྣམས་བརྒྱད། །རྩ་བུག་གཟའ་གཏེར་སྲིན་པོ་དགུ། །ཕྱོགས་དང་སྒྲ་སྒྲོགས་བཅུ་ཡི་མིང་། །དྲག་པོ་དབང་ཕྱུག་བདེ་བྱེད་དང་། །བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ། ཉིན་བྱེད་ཉི་མ་ཁྱིམ་བཅུ་


MR11_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ལུས་མེད་དང་ནི་འདོད་ལ་དང་། །མྱོས་བྱེད་སྣ་ཚོགས་བཅུ་གསུམ་མོ། །མ་ནུ་ཤེད་བུ་ཡིད་སྲིད་པ། །སྲིད་པའི་གནས་རྣམས་བཅུ་བཞིའོ། །ཚེས་ཞེས་བྱ་བ་བཅོ་ལྔའི་མིང་། །ཆ་ཤས་དང་ནི་རྒྱལ་པོ་དང་། །མི་བདག་ཅེས་པ་བཅུ་དྲུག་གོ། ཉེས་པ་སྐྱོན་ནི་བཅོ་བརྒྱད་དོ། །རྒྱལ་བ་ཞེས་པ་ཉེར་བཞི་འོ། །དེ་ཉིད་ཅེས་པ་ཉེར་ལྔ་སྟེ། །སྐལ་མ་འཁོར་ལོ་ཉེར་བདུན་ཡིན། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །གྲངས་ཀྱི་མིང་གི་རྣམ་གྲངས་སོ། །རྩ་བའི་མིང་དེའི་རྣམ་གྲངས་གཞན། །དེ་ཡང་དེ་དང་མཚུངས་པར་ཤེས། །འབྲི་བཀོད་བཞག་སོགས་རྣམ་གྲངས་ཏེ། །བགྲང་དང་རྩི་དང་འདྲེན་པ་གཅིག །བསྣན་དང་བསྲེ་དང་བསྡོམ་དང་ལྡན། །སྤྱིན་དང་ལྷག་བྱས་བརྒྱན་སོགས་མཚུངས། །བསྒྱུར་དང་བསྒྲེས་སྤེལ་ལ་སོགས་འདྲ། །བགོས་ཁྱེར་ཕྱེ་བཅད་དོར་སོགས་གཅིག །བརྩེགས་ཚེ་བསྒྲིལ་དང་ཕུད་ཀྱང་ཟེར། །ཕྲི་དམན་སྦྱངས་ཉུང་ལ་སོགས་འདྲ། །ནོར་ལ་ཐོབ་རྙེད་སྐལ་བར་བརྗོད། །ལྷག་མར་ལུས་འཕྲོ་ཤུལ་སོགས་ཟེར། །མཁའ་དང་སྟོང་པ་ཐིག་ལེའི་མིང་། །དེ་སོགས་རྣམ་གྲངས་ཤེས་པར་བྱ། ༈ །གཉིས་པ་བརྩི་བྱར་སྤྱི་བྱེ་བྲག །དང་པོར་ཡུལ་དུས་དངོས་པོ་གསུམ། །ཡུལ་རྣམས་རྡུལ་གྱི་མཐའ་ཅན་ཏེ། །རྟེན་དང་བརྟེན་པའི་འཇིག་རྟེན་ཁམས། །སྣ་ཚོགས་ཚད་ཅན་ལས་ཀྱིས་བཀོད། །དེ་ཉིད་རྒྱ་ཁྱོན་ཆ་ཡིས་བརྩི། །དུས་རྣམས་སྐད་ཅིག་མཐའ་ཅན་ཏེ། །ནང་དུ་རླུང་ཁམས་འཕོ་བ་དང་། །ཕྱི་རོལ་དུས་ཀྱི་འགྱུར་


MR11_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་། །དེ་ཉིད་དུས་གསུམ་ཚུལ་གྱིས་བརྩི། །དངོས་ཞེས་ཇི་ལྟར་སྣང་རྣམས་ལ། སྣ་ཚོགས་ཆོས་སུ་གདགས་པ་སྟེ། །དེ་ཉིད་རྣམ་བཞག་དབྱེ་བསྡུ་དང་། །བཟང་ངན་བླང་དོར་ཚུལ་གྱིས་བརྩི། །གཉིས་པ་བྱེ་བྲག་ཞིང་འདི་རུ། །དུས་ཀྱི་ཆ་འཛིན་གཟའ་རྣམས་ཀྱི། །བགྲོད་པ་ལས་ནི་ལོ་ཟླ་ཞག །དུས་ཚོད་རྣམ་བཞག་རྣམ་པར་དབྱེ། །ལོ་ནི་དྲུག་ཅུར་རབ་གྲགས་པ། །རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་མྱོས་སྐྱེས་བདག་ཨངྐི་ར། །དབལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་ཡོད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། དུས་ཀྱི་ཕོ་ཉ་དོན་གྲུབ་དྲུག །བློ་ངན་ཆེ་ན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པ་འོ། །ཟླ་བ་བཅུ་གཉིས་ལོ་གསུམ་ན། །བཤོལ་བཅས་དེ་དག་དུས་བཞི་དང་། །བགྲོད་པ་གཉིས་དང་དུས་དྲུག་དབྱེ། །ཞག་ནི་ཉིན་ཞག་ཚེས་ཞག་དང་། །ཁྱིམ་ཞག་གསུམ་དུ་རྣམ་པར་བཞག །དུས་ནི་དྲུག་གམ་བཅུ་གཉིས་སོགས། །ཡུད་ཙམ་ཆུ་ཚོད་ཆ་ཅན་ཏེ། །འདི་ལྟར་དབུགས་ནི་ཁུག་པ་དྲུག །


MR11_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲང་གཅིག་ཅེས་བྱ་བར་བརྗོད། །ཆུ་སྲང་དྲུག་ཅུ་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུ་ཉིན་ཞག་གཅིག །དབུགས་ཀྱང་ཆ་ཤས་དུ་མ་ཅན། །དོན་ལ་སྐད་ཅིག་ལ་སོགས་པས། །གཞལ་བར་བྱ་བ་གང་ཡིན་པ། །འདི་ནི་དུས་ཀྱི་ཆུ་ཚོད་ཡིན། །འབྱུང་བ་རིམ་བརྩེགས་རི་རབ་དང་། །འདོད་གཟུགས་ལྷ་ཡི་གནས་བཅས་པའི། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །གླིང་བཞིའི་མཁའ་ལ་རླུང་གི་ཁྱིམ། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་ཏེ། །བཅུ་གཉིས་དག་ན་རྒྱུ་སྐར་ནི། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབས་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་དང་། །ནག་པ་ས་རི་ས་ག་དང་། །ལྷ་མཚམས་སྣྲོན་དང་སྣྲུབ་ཆུ་སྟོད། །ཆུ་སྨད་གྲོ་བཞིན་བྱི་བཞིན་དང་། །མོན་གྲེ་མོན་གྲུ་ཁྲུམས་སྡོད་དང་། །ཁྲུམས་སྨད་ནམ་གྲུ་ཞེས་བྱ་བ། །ཉི་ཤུ་རྩ་བརྒྱད་རྣམས་པར་གནས། །གྲོ་བཞིན་བྱི་བཞིན་ས་ཡི་ཁྱོན། །གཅིག་བརྩིས་རྒྱུ་སྐར་ཉེར་བདུན་པོའི། །སྐར་ཁོངས་རེ་རེའི་ས་ཁྱོད་ལ། །དྲུག་ཅུར་བྱས་པའི་ཆུ་ཚོད་དེ། །ཡུལ་གྱི་དབང་དུ་བྱས་པ་ཡིན། །དེ་རེའི་ཁྱོན་ལ་དཔག་ཚད་གྲངས། །ཉིས་བརྒྱ་སོ་གཅིག་ལྷག་དང་བཅས། །དོན་དུ་སོར་སོགས་གཞལ་བྱ་སྟེ། །རྡུལ་ཕྲན་ཆ་ཡི་མཐའ་ཅན་གང་། །བཏགས་པ་ཡུལ་གྱི་ཆུ་ཚོད་ཉིད། །འདི་ལ་ཉི་མ་ཟླ་བ་དང་། །མིག་དམར་ལྷག་པ་ཕུར་བུ་དང་། །པ་སངས་སྤེན་པ་གདོང་མཇུག་བཅས། །གཟའ་མཆོག་དགུ་ཡིས་བགྲོད་པའི་ཚུལ། །དལ་མྱུར་


MR11_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོ་ག་ལས། ཡུལ་དུས་ལོངས་སྤྱོད་རྣམ་པར་དབྱེ། །འདས་ལུས་ད་ལྟ་གཏན་ལ་ཕབ། །དེ་ལས་བླང་དོར་འབྲས་བུའང་མཐོང་། །འདི་ལ་གཟའ་སྐར་རྩི་ཞེས་བརྗོད། །ཕྱི་རོལ་སྣ་ཚོགས་སྣང་བ་ནི། །འགྱུར་བར་བཅས་ཤིང་ཆ་བཅས་པ། །འདི་ཀུན་སེམས་ཀྱི་རང་སྣང་སྟེ། །རླུང་སེམས་འདུས་པའི་ཆོ་འཕྲུལ་ཡིན། །དེ་ཕྱིར་ཕྱི་རོལ་ཇི་བཞིན་ནང་། །མ་དག་འཁྲུལ་ཚེ་གཉིས་སུ་ཤར། །དག་པའི་ཚེ་ན་གཞན་དུ་ནི། །ལྷ་ཡི་འཁོར་ལོ་དག་ཏུའང་སྣང་། །འདི་ཀུན་སྣང་ཚུལ་དབང་བྱས་ཏེ། །གཞལ་དང་བགྲང་དང་རྩིས་ཀྱི་ཡུལ། །གནས་ཚུལ་དམ་པའི་དོན་དུ་ན། །ཡེ་ཤེས་རང་སྣང་འཕོ་འགྱུར་བྲལ། །ཆ་མེད་ཀུན་འགྲོ་ཁྱབ་པ་ཉིད། །གཞལ་དང་བགྲང་ལས་ཡང་དག་འདས། །འཕོ་མེད་དབྱིངས་ལས་མ་གཡོས་བཞིན། །འཕོ་བཅས་སྣ་ཚོགས་སྣང་བ་ཀུན། །དུས་ཀྱི་སྦྱོར་བ་ལས་སྐྱེས་ཏེ། །དུས་ཞེས་རྟེན་འབྲེལ་ཚུལ་ལ་བརྗོད། །གང་ཕྱིར་རྒྱུ་རྐྱེན་ཚོགས་པ་ཡི། །གནས་སྐབས་དག་ལ་དེ་དང་དེའི། །དུས་སུ་བརྗོད་པ་མ་གཏོགས་པའི། །དུས་ཞེས་བྱ་བ་གཞན་ན་མེད། །རྟེན་འབྲེལ་དུས་ཀྱི་སྦྱོར་བ་ལས། །བཟང་ངན་འབྲས་བུ་མི་བསྲུ་བར། །ཤེས་ཤིང་འཇུག་ལྡོག་ལེགས་བགྱིས་པས། །མངོན་མཐོ་ངེས་ལེགས་དོན་ཀུན་འགྲུབ། །དེ་ལྟར་དུས་སུ་སྣང་བ་ཡང་། །ཕྱི་རོལ་དངོས་པོའི་སྟོབས་ཀྱིས་མིན། །ནང་གི་འཕོ་བའི་དུས་ཀྱིས་བྱས། །གཉིད་ཀྱི་དབང་གིས་རྨི་ལམ་བཞིན། །སྣང་བ་གསུམ་དང་ལྷན་ཅིག་པའི། །ནང་གི་རྣམ་ཤེས་འཕོ་བ་ནི། །ཕྲ་བའི་དུས་དེ་དེས་ཀུན་བསྐྱེད། །དེ་ཤེས་


MR11_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དུས་ཤེས་ཡིན། །ཡང་དག་དོན་དུ་དུས་གསུམ་པོ། །དུས་མེད་མཉམ་པ་ཉིད་རྟོགས་ན། །རྡོ་རྗེའི་དུས་དེ་དུས་འཁོར་ལོའི། །ཡེ་ཤེས་སྐུ་ལ་འཇུག་པར་འགྱུར། །དེ་ཕྱིར་ཕྱི་རོལ་དུས་འཁོར་གྱི། །དགོངས་པའི་ཚུལ་ལ་འཇུག་པའི་སྒོ། །གྲངས་ཀྱི་རྩིས་ཚུལ་མདོ་ཙམ་བརྗོད། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །འཕོ་བཅས་རྟེན་འབྲེལ་དོན་རྟོགས་ནས། །སྒྱུ་མ་ལྟ་བུའི་ལམ་སྦྱངས་ཤིང་། །འཕོ་མེད་ཡེ་ཤེས་སྐུ་ཐོབ་སྟེ། །དོན་གཉིས་གྲུབ་པའི་དཔལ་གྱུར་ཅིག །ཚུལ་འདི་མཐོང་ཐོས་དྲན་རེག་ཀུན། །གསུམ་རིག་གཙང་མ་དག་པ་དང་། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །རྩོལ་མེད་ཐོབ་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་འཇམ་དཔལ་དགྱེས་པ་འགྱུར་མེད་མི་བསྐྱོད་རྡོ་རྗེར་གྲགས་པས་བཀྲ་ཤིས་དཔལ་འབར་པད་མ་བདེ་ལྡན་གླིང་དུ་རབ་ཚེས་རྣམ་རྒྱལ་ཆུ་སྦྲུལ་ལོའི་ཟླ་བ་བཞི་པའི་ཚེས་ཉེར་ལྔར་སྦྱར་བ་དགེའོ། །མངྒལཾ།། །།བརྩི་ཐབས། ༤༢༢ བརྩི་བྱ། ༢༣ ༢ དུས་འཁོར་དོན་སྦྱར། ༡༨༢ ཚིག་བཅད། ༧༢༧ཡོད་པ་དགེའོ།།


previousསྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།next