Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཀྱི་གླུའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས།
   
   


 
previousདཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཀྱི་གླུའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས།next

དཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཀྱི་གླུའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས།


MR12_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཀྱི་གླུའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།


MR12_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། མཆོག་ཏུ་མི་འགྱུར་ཟག་བྲལ་བདེ་བ་ཆེ། །འོད་གསལ་རང་བཞིན་གཉུག་མ་ལྷན་ཅིག་སྐྱེས། །གཞོམ་མེད་ན་དཱའི་སྒྲ་ཡིས་འདོམ་མཁས་པ། །གྲུབ་པའི་དབང་ཕྱུག་མདའ་སྣུན་ཞབས་ཀྱིས་སྐྱོངས། །འདིར་འཕགས་ཡུལ་གྲུབ་བརྒྱའི་སྤྱི་མེས་དཔལ་ས་ར་ཧ་ཆེན་པོས་མཛད་པའི་དོ་ཧ་མཛོད་ཀྱི་གླུ་འདི་ཉིད་འཆད་པ་ལ། ཐོག་མར་མཚན་དོན་ནི། རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་གཱི༷་ཏི། བོད་སྐད་དུ། དོ་ཧ་མཛོད་ཀྱི་གླུ། ཞེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོན་ཏན་མི་ཟད་པའི་གཏེར་མཚོན་པར་བྱེད་པའི་མགུར་མ་ཡིན་པས་སོ། །འགྱུར་ཕྱག་ནི། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། རྣམ་པར་རྟོག་པའི་གྲྭ་ཟུར་མེད་པས་འཇམ་ཞིང་འཁོར་འདས་གཉིས་ཀའི་དཔལ་དུ་གྱུར་ལ། སོ་མ་ཡིན་པའི་དོན་གྱིས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བས་


MR12_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའོ། །གཞུང་དངོས་ནི། དུག་སྦྲུལ་ལྟ་བུའི་གང་ཟག་སྐལ་མེད་རྣམས་ནི། ངེས་པར་སྐྱེ་བོ་དམ་པ་གཞན་ལ། ཟབ་མོའི་ཆོས་སྤང་བ་སོགས་སྐྱོན་གྱི་དྲི་མས་དགོད་པའི་ཕྱིར།མཐོང་བ་ཙམ་གྱིས་འཇིགས་པར་བྱོས་ལ་དོར་བར་བྱའོ། །དེ་ཡང་སྤྱིར་མུ་སྟེགས་པའི་ལུགས་ལ་སྟོན་པ་སྲིད་རལ་ཅན་ཞེས་པ་ཐོག་མ་མེད་པ་ནས་སྲིད་པ་དང་ཐར་པའི་གཞིར་གྲུབ་པ་རྟག་ཅིང་ཐར་པ་ཞལ་བཞི་པ་ཞིག་འདོད་ལ། དེའི་མདུན་ཕྱོགས་ཚངས་པའི་ཞལ་ནས་གདུལ་བྱ་བྲམ་ཟེའི་རིགས་ལ་ལྟ་བ་བདག་རྟག་པར་ལྟ་བ་དང་སྤྱོད་པ་རིག་བྱེད་དང་མཐུན་པར་སྤྱོད་པའི་ཕྱིར་རིག་བྱེད་བཞིའི་ཆོས་སྟོན་ཅིང་། གཡས་ཕྱོགས་བརྒྱ་བྱིན་གྱི་ཞལ་ནས། གདུལ་བྱ་རྒྱལ་རིགས་ལ་ལྟ་བ་བདག་གཅིག་པུར་བལྟ་བ་དང་སྤྱོད་པ་དབྱུག་གུའི་རྩེར་མཆོད་པ་ལ་སོགས་པའི་ཆོས་སྟོན་ལ། རྒྱབ་ཕྱོགས་དབང་


MR12_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་ཞལ་ནས་གདུལ་བྱ་རྗེའུའི་རིགས་ལ་ལྟ་བ་བདག་རང་དབང་ཅན་དུ་ལྟ་བ་དང་སྤྱོད་པ་ཐལ་གོས་དང་རལ་པ་འཕྱང་བ་ལ་སོགས་པའི་ཆོས་སྟོན་ཞིང་། གཡོན་ཕྱོགས་ཁྱབ་འཇུག་གི་ཞལ་ནས་གདུལ་བྱ་དམངས་རིགས་ལ་ལྟ་བ་བདག་ནམ་མཁའི་ལྟར་ཁྱབ་པར་ལྟ་བ་དང་སྤྱོད་པ་གཅེར་བུ་པ་ལ་སོགས་པའི་ཆོས་སྟོན་པར་འདོད་དོ། །དེ་ལས་མུ་སྟེགས་རིགས་བྱེད་པ་རྣམས། དེ་ཉིད་གཉུག་མ་མི་ཤིག་པའི་བྲམ་ཟེ་ནི། གྱི་ན་བདག་གིས་སྙན་དངགས་མཆོད་སྦྱིན།སྲིད་སྲུང་ངེས་བརྗོད་དེ་རིག་བྱེད་བཞི་དག་ཁ་ཏོན་དུ་འདོན་པ་དང་། ས་དང་ཆུ་ཡིས་ལུས་འཁྲུད་པ་དང་ཀུ་ཤ་ལ་གནས་པ་དང་བྱ་བས་པས་སྒོ་གསུམ་དག་བྱེད་དུ་འདོད་པ་དང་། ཁྱིམ་ན་གནས་ཤིང་སྦྱིན་བསྲེག་གི་མེ་ལ་བསྲེག་རྫས་ཐུན་མོང་པ་དང་ཐུན་མིན་རང་གི་ལུས་བསྲེགས་ཏེ། ཐར་པ་ལ་ཕན་བའི་དོན་མེད་པའི་སྦྱིན་སྲེག་བྱེད་པ་ནི། དུ་བས་མིག་ལ་གནོད་པར་རེ་བས་པ་ཁོ་ནའོ། །མུ་སྟེགས་དབྱུག་གུ་ཅན་པ་དག་དབྱུག་གུ་རྩེ་གཅིག་པ་དང་གཉིས་པ་དང་གསུམ་པ་ལ་བརྟེན་ནས་དེ་ལ་ལེགས་ལྡན་ཏེ་ལྷ་དབང་ཕྱུག་ཆེན་པོའི་གཟུགས། ཡབ་དཔའ་གཅིག་དང་ཡབ་ཡུམ་གཉིས་པ་དང་སྲས་དང་བཅས་གཙོ་འཁོར་གསུམ་པར་སྒྲུབ་ལ། དེ་ཡང་ལྷ་ཡབ་ཡུམ་ཐ་དད་དུ་སྒྲུབ་པ་དང་ངང་པས་བསྟན་པ་ཞེས་ངང་པ་ཁྱོ་ཤུགས་ལྟར་ལྷ་ཡབ་ཡུམ་ལྷན་དུ་སྒྲུབ་སྟེ་གྲུབ་རྟགས་མཐོང་ནས་རང་ལུས་དེའི་སྟེང་དུ་མཆོངས་ཏེ་ལུས་དོར་བས་ཐར་པར་འདོད་པ་སོགས་ཀྱི་དཀའ་ཐུབ་དམན་པ་དག ཆོས་དགེ་བ་དང་ཆོས་མིན་མི་དགེ་བའི་ཁྱད་པར་མི་ཤེས་པར་ཐ་མལ་པ་དང་མཉམ་


MR12_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ལམ་དེས་ཐར་པར་འགྲོ་བར་འདོད་པ་རྣམས་ནི་ལོག་པའི་ལམ་བརྫུན་པ་ཉིད་དུ་གོལ་བའོ། །ཐལ་གོས་པ་རྣམས། ཨེ༷་རའི་སྟེ་རོ་བསྲེག་པ་སོགས་ཀྱི་ཐལ་བས་ལུས་ལ་བྱུགས་ནས་སུ། མགོ་ལ་རལ་པའི་ཁུར་བུ་སྟེ་སྐྲ་རིང་པོར་བྱས་པ་ཁུར་བར་བྱེད་ཅིང་། ཁྱིམ་དུ་ཚིལ་ཞུན་གྱི་མར་མེ་བཏང་ནས་གནས་པ་དང་། ཁྱབ་འཇུག་དང་དབང་ཕྱུག་གི་དཀྱིལ་འཁོར་བྲིས་ཏེ་དེ་སྒྲུབ་པའི་ཕྱིར་དབང་ལྡན་གྱི་མཚམས་སུ་འདུག་ནས་དྲིལ་བུ་འཁྲོལ་བ་དང་། གཞན་ལ་དབང་བསྐུར་བའི་ཕྱིར་དཀྱིལ་འཁོར་གྱི་དབུས་སུ་སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ་རླུང་དྲག་ཏུ་བཙིར་བའི་ཤུགས་ཀྱིས་སྙིང་ཅུང་ཟད་འཕར་བའི་སྒྲ་ཨ་ཧཾ་དུ་འོང་བ་དེ་སློབ་མ་ལ་ཉན་དུ་བཅུག་ནས། དེའི་རྣ་བར་ཤུབ་ཤུབ་ཀྱིས་ཨ་ཧཾ་ཞེས་པའི་སྒྲ་དེས་བདག་ངོ་སྤྲོད་པ་སོགས་ཀྱིས་སྐྱེ་བོ་རྣམས་བསླུ་བར་བྱེད་དོ། །དེ་ནི་ཁྱོ་ཞེས་ཐབས་མེད་པ་དང་སྒྲ་ཞེས་ཤེས་རབ་མེད་པའི་ལམ་འདི་འདྲ་གཞན་ལ་སྟོན་ཅིང་། དབང་ཕྱུག་གི་དབང་རྣམས་བསྐུར་ཞིང་ཡོན་བདག་ལ་བླ་མའི་ཡོན་རྣམས་ལེན་པར་བྱེད་པ་ཁྱོད་ནི་གཞན་བསླུ་བའི་ཕྱིར་ངན་འགྲོར་གཞོལ་བ་ཁོ་ནའོ། །གཅེར་བུ་པ་རྣམས་ནི་དཀའ་ཐུབ་ཀྱིས་གྲོལ་བར་འདོད་པས་སེན་མོ་རིང་ཞིང་ལུས་ལ་དྲི་མས་གཡོགས་པ་དང་། གོས་དང་བྲལ་བར་གཅེར་བུར་རྒྱུ་ཞིང་ལག་ན་རྔ་ཡབ་སོགས་ཐོག་པ་དང་རྨ་བྱའི་མཇུག་སྒྲོ་དང་གཡག་གི་རྔ་མས་འདོམས་འགེབས་པ་དང་རང་གི་སྐྲ་སོགས་ནི་འབལ་བར་བྱེད་ལ་འགྲེང་བཞིན་དུ་ཟ་བར་བྱེད་པའི་བརྟུལ་ཞུགས་དང་། ལྟ་བ་ཡང་ནམ་མཁའི་རང་བཞིན་ལྟར་བདག་གམ་


MR12_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཅིག་པུས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་ཅན་དུ་བསྒོམ་སོགས་གནོད་པར་བྱེད་པ་ལམ་གྱི་གཟུགས་བརྙན་ཙམ་པ་དེས། ཐར་པའི་ཆེད་དུ་སྐྱེ་བོ་བདག་ཉིད་འགྲོ་བར་བྱེད་པ་རྣམས་བསླུ་བར་བྱེད་དེ། དེ་ཡང་གཅེར་བུས་གལ་ཏེ་གྲོལ་གྱུར་ན། །ཁྱི༷་དང་ཝ་སོགས་ཀྱང་ཅིས་མི་གྲོལ། །སྤུ་བཏོགས་པས་ནི་གྲོལ་གྱུར་ན། །བུད་མེད་ཀྱིས་སྐྱེ་གནས་ཤིས་པའི་སླད་དུ་མཚན་མ་སོགས་ཀྱི་སྤུ་བཏོགས་པ་ཡང་གྲོལ་བར་འགྱུར། རང་ལ་རྨ་བྱའི་མཇུག་མ་བཏགས་ཏེ་གྱེན་དུ་བསླང་བའི་བརྟུལ་ཞུགས་བྱེད་པ་རྣམས་མཇུག་སྤུ་གྱེན་དུ་བསླང་བས་གྲོལ་བར་འགྱུར་ན། རྨ་བྱ་དང་གཡག་སོགས་ཀྱང་གྲོལ་བར་འགྱུར་ཏེ་མཇུག་མ་གྱེན་དུ་བསླངས་པས་སོ། །ལངས་ཏེ་ཐས་ཟ་བས་གྲོལ་བར་འགྱུར་ན། རྟ་དང་གླང་པོ་ཅི་ཕྱིར་གྲོལ་བ་མིན་ཏེ་རྒྱུ་མཚན་མཚུངས་པས་སོ། །མདའ་བསྣུན་ན་རེ་ཞེས་པ་ས་ར་ཧའི་མཚན་ཏེ་གཉིས་འཛིན་གྱི་རྣམ་རྟོག་ལ་གཉིས་མེད་ཡེ་ཤེས་ཀྱི་མདའ་བསྣུན་པའི་ཕྱིར་དེ་སྐད་དུ་གྲགས་ཏེ་ནམ་མཁའི་ཡིད་ཅན་ཞེས་བདག་རྟག་པ་གཅིག་པུ་རང་དབང་ཅན་ཀུན་ལ་ཁྱབ་པར་ལྟ་བ་སྟེ་བདག་གི་ཆོས་བཞི་པོ་དེ་ནམ་མཁའ་དང་སྟོང་པ་ལ་སོགས་པས་མཚོན་པར་འདོད་ཅིང་བདག་དང་གཙོ་བོ་གཉིས་སུ་འཛིན་པའི་ཡིད་ཅན་དེ་དག་ལ། ཐར་བར་ཐོབ་པ་ནམ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཟེར་ཏེ་བདག་མེད་རྟོགས་པ་མེད་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་བདེ་བའི་དེ་ཁོ་ན་ཉིད་དང་ནི་བྲལ་བར་གྱུར་ཅིང་། ཕྱི་ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པ། དགེ་སློང་དང་དགེ་ཚུལ་དང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་གནས་བརྟན་ཞེས་བྱ་བའི་བརྟུལ་ཞུགས་ཅན།


MR12_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེ༷་རྣམས་ནི་བཤད་མ་ཐག་པ་དེ་ལྟར་རབ་ཏུ་བྱུང་ནས། ཁ་ཅིག་མདོ་སྡེ་ཡི་དོན་འཆད་པར་བྱེད་ཅིང་བྱེ་སྨྲའི་གྲུབ་མཐར་འཇུག །ལ་ལ་ཆོས་ཀུན་རོ་གཅིག་པར་སེམས་ཀྱི་ཚུལ་ཙམ་ཙམ་དུ་གཅིག་པའི་གྲུབ་མཐའ་འཛིན་པར་མཐོང་། ཁ་ཅིག་ཐེག་ཆེན་དེ་ལ་དོན་གཉེར་གྱིས་རྒྱུག་པར་བྱེད་ཅིང་དབུ་མར་སྨྲ་བ། དེ་རྣམས་ནི་སངས་རྒྱས་པའི་གཞུང་ལུགས་ཚད་མའི་བསྟན་བཅོས་ཉིད་དཔྱད་ནས་སྨྲ་བ་ཡིན་ནོ། །དེ་ལས་གཞན་ཡང་སྔགས་ཕྱོགས་པ་དག་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ་པའི་བསྐྱེད་རིམ་དང་། ཁ་ཅིག་དབང་བཞི་པའི་དོན་སྒྲ་རྟོག་གིས་འཆད་པ་ལ་ཞུགས་པ་དང་། ལ་ལ་ཅི་ཡང་མི་བསམ་པར་ཕྱལ་ཆད་ནམ་མཁའི་ཁམས་ལྟ་བུ་ལ་རྟོག་ཅིང་དེར་སེམས་འཛིན་བར་སྣང་ལ། གཞན་ཡང་ཤུ་ནྱ་ཏ་སོགས་ཀྱིས་སྦྱང་བ་དང་། བསྐྱེད་རིམ་གྱི་མཐར་འོད་གསལ་དུ་བསྡུས་ཏེ་སྟོང་པ་ཉིད་དོ་སྙམ་དུ་མངོན་ཞེན་དང་ལྡན་པར་བྱེད་པ་དེ་དག་གོ། དེ་དག་གི་རང་གི་ལུགས་དེ་གནས་ལུགས་མཐར་ཐུག་ཏུ་རློམས་ཡང་དེ་དག་ཕལ་ཆེར་གནས་ལུགས་ཡང་དག་པའི་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན་ནོ། །རང་བཞིན་གཉུག་མ་ལྷན་ཅིག་སྐྱེས་དང་བྲལ་བ་གཞན་གང་དང་གང་གིས། མྱ་ངན་འདས་པའི་ལམ་གང་དང་གང་ཞིག་བསྒོམ་པར་བྱེད་པ། དེ་དག་འགས་ཀྱང་དོན་དམ་ནི། ཅིག་ཤོ༷ས་ཏེ་བསམ་བྱ་ཀུན་རྫོབ་ལས་གཞན་བསམ་མི་ཁྱབ་ཉིད་འགྲུབ་བར་མི་འགྱུར་རོ། །གང་ཟག་གང་ཞིག་རང་གང་ལ་མོས་པར་གྱུར་པ་ཙམ་གནས་ལུགས་སུ་བརློམ་པ་དེས། རང་གི་བསམ་གཏན་ལ་གནས་པས་ཐར་པ་ཐོབ་བམ་ཅི་སྟེ་དེ་ཁོ་ན་ཉིད་ནི་རང་འདོད་


MR12_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་མི་བྱེད་པས་སོ། །གནས་ལུགས་སྒོམ་པ་ལ་བྱས་ཆོས་མར་མེ་ཅི་དགོས་ལྷ་བཤོས་དེ་ཡང་ཅི་དགོས་ཏེ། གནས་ལུགས་དེ་ལ་ནན་ཏན་དུ་མཆོད་པ་དེས་ཅི་བྱ་གསང་སྔགས་བཀླག་པ་སོགས་བསྟན་པ་ཡང་ཅི་ཞིག་དགོས། ཁྲུས་ཀྱི་འབབ་སྟེགས་སུ་འགྲོ་བ་དང་དཀའ་ཐུབ་ཀྱང་མི་དགོས་ཏེ། རྒྱུ་མཚན་འདི་ལྟར་ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི་སྟེ་དོན་མེད་པས་སོ། །སྙིང་རྗེ་དང་བྲལ་ནས་སྟོང་པ་ཉིད་དུ་ཞུགས་པ་གང་ཡིན་པ། དེས་ནི་ཐེག་པ་ཆེན་པོའི་ལམ་གྱི་མཆོག་རྙེད་པ་མ་ཡིན་ནོ་སྟེ་ཉན་རང་དུ་གོལ་བའི་ཕྱིར་རོ། །འོན་ཏེ་སྟོང་པ་ཉིད་མ་ཤེས་པར་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། ཚངས་རིས་སོགས་འཁོར་བ་འདིར་གནས་པ་ལས་ཐར་པ་ཐོབ་པར་མི་འགྱུར་ཏེ་སྲིད་རྩ་གཅོད་བྱེད་བདག་མེད་པའི་དོན་མ་རྟོགས་པའི་ཕྱིར་རོ། །གང་ཡང་སྟོང་ཉིད་སྙིང་རྗེ་གཉིས་པོ་ཟུང་དུ་སྦྱོར་བར་ནུས་པ་དེས། སྟོང་ཉིད་རྟོགས་པས་འཁོར་བར་མི་གནས་ཤིང་སྙིང་རྗེས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལའང་མི་གནས་པའི་མྱང་འདས་ཆེན་པོ་འཐོབ་བོ། །ཀྱེ་ལགས་ཞེས་བོས་ནས་འདི་ལྟར་གཟུང་འཛིན་དམིགས་གཏད་དུ་ཞེན་པའི་སྒོ་ནས་གང་སྨྲས་པ་ཐམས་ཅད་དོན་ལ་བརྫུན་ཞིང་དངོས་པོའི་ཡིན་ལུགས་ལས་ལོག་པ་དེ་ཐམས་ཅད་ནས་བོར་ལ། ཆོས་གང་ལ་ཡང་དམིགས་གཏད་ཀྱིས་འདིའོ་ཞེས་ཞེན་པ་ཡོད་པ་དེ་ཡང་བཅིང་བྱེད་ཡིན་པས་ཐོངས་ཤིག་དང་།རང་བཞིན་རྣལ་མའི་དོན་རྟོགས་པར་གྱུར་ན་ཐམས་ཅད་ལྷན་སྐྱེས་དེ་ཡིན་ཏེ། དེ་ལས་གཞན་པ་ཉིད་དུ་གྱུར་པ་ནི་དོན་ལ་མེད་པས་སུས་ཀྱང་ཤེས་པར་མི་འགྱུར་བས་ན། ཀློག་པའང་དེ་ཡིན་བློ་ལ་ཚིག་དོན་འཛིན་པ་དང་དོན་བསྒོམ་པ་དེ་ཡིན་ཏེ། བསྟན་བཅོས་ཀྱི་དོན་སྙིང་ལ་


MR12_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་འཆད་པའང་དེ་ཡིན་ནོ། །གནས་ལུགས་ཀྱི་དོན་དེ་ནི་མཚོན་པའི་ལྟ་བ་ཡོད་པ་མིན་ཏེ་ཐམས་ཅད་དེའི་རང་བཞིན་ཡིན་མོད་ཀྱི། དེ་བརྗོད་བྲལ་ཡིན་ཀྱང་ཐམས་ཅད་དེའི་སྒོར་གྱུར་པས་སོ། །འོན་ཀྱང་དེ་ཁོ་ན་ཉིད་གཅིག་པུ་དེ་ནི་བླ་མའི་ཞལ་ལ་ལྟོས་པ་ཡིན་གྱི་ཐམས་ཅད་དུ་ཤེས་པ་མིན་ནོ། །བླ་མས་ཟབ་དོན་གྱི་མན་ངག་སྨྲས་པ་གདུལ་བྱ་སྐལ་བཟང་གང་གི་སྙིང་ལ་ཞུགས་པ་ན། དཔེར་ན་རང་གི་ལག་པའི་མཐིལ་དུ་གནས་པའི་རིན་པོ་ཆེའི་གཏེར་མཐོང་བ་དང་འདྲ་སྟེ་སྔར་མ་མཐོང་བའི་དོན་ཆེན་པོ་རང་ལ་གནས་པར་མཐོང་བས་ནའོ། །ཡེ་ནས་རང་གནས་གཉུག་མའི་རང་བཞིན་བྱིས་པས་མ་མཐོང་བས། འཁྲུལ་པས་ནི་བྱིས་པ་འདི་དག་བསླུ་ཞེས་བདག་མདའ་བསྣུན་སྨྲའོ། །དེ་ལ་ནི་བསམ་གཏན་དུ་བྱ་བ་ཅིའང་མེད་ཅིང་ཁྱིམ་ནས་རབ་ཏུ་འབྱུང་བ་མེད་དེ་ཡེ་ནས་ཡིན་པས་སོ། །འོ་ན་ཁྱིམ་དུ་གནས་དགོས་སམ་སྙམ་ན་མ་ཡིན་ཏེ་ཁྱིམ་ན་གནས་ཤིང་རང་གི་ཆུང་མ་དག་དང་ལྷན་ཅིག་ཏུ། གང་ཞིག་འདོད་ཡོན་གྱི་ཡུལ་གྱི་དགའ་བས་རང་སེམས་བཅིངས་བ་ལས་མི་གྲོལ་ན།མདའ་བསྣུན་ང་ནི་དེ་དག་དེ་ཁོ་ན་ཉིད་ཤེས་པ་མིན་ཞེས་སྨྲའོ། །གལ་ཏེ་གཞལ་བྱ་མངོན་དུ་གྱུར་ན་བསམ་གཏན་ཅི་སྟེ་དགོས་པ་མེད་ལ། གལ་ཏེ་བསྒོམ་བྱ་དེ་རང་ལ་ལྐོག་ཏུ་གྱུར་ན་དོན་མ་མཐོང་བས་ཚོད་དཔག་གིས་དོན་མི་གསལ་བ་མུན་པ་ལྟ་བུ་འཇལ་བ་ཡིན་ལ། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། འདི་ལྟར་བུམ་སོགས་ལྟར་དངོས་དང་མཁའ་སོགས་ལྟར་དངོས་པོ་མེད་པ་ནི་མ་ཡིན་ཏེ། དེ་ནི་འདི་འདྲ་བའོ་ཞེས་མདའ་བསྣུན་གྱིས་གསང་མཐོན་པོས་འོ་དོད་རྟག་ཏུ་


MR12_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་པར་བྱེད་དོ། །ཆགས་བདེའམ་རྣམ་རྟོག་གང་ཞིག་བླངས་ནས་སྐྱེ་བ་དང་ཤི་བ་ལ་སོགས་པའི་སྡུག་བསྔལ་གནས་སུ་གྱུར་པ་ཡིན་ལ། གཉུག་མའི་དེ་ཁོ་ན་ཉིད་བླངས་བའམ་བཟུང་ནས་འགྱུར་བ་དེའི་ཟུག་ངུ་དང་བྲལ་བའི་བདེ་ཆེན་མཆོག་གྲུབ་བོ་ཅེས། སྐད་གསང་མཐོན་པོས་མདའ་བསྣུན་གྱིས་འདི་སྐད་སྨྲ་བར་བྱེད་ཀྱང་། བྱོལ་སོང་ལྟ་བུའི་འཇིག་རྟེན་འདི་དག་གིས་མི་གོ་ན་ད་ཐབས་ཇི་ལྟར་བྱ་སྟེ་བྱ་རྒྱུ་ཟད་དོ། །དམིགས་པར་བྱར་མེད་པས་ན་བསམ་གཏན་བྱ་བ་དང་བྲལ་བས་འདི་ལ་ཅི་ཞིག་བསམ་བྱར་ཡོད་དེ་མེད་ལ། ངག་གིས་བརྗོད་དུ་མེད་གང་འདི་ཚིག་གིས་ཇི་ལྟར་བཤད་དུ་ཡོད་དེ་མེད་ཀྱང་། བསམ་བརྗོད་དུ་བྱས་པའི་སྲིད་པའི་ཕྱག་རྒྱས་ཏེ་སྲིད་པ་ཀུན་མི་འདའ་བར་དབང་བསྒྱུར་བ་འདིས་འགྲོ་བ་མ་ལུས་པ་བསླུས་པར་བྱས་ནས། རང་བཞིན་གཉུང་མ་བསམ་བརྗོད་ལས་འདས་པའི་དོན་ནི་བསམ་བརྗོད་ལ་དགའ་བ་སུས་ཀྱང་བླངས་པའམ་རྟོགས་པ་མེད་དོ། །འདི་ལ་སྟོན་བྱེད་ཀྱི་རྒྱུད་མེད་ཅིང་བཟླ་རྒྱུའི་སྔགས་མེད་བློས་བསམ་བྱ་དང་རྩེ་གཅིག་ཏུ་བཞག་པའི་བསམ་གཏན་ཀྱང་མེད་དེ། རྒྱུད་སོགས་དེ་ཀུན་རང་ཡིད་སྤྲོས་པའི་དྲྭ་བར་འཁྲུལ་བར་བྱེད་པའི་རྒྱུ་ཡིན་ནོ། །རང་བཞིན་དག་པའི་སེམས་གཉུག་མ་མ་བཅོས་པ་ལ་རྟོག་ཅིང་འཇོག་གོ་སྙམ་པའི་བསམ་གཏན་དག་གིས་མི་བསླད་པའམ་བསླད་པར་མི་བྱེད་དེ། བདག་རང་གི་རང་བཞིན་ནམ་དེ་ཁོ་ན་ཉིད་ལྷན་སྐྱེས་བདེ་ལ་གནས་ཤིང་སྣ་ཚོགས་རྟོགས་པས་རང་སེམས་གདུང་བར་མ་བྱེད་ཅིག །དེས་ན་ཅི་དགར་ཟས་ཟ་ཞིང་སྐོང་འཐུང་ལ་ཕོ་མོ་ཕན་ཚུན་མཁའ་གསང་གཉིས་སྤྲོ༷ད་ཀྱིས་ལུས་སེམས་དགའ་བར་བྱ་ཞིང་། ཕྱི་ནང་གི་ཚོགས་འཁོར་


MR12_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་སྒོ་ནས་རྟག་ཏུ་ལུས་སེམས་ལྷན་སྐྱེས་ཀྱི་བདེ་བ་རྒྱུན་མི་ཆད་པས་ཡང་དང་ཡང་དུ་རང་ལུས་ཀྱི་རྩ་ཡི་འཁོར་ལོ་དྲུག་པོ་འགེངས་བར་བྱའོ། །དེ་ལྟར་ཆོས་འདི་ལྟ་བུའི་འཇིག་རྟེན་ཕ་རོལ་གྱི་དོན་ཆེན་པོ་སངས་རྒྱས་སུ་འགྲུབ་པར་འགྱུར་ཏེ། འདོད་ཡོན་སྤོང་བའི་བཀའ་ཐུབ་འདོད་པ་རྨོངས་པ་འཇིག་རྟེན་པའི་མགོ་བོར་རྡོག་པས་མནན་ནས་ཀུན་གྱི་ཀླད་དུ་སོང་ངོ་། །གང་དུ་གཡོ་བྱེད་བཞོན་པ་རླུང་དང་དེ་ལ་ཞོན་པའི་སེམས་ནི་མི་རྒྱུ་ཞིང་ནང་དུ་སྡུད་ཅིང་འགགས་ལ། ཉི་མ་ཟླ་བ་སྟེ་ཐབས་ཤེས་སམ་སྣང་སྟོང་སོགས་གཉིས་ཆོས་ཀྱི་འཇུག་པ་མེད་པར་གྱུར་པ་ལ། རྩོལ་བས་བཅིང་བའི་ཞི་གནས་དེར་རྩོལ་མེད་དུ་གནས་པ་མི་ཤེས་པ་དག་གནས་དེར་དབུགས་ཕྱུང་ཞིང་གནས་ལ། བདག་མདའ་བསྣུན་གྱིས་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་ཐམས་ཅད་ལེགས་པར་བསྟན་ནས་སོང་ངོ་། །ཆོས་ཐམས་ཅད་གཉིས་སུ་མི་བྱར་རང་བཞིན་མཉམ་པ་ཐིག་ལེ་ཉག་གཅིག་ཏུ་བྱ་བ་སྟེ། ཆོས་འདི་ཀུན་ལ་བཟང་ངན་བླང་དོར་སོགས་སོ་སོའི་རིགས་ལ་སོ་སོར་ཞེན་ནས་བྱེ་བྲག་དག་ཏུ་མ་འབྱེད་པར། ཁམས་གསུམ་མ་ལུས་པ་ན་སྣང་བའི་ཆོས་འདི་དག་ཐམས་ཅད་ནི། འདོད་ཆགས་ཆེན་པོ་ལྷན་སྐྱེས་བདེ་བའི་རང་བཞིན་གཅིག་ཏུ་ཁ་དོག་སྒྱུར་བར་བྱོས་ཅིག་དང་ཞེས་གདམས་སོ། །ལྷན་སྐྱེས་དེར་ནི་ཐོག་མ་དང་དབུས་དང་མཐའ་མ་མེད། སྲིད་དང་མྱ་ངན་འདས་པ་མིན་ཅིང་། བདེ་བ་ཆེན་པོ་མཆོག་འདི་ལ། བདག་དང་གཞན་དུའང་ཡོད་པ་མ་ཡིན་ནོ། །རང་གི་མདུན་དང་རྒྱབ་དང་ཕྱོ༷གས་བཅུ་རུ།


MR12_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་གང་དང་གང་མཐོང་བ་དེ་ཡང་ལྷན་སྐྱེས་དེ་ཉིད་ཡིན་ཏེ། དུས་དེ་རིང་ཉིད་དུ་མགོན་པོ་བདེ་བ་ཆེན་པོ་ལ་དུས་ད་ལྟར་འཁྲུལ་པ་ཆད་པར་བྱ་སྟེ་ཐམས་ཅད་དེར་ལ་ཟློ་པར་བྱ་ཞིང་། ཐམས་ཅད་གཉུག་མར་རྟོགས་པས་ད་ནི་དེར་ཐག་ཆོད་ནས་གཞན་སུ་ལའང་དྲི་བར་མི་བྱའོ། །དེ་ལྟར་རྟོགས་པའི་ཚད་དབང་པོ་གཟུང་འཛིན་གྱི་ཆ་ཐམས་ཅད་ལྷན་སྐྱེས་བདེ་ཆེན་གང་དུ་ནུབ་པར་གྱུར་ཅིག །དེ་ཡང་བཟའ་གཏད་མེད་པས་གཟུང་འཛིན་གྱི་སེམས་རང་གི་ངོ་བོ་ཉམས་པར་གྱུར་པ་ན། ཀྱེ་གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས་སམ་སྐུ་ཡིན་ཏེ། ཚུལ་དེ་ངོ་སྤྲོད་ནུས་པའི་བླ་མའི་ཞལ་ལས་གསལ་བར་དྲིས་དང་ཤེས་པར་འགྱུར་རོ། །རྣལ་མ་རང་བབས་ལས་ཡིད་ནི་གར་འཆིང་ལ་རླུང་གར་དེངས་ཏེ། ས་སྟེང་འདི་ན་ཡན་ལག་གམ་སྣ་ཚོགས་སུ་སྣང་བ་ནི་བདེ་ཆེན་གྱི་གནས་སམ་ཡང་ན་འཁྲུལ་བའི་གནས་ཡིན་ལ། དེ་ནི་གཉིས་མེད་རྟོགས་པའི་རྨོངས་ཆེན་ནམ་ཐ་མལ་རྨོངས་པས་ས་མཚམས་སུ་ཡོངས་སུ་ཤེས་པར་བྱ་ལ། གང་ལ་གཏི་མུག་རྒྱ་མཚོ་ཆད་པའམ་བྲལ་བ་གང་ཤེས་པ། འདི་ནི་བདེ་ཆེན་མཆོག་ཡིན་ཏེ། དེ་ལྟ་བུའི་ཟབ་དོན་ཉག་གཅིག་ས་ར་ཧ་ཡིས་བསྟན་ནས་འགྲོ། ཀྱེ་ཧོ༷་འདི་ལྟ་བུ་ནི་རང་རིག་བདེ་བ་ཆེན་པོ་ཡིན་པ་སྟེ། འདི་ལ་ཐ་སྙད་ཀྱི་བློས་འཁྲུལ་པར་མ་བྱེད་ཅིག དངོས་དང་དངོས་མེད་གང་དུ་རྟོག་ཀྱང་བདེ་བར་གཤེགས་པའི་ལམ་གྱི་འཆིང་བ་སྟེ། སྲིད་པ་དང་ཆོས་ཉིད་མཉམ་པ་ཉིད་ལ་ཐ་དད་དུ་མ་འབྱེད་པར། མ་བཅོས་གཉུག་མའི་ཡིད་ནི་རང་ལ་རང་གཅིག་ཏུ་གཏོད་དང་རྣལ་འབྱོར་པ། དེ་དཔེར་ན་ཆུ་ལ་ཆུ་


MR12_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་བཞིན་དུ་ཤེས་པར་བྱོས་ཤིག །བསམ་བྱ་དང་བསམ་གཏན་ཅན་གྱི་བསམ་གཏན་བརྫུས་པས་ནི་མཐར་ཐུག་གི་ཐར་པ་རྙེད་པ་མིན་ནོ། །སྒྱུ་འཕྲུལ་དྲྭ་བས་ཏེ་ལས་ཕྱག་གམ་སྣང་བ་བསྐྱེད་རིམ་དུ་བསྒོམ་པ་སོགས་དོན་དམ་རྟོགས་པའི་རྣལ་འབྱོར་པ་ལ་ཇི་ལྟར་པང་དུ་འཁྱུད་དེ་རང་སྣང་ཡིན་པས་འཁྱུད་དུ་མེད་དོ་ཞེས་སམ་རང་སྣང་དུ་མ་ཤེས་ན་སྒྱུ་དྲྭ་ཉམས་སུ་མི་ལོན་ཞེས་སོ། །བྱར་མེད་འདི་ལ་བླ་མ་དམ་པའི་བཀའ་ཡིས་བདེ་བར་རམ་བདེ་བླག་ཏུ་ཡིད་ཆེས་པར་འགྱུར་གྱི། ང་ཡིས་འདི་ལྟ་བུའོ་ཞེས་བརྗོད་དུ་ཡོད་པ་མིན་ཞེས་ནི་མདའ་བསྣུན་སྨྲའོ། །དཔེར་ན་ཇི་ལྟར་གདོད་ནས་དག་པ་ནམ་མཁའི་རང་བཞིན་འདི་ལ། ནན་གྱིས་བལྟས་ཤིང་བལྟས་ཤིང་མཐོང་བ་ནི་ཇེ་བས་ཇེ་སངས་འགག་པར་འགྱུར་ཏེ་མི་མཐོང་ངོ་། །དེ་ལྟ་བུ་ཉིད་དམ་དེ་བཞིན་དུ་ལྷན་སྐྱེས་མཐོང་བའི་དུས་སུའང་སྤྲོས་པ་ཀུན་འགོག་པར་འགྱུར་རོ། །གང་སྣང་གཉུག་མ་ཉིད་ལ་དེ་ལྟར་མ་ཤེས་ནས་སྣ་ཚོགས་སུ་རྟོག་པའི་སྐྱོན་གྱིས་བྱིས་པ་བསླུས་ཏེ་སྒྲ་ཚད་ཀྱིས་གཞལ་ནས། ཞེན་སྐྱེ་བོ་མ་ལུས་པ་ལྷག་པར་སུན་འབྱིན་ཅིང་། བློས་བྱས་ཀྱི་གྲུབ་མཐར་འཆེལ་བའི་ང་རྒྱལ་སྐྱོན་གྱིས་དེ་ཁོ་ན་ཉིད་རྣལ་དུ་མཚོན་པའམ་གསལ་མི་ནུས་སོ། །འཇིག་རྟེན་མ་ལུས་པ་དམིགས་རྩོལ་གྱི་བསམ་གཏན་གྱིས་རྨོངས་པར་གྱུར་ཏེ། རྒྱུ་མཚན་གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད་པའི་ཕྱིར་རོ། །སེམས་ཀྱི་རྩ་བ་མི་མཚོན་པའམ་མི་ཤེས་ཏེ། རྒྱུ་མཚན་ལྷན་ཅིག་སྐྱེས་པ་གང་ཞིག་རྣམ་གསུམ་གྱི་ནི་འདི་ལྟར། དང་པོ་


MR12_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་དེ་སྐྱེས་པ་དང་མཐར་གང་དུ་ནུབ་པ་དང་། ད་ལྟ་གང་དུ་གནས་པར་གྱུར་པ་ནི་གསལ་བར་མི་ཤེས་སོ། །གཞིའམ་རྩ་བ་དང་བྲལ་བའི་དེ་ཁོ་ན་ཉིད་དམ་ལྷན་སྐྱེས་གང་སེམས་པའམ་ཤེས་པར་བྱ་བ་ལ། བླ་མའི་མན་ངག་མཐོང་བ་དེ་ཡིས་ཆོག་ཤེས་སམ་མཆོག་ཏུ་ཐོབ་ཞེས་ཀྱང་ངོ་། །འཁོར་བའི་རང་བཞིན་ནི་སེམས་ཀྱི་ངོ་བོའམ་རང་སྣང་ལྷན་སྐྱེས་ཉིད་ཡིན་ནོ་ཞེས། རྨོངས་པ་རྣམས་ལ་མདའ་བསྣུན་གྱིས་སྨྲས་པ་ལྷང་ངེའམ་ཙེ༷ན་ནེ༷་ཤེས་པར་བྱོས་ཤིག །གཉུག་མའི་རང་བཞིན་ཚིག་གིས་མི་བརྗོད་པའམ་བརྗོད་དུ་མེད་ཀྱང་། སློབ་དཔོན་གྱི་མན་ངག་མིག་ལྟ་བུ་དག་གིས་མཐོང་བར་འགྱུར་རོ། །ཆོས་དང་ཆོས་མིན་རོ་གཅིག་ཏུ་མཉེས་ནས་ཉམས་མྱོང་གིས་ཐོས་པ་ཡིས། མཉམ་ཉིད་འདི་ལ་ཉེས་པ་ཡི་སྐྱོན་རྡུལ་ཙམ་ཡོད་པ་མ་ལགས་སོ། །གཉུག་མའི་ཡིད་ནི་གང་ཚེ་རྩལ་སྦྱངས་པར་གྱུར་པ་ལས་ཉམས་སུ་མྱོང་བ། དེ་ཚེ་བླ་མའི་ཡོན་ཏན་རང་གི་སྙིང་ལ་འཇུག་པར་འགྱུར་རོ། །སྤང་གཉེན་མེད་པའི་དོན་འདི་ལྟར་རྟོགས་ནས་མདའ་བསྣུན་པ་བདག་སྙིང་པོ་དོན་གྱི་གླུ་ལེན་ཏེ། འདི་ལས་མ་རྟོགས་པའི་སྔགས་དང་བརྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ་། །འགྲོ་རྣམས་རང་གི་རྟོག་པས་བྱས་པའི་ལས་ཀྱིས་སོ་སོར་བཅིང་བར་གྱུར་ཏེ། ལས་ལས་གྲོལ་བ་ན་ནི་ཡིད་ནི་ཐར་པ་ཡིན་ལ། རང་རྒྱུད་གྲོལ་ན་ངེས་པར་གཞན་ཞེས་བྱ་བའང་མེད་དེ། དེ་ལྟར་ན་མཆོག་གི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །སེམས་ཉིད་གཅིག་པུ་སྲིད་ཞི་ཀུན་གྱི་ས་བོན་ཏེ། སེམས་ཉིད་གང་ལ་བརྟེན་ནས་སྲིད་པ་དང་མྱ་ངན་ལས་འདས་པ་འཕྲོ་བའམ་འབྱུང་བ། ཇི་ལྟར་འདོད་པའི་


MR12_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྟེར་བར་བྱེད་པ་ཡི། ཡིད་བཞིན་ནོར་འདྲའི་སེམས་ལ་ཡོན་ཏན་ཤེས་པའི་བློས་ཕྱག་འཚལ་ལོ། །ཀུན་ཏུ་རྟོག་པས་རང་སེམས་བཅིང་བས་ནི་འཁོར་བར་འཆིང་པར་གྱུར་ཏེ། སེམས་དེ་ཉིད་རང་སར་བཞག་པས་གྲོལ་ན་ཐར་བར་ཐེ་ཚོམ་མེད། བླུན་པོ་གང་གིས་འཆིང་བར་འགྱུར་བ། མཁས་རྣམས་དེ་ཡིས་མྱུར་དུ་གྲོལ་ཏེ་རང་བཞིན་ཤེས་པས་སོ། །སེམས་ནི་ནམ་མཁའ་དང་འདྲ་བར་སྤྲོས་བྲལ་མཉམ་པ་ཆེན་པོར་བཟུང་བར་བྱ་སྟེ། ནམ་མཁའི་རང་བཞིན་དམིགས་མེད་རང་གར་བག་ཡངས་ཉིད་དུ་སེམས་བཟུང་བར་བྱའོ། །དེ་ལྟར་ཡིད་དེ་ཐ་མལ་གྱི་ཡི་དམ་ཡིན་པར་མཉམ་པའི་རང་བཞིན་དུ་བྱེད་པར་གྱུར་ན། ཚུལ་དེས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། ཅི་ཡང་ཡིད་ལ་མི་བྱེད་པ་མཁའ་འདྲར་ཤེས་པར་བྱས་ན་ཀུན་རྟོག་གཡོ་བའི་ང་ནི་རྣམས་པར་འཆིང་ཞིང་། ཆོས་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་ཤེས་པས་འོད་གསལ་དུ་རབ་ཏུ་ཐིམ་ཞེས་མདའ་བསྣུན་གྱིས་སྨྲས་པའི་དོན་འདི་ནམ་ཞིག་ཉམས་སུ་མྱོང་སྟེ་ཡེ་ཤེས་ལ་ནུས་པ་དང་ལྡན་ན། འཁོར་བའི་རང་བཞིན་མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར་རོ། །རླུང་དང་མེ་དང་ཆུ་དང་དབང་ཆེན་ཏེ་ས་རླུང་རྣམས་རིམ་བཞིན་ཐིམ་ནས་འགགས་པ་ན། སྙོམས་འཇུག་གི་དུས་ཀྱི་ཞུ་བདེའམ་བདུད་རྩི་ལྔ་ཡི་དྭངས་མ་རྒྱུ་བའི་དུས་སུ་རླུང་ནི་རོ་རྐྱང་གི་རླུང་ལ་འཇུག་ཅིང་དེ་ཡང་རིམ་བཞིན་དབུ་མར་ཐིམ་ནས་སེམས་ལ་འཇུག་ནམ་ཞིག་འབྱུང་བའི་སྦྱོར་བ་བཞི་དབུ་མའི་གནས་གཅིག་ལ་ནི་ཞུགས་པ་ན། སེམས་འོད་གསལ་ལ་ཐིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོ༷ང་བ་ལྟ་བུ་འབྱུང་ངོ་། །ཕྱོགས་


MR12_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྣམས་སུ་ཁྱིམ་དང་ཁྱིམ་སོ་སོ་ན་ཡེ་ཤེས་དེ་ཡི་གཏམ་སྨྲ་ཡང་། སྣང་སྲིད་བདེ་བ་ཆེན་པོའི་གནས་ནི་ཡོངས་སུ་ཤེས་པ་མེད་དེ། འགྲོ་ཀུན་རང་གི་ཞེན་ཕྱོགས་ཀྱི་བསམ་པས་རྣལ་དོན་ལས་རང་ཉིད་སུན་འབྱིན་ནོ་ཞེས་རྣལ་འབྱོར་དབང་ཕྱུག་མདའ་བསྣུན་ང་སྨྲའོ། །དེ་ཕྱིར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཐོང་བས་གྲུབ་པ་ནི་འགའ་ཡང་མེད་དོ། །སྲོག་ཆགས་ཐམས་ཅད་ཀུན་ལ་ཁྱད་མེད་པར་ཡང་། ལྷན་སྐྱེས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་དེ་ནི་རང་བཞིན་གྱིས་ཡོད་དེ་དེ་དེ་བཞིན་དུ་རྟོགས་པ་མེད། སྣང་སྲིད་འཁོར་འདས་ཐམས་ཅད་བདེ་ཆེན་དེར་རོ་མཉམ་པའི་རང་བཞིན་ཡིན་པས། བསམ་ཡས་པའི་ཡེ་ཤེས་བླ་མེད་དུ་གྲུབ་པའོ། །ཁ་སང་དང་དེ་རིང་གི་དུས་ཟབ་དོན་སྒོམ་སྙམ་ངང་ལུས་ནས་དེ་བཞིན་སང་དང་གཞན་དུ་བྱེད་འདོད་ངང་དུ་ལུས་ནས། དོན་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད་པ་ཙམ་དུ་ཟད་དོ། །ཀྱེ་ཧོ༷་བཞིན་བཟང་དག་དཔེར་ན་སྙིམ་པ་ཆུས་བཀང་བ། འཛག་པ་བཞིན་དུ་རང་གི་ཚེ་སོགས་འགྲིབ་པའམ་ཉམས་པ་མ་ཚོར་རོ། །ལམ་ལ་སློབ་བ་སོགས་བྱ་བ་བྱེད་པ་དང་དེ་ལྡོག་བྱ་བ་མིན་པ་བྱེད་པ་དག་ཀྱང་། ངེས་པར་རྟོགས་པའི་དུས་ན་འཆིང་དང་གྲོལ་བ་མེད་དོ། །དོན་བརྗོད་མེད་དམ་ཡི་གེ་མེད་པའི་དོན་ལས་ཀྱང་བླ་མའི་མན་ངག་གིས་འཆད་པར་ཡོད་པར་འདོད་པ། གང་ཞིག་རྣལ་འབྱོ༷ར་བརྒྱ་ལའང་མན་ངག་གི་ཚིག་འགའ་ཡིས་མཚོན་ནུས་སོ། །བསྒྲིམས་ཏེ་ཀུན་རྟོག་འཇུར་བུས་བཅིང་བའི་སེམས་འདི་ནི། རང་སར་གློད་ན་གྲོལ་བར་ཐེ་ཚོམ་མེད་ལ། བླང་དོར་གྱི་རྟོག་པའི་དངོས་པོ་གང་གིས་རྨོངས་པ་རྣམས་འཆིང་ལ། རང་བཞིན་ཤེས་པའི་མཁས་པ་རྣམས་


MR12_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བྱེད་དེ་ཡིས་སླར་ཡང་རྣམ་པར་གྲོལ་བར་བྱེད་དོ། །བཅིངས་པ་དག་ནི་མི་སྡོད་པར་ཕྱོ༷གས་བཅུར་འགྲོ་བར་རྩོམ། རང་གར་བཏང་བར་གྱུར་ན་དེ་གར་མི་གཡོ་བར་བརྟན་པར་གནས་ཏེ། སེམས་འདི་ནི་གོ་བཟློ༷ག་རྔ་མོ་ལྟ་བུར་ནི་བདག་གིས་རྟོགས་སོ། །བུ་ཁྱོད་རྣམས་ཀྱང་རང་ལ་ཆེར་ཏེ་ལྟོས་དང་རང་བབས་ཀྱི་དོན་མཐོང་ངོ་ཞེས་གདམས་སོ། །ཀྱེ་ལགས་རྣལ་འབྱོར་དབང་པོ་ཞེས་བོས་ནས་རང་སེམས་ལ་ལྟོས་ཤིག་དང་། དེ་བཞིན་ཉིད་འདི་ལས་ང་བདག་གི་རྣམ་པ་ཅི་ཡང་ནི་མ་རྟོགས་པའམ་དེ་བཞིན་ཉིད་ལས་གཞན་ཅི་ཡང་མ་རྟོགས་སོ་ཞེས་དམིགས་པ་ཀུན་ཟད་པའོ། །ཅིར་ཡང་བྱར་མེད་མཐོང་ནས་ལས་ཟིན་པ་ཡི་སྐྱེས་བུ་རང་བྱུང་གི་ཤེས་པ་འདི་ཡི། དྲུང་དུ་ཞེ་འདོད་ཀྱི་དྲྭ་བ་ཀུན་ཆད་ནས་སེམས་ཐག་གཅད་པར་བྱོས་ཤིག །རྩོལ་བའི་ལམ་གྱིས་རླུང་བཅིངས་པ་ལ་བརྩོན་ནས་སེམས་དགག་པ་ལ་དགའ་ཞིང་ཞེན་པའི་ཚུལ་ལ་རང་ཉིད་མ་སེམས་ཀྱེ། ཤིང་བཞིན་མི་གཡོ་བ་དག་གི་རྣལ་འབྱོར་སྟེ་དེའི་ཚུལ་གྱིས་སྣ་རྩེར་མ་འདུག་ཅིག་སྟེ་སྣ་རྩེར་ཕྲ་ཐིག་སོགས་བསྒོམ་པས་ཅི་བྱ་ཞེས་སོ། །ཨེ༷་མའོ་ཞེས་ཡ་མཚན་པ་སྟེ་རྩོལ་བཅས་དེ་དག་མཆོག་གི་ལམ་མ་ཡིན་པའི་ལྷན་ཅིག་སྐྱེས་པ་མཆོག་འདི་ལ་རྣལ་མར་གནས་ཤིང་དགའ་བའམ་ཆགས་པར་བྱོས་ཤིག །དེའི་རྒྱུ་མཚན་སྲིད་པའི་སྣ་རྩེར་སེམས་རྩོལ་བས་འཆིང་བ་ཡང་དག་སྤང་བར་བྱ་སྟེ། རྣམ་པར་རྟོག་པས་བསྒྲུབ་པ་ཡིན་པས་ཚུལ་འདིས་ནི་ཡིན་འདུས་པ་ལ་ཡང་སྟེང་འོག་གི་རླུང་གི་རླབས། ཤིན་ཏུ་གཡོ་ཞིང་འཕྱང་བའམ་འཕར་བར་བྱེད་ལ་ཤིན་ཏུ་མི་སྲུན་འགྱུར་ཏེ་སྲིན་བུ་རང་ཉིད་ཀྱིས་ཁ་


MR12_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་བཅིང་བ་ལྟར་དོན་མེད་དོ། །རྣལ་མ་མ་བཅོས་པར་བཞག་པས་ལྷན་ཅིག་སྐྱེས་པའི་རང་བཞིན་རྟོ༷གས་པར་གྱུར་ན། དེ་ཡིས་བདག་ཉིད་ཆོས་སྐུའི་ངོ་བོར་ཤིན་ཏུ་བརྟན་པར་གྱུར་པ་ཡིན་ཏེ་མི་གཡོ་ཞིང་། གང་ཚེ་གཉུག་མའི་ངང་དུ་ཡིད་ནི་ཉེ་བར་འགགས་ཤིང་ཐིམ་པར་གྱུར་པ་ན། ལུས་ཀྱི་རླུང་སོགས་ཀྱི་འཆིང་བ་དང་བདེ་བ་ལ་ཞེན་པ་སོགས་ཀྱང་རྣམ་པར་འཆང་པར་འགྱུར་རོ། །གང་ཚེ་གང་སྣང་ཐམས་ཅད་ལྷན་ཅིག་སྐྱེས་དང་རོ་མཉམ་པ། དེ་ཚེ་བཟའ་གཏད་ཞིག་པས་ན་དམན་པའི་རིགས་དང་བྲམ་ཟེ་གཉིས་སུ་མེད་ལ། འདི་ནི་ཐུན་མོང་དུ་གྲགས་པའི་ཞིང་བཟང་པོ་ལས་ལྷོ་ཕྱོགས་ཀྱི་ངོས་ན་དཔག་ཚད་བཅུ་གཉིས་པའི་ཟླ་བའི་རྒྱ་མཚོ་ཞེས་བྱ་བ་ཉིད་དང་ནི། འདི་ནི་གངྒཱའི་རྒྱ་མཚོ་དཔག་ཚད་བཅུ་གཉིས་པ་ཉིད་དང་ནི། དེ་བཞིན་ཡུལ་བཱ་རཱ་ཎ་སཱི་དང་པ་ཡ་གྷ་ཡ་ཏི་ཞེས་བྱ་བའང་དེའོ། །འདི་ནི་གྲོང་ཁྱེར་ཟླ་བ་གསལ་བྱེད་ཉིད་ཅེས་བྱ་བ་དང་། སྔགས་ནས་གསུང་བའི་ཞིང་ཀུན་དང་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ། རྣལ་འབྱོར་པ་སྤྱོད་པ་སྤྱད་པར་ཕྱིན་ཏེ་གནས་དེ་དག་ལ་བལྟས་པའི་རྟོགས་པའམ་དགོངས་ཉམས་གང་སྨྲ་བ་དེ་ནི། རྣལ་འབྱོར་པ་རང་གི་ལུས་དང་འདྲ་བའི་མུ་སྟེ་རྒྱ་ཆགས་སུ་བགྲོད་པར་བྱ་བའི་གནས་གཞན་ན་མེད་པར། རྣལ་འབྱོར་གྱི་སྟོབས་ཀྱི་དགེ་བ་ཅན་ང་ཡིས་ངེས་པར་ཡང་དག་མཐོང་ངོ་། །བརྡའ་ནི་ལུས་དབུས་དྷཱུ་ཏིའི་རྩ་འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དྭངས་མ་ལྔའི་དབུས་ན། ཤིན་ཏུ་ཕྲ་བའམ་རྟོགས་དཀའ་བའི་རྣལ་མ་ནི་མི་ཤིག་པའི་ཐིག་ལེ་སྟེ་བདེ་བའི་དྲི་དང་འོད་ལྔའི་ཁ་དོག་ལྡན་པ་དེར། གཉུག་མ་ཉམས་སུ་མྱོང་བར་བྱས་ནས་བྱེ་བྲག་གམ་ཐ་དད་དུ་འཛིན་པ་བོར་ཞིག་རང་གནས་ཆོས་སྐུ་ལ་རྨོངས་པ་གང་


MR12_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དག་དེ་དང་བྲལ་བའི་འཁོར་བའི་མྱ་ངན་གྱིས། ལུས་སེམས་གདུང་པའི་ངང་ནས་རང་གནས་ཡེ་ཤེས་འདི་ཉམས་སུ་མྱོང་བའི་འབྲས་བུ་མེད་པར་མ་བྱེད་ཅིག །ཡང་ན་པདྨའི་ཆ་ཐམས་ཅད་པདྨར་གཅིག་པ་བཞིན་དུ་ཐམས་ཅད་གཉུག་མར་ཤེས་ནས་ཐ་དད་གཉིས་ཆོས་ཀྱི་བྱེ་བྲག་བོར་ཅིག་དང་། ཡང་གཉུག་མ་མ་བཅོས་པའི་རྣལ་འབྱོར་འདི་ལས་རྩོལ་བཅས་ལས་ཀྱི་ཕྱག་རྒྱ་སོགས་བྱེ་བྲག་བོར་ཤིག་ཅེས་ཀྱང་གསུངས་སོ། །གང་ཚེ་ཚངས་པ་དང་ཁྱབ་འཇུག་དང་མིག་གསུམ་ལྷ་ཆེན་པོ་དང་། གཞན་ཡང་འཇིག་རྟེན་མ་ལུས་ཐམས་ཅད་ཀྱི་གཞིར་གྱུར་པ། རིགས་ཀུན་གྱི་ཁྱབ་བདག་རང་ལ་རང་བཞིན་མེད་པས་རིགས་མེད་དེ་ལ་སྣང་གྲགས་ཀྱི་ཆོས་ཀུན་དེའི་ངོ་བོ་མཆོད་ན་རྟོག་པས་བསྐྱེད་པའི་འགྲོ་བའི་ལས་ཀྱི་ཡང་མཐའ་ཡི་ཚོགས་ཏེ་ལས་མ་ལུས་པ་ནི་ཡང་དག་པར་ཟད་པར་འགྱུར་རོ། །ཀྱེ་ཧོ༷་བུ་ཉོན་ཅིག་སྣ་ཚོགས་བསམ་པས་བཞག་པའི་རྩོད་པའི་རོ་ནི་དག་པར་གྱུར་པ་འདི་ལ་དམིགས་པའི་བསམ་གཏན་གྱིས་ཡང་དག་གནས་པར་ཤེས་པ་དང་། འགྲོ་བ་གཞུང་འཆད་ཅིང་ཁ་ནས་འདོན་པ་ལ་སོགས་པས་རང་བཞིན་གཉུག་མ་དེ་ནི་ཤེས་པར་ནུས་མ་ཡིན། ཀྱེ་ཧོ༷་བུ་ཉོན་དང་དེ་ཁོ་ན་ཉིད་གཅིག་པུ་སྣང་བ་སྣ་ཚོགས་ཀྱི་རྣམ་པར་སྣང་བའི། རོ་འདིའོ་ཞེས་བསྟན་པར་ནུས་པ་མ་ཡིན་ཏེ། བདེ་བ་ཆེན་པོའི་གནས་ཐ་མལ་ཤེས་པ་མཆོག་ཉིད་ལ་གོམས་པས་ཀུན་ཏུ་རྟོག་པ་རྣམས་སྤངས་པ་ནི། ཇི་ལྟར་འགྲོ་བ་རྣམས་ཉེ་བར་སྐྱེ་བ་ཉིད་ན་བྱིས་གཞོན་ལང་ཚོ་རྫོགས་པ་བཞིན་དུ་གོམས་པས་འཕེལ་བ་ཙམ་ཡིན་ནོ། །སྤྲོས་པའི་བློ་ནི་རྣམ་པར་འགགས་ཤིང་གཟུང་


MR12_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་ཡིད་ནི་ཞི་བར་གྱུར་པ། གང་དུ་བདག་ནི་རྣལ་འབྱོར་པའོ་སྙམ་དུ་མངོན་པའི་ང་རྒྱལ་ཆད་པ་ན། དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོ༷གས་པ་ཞེས་བྱ་སྟེ། དེ་ལྟ་བུ་ལ་རོ་མྱང་དང་དམིགས་པ་ཅན་གྱི་བསམ་གཏན་འཆིང་བ་དེས་ནི་ཅི་བྱར་ཡོད་དེ་མེད་དོ། །དངོས་པོར་སྐྱེས་པ་ཐམས་ཅད་ཀྱང་སེམས་ཉིད་ཀྱི་ངང་དུ་མཁའ་ལྟར་ངོ་བོ་ཉིད་ཀྱིས་རབ་ཏུ་ཞེ་ན། དངོས་པོ་ལ་དཔྱད་ཅིང་རྣམ་པར་སྤངས་བའི་ཕྱི་ནས་ཡེ་ཤེས་དང་དེ་ཁོ་ན་ཉིད་ཅི་ཞིག་སྐྱེ་སྟེ། དེས་ན་དངོས་པོ་རྣམས་གདོད་ནས་སྐྱེ་མེད་ཆོས་སྐུ་བདེ་བ་ཆེན་པོའི་རང་བཞིན་ཡིན་པ་ལ། དེ་རིང་ནི་དཔལ་ལྡན་བླ་མས་བསྟན་པས་དེ་ཁོ་ན་ལྟར་རྟོགས་སོ། །སྤྱོད་ལམ་ཐམས་ཅད་དུ་མིག་གིས་མཐོང་བ་དང་རྣ་བས་ཐོས་པ་དང་ལུས་ཀྱིས་རེག་པ་དང་ཡིད་ཀྱིས་དྲན་པ་དང་། དེ་བཞིན་ཟ་དང་སྣོམ་དང་ཡུལ་གཞན་དུ་འཁྱམ་པ་དང་འགྲོ་བ་དང་འདུག་པ་དང་། ཅལ་ཅོལ་གཏམ་དང་དེ་ལ་ཕར་ལན་སྨྲ་བར་གྱུར་པ་ལ། དེ་ཐམས་ཅད་རང་གི་སེམས་སོ་ཞེས་ནི་ཤེས་ཤིང་གཉུག་མའི་ངོ་བོ་གཅིག་གི་རྣམ་པ་ལས་གཞན་དུ་མི་བསྐྱོད་དོ། །གང་ཞིག་བླ་མའི་མན་ངག་ནི་བདུད་རྩིའི་ཆུ་ལྟ་བུ། འགྲོ་བའི་གདུང་བ་སེལ་ཞིང་བདེ་བའི་རང་བཞིན་གྱིས་བསིལ་བ་གང་དེ་མྱུར་བ་ཉིད་དུ་ངོམས་པར་མི་འཐུང་བ། དེ་ནི་བསྟན་བཅོས་དོན་མང་པོ་སྟེ་ཞེ་འདོད་སྣ་ཚོགས་ཅན་གྱི་མྱང་ངམ་གྱི། ཐང་ལྟ་བུ་ལ་འཕྱན་པ་དག་ཆོས་ཉིད་ཀྱི་རླན་དང་བྲལ་བས་སྐོམ་པས་གདུངས་ཏེ་དེའི་ངང་དུ་འཆི་བར་ཟད་དོ། །བླ་མས་ཐབས་བསྟན་པ་བརྗོད་མིན་ཏེ་ངོ་སྤྲད་པ་མིན་ན། སློབ་མས་དེ་གོ་བ་ཡོད་པ་མ་ཡིན་ཏེ།


MR12_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ་འདི་ནི། ཐབས་གཞན་གང་གིས་ཇི་ལྟར་བསྟན་པར་བྱ་སྟེ་མི་ནུས་སོ། །སྣང་བ་ལ་ཚད་མར་འཛིན་པའི་དབང་གིས་སོ། །གཉིས་མེད་ཀྱི་དོན་དཀྲུགས་ནས་གནས་ལུགས་ལ་རྨོངས་པའི་བླུན་པོས་རིགས་བཟང་ངན་སོགས་བླང་དོར་གྱི་བྱེ་བྲག་རྙེད་པ་སྟེ་མཚན་མར་འཛིན་པ། དེ་ཚེ་དམན་པའམ་གདོལ་པའི་ཁྱིམ་དུ་རོལ་པ་སྟེ་ཉེས་པའི་སྐྱོན་ཡིན་ལ། འོན་ཀྱང་དོན་ལ་གཉིས་སུ་མེད་པས་དེ་རྟོགས་ན་ཉེས་པའི་དྲི་མས་མི་གོས་སོ། །དུས་གང་ཞིག་ཚེ་སློང་མོ་བྱེད་པ་ན་ནི་སྲང་ཁར་བོར་བའི་ཁམས་ཕོར་གྱིས་ལོངས་སྤྱོད་དེ། དེ་གནས་ལུགས་རྟོགས་པས་བདག་ནི་རྒྱལ་པོའི་ཡིན་པར་གྱུར་ན་སླར་ཡང་གཉིས་འཛིན་གྱི་ཞེན་པའི་ཁམས་ཕོར་དེས་ཅི་ཞིག་བྱར་ཡོད། དེས་ན་བླང་དོར་གྱི་དབྱེ་བ་རྣམ་པར་སྤངས་ནས་དེ་ཁོ་ན་ཉིད་ལ་གནས་པ་ལ་ཐ་སྙད་གཉིས་ཆོས་ཀྱིས་ཅི་བྱ་སྟེ། རྟག་ཏུ་རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ་ནས། མྱ་ངན་འདས་པ་ལ་གནས་ཤིང་སྲིད་པར་མཛེས་སོ། །དེས་ན་ནད་གཞན་དག་ལ་སྟེ་རྣམ་རྟོག་གི་ནད་ཉིད་ལ་རྣམ་རྟོག་སྣོན་པའི་སྨན་གཞན་མི་འཕྲོད་པ་གཏང་བར་མི་བྱ་སྟེ་གང་འཕྲོད་དགོས་པ་བཞིན། བསམ་དང་བསམ་པར་བྱ་བ་ཐམས་ཅད་རབ་ཏུ་སྤངས་ནས་སུ། ཇི་ལྟར་བསམ་མེད་བུ་ཆུང་གི་ཚུལ་དུ་གནས་པར་བྱ་ཞིང་། གཉུག་མ་སྟོན་པའི་བླ་མའི་ལུང་ལ་བསྒྲིམས་ཏེ་རབ་ཏུ་འབད་ན། ལྷན་ཅིག་སྐྱེས་པ་ཉིད་རང་རྒྱུད་ལ་འབྱུང་བར་ཐེ་ཚོམ་མེད། ཁ་དོག་དང་ཡོན་ཏན་དང་བརྗོད་པའི་ཡི་གེ་དང་མཚོན་པའི་དཔེ་བྲལ་བ་གང་ཞིག །སྔ་རུ་མེ་བཏུབ་དེ་ནི་ས་ར་ཧ་བདག་གིས་སམ་རྣལ་འབྱོར་པ་


MR12_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་གྱི་ན་སྟེ་ཕྱོགས་ཙམ་དུ་མཚོན་པར་བྱ་སྟེ། གང་ཞེ་ན། གཞོན་ནུ་མ་ཡིན་བདེ་བ་སྙིང་ལ་ཞེན་པ་བཞིན། ཐམས་ཅད་ཀྱི་དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་པ་ནུས་སམ་སྟེ་མི་ནུས་སོ། །དངོས་དང་དངོས་མེད་གཉིས་པོ་ཡོངས་སུ་བཅད་པའམ་བྲལ་བ་དང་། དེར་ནི་རྣམ་པར་རྟོག་པའི་རང་བཞིན་འགྲོ་བ་མ་ལུས་ལུས་པ་ཡང་རབ་ཏུ་ཐིམ་པར་འགྱུར། གང་ཚེ་ཡིད་ནི་མི་གཡོ་བར་མ་བཅོས་རང་གནས་སུ་བརྟན་པ་སྟེ། དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། གང་ཚེ་བདག་དང་གཞན་ནོ་ཞེས་ཡོངས་སུ་ཤེས་པ་མེད་པ་མཉམ་པར་མཐོང་བ་ན། དེ་ཚེ་བླ་མེད་ཀྱི་ལུས་ཏེ་ལྷན་སྐྱེས་ཉིད་ནི་ཐོབ་པར་འགྱུར་རོ། །དེ་ལྟར་བསྟན་པ་ཉིད་ལས་རང་བློ་ངེས་པར་མ་འཁྲུལ་པར། གཞན་ལ་རག་ལུས་པའི་ཚུལ་གྱིས་མི་ཤེས་པས་རང་གིས་རང་ལ་ལེགས་པར་ཤེས་པར་བྱས་ནས་ནི། མཉམ་པར་བཞག་པ་ན་གཉུག་མའི་དོན་ལ་རྡུལ་མིན་ཏེ་གཟུགས་ཀྱི་རྡུལ་ཕྲན་ཡོད་པ་མིན་ལ་རྡུལ་དང་བྲལ་བ་སྟེ་གཟུགས་མེད་པའང་མ་ཡིན་སྣང་བ་དང་སེམས་ཀྱང་མིན་ཏེ། ཇི་ལྟར་སྣང་བའི་དངོས་པོ་དེ་དག་ཡེ་ནས་སྟོང་པས་ན་གདོད་ནས་ཞེན་པ་ཡིད་ཡུལ་ཉིད་དུ་མེད་པས་ཅི་ཡང་མེད་པའི་དོན་ཉམས་སུ་མྱོང་བ་སྟེ། མདའ་བསྣུན་གྱིས་སྨྲས་པ་དེ་ཙམ་ཞིག་ཏུ་ཟད་དོ། །ཀྱེ་ཧོ༷་སྣང་བ་མ་ལུས་པ་རང་བཞིན་གྱིས་དྲི་མ་མེད་པའི་དོན་དམ་གཉུག་མ་ལྷན་སྐྱེས་སུ་ཤེས་པར་བྱོས་ཤིག །རང་གི་ཡིད་ཀྱི་ཁྱིམ་ན་གནས་པ་གཉུག་མའི་ཤེས་པ་མི་བལྟ་བར་ཕྱི་རོལ་དུ་སོང་ནས་དོན་དམ་ཚོལ་བ་དང་། སྣང་སྲིད་ཀྱི་བདག་པོ་ཁྱིམ་བདག་གཉུག་མའི་རིག་པ་སྟོན་ནུས་པའི་བླ་མའི་གདམས་ངག་གི་དོན་


MR12_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་ཡིད་མི་ཆེས་པར་ཁྱིམ་ཚེས་ལྟ་བུ་ཡེ་ཤེས་མེད་པ་དག་ལ་དྲི། མདའ་བསྣུན་གྱིས་སྨྲས་པ་འདི་གཞན་ལ་དྲི་རྒྱུ་མེད་དེ་བདག་ཉིད་ཀྱིས་ཤེས་པར་བྱོས། བཅོས་བསྒོམ་བླུན་པོས་ཡུལ་ཅན་བསམ་གཏན་དང་ཡུལ་བསམ་བྱ་དང་བཟླས་བརྗོད་གང་གིས་ཀྱང་དེ་རྟོགས་པ་མིན་ལ། གང་ཚེ་བླ་མས་ཐ་སྙད་སྣ་ཚོགས་བསྟན་ཅིང་བསྟན་པ་ཐམས་ཅད་ཤེས་པར་བྱས་ཀྱང་། བདག་གིས་རྣམ་པར་རྟོག་པས་ཡོངས་སུ་བརྟགས་པ་ཙམ་དུ་ཟད་པས་དེས་ཐར་པ་ཐོབ་པས་ཅི་སྟེ་མི་ཐོབ་བོ། །ཡུལ་རྣམས་ཀུན་ཏུ་བགྲོད་ཅིང་ལུས་གདུང་བས་ཉེན་པར་བྱས་ཀྱང་། ལྷན་ཅིག་སྐྱེས་པ་མི་རྙེད་ཅིང་རང་རྒྱུད་སྡིག་པས་འཛིན་ནོ། །ལྷན་སྐྱེས་རྟོགས་ན་ཐམས་ཅད་བདེ་ཆེན་དུ་རོལ་བས་ཡུལ་རྣམས་བསྟན་པས་ཡུལ་གྱིས་མི་གོས་སོ་སྟེ། དཔེར་ན་ཨུཏྤལ་འདབ་མ་ཆུ་ཡིས་མ་རེག་པ་བཞིན་ནོ། །གང་ལྟར་ཀྱང་ཆོས་ཀུན་རྩ་བ་གཉུག་མ་བྱང་ཆུབ་ཀྱི་སེམས་ལ་རྣལ་འབྱོར་གང་ཞིག་སྐྱབས་སུ་འགྲོ་བ་སྟེ་གོམས་པར་བྱས་ན་འཁོར་བའི་ཉེས་པས་མི་གནོད་དེ། དཔེར་ན་དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། དེ་མ་རྟོགས་པར་ཕྱི་རོལ་དུ་ལྷ་ལ་མཆོད་པ་ཁྲི་ཕྲག་བྱིན་ནས་ཀྱང་། བདག་ཉིད་ཞེན་རྟོག་དེ་ཡིས་འཆིང་པར་གྱུར་ཕྱིར་དེ་འབྲས་ཅི་ཞིག་བྱ། ཚུལ་དེ་འདྲས་འཁོར་བ་འདི་ནི་ནམ་ཡང་རྒྱུན་འཆད་པ་མིན་ཏེ། གཉུག་མའི་རང་བཞིན་མ་རྟོགས་ཀྱི་བར་དུ་འཁོར་བ་ལས་བརྒལ་མི་ནུས་སོ། །ཐམས་ཅད་གཉུག་མར་ཤར་ན་མིག་ནི་མི་འཛུམ་ཞིང་སེམས་ཀྱང་མི་འགོག་པ་དང་། རླུང་ཆེད་དུ་མ་བཅིང་པར་ཡང་གཉུག་མའི་ངང་དུ་རླུང་འགོག་པ་ནི་དཔལ་ལྡན་བླ་མས་བསྟན་པས་རྟོགས་སོ། །གང་ཚེ་གཟུང་


MR12_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་རྟོག་པའི་བཞོན་པ་ལས་རླུང་གི་རྒྱུ་བ་དེ་ནི་རང་བཞིན་གྱིས་མི་གཡོ་སྟེ། གཉུག་མར་ཐིམ་ཞིང་འཆིང་བའི་ཚེ་ན་ཆེད་དུ་དགག་པའི་རྣལ་འབྱོར་པས་ཅི་ཞིག་བྱ། ཇི་སྲིད་གང་གི་དབང་པོ་ཡུལ་གྱི་གྲོང་ལ་ལྷུང་ནས་གཡོ་བ། དེ་སྲིད་སེམས་རང་ཉིད་ལས་ཡུལ་གཞན་མེད་པར་རང་སྣང་རབ་ཏུ་རྒྱས་པ་ཡིན་ཏེ། ཁྱེད་ཅག་ད་ལྟར་ཅི་ལྟ་བུ་བྱེད་སོམ་དང་ཀྱེ། དེ་ལྟར་བརྟགས་ན་མི་མཐོང་བ་དེ་ནི་ཤིན་ཏུ་དཀའ་བའི་དགོངས་པ་ལ་འཇུག་པ་ཡིན་ཏེ། སེམས་གང་ཞིག་ཡུལ་གང་ལ་གནས་པ་ནི་དཔྱད་ན། སེམས་དེ་ནི་ཡུལ་དེ་རུ་མི་མཐོང་སྟེ་དེས་ན་དེས་ཅི་ཡང་མི་བྱེད་དེ། མཁས་པ་ཐམས་ཅད་ཚིག་དང་ཐ་སྙད་ཀྱི་སྒོ་ནས་བསྟན་བཅོས་འཆད་པ་ཡིས། རང་གི་ལུས་ལ་སངས་རྒྱས་ཡོད་པར་ནི་མ་རྟོ༷གས་སོ། །བཟུང་བས་མ་དུལ་ལ་བཏང་བས་དུལ་ནས་གླང་ཆེན་ལོབ་ནས་ཁོ་རང་གི་སེམས་ཚགས་སུ་ཚུད་པས་ན། དེར་ནི་འགྲོ་འོང་ཆད་ནས་སོས་དལ་བ་སྟེ། འདི་ལྟར་སེམས་ཀྱི་ཚུལ་རྟོགས་ན་གང་དུའང་དྲི་ས་མེད་དེ་རང་གི་རྟོགས་པས་སོ། །དེ་ལྟ་ནའང་མཁས་པ་ངོ་ཚ་བ་མེད་པས་འགྲོ་འོང་ཆད་པ་དེ་སྨྲ་ཡང་རང་གི་ཉམས་སུ་མ་ལོན་པའམ་མ་རྟོགས་སོ། །གཉུག་པའི་ཤེས་པ་ཉམས་སུ་མྱོང་བཞིན་པའི་གསོན་པ་གང་ཞིག་དེ་ཁོ་ན་ཉིད་ལས་ནམ་དུ་ཡང་རྣམ་པར་མ་གྱུར་པ། དེ་ནི་མི་འགྱུར་བའི་ཐིག་ལེ་སྟེ་རྒས་ཤིང་འཆི་བར་འགྱུར་རམ་ཅི་སྟེ་མི་འཆིའོ། །བླ་མས་བསྟན་པ་དྲི་མ་མེད་པའི་བློ་གྲོས་མཐར་ཐུག་ནི། དེ་ཉིད་མི་ཟད་པའི་གཏེར་ཡིན་གྱི་གཞན་པ་གང་ཞིག་གཏེར་ཡིན་ནོ་ལོ་སྟེ་མི་ཟད་པ་མེད་དོ་ཞེས་སོ། །སྣང་པའི་ཡུལ་ཉིད་རང་བཞིན་གྱིས་རྣམ་པར་དག་སྟེ་དོན་དུ་བསྟེན་


MR12_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་མིན་པས་ན། ཐམས་ཅད་སྟོང་པ་འགའ་ཞིག་གིས་ཏེ་ཚུལ་གྱིས་ནི་སྤྱད་པར་བྱ། གང་དགར་བཏང་ན་རང་གི་དེ་ཉིད་ལས་མི་མདའ་སྟེ། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོགས་བཞིན། ཕྱོགས་རྣམས་སྐོར་ཞིང་སྐོར་ཞིང་སླར་ཡང་སྔར་གྱི་གནས་དེ་རུ་འབབ་པའོ། །ཐག་པ་ནག་པོའི་རྣམ་པ་ལ་དུག་སྦྲུལ་བཞིན། མཐོང་བ་ཙམ་གྱིས་སྔངས་བར་འགྱུར་ཏེ། ཀུན་བཏགས་ལ་ཞེན་ནས་གྲོགས་དག་སྐྱེ་བོ་ངན་པ་ནི། ཆགས་སྡང་གི་ཡུལ་གཉིས་སྐྱོན་གྱིས་འཆིང་བར་འགྱུར་བས་ན། ཡུལ་ལ་ཐ་མལ་དུ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་ཧོ༷་རྨོངས་པ་ཞེས་བོས་ནས་མདའ་བསྣུན་གྱིས་སྨྲས་པ་ཉོན་དང་། ཉ་རོ་དང་ཕྱེ་ལེབ་གཟུགས་དང་གླང་ཆེན་རེག་བྱ་དང་བུང་བ་དྲི་དང་། དེ་བཞིན་དུ་འདི་ནི་རི་དྭགས་སྒྲ་ལ་ཆགས་པས་འཆིང་བ་བཞིན་དུ་ཉེས་དམིགས་སུ་ལྟ་བར་བྱོས་ཤིག དེ་ཡང་རང་བཞིན་ཤེས་ན་མི་འཆིང་སྟེ་གང་ཞིག་སེམས་ལས་རྣམ་པར་རྟོག་པ་རྣམས་འཕྲོས་པ། དེ་སྲིད་དུ་མགོན་པོ་གཉུག་མའི་རང་བཞིན་ཏེ། ཇི་ལྟར་ན་ཆུ་དང་བས་དག་གཞན་ཡིན་ནམ་སྟེ་མིན་ནོ། །དེས་ན་སྲིད་པ་དང་ཞི་བ་དབྱེར་མེད་པ་མཉམ་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ནོ། །བླ་མའི་མན་ངག་གང་ཞིག་བསྟན་ཏེ་སློབ་མས་གང་ཐོས་པ་ཡི། དགོངས་པ་གང་ཡིན་དམ་པར་སྐྱོལ་བ་སྟེ་གནད་དུ་སོང་ན། ཉི་ཟེར་གྱིས་ལྐུགས་པ་ཡི་ས་ཡི་མུན་པའི་རྡུལ་བཞིན་བརླག་ནས། རྟོགས་པ་ཐམས་ཅད་སྙིང་ག་ཐ་མལ་ཉེས་པ་ཉིད་དུ་ནུབ་པར་གྱུར་པ་ཡིན། ཇི་ལྟར་ཆུ་ལ་ཆུ་བཞག་ན། དེ་སྙེད་ཆུ་


MR12_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རོ་མཉམ་པར་འགྱུར་བ་བཞིན་དུ། སྐྱོན་དང་ཡོན་ཏན་མཉམ་པར་ལྡན་པའི་སེམས་ཏེ། སྣང་སེམས་ལྷན་སྐྱེས་བདེ་བར་འདྲེས་པའི་སེམས་ཀྱིས་མགོན་པོ་དེ་ནི་སུས་ཀྱང་མཐོང་བར་མི་འགྱུར་ཏེ་དམིགས་སུ་མེད་པས་སོ། །མཉམ་ཉིད་བླང་དོར་མེད་པར་རྟོགས་པའི་རྨོངས་པ་དག་ལ་གཉེན་པོ་ཞེས་བྱ་བ་གང་ཡང་གཞན་ན་མེད་དེ། ཇི་ལྟར་ནགས་ལ་མཆེད་པའི་མེ་ལྕེ་བཞིན། ཐད་ཀའི་སེམས་ཀྱི་གདོང་དུ་བབ་པའི་འདི་ལྟར་སྣང་བ་ཀུན། སེམས་ཀྱི་རྩ་བ་སྟོང་པ་ཉིད་ལྷན་ཅིག་མཉམ་པར་ཤེས་པར་བྱོས་ཤིག གལ་ཏེ་འདི་ནི་ཡིད་དུ་འོང་ངམ་སྙམ་པའི་སེམས་ཀྱིས། སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། དེ་ལྟར་སྙིང་ལ་བཟུང་བའི་ཕྱིར་དེ་ཟུག་ངུ་སྟེ་ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་ངུའི་ཀྱང་། ནམས་ཀྱང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད་པས་ཐམས་ཅད་བཏང་བར་བྱའོ། །དེ་ལྟར་བྱ་བ་ཡིན་ཏེ་དེ་ལྟར་བྱ་བ་མ་ཡིན་ནོ་སྙམ་ན། གྲོགས་པོ་གཙང་དམེ་མེད་པ་ཕག་དང་གླང་ཆེན་སྨྱོན་པ་ལྟོས་ལ་གཟའ་གཏད་ཞིག་པར་བྱོས་ཤིག །ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་སྟེར་བ་བཞིན། བླ་མའི་མན་ངག་གིས་འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ་སྟེ། གཞན་ལས་ཤེས་པ་མེད་པར་རང་ལ་རང་རིག་པའི་བདེ་བ་ཆེན་པོའི་ཚུལ་འདི་ནི་སྣང་བ་དང་སེམས་ཀྱི་བག་ཆགས་གཟུགས་སུ་སྣང་བ་སྣ་ཚོགས་པར་སྣང་ཡང་རང་བཞིན་ཤེས་ན། ཐམས་ཅད་དེ་ཚེ་ནམ་མཁའ་དང་མཉམ་བདེ་བར་འགྱུར། བསྒོམ་བྱའི་དོན་གཉུག་མ་ལྷན་སྐྱེས་བློ་ཡུལ་ལས་འདས་པ་ཡིན་ཏེ་དེའི་བརྡའ་ཀ་ལ་ཀུ་ཊ་སྟེ་ནག་པོ་བརྩེགས་པའམ་ཉམས་མྱོང་སྨྲོས་སུ་མེད་དོ་ཞེས་


MR12_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྡའ་སྟེ་དེས་ན་སྨྲོས་སུ་ཅི་རུང་སྟེ་སྨྲོས་ན་རྟོག་པའི་དུག་གིས་འཛིན་པས་ན་བསམ་ཞིང་སྨྲར་མེད་དོ། །རང་བཞིན་མ་བཅོས་པར་ནམ་མཁའ་དང་མཉམ་པའི་ཡིད་ཀྱིས་དྲན་པ་ཙམ་གྱིས་འཛིན་པ་ཡིན་གྱིས་བཤད་ག་ལ་རུང་ཞེས་སོ། །ཡིད་ཀུན་རྟོག་ཟུག་དུ་དེ་ནམ་ཞིག་རྩོལ་མེད་དུ་ཞི་བའི་ཚུལ་གྱིས་ཡིད་མ་ཡིན་པར་བྱེད་པར་གྱུར་ན། རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས་ཤིང་འོད་གསལ་བར་འགྱུར་རོ། །འདིར་ཁྱིམ་དང་ཁྱིམ་ན་བདེ་ཆེན་དེ་ནི་གཏམ་དུ་བརྗོད་པ་ནི་ཡིན་ཏེ། འོན་ཀྱང་བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན་ལ། མན་ངག་དང་བྲལ་བའི་འགྲོ་ཀུན་འདི་ལ་ཀྱེ་མ་འདི་མི་ཤེས་སོ་སྙམ་དུ་སེམས་ཁྲལ་ཁུར་བ་ཙམ་དུ་ཟད་དོ་ཞེས་མདའ་བསྣུན་སྨྲ། དེ་ནི་བསམ་དུ་མེད་པས་སུས་ཀྱང་རྟོགས་པར་བྱར་ཡོད་པ་མ་ཡིན། ལྟེ༷་བ་དང་གསང་བ་སོགས་ཀྱི་རྩ་འཁོར་ལ་བརྟེན་པའི་རླུང་གི་རྣལ་འབྱོར་གྱི་ཡན་ལག་གི་དབྱེ་བ་ཡོངས་སུ་སྤངས་པ་སྟེ་སྟོང་བས་ན། ཐིག་ལེ་ཉག་གཅིག་མཉམ་པ་ཆེན་པོར་བསྒོམ་དང་མི་བསྒོམ་དབྱེར་མེད་ཡིན་པར་བདག་གིས་མཐོང་། གཟུང་ཡུལ་སྣ་ཚོགས་ཀྱིས་མཚོན་པས་སམ་སྒོ་ནས་གཞན་དག་གིས་དེ་ཁོ་ན་ཉིད་བསམ་པར་བྱེད། སེམས་ཉིད་རང་གི་དེ་ཉིད་བསམ་པས་མ་རྟོག་པ་དང་རང་གཞན་དུ་འཛིན་པ་འགགས་པར་འགྱུར། གལ་ཏེ་སེམས་ཀྱིས་སེམས་ནི་རང་གིས་རང་ལ་བརླན་ཏེ་མཚོན་དུ་འགྲོ་བ་ན། རྣམ་རྟོག་དག་ནི་མི་གཡོ་བརྟན་པར་གནས་པར་འགྱུར་རོ། །ཇི་ལྟར་ལན་ཚ་ཆུ་ལ་ཐིམ་པ་ལྟར། དེ་ལྟར་སེམས་ནི་རང་བཞིན་གཉུག་མ་ལ་ཐིམ་པར་འགྱུར་ཏེ། དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་བས་ན། འབད་དེ་གཟུང་འཛིན་ཅན་གྱི་


MR12_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་སྐྱེས་པས་ཅི་བྱར་ཡོད། ལྷན་ཅིག་སྐྱེས་པ་ལ་ནི་སངས་རྒྱས་ཀྱི་བཀའ་ཡི་ལུང་རྣམས་མ་ལུས་མཐོང་ཞིང་། གྲུབ་མཐའ་སྨྲ་བ་སོ་སོའི་རང་གི་ཞེན་ཕྱོགས་ཀྱི་འདོད་པ་མང་པོ་དག་ཀྱང་གསལ་བར་སྣང་ན་ཡང་། མགོན་པོ་བདག་ཉིད་གཅིག་པུ་སྟེ་རང་བྱུང་ཡེ་ཤེས་ནི་གཞན་རྣམས་ཀྱི་ལུགས་དེ་དང་འགལ་ཏེ་བདག་ས་ར་ཧ་གཅིག་པུ་དང་མཐུན་ནོ་ཞེས་སོ། །ཁྱིམ་དང་ཁྱིམ་ན་རང་རང་གི་ཞེ་འདོད་ཀྱི་གྲུབ་མཐའ་དེ་གྲུབ་བོ་སྟེ་གྲུབ་པ་ལྟར་སྣང་ངོ་། །བདེ་ཆེན་གྱི་རོས་རྣམ་ཤེས་གཅིག་པུ་མྱོང་བའམ་ཟོས་པས་ནི་ཆོས་ཐམས་ཅད་དེའི་ངོར་ཚིམ་པའམ་ཡང་ན་ཤིང་གཅིག་མེས་ཟོས་པས་ནགས་ཀུན་ཚིག་པ་བཞིན་ནོ་ཞེས་ཚིག་པའི་དོན་དུ་རྒྱ་འགྲེལ་ལ་ལར་བཤད་དོ། །རང་རིག་བོར་ནས་ཕྱི་རོལ་དུ་སོང་ནས་ཁྱིམ་བདག་ལྟ་བུའི་རང་བྱུང་ཡེ་ཤེས་ཚོལ་བ་དང་། ཚུར་འོངས་ཀྱང་མ་མཐོང་བར་དེའི་གམ་དུ་ཕྱིན་ཀྱང་མེད། རང་བཞིན་དུ་འདུག་པར་གྱུར་ཀྱང་ངོ་མ་ཤེས་པའོ། །ཀུན་རྟོག་གི་རྦ་རླབས་མེད་པའི་དབང་ཕྱུག་མཆོག་གཉུག་མ་བཅོས་མའི་རྙོག་པ་མེད་པའི་བསམ་གཏན་དུ་འགྱུར་བ་ནི། ཆུ་མ་རྙོགས་པར་དྭངས་པ་དང་མར་མེ་མི་གཡོ་བ་ལྟ་བུར་རང་གསལ་གཅིག་ཏུ་ཞོག་དང་། རྟོག་པའི་འགྲོ་འོང་ཐམས་ཅད་ནི་ང་ཡིས་མི་ལེན་ཏེ་མི་སྒྲུབ་ལ་མི་འདོར་ཏེ་མི་དགག་པའི་ཕྱིར་རོ། །གང་ཡང་སྔ་ན་ཡུལ་འདིར་མ་བྱུང་བའམ་མེད་པའི་སྒེག་མོ་དང་འཕྲད་ནས། དེ་དང་ལྷན་ཅིག་ཉལ་བའི་སེམས་རྨི་ལམ་ནང་དུ་སྐྱེ་བ་ནི་གཞི་མེད་པ་ལ་བརྟེན་ཏེ་རང་བློས་བཟུང་བ་ཙམ་མོ། །དེ་བཞིན་དུ་ཤེས་པ་རང་གི་གཟུགས་དང་རང་ཉིད་ཐ་དད་དུ་མ་ལྟ་ཞིག་སྟེ་སྣང་སེམས་དབྱེར་མེད་པས་སོ། །དེ་ལྟར་


MR12_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ནས་སངས་རྒྱས་ལག་ཏུ་གཏོད་བ་ཡིན། གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ་མཉམ་པ་ཉིད་དུ་མཐོང་ན། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས་ཤིང་མངོན་པར་གསོལ་ལོ། །ཁྱིམ་བདག་བདེ་བ་ཆེན་པོ་ཉམས་སུ་མྱོང་བའམ་ཟོས་ནས་ཁྱིམ་བདག་མོ་རང་སྣང་ཆོས་ཉིད་སྟོང་པ་ལ་དོགས་མེད་དུ་ལོངས་སུ་སྤྱོད་པས། ཡུལ་ནི་གང་དག་མཐོང་བ་དེ་ཆོས་ཉིད་དུ་རྩོལ་བ་མེད་པའི་ཚུལ་གྱིས་སྤྱད་པར་བྱ་བ་བརྟགས་མི་དགོས་པར་ཤར་བའི་དོན། ང་ཡིས་རྩེད་མོ་ཡི་ཚུལ་དུ་རྡོ་རྗེའི་གླུ་བླང་བར་བྱས་པ་ལ། བུས་པ་རྣམས་ནི་ཨཱ་ཐང་ཆད་དེ་དགག་སྒྲུབ་ཞེ་འདོད་ཀྱིས་ངལ་ལོ། །ཐམས་ཅད་བསྐྱེད་པའི་ཨ་མ་གཉུག་མ་དེ་བཞག་ནས་ཉམས་རྟོགས་བཟང་པོའི་བུ་དེ་སྐྱེ་བར་མི་འགྱུར་རོ། །དེས་ནི་རྣལ་འབྱོར་སྤྱོད་པ་སྒྱུ་མ་ལྟ་བུ་ཚད་བཟུང་བའམ་དཔེ་དང་བྲལ་བར་ཤེས་སོ། །བདག་པོ་གཉུག་མ་ཟ་ཞིང་ཐམས་ཅད་དེའི་རང་བཞིན་དུ་མཛེས་པས། དགག་སྒྲུབ་དང་བྲལ་བར་རམ་གང་དགར་ཆགས་པའི་སྤྱོད་པ་དེས་གང་བའི་སེམས་དེ་ཉིད། ཆགས་དང་ཆགས་བྲལ་གཉིས་ཀ་སྤངས་ནས་མཉམ་ཉིད་དབུ་མར་ཞུགས་ཤིག །དེ་ལ་ཐ་མལ་ཀུན་རྟོག་གི་སེམས་ཉམས་པས་ན་རྣལ་འབྱོ༷ར་ངས་ཅི་ཡང་དམིགས་པ་མ་མཐོང་ལ། མ་མཐོང་བའི་ཕྱིར་ཅི་དགར་ཟ་ཞིང་འཐུང་ལ་དེར་ཞེན་གྱིས་བསམ་དུ་མེད་པར་གྱུར། གྲོགས་མོ་འདི་ནི་འདི་ལྟར་རང་སེམས་ལ་གང་སྣང་བ། ཕྱི་རོལ་གྱི་དོན་ནང་གི་སེམས་ལ་མཚོན་པའམ་སྣང་བ་མེད་པར་བདག་གིས་འཛིན་ལ། དེ་ཕྱིར་སྒྱུ་མའི་རྣལ་འབྱོར་པ་ནི་དཔེ་དང་བྲལ་བ་སྟེ། ས་གསུམ་དུ་ཡང་དྲི་མ་མེད་ཅིང་མི་གནས་ལ་


MR12_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མི་འབྱུང་སྟེ། མེ་ནི་སྤྲ་བ་ཉིད་ལ་རྐྱེན་གྱིས་འབར་ཞིང་སྣང་ལ། ཟླ་བ་དང་ཕྲད་ན་ཆུ་འཇོག་པའི་ནོར་བུ་ལ་རང་དབང་མེད་དེ་རྐྱེན་གྱིས་ཆུར་སྣང་ངོ་། །ཐབས་ཀྱི་རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བ་བཞིན་དུ། སེམས་ཉིད་དེ་ཉིད་གྲུབ་པའི་དབང་གིས་རྣལ་འབྱོར་མའོ། །དེ་ན་ལྷན་ཅིག་སྐྱེས་པའི་སྡོམ་པར་ཡང་ཤེས་པར་བྱའོ། །ཡི་གེ་ནི་འགྲོ་བ་མ་ལུས་པ་ལ་ཁྱབ་ཅིང་། བརྗོད་བྱ་ཀུན་ལ་ཡི་གེ་མེད་པ་གཅིག་ཀྱང་མེད་ལ། ཡང་དག་པར་ན་ཇི་སྲིད་ཡི་གེ་དང་། བརྗོད་བྱ་བརྗོད་བྱེད་མཉམ་པའི་ཚུལ་གྱིས་མེད་པར་གྱུར་པ། དེ་སྲིད་ན་ནི་ཡི་གེ་རབ་ཏུ་ཤེས་པ་ཞེས་བྱའོ། །དེས་ན་བསྟན་བྱའི་དོན་དམ་པ་ནི་སྣག་ཚྭ་མཉེས་པས་བྲིས་ནས་ཀླག་ཏུ་མེད། རིག་བྱེད་དོན་མེད་པ་འདོན་པས་བྲམ་ཟེ་རྣམས་ཡང་དག་པའི་དོན་ལས་ཉམས། དམ་པ་ཡི་སེམས་གཉུག་མ་དང་གཅིག་ཤོ༷ས་ཀུན་རྟོག་གི་རང་བཞིན་མི་ཤེས་ན། སྣང་སྲིད་ཐམས་ཅད་དང་པོ་གང་ནས་ཤར་ཅིང་མཐར་གང་དུ་ནུབ་པ་མི་ཤེས་ལ། དེ་ཤེས་ན་ཇི་ལྟར་ཕྱི་རོལ་དེ་བཞིན་ནང་དུ་ཤེས་ཤིང་དེ་ཡང་གཉུག་མར་རྟོགས་ནས། བཅུ་བཞི་པ་ཡི་ས་སྟེ་ས་བཅུ་གསུམ་པོ་དབྱེར་མེད་མཉམ་པའི་ངོ་བོ་ལ་ཐོག་མཐའ་མེད་པར་རྒྱུན་དུ་གནས་སོ། །གཉུག་མ་ལུས་མེད་ནི་ལུས་ལ་སྦས་པ་སྙིང་གི་ཐིག་ལེ་བདེ་ཆེན་དུ་གྲགས་པ་སྟེ། དེ་ཤེས་ན་དེ་ཡིས་གྲོལ་བ་འགྱུར་རོ། །རང་བཞིན་ལྷན་སྐྱེས་སུ་གྲུབ་ཡིག་སྟེ་གྲུབ་པའི་ཡི་གེ་བཞི་ལས་དང་པོ་བདག་གིས་སྟོན་པའམ་བཏོན་ཏེ་ཉམས་སུ་མྱོང་ཞིང་། དེའི་རོ་བཅུད་དམ་ཁུ་བ་འཐུང་བས་ང་བདག་གི་རྣམ་པ་ནི་བརྗེད་པར་གྱུར། གང་གིས་ཡི་གེ་གཅིག་སྟེ་གཉུག་མ་ལྷན་སྐྱེས་ཤེས་པ་སྟེ་ཉམས་སུ་མྱོང་ཡང་།


MR12_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་མིང་ནི་མི་ཤེས་ཏེ་བརྗོད་མི་ནུས་པས་སོ། །རྐྱེན་བྲལ་ཏེ་འགྱུར་མེད་ཀྱི་ཡི་གེ་གསུམ་ནི་སྒོ་གསུམ་ཁམས་གསུམ་རྩ་ཐིག་རླུང་གསུམ་མོ་དེ་གསུམ་གྱི་དབུས་ན་ཡི་གེ་གཅིག་ནི་བདེ་སྟོང་ལྷན་སྐྱེས་གཉུག་མ། ཟག་མེད་དམ་འགྱུར་མེད་ཀྱི་ཡི་གེ་སྔ་མ་གསུམ་གྱི་དབུས་ནི་ལྟ་བར་བྱ་སྟེ་གཉུག་མའོ། །དེ་ལ་བལྟས་པས་གང་ཞིག་གསུམ་པོ་ཟག་པའམ་བབ་པ་སྟེ་གཉུག་མར་ཐིམ་པ་ན་ནི། གདོལ་པ་དང་རིག་བྱེད་མཉམ་པ་དེ་བཞིན་ནོ་སྟེ་མཉམ་པ་ཡིན་ན་གཞན་ལྟ་ཅི་སྨྲོས་ཞེས་སོ། །མ་ལུས་པའི་རང་བཞིན་གཉུག་མ་མི་ཤེས་པས། ཀུན་ཏུ་རྒྱུ་ཏེ་སྙོམས་འཇུག་པ་ཡི་སྐབས་སུ་བདེ་བ་ཆེན་པོ་རྩོལ་བས་སྒྲུབ་པ་ནི། ཇི་ལྟར་སྐོམ་པས་སྨིག་རྒྱུའི་ཆུ་ཡི་རྗེས་སྙེགས་པ་བཞིན། སྐོམ་ནས་འཆི་ཡང་ནམ་མཁའི་ངང་ཅན་གྱི་ཆུ་རྙེད་དམ་སྟེ་དེ་བཞིན་ནོ། །རྡོ་རྗེ་པདྨ་གཉིས་ཀྱི་བར་ན་གནས་པ་ཡི། བདེ་བ་ནི་ལྷན་སྐྱེས་གང་གིས་རྣམ་པར་རོལ་པའམ་བསྐྱེད་པ་ནི། ཅི་སྟེ་བདེ་ཆེན་དེ་བསྟེན་ནུས་པ་མེད་པས་ན། ཐེག་གསུམ་མམ་འཇིག་རྟེན་གྱི་ས་གསུམ་གྱི་རེ་བ་ཐབས་གང་གིས་རྫོགས་པར་འགྱུར་ཏེ་མི་འགྱུར་རོ། །འདི་ལ་རྡོར་པད་ཀྱི་བར་ན་གནས་པའི་འདུ་ཤེས་ཚོར་བདེ་ལ་བདེན་པའི་ནུས་པའམ་ཡང་དག་པའི་དོན་བསྟན་པའི་ནུས་པ་མེད་པས་དེ་ཙམ་གྱིས་ས་གསུམ་རེ་བ་མི་སྐོང་ཞེས་དགག་པའི་ཚུལ་དུ་བཤད་པ་དང་། ཡང་སྙོམ་འཇུག་གི་བདེ་བ་དེ་མི་བསྟེན་པར་ས་གསུམ་རེ་བ་གང་གིས་རྫོགས་ཞེས་བསྟོད་པར་བཤད་པ་གཉིས་ལས་དོན་ལྷན་སྐྱེད་ཀྱི་རྟེན་དུ་གྱུར་པ་སྙོམ་འཇུག་བསྔགས་པར་བཤད་པ་ལེགས་སོ། །ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ་ལྷན་སྐྱེས་ཉག་གཅིག་གི་ངོ་བོ་དང་།


MR12_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་དེ་ཉིད་ལ་ཆས་ཕྱེ་ན་བདེ་སྟོང་གཉིས་སུ་འགྱུར་བ་སྟེ། བླ་མའི་དྲིན་གྱིས་སླར་ཡང་ནི། དུས་སམ་གང་ཟག་བརྒྱ་ལ་ལན་རེ་སྐལ་ལྡན་འགའ་ཡིས་ཤེས་པར་འགྱུར་གྱི་ཀུན་ཏུ་མིན་ནོ། །གྲོགས་དག་ཞེས་བོས་ནས་ཟབ་པ་དང་ནི་རྒྱ་ཆེ་བ་ཡི་ལྷན་སྐྱེས་འདི་ལ། གཞན་མེད་ཅིང་བདག་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་ཟབ་མོ་དེ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཉམས་སུ་མྱོང་བའི་དུས་ན། གཉུག་མ་ཡི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བར་ཤེས་པར་བྱ་སྟེ་གཞན་དུ་མིན་ནོ། །དེ་ཡང་མུན་ནག་ཆེན་པོར་ཟླ་བ་ནོར་བུ་ནི། ཇི་ལྟར་འཆར་བར་བྱེད་པ་བཞིན་དུ། མཆོག་ཏུ་བདེ་བ་ཆེན་པོ་འདི་སྐད་ཅིག་གཅིག་ལ་ནི། བསམ་པས་རང་རྒྱུད་ཀྱི་སྡིག་པ་མ་ལུས་ཕམ་པར་བྱེད་པའོ། །སྡུག་བསྔལ་གྱི་སྣང་བྱེད་དེ་ཉི་མ་ཚ་གདུང་ཅན་ལྟ་བུའི་ཀུན་རྟོག་ནུབ་པ་ན།མཆོག་ཏུ་བསིལ་བའི་བདེ་ཆེན་སྐར་མའི་བདག་པོ་ཟླ་བའི་དཀྱིལ་འཁོར་གཟའ་པ་སངས་སོགས་དང་མཉམ་དུ་ཤར། འདིས་སྐུ་གསུམ་སྟོན་ནོ། །འདི་ལྟར་གཉུག་མར་གནས་པས་སྤྲུལ་པར་སྤྲུལ། དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པ་སྟེ་མ་བཅོས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཀྱེ་ཧོ༷་རྨོངས་པའི་སེམས་ཀྱི་ཀྱང་འདི་ལྟར་རང་སེམས་འདི་ལ་བརྟགས་ན་ནི། བདག་ལྟ་སོགས་ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། གཉུག་མ་ལྷན་སྐྱེས་ཀྱི་མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ཏེ་ལྷན་སྐྱེས་ཀྱི་རང་བཞིན་དུ་གནས་པའི་སྟོབས་ཀྱིས་ནི། སེམས་ཉིད་དེ་ལ་གནས་ན་དངོས་གྲུབ་ཐམས་ཅད་ཀྱི་དམ་པ་ཆོས་སྐུ་ཐོབ་པའོ། །སེམས་ཀྱི་གླང་པོ་གང་དགར་ཡན་དུ་ཆུག །དེ་ནི་ཇི་ལྟ་བུ་ཡིན་ན་བདག་ཉིད་རང་ལ་རང་གི་


MR12_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ཤིག་སྟེ་གཞན་སུ་ལའང་མ་འདྲི་ཞིག དེ་ལ་འདྲི་ཚུལ་ཀྱང་སྣ་ཚོགས་བཅོས་མའི་རྟོག་པས་མ་འདྲི་ལ་མ་བཅོས་པར་ཞོག་ཞིག །རྟེན་མེད་ལ་གནས་པས་ནམ་མཁའི་ངང་ཚུལ་ཅན་རི་བོ་ལྟ་བུའི་རྣལ་འབྱོར་པ་གདམས་ངག་གི་ཆུ་འཐུང་དང་། ཆུ་དེ་ཡི་འགྲམ་དུ་དྲན་པ་རྒྱུན་ཆགས་པས་ཞོག་ཅིག་དེ་ཡང་མ་བཅོས་རང་དགའ་བར། གཟུགས་སོགས་ཡུལ་གྱི་གླང་པོས་ནང་གི་དབང་པོ་ལྔ་ལག་པས་བླང་ནས་སུ། ཇི་ལྟར་གསོད་པར་བྱེད་པ་ལ་རང་དབང་སྣང་བར་འགྱུར་ན་ཡང་རྣལ་འབྱོར་པ་ནི་གླང་པོ་ལ་རྩེ་མཁས་པའི་གླང་པོ་སྐྱོང་བ་བཞིན། གནོད་པ་དེ་ཉིད་ལས་ནི་ལྡོག་པར་འགྱུར་བ་ཡིན་ཏེ་གང་སྣང་རང་དབང་དུ་གྱུར་པས་གླང་པོ་དུལ་བ་ཞོན་པ་བཞིན་ནོ། །གང་ཞིག་འཁོར་བ་དེ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པར་ངེས་ཀྱི། དེ་གཉིས་ལ་དབྱེ་བ་གཞན་དུ་སེམས་པ་ཅུང་ཟད་ཀྱང་དོན་ལ་ཡོད་པ་མ་ཡིན་ཏེ། བདེ་བ་ཆེན་པོའི་རང་བཞིན་གཅིག་གིས་ན་སོ་སོར་དབྱེ་བ་རྣམ་པར་སྤངས་ནས། རང་བཞིན་གྱིས་དྲི་མ་མེད་པར་མདའ་བསྣུན་ང་ཡིས་རབ་ཏུ་རྟོགས། ཡུལ་ཅན་ཡིད་ཀྱིས་དེ་ཁོ་ན་ཉིད་ལ་དམིགས་པ་དང་བཅས། དམིགས་པའམ་ཡུལ་ཉིད་སྟོང་པ་ཉིད་ཡིན་ལ། དེ་ལྟར་དམིགས་བྱ་དམིགས་བྱེད་གཉིས་ཡོད་པ་ལ་སྐྱོན་ནི་ཡོད་པ་སྟེ། དེ་ལྟར་འཛིན་པ་དང་བཅས་ན་རྣལ་འབྱོར་གང་གིས་དེ་ནི་དེ་ཉིད་སྒོམ་པ་མིན་ནོ། །སྒོམ་པ་དམིགས་བཅས་དང་དམིགས་མེད་དེ་དང་། སྒོམ་དང་མི་སྒོམ་པའི་ཐ་སྙད་ཀྱང་མེད་དེ་རོ་མཉམ་པར། བདེ་བ་ཆེན་པོའི་རྣམ་པའི་རང་བཞིན་ཅན་ནོ། །རབ་ཏུ་བླ་མེད་པ་དང་རང་གི་ངང་གིས་འབྱུང་བ་དེ་ནི།


MR12_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མན་ངག་གི་དུས་སུ་མྱོང་བ་དེ་ཐབས་དྲན་པ་རྒྱུན་ཆགས་སུ་བསྟེན་པས་ཤེས། ཁྱིམ་སྤང་བའི་རྩོད་པས་ནགས་སུ་མ་འགྲོ་ཞེན་པའི་དབང་གིས་ཁྱིམ་དུའང་མ་འདུག་པར། གར་བབས་གར་གནས་ཀྱི་ཕྱོགས་གང་དུ་གནས་ན་ཡང་དེ་རུ་རང་གི་ཡིད་ཀྱིས་གཉུག་མའི་དོན་ཡོངས་སུ་ཤེས་ནས། སྤྱོད་ལམ་མ་ལུས་པ་རྒྱུན་དུ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ལ་རྟགས་པར་གནས་པར་འགྱུར་རོ། །འཁོར་བ་གང་ཡིན་ལ་མྱ་ངན་འདས་པ་གང་ཡིན་ཏེ་གཉིས་སུ་མེད་དོ། །ཡིད་ཀྱི་དྲི་མ་ཀུན་རྟོག་དག་ལའང་ལྷན་ཅིག་སྐྱེས་པ་རང་བཞིན་གྱི་གནས་པ་སྟེ། དེ་ལྟར་རྟོགས་པ་དེ་ཚེ་མི་མཐུན་ཕྱོགས་ཉོན་མོངས་སོགས་ཀྱིས་འཇུག་པ་མེད། ཇི་ལྟར་རྒྱ་མཚོ་དྭངས་བར་གྱུར་པ་ལ། ཆུ་བུར་ཆུ་ཉིད་ཡིན་ཏེ་སླར་དེ་ཉིད་དུ་ཐིམ་པར་འགྱུར་བ་བཞིན་ནོ། །ནགས་དང་ཁྱིམ་གང་ནའང་བྱང་ཆུབ་ནི་གནས་པ་མེད་པས་ཕྱོགས་ལ་མི་ལྟོས་སོ། །དེ་ལྟར་རྣལ་འབྱོར་བའི་བྱེད་པ་ཡོངས་སུ་ཤེས་ནས་སུ། དྲི་མ་མེད་པའི་སེམས་ཀྱི་རང་བཞིན་གྱིས། སྣང་སྲིད་མ་ལུས་མི་རྟོག་པ་ཆོས་སྐུ་རུ་བརྟེན་པར་འོས། དེ་ནི་བདག་ཡིན་གཞན་ཡང་དེ་བཞིན་དུ་ཡིན་ནོ། །ཡུལ་གང་བསྒོམ་ལ་ཡོངས་སུ་བསྒོམ་པ་ནི་གང་ཡིན་སྟེ་མ་དམིགས་པས། གཉིས་ཆོས་ཀྱི་དབྱེ་བ་དེ་ཉིད་ཀྱི་འཆིང་བ་དང་བྲལ་བར་བྱའོ། །དེ་ལྟ་ན་འོན་ཀྱང་ཐ་སྙད་དུ་བདག་ཉིད་རྣམ་པར་གྲོལ་བའོ། །དོན་ལ་བདག་དང་གཞན་དུ་འཁྲུལ་བར་མ་བྱེད་དང་། མ་ལུས་རྒྱུན་དུ་རང་བཞིན་གྱིས་གནས་པའི་སངས་རྒྱས་ཏེ། སེམས་ནི་རྩོལ་བས་མིན་པར་ངོ་བོ་ཉིད་ཀྱིས་དག་པ་རུ་མཐོང་ན། དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ་། །གཉིས་སུ་མེད་པ་སེམས་ཀྱི་སྡོང་པོ་


MR12_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ནི། ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་བའོ། །དེ་ཡང་སྙིང་རྗེའི་མེ་ཏོག་དང་ལྡན་ཅིང་གཞན་ལ་ཕན་པའི་འབྲས་བུ་གཟུགས་སྐུ་གཉིས་འཛིན་པ། འདི་ཡི་མིང་ནི་མཆོག་ཏུ་གཞན་ལ་ཕན་པ་ཞེས་བྱའོ། །སྟོང་པའི་དབྱིངས་དང་རོ་གཅིག་པའི་ལོངས་སྐུའི་སྡོང་པོ་དམ་པ་ལ་མཚན་དཔེའི་མེ་ཏོག་རྒྱས། སྤྲུལ་སྐུ་སྙིང་རྗེ་དམ་པ་སྣ་ཚོགས་དུ་མར་ལྡན། དེ་ཀུན་ཀྱང་རྩོལ་མེད་ལྷུན་གྱིས་གྲུབ་པ་ཆོས་སྐུ་ནི་ཕྱི་མའམ་འཇིག་རྟེན་ལས་འདས་པའི་འབྲས་བུ་སྟེ། བདེ་བ་མཆོག་འདི་ནི་གཞན་པའི་སེམས་འཇིག་རྟེན་པའི་བློས་བསྐྲུན་ནུས་པ་མིན་ནོ། །འོ་ན་ཀུན་རྟོག་ལས་མ་འདས་སམ་ཞེན་སྟོང་པའི་སྡོང་པོ་ནི་དམ་པ་སྙིང་རྗེ་མིན་ཏེ་རོ་མཉམ་དམིགས་པ་མེད་པས་སོ། །དེ་འདྲའི་རོ་མཉམ་གཉུག་མ་གང་ལ་སླར་ཡང་རྩ་བ་དང་རྒྱུ་དང་དེའི་འབྲས་བུ་མེ་ཏོག་དང་ལོ་འདབ་ཀྱང་མེད་དོ། །དེས་ན་དམིགས་མེད་གཉུག་མ་དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། གཉུག་མ་དེར་ལྷུང་བས་ནི་གཉིས་ཆོས་ཀྱི་ཡན་ལག་མེད་པར་འགྱུར་ཞེས་རོ་མཉམ་དབྱེར་མེད་དུ་བསྟན་ནོ། །ས་བོན་གཉུག་མ་གཅིག་ལ་སྡོང་པོ་སྟོང་ཉིད་སྙིང་རྗེའམ་བདེ་སྟོང་གཟུགས་སྐུ་གཉིས་སྟེ། དེ་ཐམས་ཅད་དབྱིངས་བདེ་བ་ཆེན་པོའི་རྒྱུ་མཚན་དུ་གཅིག་པ་དེ་ལས་འབྲས་བུ་ཆོས་སྐུ་རྒྱུ་གཅིག །དེ་ཡང་རྒྱུ་འབྲས་ཀྱི་ཚུལ་དུ་ཕྱེ་ཡང་དོན་ལ་བདེ་བ་ཆེན་པོར་མཉམ་ཞིང་དབྱེར་མེད་པར་གང་གིས་སེམས་པ། དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་ཏེ་གང་དུའང་མི་གནས་སོ། །གང་ཞིག་ནོར་འདོད་པ་ཅན་གྱི་སྐྱེ་བོ་སློང་བར་འོངས་པའི་ཚེ། སློང་མོ་བ་དེ་ནི་ཐོབ་པའི་རེ་བ་མེད་པར་བྱེད་ན་གལ་ཏེ་འགྲོ་བ་དེ་ལྟ་བུ་ན། ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ་


MR12_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་ཤིང་མི་གཏོང་བ། དེ་བས་ཁྱིམ་ཐབ་དེ་བོར་ནས་བསྡད་པ་རུང་ཞེས་ལེགས་པས་བོར་ལ་སོང་ཞེས་སོ། །འདིའི་ཟུར་གྱིས་ཆོས་འདོད་ལ་ལམ་མ་བརྟན་ན་དམན་ལམ་དུ་འགྱུར་བར་བསྟན་པའོ། །གཞན་ལ་ཕན་པའི་དོན་ནི་མི་བྱེད་པ། གང་ཞིག་འདོད་པ་པོ་ལ་ནོར་གྱི་སྦྱིན་པ་མི་སྟེར་བ། འདི་ལྟ་བུ་ནི་འཁོར་བའི་ལོངས་སྤྱོད་ཐོབ་པའི་འབྲས་བུ་གང་ཞིག་ཡིན་ནོ་ལོ་སྟེ་དོན་མེད་དོ། །དེ་བས་བདག་ཉིད་གཅེས་པར་འཛིན་པ་ཅི་དགར་བོར་བར་བྱས་ན་རུང་སྟེ་འོས་སོ་ཞེས་སོ། །མཛད་བྱང་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་ཆེན་པོའི་ཞལ་སྔ་ནས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ་རྫོགས་སོ། །མཆན་འདི་མི་ཕམ་སྨྱོན་པས་བྲིས་དགེའོ། །ཨ་ཧོ། ལྷན་སྐྱེས་བདེ་བ་ཆེན་པོའི་ཕྱག་རྒྱ་ཡིས། །སྲིད་ཞིའི་ཆོས་ཀུན་མ་བཏབ་ཡོད་མིན་ཡང་། །བྱིས་པ་རྣམས་ནི་བདག་ཏུ་འཛིན་པས་འཁྲུལ། །ཐོག་མེད་དུས་ནས་སྲིད་པར་ཉམས་རེ་ཐག །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་། །མཐར་ཐུག་དོན་གྱི་སྙིང་པོ་འདི་ལ་གཞོལ། །འོན་ཀྱང་རྟོག་པའི་དྲྭ་བར་ཆུད་པ་རྣམས། །སྲིད་བུའི་ཁ་ཆུས་རང་ཉིད་འཆིང་བ་བཞིན། །རང་གམ་བཞག་ནས་གཞན་མ་རྒྱང་ནས་ཚོལ། །གླང་པོ་ལོན་ནས་གླང་རྗེས་ནགས་སུ་དེད། །དོན་མེད་ངལ་བ་བརྒྱ་ཁྲག་ཁུར་ལེན་པའི། །འགྲོ་ལ་ངལ་འཚོ་སྦྱིན་པོ་འདི་མཚུངས་སུ། །གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་གཏེར། །ལག་མཐིལ་རྫས་བཞིན་མངོན་སུམ་སྟོན་བྱེད་པའི། །རྟོགས་པའི་འདྲ་འབག་མདའ་བསྣུན་རྡོ་རྗེའི་གླུ། །རྒྱལ་མཆོག་དངོས་དང་མཇལ་ཡང་འདི་ལས་ཅི། །དེ་སླད་ཀུན་མཁྱེན་བླ་མའི་


MR12_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཆན་ལས། །གུས་པས་བཤུས་འདིར་རྨོངས་བློས་ནོངས་གྱུར་བཤགས། །དགེ་བས་བདག་གཞན་སྐྱེ་དགུ་མཐའ་དག་གིས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་མངོན་བྱེད་ཤོག །བཀྲ་ཤིས་གང་ཞིག་བདེ་ཆེན་རྡོ་རྗེ་འཛིན། །སྟོང་ཆེན་ཤེས་རབ་བཙུན་མོར་དགྱེས་རོལ་བ། །འཁོར་འདས་ཀུན་གྱི་སྲོག་ཏུ་རྟག་བཞུགས་པའི། །བདེན་པ་དེ་ཡིས་དུས་ཀུན་ཤིས་གྱུར་ཅིག །ཅེས་པའང་དོན་གྲུབ་ས་ལུག་ལོར་བདེ་ཆེན་པདྨ་འོད་གླིང་དུ་ཞལ་བཤུས་བགྱིས་སྐབས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨྲས་པ་དགེ། །


previousདཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཀྱི་གླུའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས།next