Nitartha Digital Library
Tibetan
གླེགས་བམ་བཅུ་གསུམ་པ།


   
   
   
བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ།
   
   
   
   
   
   


 
previousབྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ།next

བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ།


MR13_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


MR13_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཤེས་དང་ཤེས་བྱ་རོ་མཉམ་པའི། །ཟུང་འཇུག་འདུས་མ་བྱས་པའི་དབྱིངས། །འོད་གསལ་སེམས་ཀྱི་རྡོ་རྗེ་ལ། །འདུ་འབྲལ་སྤོང་པའི་ཕྱག་གིས་འདུད། །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་སྡེ་སྤྱིའི་སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་འདི་ཉིད་འཆད་པ་ལ་ཀླད་གཞུང་མཇུག་གི་དོན་གསུམ་ལས། དང་པོ་ལ་མཚན་དོན་དང་འགྱུར་ཕྱག་གཉིས་ཀྱི། དང་པོ་ནི། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ནོ་པ་ལ་སུ་ཝ་རྞྞ་དྲུ་ཏ། བོད་སྐད་དུ། དོན་དམ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷུན་མཉམ་རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་དབབ་ནས་ཇི་ལྟར་བསྒོམ་པ་ཡི་མན་ངག་དཔེ་གསེར་རྡོ་ལ་གསེར་གྱི་ཁམས་གནས་པ་མགར་བ་མཁས་པས་ཐབས་ཀྱིས་ཞུན་མར་བཞུས་ཏེ་དངོས་སུ་འབྱིན་པ་ལྟ་བུའི་བསྟན་བཅོས་ཏེ་དཔེ་དོན་འབྲེལ་བའི་ཚུལ་གྱིས་སོ། །གཉིས་པ་ནི། བྱིས་པའི་ས་ལས་འདས་པའི་འཕགས་པ་སྤྲོས་པའི་ཟུག་ངུ་ཞི་བས་འཇམ་ཞིང་། དོན་གཉིས་ཀྱི་དཔལ་དང་ལྡན་པའི་སྐུ་བགྲེས་རྒུད་དང་བྲལ་བས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བས་འགྱུར་ཕྱག་མཛད་པ་དེ། དཔེ་ལ་ལར། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །ཞེས་ཀྱང་འབྱུང་ངོ་། །གཉིས་པ་གཞུང་དོན་དངོས་ལ་བཅུ་གཉིས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྩོམ་པ་ལ་འཇུག་པ། ཅིའི་ཕྱིར་རྟོགས་པར་བྱ་བ། ཅི་


MR13_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྟོགས་པར་བྱ་བ། ཐབས་གང་གིས་རྟོགས་པར་བྱེད་པ། གང་ལ་བརྟགས་ཏེ་རྟོགས་པར་བྱ་བ། བརྟགས་ནས་ངེས་པའི་དོན། ངེས་པའི་དོན་བསྒོམ་པ། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་སྐྱོན། འདི་ལ་མོས་པ་ཙམ་སྐྱེས་པའི་ཕན་ཡོན། ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ། དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཉིད་མ་ནོར་བར་རྟོགས་པ་ནི་བདེ་བར་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེ་ཐོབ་པས་དེའི་ཤེས་བྱ་ཡུལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་སངས་རྒྱས་དཀོན་མཆོག་དང་། ཀུན་བྱང་གིས་བསྡུས་པའི་ཆོས་ཀུན་གྱི་རང་བཞིན་ཆོས་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་ཞི་བ་འདི་ལ་སྐྱོན་བསལ་ཞིང་ཡོན་ཏན་བླང་བ་མེད་ལ་དེ་ལྟར་རྟོགས་པས་བླང་དོར་མཉམ་ཉིད་དུ་རོལ་པ་ནི་ལམ་གྱི་ནང་ན་ལམ་མཆོག་སྟེ་འགོག་ལམ་གྱི་བདེན་པ་ཆོས་དཀོན་མཆོག་དང་། བདག་མེད་མངོན་སུམ་རྟོགས་པས་འཁོར་བར་ཡོངས་སུ་མི་ལྡོག་པ་ས་དང་པོ་རབ་ཏུ་དགའ་བ་དང་ས་བརྒྱད་པར་མཚན་མར་མི་ལྡོག་པ་ལ་སོགས་ཏེ་ས་བཅུ་ལ་གནས་པའི་རྒྱལ་སྲས་མོས་པ་སོགས་དབང་བཅུ་ཐོབ་པ་རྒྱལ་བ་ཀུན་དང་ཆོས་དབྱིངས་རྟོགས་པའི་སྒོ་ནས་སྤྱོད་ཡུལ་གཅིག་པ་བརྙེས་པ་བྱང་སེམས་འཕགས་པའི་དགེ་འདུན་དང་། དེ་ལྟར་ཤེས་བྱ་ཆོས་ཤེས་བྱེད་སངས་རྒྱས་དང་དགེ་འདུན་ཏེ་སྟོན་པ་བསྟན་པ་སློབ་པའི་གནས་


MR13_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་དེ་ལ་ཀུན་རྫོབ་ཏུ་འབྲེལ་པ་གྲུབ་པའི་སྒོ་ནས་སྐྱབས་སུ་མཉམ་ཞིང་། དོན་དམ་པར་ཐ་དད་དུ་མི་འབྱེད་པའི་མཉམ་པ་ཉིད་དུ་གྱུར་པ་དེ་ལ་མཚན་འཛིན་མེད་པའི་ཡིད་ཀྱིས་རབ་ཏུ་དངས་བའི་དད་པས་དོན་ཇི་ལྟ་བ་བཞིན་དུ་ངེས་པར་བཟུང་བའི་མོས་པས་ཕྱག་འཚལ་བའོ། །སྤྱི་དོན་གཉིས་པ་ཅིའི་ཕྱིར་རྟོགས་པར་བྱ་བ་ལ་ཕན་ཡོན་དང་ཆེ་བ་གཉིས་ལས། དང་པོ་ལ་གསུམ། རྒྱུར་གནས་པའི་ཕན་ཡོན། མངོན་གྱུར་འབྲས་བུའི་ཕན་ཡོན། རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པའོ། །དང་པོ་ནི། ལྷ་མི་ལ་སོགས་པའི་སྟོན་པ་འཇིག་རྟེན་ཀུན་གྱི་ཕྱི་དང་ནང་གི་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མར་གྱུར་པ་ཀུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་མཚུངས་པར་རབ་ཏུ་བསྔགས་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཇི་ལྟར་ན་ཤེས་བྱའི་ཆོས་ཐམས་ཅད་ཀུན་ལ་ཡེ་ནས་གནས་པའི་ཆོས་ཀྱི་སྙིང་པོར་མཐར་ཐུག་པར་གྱུར་པ་བྱང་ཆུབ་ཀྱི་སེམས་སྤྲོས་པའི་ཟུག་ངུ་མེད་པའི་འཇམ་པ་དེ་རྟོགས་ན་སེམས་ཅན་གྱི་དཔལ་དུ་གྱུར་པ་སྐྱོན་དང་དྲི་མ་བྲལ་བའི་གཞོན་ནུ་ཤེས་བྱའི་ཆོས་ཀྱི་ནང་ན་མཆོག་ཏུ་གྱུར་པའི་སྙིང་པོ་ཉིད་དེ། དེ་ལྟར་བྱང་ཆུབ་སེམས་ངེས་དོན་འཇམ་དཔལ་གཞོན་ནུའི་རང་བཞིན་མ་ནོར་བར་རྟོགས་པ་ནི་དུས་གསུམ་གྱི་བདེ་གཤེགས་མ་ལུས་པ་འབྱུང་བའི་ཡུམ་དུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཚུལ་འདི་ལས་གཞན་གྱིས་འཚང་མི་རྒྱ་བས་རྒྱལ་བ་ཀུན་གྱི་ལམ་གཅིག་པུར་གྱུར་པ་དག་གོ། སངས་རྒྱས་ཀྱི་རྒྱུ་ཚོགས་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་དགེ་བའི་ལམ་སྤྱོད་པ་བསོད་ནམས་


MR13_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་རྒྱ་མཚོའི་གཞིར་གྱུར་པ་ཡིན་ཏེ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་སངས་རྒྱས་སུ་མི་འགྲུབ་པས་ཚོགས་དེ་དག་གི་གཞིའོ། །གཉིས་པ་ནི། སྤྲོས་པ་རྣམ་པར་དག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་ངང་ཚུལ་མ་ནོར་བར་བསྒོམ་པ་དང་དེ་མངོན་དུ་གྱུར་པའི་ཡོན་ཏན་གྱི་ཁྱད་པར་ནི། ཆོས་དབྱིངས་རྟོགས་ནུས་པའི་བློ་ལྡན་དེས་ནམ་ཞིག་དོན་དམ་བྱང་ཆུབ་སེམས་ཀྱི་དམ་པ་དེ་ནི་གཉིས་སུ་མེད་པའི་ཚུལ་དུ་མངོན་དུ་གྱུར་པ་ན། དེ་ལ་ནི་ཆོས་ལོངས་སྤྲུལ་པ་སྟེ་སྐུ་གསུམ་གྱི་ནང་ན་ཡེ་ཤེས་དང་ཕྲིན་ལས་གཟུགས་སྐུ་གཉིས་པོའི་རྟེན་དུ་གྱུར་པ་སོགས་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས་སོ། །ཡུལ་ཤེས་བྱ་ཐམས་ཅད་ཤེས་པར་བྱེད་པའི་ནང་ན་ཤེས་བྱེད་དམ་པར་གཅིག་པུ་གྱུར་པ་སྟེ་དེའི་ཡུལ་ནི་ཤེས་བྱ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཡུལ་ཅན་དེའང་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ་སྟེ་ཤ་ཡི་སྤྱན་སོགས་ལས་ཁྱད་པར་དུ་འཕགས་ཤིང་བླ་ན་མེད་པའོ། །མི་ཕྱེད་ཅིང་གཞན་གཅོད་པས་རྡོ་རྗེ་དང་ཀུན་གྱི་བླ་ན་ཡོད་པས་རྩེ་མོ་མཆོག་ཉིད་ཀྱང་ཡིན་ལ་ཡེ་ཤེས་ཀུན་གྱི་གཞི་རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ།། གསུམ་པ་ནི། ཕྱོགས་དུས་ཀྱི་བསྡུས་པ་ཇི་སྙེད་ན་འཕགས་པའི་སྟེ་ཉན་རང་བྱང་སེམས་སངས་རྒྱས་བཞིའི་འཁོར་བ་སོགས་ལས་རྣམ་པར་གྲོལ་བའི་འབྲས་བུའི་ཡོན་ཏན་གྱི་ཆོས་སུ་བསྟན་ཅིང་བསྙད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་ཉིད་མཐར་ཕྱིན་པར་རྟོགས་ཤིང་རྫོགས་པ་ལས་འབྱུང་ཞིང་འབྲིང་དང་ཆུང་ངུ་རྟོགས་ནའང་སོ་སོའི་རྣམ་


MR13_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དེ་ཡི་ཡོན་ཏན་དེ་དག་ནི་བྱང་ཆུབ་ཀྱི་སེམས་དེ་ལས་འབྱུང་བར་ཟད་དོ། །དེས་ན་རྣམ་གྲོལ་གྱི་འབྲས་བུའི་གཞི་ཡིན་ནོ། །གཉིས་པ་ཆེ་བ་བསྟན་པ་ནི། ཉན་ཐོས་ལ་སོགས་པའི་རིགས་ཀུན་གྱི་ནང་ན་འབྲས་བུའི་ཡོན་ཏན་ཆེ་བའི་ཐེག་ཆེན་གྱི་རིགས་ནི་འཕགས་པའི་རིགས་ཆེན་པོ་ཅན་གཏན་དུ་འཆི་བ་མེད་པ་དེ་ཡི་གོ་འཕང་བྱང་ཆུབ་ཆེན་པོ་ལ་དམིགས་ནས་དེ་སྒྲུབ་པ་ལ་སེམས་དཔའ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དེ་མེད་ན་མི་འབྱུང་བ་དེ་ཕྱིར་བྱང་ཆུབ་སེམས་དེ་ནི་རྣམ་པར་གྲོལ་བ་མཆོག་གི་ལམ་གོང་ན་མེད་པ་ཉིད་དོ། །སྤྱི་དོན་གསུམ་པ་ཅི་ཞིག་རྟོགས་པར་བྱ་བ་ནི། སེམས་ཀྱི་མཚན་ཉིད་མ་རིག་པའི་སྒྱུ་ཐབས་ཀྱིས་ཀུན་ཉོན་གྱི་ཆོས་ཐམས་ཅད་སྣང་ལ་སེམས་ཀྱི་རང་བཞིན་མ་བཅོས་པའི་རྡོ་རྗེ་ལ་སེམས་པ་དེའི་ཚེ་རྣམ་གྲོལ་གྱི་འབྲས་བུ་ཕུན་ཚོགས་རྣམས་སུ་སྣང་བ་དེས་ན་བྱང་ཆུབ་ཀྱི་སེམས་ནི་དོན་ཆེ་ཞིང་བསམ་བརྗོད་ལས་འདས་པས་ན་དུས་དང་གནས་སྐབས་ཀུན་ཏུ་ཡང་གང་ཅིས་ཀྱང་མི་ཤིགས་ལ་སྒྲིབ་པའི་དྲ་བ་གཅོད་པས་རྡོ་རྗེ་སེམས་ཀྱི་ཆོས་ཉིད་མ་ནོར་བ་ལ་དམིགས་པའི་སེམས་དཔའ་འམ་བྱང་ཆུབ་སེམས་དེ་ནི་ཅི་འདྲར་བསྒོམ་པར་བྱ་བར་འགྱུར་ཞེས་དྲི་ན། བློ་རྩིང་བས་མི་རྟོགས་པས་ཟབ་ཕྱིར་ཕྲ་ཞིང་འཇིག་རྟེན་པའི་ལམ་གྱིས་ཤེས་པར་དཀའ་བ་རང་དྲང་པོའི་ལམ་དུ་ཞུགས་ཤིང་གཞན་དེ་ལ་འཛུད་པས་དྲང་སྲོང་ཆེན་པོའི་སྟེ་སངས་རྒྱས་པའི་ལམ་འདི་ནི་ཡུལ་ཐ་དད་པར་མི་རྟོག་པའི་ཡུལ་དུ་འདིའོ་ཞེས་འཛིན་པ་དང་རྟོག་པའི་ཡུལ་དུ་འདིའོ་ཞེས་འཛིན་པ་གཉིས་ཀའི་ཡུལ་ལས་འདས་པས་ན། ཡུལ་དུ་གཞལ་བའི་བློ་གང་གིས་ཀྱང་དམིགས་རྣམ་


MR13_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚུལ་དུ་བརྟག་པར་དཀའ་ཞིང་གཞན་ལ་འདི་ཞེས་ཇི་ལྟ་བ་བཞིན་དུ་བསྟན་པར་དཀའ་ལ་དོན་སྤྲོས་པ་མེད་ཅིང་ཚིག་གིས་མི་མཚོན་པས་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བས་ན། ཚིག་གིས་ཇི་ལྟ་བ་བཞིན་དུ་མི་ལེགས་ཤིང་ཐེག་ཆེན་ལས་གཞན་ཉན་ཐོས་ལ་སོགས་པ་དང་བྱིས་པ་སོ་སྐྱེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་མོད་དེ་ལྟ་ན་ཡང་རྟོགས་ཐབས་མེད་པ་ནི་མ་ཡིན་ནོ། །སྤྱི་དོན་བཞི་བ་གང་གིས་རྟོགས་པར་བྱེད་པ་ནི། འོ་ན་གང་གིས་རྟོགས་ཤེ་ན་སྟོན་པའི་གསུང་དྲང་དོན་མ་ཡིན་པ་དོན་དམ་ངེས་པའི་དོན་གྱི་ལུང་དང་བླ་མ་མཁས་པ་རྣམས་ཀྱི་མ་ནོར་བར་རྟོགས་པའི་ཉམས་ཀྱི་མན་ངག་ནི་བྱང་ཆུབ་སེམས་གཏན་ལ་འབེབ་ཅིང་རྟོགས་བྱེད་ཀྱི་ཐབས་སམ་དོན་མ་ནོར་བས་སྐབས་འདིར་སྟེ་འདིའི་དོན་ཡིན་པར་ཤེས་པའམ་བལྟ་བར་བྱའོ། །དེ་ལ་འཁྲུལ་ཤེས་ཚད་མ་མིན་ཏེ་འདིར་མངོན་སུམ་དང་ལ་སོགས་པ་སྟེ་རྗེས་དཔག་གི་རྒྱུའམ་གཏན་ཚིག་དེ་ཡིས་ཀུན་བྱང་གི་དངོས་པོ་རྣམས་ལ་འཇིག་ཅིང་ཡོད་མེད་ཇི་ལྟ་བུར་གྲུབ་པའི་མཐའ་རྣམ་པར་དཔྱོ༷ད་པ་ན། དཔྱོད་པ་དེ་ཉིད་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་རྒྱུན་གྱི་རྗེས་སུ་འབྲངས་ཏེ་ནོར་བའི་བློས་ལོག་པར་མཐོང་བའི་སྤྱོད་ཡུལ་ཚད་མར་བཞག་ནས་ལོག་པའི་བློ་ཡིས་འཇིག་ཅིང་དཔྱོད་པར་བྱེད་དེ། དཔེར་ན་ཐག་པ་སྦྲུལ་དུ་མཐོང་བ་ལ་བདག་གིས་མངོན་སུམ་མཐོང་བས་ཅིའི་ཕྱིར་སྦྲུལ་མེད་ཅེས་རང་གི་འཁྲུལ་པས་ཚད་མར་བཟུང་བ་ཚད་མར་མི་རུང་བ་ལྟ་བུའོ། །ཅིའི་ཕྱིར་ན། དེ་ལ་རྟོག་པའི་སེམས་དོན་དམ་པའི་དོན་དུ་བརྟགས་ན་མཐའ་འམ་འདི་ཞེས་གྲུབ་པ་ཅུང་ཟད་མེད་པའི་ཕྱིར་རྟོག་པ་དེས་དཔྱོ༷ད་པའི་


MR13_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡང་མེད་དེ་དེ་ལྟར་ན་འཇོག་བྱེད་ཀྱི་ཚད་མ་ཞེས་དཔྱད་བཟོད་ཀྱི་སྙིང་པོ་ཅན་ཅི་ཡང་མེད་ན་ཡུལ་འཇོག་བྱེད་ཀྱི་ཚད་མ་ནི་གང་ཡིན་ཏེ་ཡང་དག་པར་གྲུབ་མི་སྲིད་དོ། །ཡང་དག་དཔྱོད་པ་ལ་འཇིག་རྟེན་ཚད་མར་མི་རུང་བ་དེ་ཕྱིར་འཇིག་རྟེན་པས་བརྟགས་པའི་ཐ་སྙད་ལ་ཚད་མར་འཇོག་པ་ཡོད་མོད་ཀྱི་ཡང་དག་པའི་དོན་ལ་རྣལ་འབྱོར་དུ་བྱེད་པའི་ལམ་གྱི་སྐབས་འདིར་འཇིག་རྟེན་འཁྲུལ་པའི་ཐ་སྙད་ཚད་མར་བཟུང་མི་དགོས་སོ། །སྤྱི་དོན་ལྔ་པ་གང་ལ་བརྟགས་ཏེ་རྟོགས་པར་བྱ་བ་ལ་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟགས་པའོ། །དང་པོ་ལ། འཁྲུལ་པའི་བདག་ཉིད་ཡིན་ཚུལ་དང་། འཁྲུལ་པ་དེ་ཇི་ལྟར་སྣང་བའི་ཚུལ་གཉིས། དང་པོ་ནི། བརྟག་བྱ་ཀུན་ཉོན་གྱི་དངོས་པོ་ཇི་ལྟར་གྲུབ་པའི་མཐའ་བརྟག་པ་ཡི་རྒྱུ་ནི་དངོས་པོ་རྣམས་ཀྱི་ལོ་རྒྱུས་ཇི་ལྟ་བ་མ་ནོར་བར་བརྟག་པ་དག་ལས་བླ་མེད་ཀྱི་ལམ་ཚོལ་བའི་སྐབས་འདིར་མ་ནོར་བ་ལ་བརྟག་པར་བྱ་སྟེ། སྐྱེ་བོ་ཀུན་གྱི་སེམས་ལ་ཡུལ་དུ་མངོན་པར་སྣང་ཞིང་རིག་པ་ཕྱི་ཡུལ་དྲུག་དང་ནང་གི་དབང་པོ་དྲུག་ཡོད་པར་གྲགས་པའི་ཆོས་འདི་ནི། ལེགས་པར་བརྟགས་ན་འཇུག་ཤེས་འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་ཐོས་སོགས་ཀྱི་སྒོ་ནས་ཡུལ་དུ་ཡོད་པར་བརྟག་པ་དེ་ནི་ཅི་ལྟར་སྣང་ཞིང་བཏགས་པ་དེ་ལྟར་ཡོད་པ་མ་ཡིན་ཏེ་འཁྲུལ་བའི་ཕྱིར་རོ། །རང་གི་མ་རིག་པའི་རྟོག་པས་མྱོངས་ཤིང་བཟུང་བ་དེ་དེ་བཞིན་དུ་དངོས་པོའི་གནས་ལའང་བདེན་པར་གྱུར་ན་ནི། སོ་སྐྱེ་དེ་དག་དངོས་པོའི་རང་བཞིན་མཐོང་བས་བདེན་པ་མཐོང་བར་བྱེ་བྲག་མེད་པས་དངོས་པོ་མེད་པར་རྟོག་པའི་དགྲ་བཅོམ་རྣམས་དང་འདྲ་བར་འཁོར་བ་ལས་རྣམ་


MR13_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲོལ་བར་འགྱུར་བའི་རིགས་ཏེ་འགྱུར་རིགས་ན་ཡང་། སོ་སྐྱེ་དེ་དག་ན་འཆི་སོགས་དུས་ཀྱི་དགྲས་འཇོམས་པ་དང་སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་ཉེན་པ་ལས་དེས་འཁྲུལ་བ་ཡིན་པར་གསལ་བའམ་མངོན་པར་འགྱུར་རོ། །གཞན་དུ་འཁྲུལ་བ་མིན་པར་མིག་སོགས་སྐྱེ་མཆེད་བཅུ་གཉིས་ཀྱི་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་པ་ཡིན་ན་ནི། སེམས་ཅན་གྱི་མཐོང་བ་དེ་དག་ཚད་མར་གྱུར་པས་སེམས་ཅན་རྣམས་ལ་འཕགས་ལམ་རང་ཆས་སུ་ཡོད་པས་ན་འཕགས་པའི་ལམ་དེ་གསར་དུ་སུ་ལའང་དགོས་པ་མི་འགྱུར་ན་ཡང་། སེམས་ཅན་གྱིས་མཐོང་བའི་ལམ་དེ་རྣམ་པར་གྲོལ་བའི་ལམ་དུ་བསྟན་ཅིང་དབང་པོ་བེམ་པོ་ལ་བརྟེན་ནས་སྐྱེས་པ་དབང་པོའི་ཤེས་པས་འཁོར་བའི་སྡུག་བསྔལ་ལས་མི་ཐར་ཏེ། དེ་ཅིས་ན་སེམས་ཅན་གྱི་མཚན་མ་སྣ་ཚོགས་སུ་མཐོང་བའི་ཤེས་པ་དེས་ནི་སྡུག་བསྔལ་འགའ་ཡང་མི་འཇིལ་བར་མ་ཟད་དེ་ལྟ་བུའི་རྣམ་རིག་གི་ཤེས་པ་དེ་ནི་ཉོན་མོངས་འབྱུང་བའི་གནས་ཡིན་ནོ། །དེ་ཕྱིར་སོ་སོའི་སྐྱེ་བོས་མཐོང་བ་དེ་དག་དངོས་སྟོབས་ཀྱི་རིགས་པས་འཁྲུལ་བར་མངོན་ཞིང་ལུང་ལས་ཀྱང་རྒྱལ་བས་འཁྲུལ་བར་གསུངས་སོ། །གཉིས་པ་ལ་ས་བཅད་རྙིང་པར་རྣམ་གྲངས་དགུར་གསུངས་ཀྱང་འདིར་འཆད་བདེ་བའི་དབང་དུ་བྱས་ཏེ་གཉིས། ཐ་སྙད་དུ་ཇི་ལྟར་སྣང་བར་བསྟན་པ་དང་། དོན་དམ་པ་རང་བཞིན་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གསུམ། གང་ལས་སྣང་བའི་གཞི་ངོས་བཟུང་བ། དེ་ལས་གཞན་དུ་འདོད་པ་གོལ་བར་བསྟན་པ། དེའི་རང་བཞིན་ཇི་བཞིན་པ་ཇི་ལྟ་བ་གཏན་ལ་ཕབ་པའོ། །དང་པོ་ནི། འཁྲུལ་པར་མངོན་པ་དེས་ན་འཁྲུལ་


MR13_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྣང་བ་འདི་དག་སེམས་ཅན་རྣམས་ལ་འཁྲུལ་བའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན། སེམས་ཅན་རྣམས་ཀྱི་སེམས་ནི་རང་བཞིན་གྱིས་ཀུན་ཏུ་རྟོག་པ་ཅན་ཡིན་ལ་དེ་ཡང་ཡང་དག་མ་ཡིན་པ་གཟུང་འཛིན་དུ་རྟོག་པའི་ཀུན་ཏུ་རྟོགས་པས་ཐོག་མེད་ནས་ཀྱང་རྩོལ་བ་མེད་པར་རང་བཞིན་གྱིས་ཉམས་ཏེ་འཁྲུལ་བའོ། །དེ་ལྟར་ཡང་དག་པའི་དོན་མ་མཐོང་བས་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་དངོས་པོའི་གནས་ཚུལ་ལས་གོལ་བའི་མ་རིག་པའི་རྐྱེན་གྱི་དབང་དུ་སོང་བས་བདེན་པ་མཐོང་བའི་སྟོབས་དང་མི་ལྡན་པས། སེམས་རྣམ་ཤེས་ཚོགས་བརྒྱད་དང་སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་དེ་ཉིད་འོག་ནས་འབྱུང་བའི་ལུས་གསུམ་གྱི་དོན་གཟུགས་བདག་ཤེས་གསུམ་དུ་སྣང་བ་ཡིན་ནོ། །དགེ་སྡིག་གི་ལས་ཀྱི་འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་པའི་དབང་གིས་སྔ་མའི་བག་ཆགས་མཐུ་བརྟས་ཏེ་འབྲས་བུ་འབྱིན་པའི་མཐུ་དང་ལྡན་པའི་ཚེ། རང་གི་སེམས་ཉིད་ཕྱི་ཡུལ་དང་ནང་གི་ལུས་འདྲར་སྣང་བ་ནི་དཔེར་ན་མི་སྡུག་པ་གོམས་པས་ས་ཕྱོགས་ཐམས་ཅད་རུས་པས་གང་བར་སྣང་བ་བཞིན་དུ་རང་སེམས་དེར་སྣང་བ་ཡིན་ནོ། །ཀུན་གཞི་བག་ཆགས་སྣ་ཚོགས་བསགས་པ་དང་བཅས་པའི་རྒྱུན་ལ་ངའོ་སྙམ་པའི་དམིགས་པ་སྐྱེས་པ་ཡིན་གྱི་ངའོ་སྙམ་པའི་ཡིད་ཙམ་ལས་ནན་ལྟར་བརྟགས་པའི་ཡུལ་བདག་ནི་མེད་དེ་ཐག་པར་སྦྲུལ་དུ་འཁྲུལ་པ་ན་སྦྲུལ་འཛིན་ཙམ་ལས་སྦྲུལ་མེད་པ་བཞིན་ནོ། །སེམས་ཀྱིས་འདུ་བྱེད་ཀྱི་ཆོས་རགས་པར་སྣང་བའི་མཐུ་ཡིས་ཀུན་གཞི་ཕྲ་བ་དེ་རྟོགས་དཀའ་བ་བསྒྲི༷བས་ཤིང་ཕྲ་བ་མ་མཐོང་བ་ཀུན་གཞི་དེ་ལས་རྣམ་པར་རིག་


MR13_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་སྐྱེ་བ་ལ་རྣམ་པར་རིག་པར་སྒྲོ་བཏགས་པ་སྨིག་རྒྱུ་ལ་ཆུ་བཞིན་ནོ། །གཉིས་པ་ནི། ཅིའི་ཕྱིར་སྣང་ན་ཐག་པའི་རང་བཞིན་མ་མཐོང་བ་ལས་སྦྲུལ་དུ་འཁྲུལ་པ་ལྟར་བག་ཆགས་སྣ་ཚོགས་པ་འཛིན་ཞིང་རྒྱུན་དང་བཅས་པའི་བདག་ཉིད་ཀུན་གཞི་སེམས་ཀྱི་མཐུ་ཡིས་རྣམ་པ་སྣ་ཚོགས་སུ་སྣང་བར་ནི་མ་རྟོགས་པར་སྣང་བ་ཐམས་ཅད་རང་གི་ངོ་བོས་ཡོད་པར་བཟུང་བའི་ཕྱིན་ཅི་ལོག་གི་རྟོག་པའི་རྗེས་སུ་འབྲང་ནས། ལོག་པའི་རྗེས་སུ་འབྲང་བ་དེ་ལས་འཁོར་བར་ཟག་པ་དང་བཅས་པའི་རང་བཞིན་ཏེ་འཁོར་བའི་རྒྱུར་གྱུར་པའི་རྟོག་པས་མེད་བཞིན་བརྟགས་པའི་བདག་དང་ཕྱི་ནང་གི་ཆོས་རྣམས་གྲུབ་གྲུབ་ལྟར་རྒྱས་པར་འགྲུབ་པར་བྱེད་དེ། བག་ཆགས་དང་ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་ཀུན་གཞི་སྐད་ཅིག་མའི་ཕྲེང་བ་དེ་ནི་མ་མཐོང་བས། བདག་ཏུ་ལྟ་བ་ལ་སོགས་པ་མུ་སྟེགས་པའི་ལྟ་བ་སྣ་ཚོགས་པ་སྐྱེ་ཞིང་ལམ་དང་དེ་ལས་ཐར་བར་ཡང་རྟོག་གོ། དེ་ཅིའི་ཕྱིར་ན། སེམས་ཀུན་གཞི་འདི་ནི་དགེ་སྡིག་གི་ལས་རྣམས་ཀྱི་བག་ཆགས་མཐའ་ཡས་པའི་གནས་སུ་གྱུར་པས་ན་ཀུན་གཞི་ལ་བག་ཆགས་གནས་པའང་མཐའ་མེད་པས་བག་ཆགས་འདི་མི་གནས་ཞེས་ངེས་པ་བཟུང་དུ་མེད་ལ། རྒྱུར་གྱུར་པའི་བག་ཆགས་དེ་དག་བརྟས་ཤིང་འབྲས་བུའི་ངོ་བོར་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ་དགེ་བས་མཐོ་རིས་དང་ཉོན་མོངས་དང་མི་དགེ་བས་ངན་སོང་དུ་སྐྱེ་བའི་བག་ཆགས་སད་པ་མང་ཞིང་། མིར་སྐྱེ་བའི་རྐྱེན་འགས་ཚེ་སྔ་མ་ལ་མིར་སྐྱེས་པའི་བག་ཆགས་ཀུན་གཞི་ལ་བཞག་པ་འགའ་ཞིག་སྨིན་ནས་ད་ལྟ་མི་ཡི་རྒྱུད་ཀྱི་ལུས་བླང་ལ། རྐྱེན་


MR13_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལྷ་ལ་སོགས་སུ་སྐྱེ་བ་དག་གིས་ལྷ་སོགས་སུ་སྐྱེ་འགྱུར་གྱི་བག་ཆགས་གཞན་སད་པར་བྱས་ཚེ་གནས་སྐབས་སྔ་མ་ལས་སྲིད་པ་གཞན་དུ་འགྱུར་བའི་མཐུ་མཐོང་ནས། དབང་ཕྱུག་ལ་སོགས་པ་འཇིག་རྟེན་གྱི་བྱེད་པར་འདོད་པའི་བློ་ངན་སྐྱེ་ཞིང་ཚུལ་དེས་བཞག་པའི་ལམ་དེས་སྡུག་བསྔལ་ཕྲ་མོའང་མི་ཞི་ཞིང་ཁམས་གསུམ་ལས་གྲོལ་བར་མི་འགྱུར་རོ། །ཡང་དག་པའི་དོན་ལ་རྣལ་འབྱོར་དུ་བྱེད་པའི་ལམ་ལས་ལོག་ཅིང་ཕྱིན་ལོག་གི་རྟོག་པས་ལམ་བསླད་པ་དང་ལམ་དེ་ལ་ཐེ་ཚོམ་སྐྱེ་བའི་རྒྱུ་ཡང་ཀུན་གཞིའི་རྒྱུན་འདི་ཕྲ་བ་རབ་ཀྱི་ངང་ཚུལ་དུ་རྒྱུ་བ་མ་རྟོགས་པ་ལས་སྐྱེ་སྟེ་ཐག་པར་མ་ཤེས་པ་སྦྲུལ་དུ་འཛིན་པའམ་ཐེ་ཚོམ་ཟ་བ་ལྟ་བུའོ། །མ་རྟོགས་པའི་ཉེས་པ་ནི་བདག་ཏུ་བརྟགས་པས་རང་རྒྱུད་ཡོངས་སུ་བསྒྲིབ་སྟེ་བདག་ཏུ་མི་རྟོག་པ་འཕགས་པའི་རིགས་དང་རྣམ་པར་བྲལ་ཏེ་སོ་སྐྱེ་ཉིད་ལས་མི་འདའ་ལ། སྣ་ཚོགས་པའི་ཆོས་སུ་བཏགས་པའི་ལས་སྣ་ཚོགས་སྤྱད་ནས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་སྲིད་པར་འགྱུར་བ་ཡིན་ནོ། །གསུམ་པ་ལ་དངོས་དང་འཐད་པ་གཉིས། དང་པོ་ནི། རྣམ་པར་ཤེས་པ་དེ་ཡང་གཟུགས་སྒྲ་སོགས་འདུ་བྱེད་རྒྱུན་ལ་མཚན་ཉིད་སོ་སོའི་མཚན་མ་ཐ་དད་དུ་འཛིན་པས་ན། ཡུལ་ཤེས་བྱ་བརྒྱད་ཡོད་པས་མཐོང་བར་བྱེད་པ་སོགས་བྱེད་ལས་ཀྱི་ཁྱད་པར་དག་གིས་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་སྣང་གི་ཤེས་ཤིང་རིག་པའི་རིགས་སུ་གཅིག་པས་རིགས་ལ་ནི་དུ་མ་མེད་དོ། །སེམས་ལ་དུ་མ་མེད་པ་དེ་ཡི་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་སྟེ་ཀུན་བསྐྱེད་པའི་གཞིར་གྱུར་པ་ཀུན་གཞིའི་སྐད་ཅིག་མ་ཁོ་ན་དེ་ལ་དབང་


MR13_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་བཅས་པའི་ལུས་དང་མ་ལུས་པའི་ཆོས་ཀུན་གནས་སོ། །སྔ་མ་དེ་དག་ལ་བསམ་པ་ཇི་ལྟ་ཇི་ལྟར་ཞེན་ཅིང་ཆགས་པའི་ཕྱིར་བློ་ཕྱི་མ་དེ་ལ་སྔ་མ་དེ་ལྟ་བུར་འབྱུང་ཞིང་དེ་ལ་བག་ཆགས་སྨིན་པས་སྣ་ཚོགས་སུ་སྣང་བར་འགྱུར་རོ། །དེ་ལྟར་རང་སེམས་སྐད་ཅིག་མའི་རྒྱུན་ལས་འཕགས་པ་དང་སོ་སོའི་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་པ་མ་ཡིན་ཏེ་ཆོས་ཀུན་སེམས་ལ་གནས་པའི་ཕྱིར་རོ། །ལྷ་ལ་སོགས་པའི་རྒྱུད་དྲུག་གི་རིགས་དྲུག་ཡོད་ལ་དེ་ལ་ཡང་ནང་གསེས་སྣ་ཚོགས་སུ་ཡོད་པ་དེ་དག་ནི་རང་རང་གི་ཐོག་མེད་ནས་གོམ་གོམས་པའི་ཏིང་ངེ་འཛིན་གྱི་མཐུས་སྣང་བར་གྱུར་ཏོ། །གཉིས་པ་ལ་གཉིས་འཐད་པ་བསྟན། མི་འཐད་པ་བརྒལ་ནས་བཤད་པའོ། །དང་པོ་ནི། ཀུན་བྱང་ཀུན་རང་སེམས་ཡིན་ལ་སེམས་རྒྱུན་དེ་ནི་ཡོད་མེད་ལ་སོགས་པའི་ཕྱོགས་དང་ཤར་ལ་སོགས་པའི་ཕྱོགས་དང་ཕྱོགས་གང་དུ་གནས་པ་དག་ཀྱང་ཅུང་ཟད་མེད་པས་གཅིག་ཏུ་བསྟན་དུ་མེད་པས་གཅིག་ལའང་བསྟན་པ་མེད་དེ། སེམས་དེ་ལ་ཕྱོགས་ཅུང་ཟད་མེད་པའི་ཕྱིར་ན་ཐ་དད་དུ་དབྱེར་མེད་པས་དག་མ་དག་གི་ཕྱོགས་གཅིག་ཡོད་ན་ནི་གཅིག་གི་མཚན་ཉིད་དུ་བསྟན་མི་རུང་སྟེ་དངོས་པོ་ལྟ་ཅི་ནམ་མཁའ་ལྟ་བུའི་དངོས་མེད་ཞིག་ཡིན་ནོ་ཞེ་ནའང་ནམ་མཁའ་སྟོང་པའི་ཤར་ནུབ་ལ་སོགས་པ་མཐའ་དབུས་བྱེ་བྲག་ཐ་དད་པས་གཅིག་ཏུ་མི་རུང་ཡང་སེམས་ནི་ཇི་ལྟ་བུའི་ཕྱོགས་ཀྱང་མེད་པས་ན་ཐ་དད་དབྱེར་མེད་དོ། །དེས་ན་མཐའ་ཡས་ཞིང་རྣམས་ཐམས་ཅད་བདག་གི་ལུས་ཡིན་ཏེ་དམིགས་སུ་མེད་པར་གཅིག་པས་ཐམས་ཅད་ཀྱང་བདག་ཡིན་ལ། བདག་ཀྱང་ཐམས་ཅད་


MR13_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་ཏུ་སྣང་བས་གདོད་མ་ཐོབ་པའི་ཐོབ་བྱའི་ཆོས་ནི་མེད་ན་ཡང་། སེམས་དང་བག་ཆགས་ནི་དབྱིབས་དང་ཁ་དོག་བཞིན་དུ་གཅིག་མིན་ལ་ཐ་དད་ཀྱང་མ་ཡིན་པས་བརྟག་པར་རབ་ཏུ་དཀའ་འོ། །གཉིས་པ་ནི། ཐམས་ཅད་སེམས་ཡིན་ན་ཕྱིའི་རྒྱུ་རྐྱེན་གཞན་ལས་སྐྱེ་བར་ཅིས་སྣང་ཞེ་ན། ཆོས་འདི་ཀུན་རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཚུལ་ཏེ་སེམས་ལ་རྒྱུ་ཚོགས་ཚང་ན་སྐྱེ་བ་དང་རྒྱུ་ལྡོག་ན་འགག་པར་འགྱུར་རོ་ཞེས་བརྗོད་པ་ནི། དོན་དམ་པར་བརྟག་ན། དཔེར་ན་ཚིག་པའི་ས་བོན་ལས་འབྲས་བུ་མི་སྐྱེ་བ་བཞིན་དུ་རྒྱུ་བདེན་པ་མེད་པ་ལས་འབྲས་བུ་མེད་པ་ཞིག་དོན་དམ་པར་ན་མི་འབྱུང་སྟེ་དེས་ན་འདི་ནི་རྒྱུ་འདི་ནི་འབྲས་བུ་ཞེས་བཞག་ཏུའང་མེད་དོ། །ཅིའི་ཕྱིར་རྒྱུ་ལས་འབྲས་བུ་འབྱུང་ཞེས་ན་ཐོག་མེད་ནས་རྒྱུ་འབྲས་བདེན་པའི་དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་སོ་སོར་རྟོག་པར་བྱེད་པའི་ནང་གི་སེམས་ཉིད་ནི། ཕྱིའི་རྒྱུ་དང་རྐྱེན་ལྟར་དུ་སྣང་སྟེ་རྨི་ལམ་དུའང་རྟོག་པའི་དབང་གིས་གཟུགས་སོགས་སྐྱེ་འགག་ལྟར་མཐོང་ཞིང་སྣང་བ་ལྟ་བུ་སྟེ་རྒྱུ་དང་འབྲས་བུ་དེ་གཉིས་མེད་ཕྱིར་རྒྱུ་ལས་སྐྱེ་བ་མེད་པ་དང་སྐྱེ་བ་མེད་ན་དེ་ལོག་པའི་འཇིག་པའང་མེད་དོ། །སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་ན་བདག་དང་གཞན་དུ་གྲུབ་པ་མེད་དེ་དེ་མེད་ན་སུ་ཞིག་འཆི་སུ་ཞིག་འཕོ་སྟེ་དེ་གཉིས་མེད་ལ་དེ་གཉིས་མེད་ཕྱིར་འཕོ་བ་མེད་པས་རྟག་པ་དང་འཆི་བ་མེད་པས་ཆད་པ་མེད་དོ། །སྐྱེ་སོགས་མེད་པ་དེས་ན་གཅིག་ནས་གཅིག་ཏུ་འཁྲུལ་ཞིང་འཁོར་བ་མེད་ཅིང་དེས་ན་འཁོར་བ་དང་བྲལ་བའི་མྱ་ངན་ལས་འདས་པའང་མེད་པ་ཉིད་དུ་མངོན་ཏེ་ཆུ་རུ་མ་


MR13_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ན་ཆུ་ལོག་པ་མི་འགྲུབ་པ་བཞིན་ནོ། །གཉིས་པ་སྣང་གཞི་སེམས་ཉིད་དོན་དམ་པར་མ་གྲུབ་པར་བསྟན་པ་ནི། བག་ཆགས་ཀྱི་གནས་ཀྱི་ཀུན་གཞི་སྐད་ཅིག་མ་དང་བག་ཆགས་གཉིས་ནི་ནམ་ཡང་མི་འབྲལ་ཏེ་གཅིག་མེད་ན་གཅིག་མེད་དགོས་ཏེ་གང་རུང་མེད་པར་མི་སྲིད་པ་དེ་ཚེ་དེ་གཉིས་ཡོད་མེད་མཉམ་པར་གྱུར་པ་ཡིན་ལ་གང་ཚེ་བག་ཆགས་དེ་མེད་ན་ཀུན་གཞི་དེ་ཡང་མེད་དེ་རྒྱ་མེད་པའི་འབུར་བཞིན་ནོ། །དེ་ཡིན་མོད་ཀྱང་བག་ཆགས་ཅིའི་ཕྱིར་མེད་ཅེ་ན། དངོས་པོའི་གནས་ཚུལ་དང་མི་མཐུན་པས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་པ་དང་། བག་ཆགས་མེད་ན་ཀུན་གཞིའི་སྤྱོད་ཡུལ་བག་ཆགས་ཡིན་པས་ན་སྤྱོད་ཡུལ་མིན་ཅིང་དེ་མེད་པའི་ཕྱིར་ཀུན་གཞི་མེད་ཅིང་ཞེན་ཡུལ་མེད་ན་ཤེས་པ་མི་འབྱུང་བའི་ཕྱིར་རྣམ་རིག་དེ་ཐམས་ཅད་པོ་ཡང་མེད་པ་ཁོ་ན་ཡིན་ནོ། །གོང་ལྟར་ཕྱོགས་རྣམས་མེད་ཕྱིར་དམིགས་པ་བག་ཆགས་དང་དེ་གནས་པའི་གནས་ཀུན་གཞི་གཉིས་ཀ་མེད་ན་དེ་ལ་བརྟེན་པའི་རྣམ་པར་ཤེས་ཤིང་རིག་པ་རྣམས་ཇི་ལྟར་སྐྱེ། དེ་ཕྱིར་སེམས་དང་སེམས་བྱུང་འདི་རྣམས་ནི་ཡོད་པ་དང་མེད་པའི་མཐའ་ལས་འདས་ཤིང་གཅིག་དང་དུ་མ་བྲལ་ཏེ་ཅི་ལྟ་བུར་ཡང་མི་གནས་སོ། །གཉིས་པ་རྣམ་པར་བྱང་བའི་དངོས་པོ་ལ་བརྟག་པ་ལ་བསྟན་བཤད་གཉིས་ཀྱི་དང་པོ་ནི། བདེ་གཤེགས་ཀྱི་བྱང་ཆུབ་མེད་པའི་ཕྱིར་ན་སངས་རྒྱས་དེ་ཡིརྫུ་འཕྲུལ་ནི་སྣང་ཡང་མི་བདེན་པ་སྒྱུ་མ་དང་འདྲར་འཁྲུལ་བ་ལ་སྣང་བ་ཡིན་ནོ། །གཉིས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་དང་། དག་པ་འཇིག་


MR13_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་གཉིས་ཀྱི་དང་པོ་ནི། དེ་བཞིན་དུ་རྣམ་པར་མི་རྟོག་པ་ཡང་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དག་པའི་རྩ་བ་ཚད་མེད་པའི་རྒྱུན་ཉིད་དང་། ཆོས་ཀྱི་དབྱིངས་མ་ནོར་བ་ཉིད་ལ་ནི་ཡེ་ཤེས་དེ་དག་དམིགས་ཤིང་སྐྱེ་བར་བརྟག་པ་ཡང་དཔྱད་ན་མ་གྲུབ་སྟེ་འདི་ལྟར་རྡོ་རྗེའི་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་གནས་སམ་རྒྱུ་སེམས་ཡིན་ལ་དེ་མེད་པའི་ཕྱིར་ན་འབྲས་བུ་ཡེ་ཤེས་ཀྱང་མེད་པ་དེས་ན་དེ་གཉིས་མ་གྲུབ་པར་མཉམ་པར་གནས་པས་སེམས་མ་གྲུབ་པའི་རང་བཞིན་དང་ཀུན་ཏུ་འདྲར་གྱུར་ཏེ་མཚུངས་པར་གྱུར་པ་དང་། རྣམ་རིག་པས་ཡེ་ཤེས་སྐད་ཅིག་མ་དོན་དམ་དུ་འདོད་པ་མ་གྲུབ་སྟེ་ཆོས་དབྱིངས་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུར་ཡེ་ཤེས་ཀྱི་རྩེ་མོ་རུ་གྱུར་པ་དེ་དག་ཅི་ལྟ་བུའི་ཕྱོགས་ཉིད་དུའང་དམིགས་སུ་མེད་པས་ན་ཡེ་ཤེས་དེ་ནི་སྐད་ཅིག་མ་མིན་ནོ། །གཉིས་པ་ནི། འཁོར་གསུམ་དག་པའི་དགེ་རྩ་ནི་གཟུགས་བརྙན་དང་འདྲ་སྟེ་བདེན་པར་མེད་པས་དེ་ལ་བརྟེན་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་ཡོད་པར་མི་འགྱུར་རོ། །སྤྱི་དོན་དྲུག་པ་སོ་སོར་བརྟགས་ནས་ངེས་པའི་དོན་བསྟན་པ་ལ་གསུམ། བསམ་པ་མཉམ་པ། སྤྱོད་པ་མཉམ་པ། དོན་བསྡུས་ཏེ་བྱང་སེམས་བསྟན་པའོ། །དང་པོ་ལའང་། གཞི་བདེན་གཉིས་མཉམ་པས་བླང་ངོར་མེད་པར་བསྟན་པ། ལམ་བདེན་རྫུན་མཉམ་པས་ཆགས་སྡང་མེད་པ །ཡོད་མེད་མཐའ་དང་བྲལ་བས་ཀུན་ཏུ་མཉམ་པ་གསུམ་གྱི། དང་པོ་ནི། ཀུན་བྱང་གཉིས་ཀ་མ་གྲུབ་པ་དེ་ཡི་ཕྱིར་བྱང་ཆུབ་སྟེ་སངས་རྒྱས་པ་དང་མ་ཆུབ་སྟེ་སེམས་ཅན་གཉིས་ཀ་མཚན་ཉིད་མེད་པར་མཉམ་ཞིང་གཅིག་པས་སངས་རྒྱས་བླང་བ་དང་སེམས་


MR13_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོར་བ་མེད་དོ། །དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན་དེ་འདི་ལྟ་བུའོ་ཞེས་བསྟན་པའི་ཚིག་རྣམས་ཀྱང་ལྟ་ག་ལ་ཡོད་དེ་གོང་དུ་ཇི་སྐད་བསྟན་པའི་དོན་དེའི་ཚུལ་གྱིས་དཔྱད་ན་དོན་དམ་པའི་རྣམ་གྲངས་སུ་བྱ་བ་སྐྱེ་འགག་མེད་ཅེས་བྱ་བ་དང་མཉམ་པ་ཉིད་ཅེས་བྱ་བ་དང་། གཉིས་སུ་མེད་ཅེས་བྱ་བ་དང་བསམ་པ་ལས་འདས་པ་དང་སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས་བརྗོད་པ་དང་ཐ་སྙད་དང་བྲལ་བ་ལ་སོགས་སུ། བསྟན་པ་དེ་ཀུན་བཀྲི་བའི་ཐ་སྙད་ཡིན་ཏེ་ཡང་དག་ངེས་པའི་དོན་ལ་ནི་དོན་དམ་མེད་ཅིང་ཀུན་སྒྲིབ་བམ་ཀུན་རྫོབ་ཅེས་བྱ་བའང་མེད་དོ། །ཐ་སྙད་ཙམ་མིན་པར་དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲའོ་ཞེས་པ་དམིགས་སུ་ཡོད་ན་དེ་ཉིད་ཀུན་སྒྲིབ་ཡིན་གྱི་དོན་དམ་མིན་ཡང་དག་པར་ན་ཀུན་རྫོབ་དང་དོན་དམ་ཞེས་བདེན་པ་གཉིས་སུ་དབྱེར་ག་ལ་ཡོད་དེ་མེད་དོ། །གཉིས་པ་ནི། བདེན་དོན་མ་མཐོང་བའི་ཐེ་ཚོམ་ཡོད་པ་དང་མཐོང་སྟེ་ཐེ་ཚོམ་མེད་པའི་ཆོས་ནི་གང་ལའང་ཡང་དག་པར་ན་བདེན་རྫུན་གཉིས་མེད་པས་རྫུན་པ་སྤངས་ཤིང་བདེན་པ་ལ་གནས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ན་ཡང་དག་པར་ན་སྒོམ་པ་པོ་དང་ནི་རྟོགས་བྱ་ཆོས་ཀྱི་དབྱིངས་རང་བཞིན་མ་གྲུབ་པས་མེད་པའི་ཕྱིར་སུ་ཞིག་གང་ལ་སོམ་ཉི་ཡོད་དེ་དེ་ཕྱིར་སོམ་ཉི་མེད་པའི་ཆོས་ལ་དམ་པར་བལྟ་བའང་མེད་དེ་ལུང་ལས་མཐུན་པའི་ཆོས་ལ་སྲེད་པ་དང་མི་མཐུན་པའི་ཆོས་ལ་ཞེ་སྡང་སྤང་དགོས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། གོང་དུ་བསྟན་པ་དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་མ་ཙམ་དུའང་གྲུབ་པ་མེད་པར་འགྱུར་ཕྱིར་ཡོད་པ་མིན་ཡང་མེད་པ་ཞིག་ཡིན་ནམ་སྙམ་ན། དེ་ལྟར་


MR13_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་གྲུབ་ན་མེད་པ་དེ་ནི་སུའི་མེད་པ་ཡིན་ཏེ་དེ་དག་ཡོད་པ་ལ་ལྟོས་པའི་མེད་པའང་མེད་དེ་དེ་ལྟར་ཡོད་པ་དགག་པའི་མེད་པ་མིན་ཡང་ཡོང་གིས་མེད་པ་ཡིན་ནོ་སྙམ་ན། རང་བཞིན་གྱིས་མ་སྐྱེས་པའམ་ཡང་གིས་མེད་པ་ལ་ཡང་མེད་པ་གཅིག་ཐ་སྙད་གདགས་པ་མེད་དེ་མཐོང་ཐོས་མེད་ཅིང་གང་གིས་ངོ་བོར་མི་གནས་པ་དེ་ལ་སུ་ཡང་མེད་ཅེས་མི་སེམས་མི་བརྗོད་པའི་ཕྱིར་རོ། །གོང་དུ་བཤད་པ་ལྟར་མཐའ་རྣམས་མེད་ཕྱིར་སུའི་དབུས་ཏེ་དབུས་ཀྱང་མེད་ལ་དབུས་མེད་པས་དབུས་ལའང་གནས་པར་མི་བྱེད་དོ། །གཉིས་པ་སྤྱོད་པ་མཉམ་པ་ནི། ཆོས་གང་ལའང་འཇིག་རྟེན་གྱི་འདོད་ཡོན་ཐམས་ཅད་ལ་དབང་བསྒྱུར་ཞིང་ཕུན་སུམ་ཚོགས་པའི་དབང་ཕྱུག་ཏུ་བྱས་ཀྱང་སྐྱོན་གྱིས་མ་གོས་པ་པདྨོ༷་ལྟ་བུས་འདོད་ཡོན་ཀུན་ཀྱང་མི་སྤོང་བར་སྤྱོད་དེ་རྒྱུ་མཚན་སྐྱོན་ཡོན་ཐམས་ཅད་ཡང་དག་པར་ཁྱད་མེད་པས་འདྲ་ཞིང་མི་འབྱེད་དེ་མཉམ་པར་གནས་པས་སོ། །སེམས་ཅན་ཉིད་ཀྱང་མེད་ན་སུ་ཞིག་འཁྲུལ། དེས་ན་འཁྲུལ་བ་མེད་པའི་ཆོས་ལ་འཁྲུལ་བར་མཐོང་བ་དེ་ཉིད་འཁྲུལ་བ་ཡིན་པར་རབ་ཏུ་རྟོགས་ཏེ། དེས་ན་མུ་སྟེགས་སྟོན་པ་དྲུག་གིས་བསྟན་པ་དང་སྲོག་གཅོད་སོགས་ཉོན་མོངས་དང་བདུད་ཀྱིས་ལས་རྣམས་ཀྱང་མི་དམིགས་ཤིང་འདོར་དུ་མེད་པར་ཤེས་ནས་མི་འདོར་ཞིང་ངན་དུ་མི་རྟོག་གོ། ཤེས་རབ་ཐབས་ཀྱི་སྤྱོད་པའང་ཅི་ལྟ་བུ་མཚན་ཉིད་དུ་མ་གྲུབ་ཅིང་མི་གནས་པའི་ཕྱིར་ན་བདུད་ཀྱི་སྤྱོད་པ་དང་གཉིས་མ་སྐྱེས་པར་མཉམ་པར་འདྲ་བར་སྤྱོད་དོ། །ལྟ་བ་ཐམས་ཅད་བྲལ་བ་ནི་ཡང་དག་པའི་དོན་ལ་ལྟ་བའོ་ཞེས་འབྱུང་བ་ལྟ་བུའི་འཛིན་པ་ཞུགས་ཏེ་རང་གི་ཤེས་པ་ནི་བདེན་པ་རྟོགས་པ་ཡིན་ནོ། །ཞེས་དམ་


MR13_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་ལྟ་བ་དེས་བསྙེམས་པ་སྐྱེ་ན། རང་ལྟ་ལ་འདོད་ཆགས་གཞན་ལྟ་ལ་ཞེ་སྡང་སྐྱེས་ནས་ཕན་ཚུན་རྩོད་པ་འབྱུང་བའི་གཏི་མུག་ཡིན་ཏེ་བདེན་པ་ཞེས་བྱ་བ་མེད་པས་རང་ལྟ་བདེན་པར་བཟུང་བ་དང་རྫུན་པ་མེད་པས་གཞན་ལྟ་རྫུན་པར་བཟུང་བ་གཉིས་གནས་ཚུལ་དང་མི་མཐུན་པའི་བློ་ཡིན་པའི་ཕྱིར་བདེན་རྫུན་གཉིས་ཀ་མི་དམིགས་པའི་དོན་རྣལ་མ་མི་མཐོང་ངོ་། །གསུམ་པ་དོན་བསྡུས་ཏེ་བྱང་ཆུབ་ཀྱི་སེམས་བསྟན་པ་ནི། ཇི་སྲིད་འཇིག་རྟེན་ཡོད་མེད་བདེན་རྫུན་སྣང་མི་སྣང་ལ་སོགས་པའི་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ་དེ་ནི་རྟོགས་དཀའ་བའི་ཕྲ་བའི་ལམ་ཡིན་ཅིང་། འོ་ན་མི་གཡོ་བར་གནས་སོ་ཞེ་ན། རྟོག་པ་དང་མཚན་མ་གཡོའོ་ཞེས་དང་མི་གཡོའོ་ཞེས་པའི་ཐ་སྙད་ཙམ་ཡང་མི་གནས་པའི་གནས་དེ་ལའང་གནས་པར་མི་བྱེད་དེ་དེས་ན་མི་གཡོ་ཞེས་པ་དེ་ལ་མི་གནས་པ་ལྟ་ཅི་སྨོས། དེ་ལྟར་ན་ཉམས་སུ་མྱོང་བའི་ཚོར་བ་དང་ཚོར་བ་འགགས་པ་དང་། ཡིན་མིན་གྱི་འདུ་ཤེས་ཀྱིས་བཟུང་བའི་སྣང་བ་མེད་པ་ནི་མི་གནས་དབུ་མའི་ལམ་སྟེ་དོན་དེ་ལ་དེ་བཞིན་སེམས་པས་བླ་མེད་བྱང་ཆུབ་འགྲུབ་པས་ན་བྱང་ཆུབ་སེམས་ཞེས་བདེ་བར་གཤེགས་པས་གསུངས་སོ། །སྤྱི་དོན་བདུན་པ་དེ་ལྟར་གཏན་ལ་ཕབ་ནས་ངེས་པའི་དོན་བསྒོམ་པ་ལ་གཉིས། བསྒོམ་པའི་མི་མཐུན་ཕྱོགས་བསྟན་པ་དང་། དེའི་གཉེན་པོ་བསྒོམ་པའི་དོན་མ་ནོར་བར་བསྟན་པའོ། །དང་པོ་ནི། རྣམ་པར་མི་རྟོག་པ་བསྒོམ་པ་ནི་བླང་དོར་མེད་པ་ཡིན་ལ། དེའི་མི་མཐུན་ཕྱོགས་གཟུགས་སོགས་དང་མཚན་མ་དང་སྨོན་པར་འཛིན་པ་


MR13_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་རབ་ཏུ་སྤང་ནས་སུ། དེའི་གཉེན་པོར་སྟོང་ཉིད་སོགས་རྣམ་ཐར་གསུམ་པོ་བསྒོམ་པའང་བླང་དོར་གྱི་མཐར་ལྷུང་བས་ན་བདུད་ཀྱི་ལས་ཡིན་ཏེ་གཟུགས་ཉིད་སྟོང་པའོ་དང་མཚན་མ་ཉིད་མཚན་མེད་སྨོན་པ་ཉིད་སྨོན་མེད་ཡིན་གྱི་ཐ་དད་དུ་མེད་དོ། །འཁོར་བ་འགྲུབ་པར་བྱེད་པའི་ལམ་ཆགས་སྡང་རྨོངས་གསུམ་སྤངས་ཤིང་མྱ་ངན་ལས་འདས་པའི་ལམ་བསྒོམ་པར་བྱེད་པའང་བདུད་ཀྱི་ལས་ཉིད་དེ། དེ་ལྟར་སྤྱོད་པ་དེ་ཉིད་རང་བཞིན་མ་ཞི་བའམ་རང་བཞིན་ཞི་བ་མ་རྟོགས་པ་ཡིན་ཏེ་ཆོས་ཀུན་གྱི་གནས་ཚུལ་ལམ་རང་བཞིན་གྱི་དབང་དུ་ན་མྱང་འདས་བཙལ་བ་དང་འཁོར་བའི་ལམ་སྤང་བར་བྱེད་པ་གར་ཡང་མི་འགྲུབ་པའམ་མི་གནས་པ་ཡིན་པའི་ཕྱིར་རོ། །འཕགས་པ་ཀུན་གྱི་གཟིགས་པའི་སྤྱོད་ཡུལ་དང་གྲུབ་པའི་གནས་ཀྱང་འཁོར་བ་སྤང་བའི་ཕ་རོལ་ཞིག་ན་གུད་དུ་མ་འདྲེས་པར་མེད་ལ་མྱང་འདས་སོགས་ཡོན་ཏན་གྱི་ཁྱད་པར་ཐོབ་པའི་ལམ་ཡང་འདི་ལས་གཞན་དུ་ན་གྲུབ་པ་མེད་དེ་ཐམས་ཅད་རང་བཞིན་མེད་པས་སོ། །གཉིས་པ་ལ་དངོས་དང་། འཐད་པ་བསྟན་པ། ཇི་ལྟར་བསྒོམ་པའི་ཡོན་ཏན་གསུམ་ལས། དང་པོ་ནི། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་ཞེས་མཚན་མ་དང་རྟོག་པ་ལྡང་བ་ཆེད་དུ་མི་སྤང་ཞིང་མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ་བར་འབྲས་བུའམ་བདེན་དོན་ལ་དམིགས་པའི་སྒོ་ནས་མངོན་དུ་བྱེད་པ་མིན་ཏེ། དེ་ཅིས་མི་སྤོང་ཞེ་ན། ཆོས་ཉིད་ལ་ཟུག་རྔུ་མེད་པས་འཇམ་ཞིང་དེ་རྟོགས་ན་དཔལ་དུ་གྱུར་པས་དཔལ་ཞེས་བྱ་སྟེ་ཆོས་ཉིད་དེ་མ་ཡིན་པའི་མཚན་རྟོག་གི་སྐྱོན་ཕྲ་མོ་རྡུལ་ཆ་ཙམ་ཞིག་གཡོ་


MR13_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ཡོད་པར་མཐོང་ནའང་དེ་ཉིད་ཆོས་ཉིད་དོན་གྱི་ཡེ་ཤེས་སམ་འཇམ་དཔལ་དེ་ཡིན་པས་སྤང་དུ་མེད་པས་སོ། །འོ་ན་ཆོས་ཉིད་དམ་འཇམ་དཔལ་དེར་གནས་སམ་ཞེ་ན། དེའི་རང་བཞིན་ཅིར་ཡང་མ་གྲུབ་པས་གནས་པར་བྱ་བའི་གཞི་མེད་པས་ན་དེར་ཡང་མི་གནས་སོ། །འོ་ན་དེ་མངོན་དུ་བྱ་བ་མ་ཡིན་པའི་ཕྱིར་མིན་སྙམ་ན་བསྒོམ་བྱའི་ཆོས་ཉིད་དང་བསྒོམ་པའི་ཡེ་ཤེས་གཉིས་ཀ་མ་གྲུབ་པའི་ཕྱིར་ན། སྒོམ་པར་བྱ་བའི་སའམ་གཞི་མི་རྙེད་པའི་ཕྱིར་སུ་ཞིག་གིས་གང་ཞིག་ལ་བསྒོམ་པས་འབྲས་བུ་ཅི་ཞིག་རྙེད་དེ་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་ཡུལ་གྱི་རྣམ་པ་གང་སྣང་སེམས་ཀྱི་རྟོག་པ་ཅི་སྐྱེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན་པས་གང་སྤྱོད་ཡུལ་ཐམས་ཅད་ཆོས་ཉིད་ལས་མི་གཞན་པས་གང་སྣང་ཡང་སྐྱོན་མེད་དོ། །སྐྱོན་མེད་ན་སེམས་ཅན་རྣམས་ཅིའི་ཕྱིར་འོང་ཞེ་ན། མཚན་མ་སྣ་ཚོགས་ལ་བདེན་པར་འཛིན་པའི་ཕྱིར་ཏེ། མཚན་མའི་བདེན་ཞེན་གྱི་རྣམ་པ་དང་བྲལ་ན་མི་འཁོར་བར་བསྟན་པའི་ཕྱིར། ཆོས་ཀུན་ལ་མཚན་མའི་རྣམ་པ་ཐམས་ཅད་དང་བྲལ་བས་ན་ཆོས་གང་ལའང་མི་འཛིན་པས་འདི་ནི་མཆོག་དང་འདི་ནི་ཐ་མ་ཞེས་བླང་དོར་གྱི་རྣམ་པ་མེད་པར་བསྒོམ་པ་ནི་ལམ་གྱི་མཆོག་སྟེ་ལམ་འདི་ལྟ་བུ་རྒྱུན་དུ་བསྒོམ་མོ། །གཉིས་པ་ནི། རྟོག་པ་ཅི་སྐྱེ་ཡང་ཅིས་མི་སྐྱོན་ན། འདུ་བྱེད་ཐམས་ཅད་ནི་རང་གི་ངོ་བོས་ཀྱང་མ་སྐྱེས་ལ་ཆོས་ཀུན་རྒྱུ་རྐྱེན་གཞན་གྱིས་ཀྱང་འབྱུང་བ་མེད་པས་ན་ཤིན་ཏུ་ཆོས་རྣམས་རང་བཞིན་གྱིས་མྱ་ངན་ལས་འདས་པས། བདེན་པའི་དངོས་པོ་ཅུང་ཟད་མེད་པར་རྟོགས་


MR13_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཚེ་རྟོག་སྣང་ཇི་སྙེད་སྐྱེ་བ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་པའི་ཤེས་པ་དེ་ནི་མི་ཤེས་པའི་དགྲ་བཅོམ་པ་ཡོན་ཏན་རབ་ཏུ་འབྱོར་བ་ཡིན་ནོ། །ཇི་སྐད་བསྟན་པའི་དོན་ནི་ནམ་མཁའ་བཞིན་ཏེ་དཔེར་ན་ནམ་མཁའ་དོན་ཅི་ལྟ་བུའི་མཚན་ཉིད་དུ་ཡང་མི་དམིགས་པས་མིང་ཙམ་ཞིག་སྟེ་དེ་ནི་དགེ་བ་དང་ནི་མི་དགེ་སོགས་གཉིས་ཆོས་ཀྱི་རང་བཞིན་ཅན་དུ་འབྱེད་པ་མེད་དེ་སྐྱེ་བ་མེད་པའི་ཕྱིར་རོ། །སྤོང་བའམ་མ་གྲུབ་པར་བྱ་བའི་རྩོལ་བ་ཡིད་ལ་མི་བྱེད་ཅིང་དམིགས་པའི་ཡུལ་གང་ལའང་སེམས་པ་མེད་དེ་སེམས་ཉིད་ཀྱང་མ་གྲུབ་པས་ཤེས་མི་ཤེས་སུ་མི་རྟོགས་པས་ཤེས་དང་མི་ཤེས་བྲལ་བའོ། །སྤང་གཉེན་ཁྱད་མེད་པས་གཉེན་པོ་དྲན་པ་དང་འབྱེད་མེད་ཆོས་གང་ལའང་སྤང་བ་དགག་པ་དང་ལེན་པ་ལ་དགའ་བ་དང་སྤང་གཉེན་འདྲ་བའམ་མཚུངས་པར་བློ་བཞག་པའང་མེད་དེ་ཅིར་ཡང་མི་དམིགས་ཤིང་། འདོད་མི་འདོད་མེད་པས་མཉམ་པར་གནས་ལ་ཐ་དད་དུ་མི་འབྱེད་པས་གཉིས་སུ་བརྟག་པའང་མེད་དེ་འདི་ལྟ་བུ་ཡིན་ནོ་ཞེས་ཅིར་ཡང་འཛིན་པ་མེད་པས་བརྗོད་པ་དང་བྲལ་ཞིང་དོན་དུ་གཉེར་བ་མེད་པས་བྱ་བ་མེད་པ་དང་སྒོ་གསུམ་གྱི་ལས་ལ་སྐྱོན་དུ་མི་ལྟ་བས་མི་བྱ་བ་ཡང་མེད་དེ་ཚོགས་དང་ཡོན་ཏན་གསར་དུ་སོགས་པ་དང་སྐྱོན་བྲི༷་བ་མེད་དེ་ཆོས་ཉིད་བྲི་འཕེལ་མེད་པས་སོ། །གསུམ་པ་ནི། ཚུལ་བཞིན་བསྒོམས་པའི་རྟགས་ཅི་ལྟ་བུ་འབྱུང་ཞེ་ན་ཆེད་དུ་རྩོལ་བར་བསྒོམ་པ་ཡིད་ལ་མི་བྱེད་པ་དང་ཅིས་ཀྱང་མི་འཁྲུགས་པ་དང་ཐམས་ཅད་མཉམ་ཉིད་དུ་ཤེས་པ་དང་། གང་ལའང་ཆགས་ཤིང་འདོད་པ་


MR13_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུལ་གྱིས་མྱོས་པ་སྟེ་ཡུལ་གྱི་ཉེས་པས་རྨོངས་པ་དང་ཡུལ་གྱིས་སྐྲག་པ་དང་མི་འདོད་པའང་མེད་དེ་དེས་ན་ཆོས་གང་ཡང་སྤང་སྟེ་བྲལ་བར་མི་བྱེད་པས་མི་འབྲལ་ཞིང་གང་ཡང་སྒྲུབ་སྟེ་གནས་པར་མི་བྱེད་པས་གང་ལའང་མི་གནས་ཤིང་། མི་མཐུན་ཕྱོགས་ཀྱིས་མི་འཕྲོག་ཅིང་ཆོས་ཉིད་མཉམ་པའི་དོན་ཤེས་པའི་ཡེ་ཤེས་བཞི་པོ་དང་བྱང་ཕྱོགས་སོ་བདུན་དང་ཕ་རོལ་ཕྱིན་བཅུ་ལ་སོགས་ཏེ་རྣམ་དཀར་གྱི་ཕྱོགས་དང་འབྲས་བུའི་ཡོན་ཏན་ཇི་སྙེད་པ་རྣམས་བསྒོམ་དོན་ཇི་སྐད་བསྟན་པ་དེར་འདུས་ཤིང་ཆུབ་པར་རང་གི་རིག་པས་ཤེས་ཏེ། ཆོས་ཐམས་ཅད་སེམས་སུ་འདུས་པས་སེམས་ཀྱི་དབྱིངས་སུ་མ་ནོར་བར་བཞག་སྟེ་བསྒོམ་པས་ལམ་གྱི་ཕུག་གམ་མཐར་ཐུག་ན་འདུག་པ་དེ་ཁོ་ན་ཡིན་གྱིས། དེ་ལས་གཞན་དུ་ཇི་ལྟར་བསྒོམ་པས་ཡང་དག་པའི་ཆོས་དབྱིངས་འོད་གསལ་དོན་ཉིད་གསལ་ཞིང་རིག་པར་མི་འགྱུར་རོ། །སྤྱི་དོན་བརྒྱད་པ་བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་བསྟན་པ་ནི། བརྒྱུད་པའི་ཐབས་ཀྱིས་ངེས་དོན་རྟོགས་པར་བྱ་བའི་ཐབས་ཅི་ཞེ་ན་མཛུབ་མོས་ཟླ་བ་བཞིན་དུ་བཅོས་ཤིང་རྩོལ་བའི་བྱ་བས་བྱར་མེད་མཚོན་པས་ན། ཐབས་དང་བརྡའ་ཅན་གྱི་སྒོ་ནས་བྱང་ཆུབ་སེམས་ལ་ཡང་དག་ལེན་པའང་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་པས་ན་བྱང་ཆུབ་ཆེན་པོ་ཡིན་ཞེས་སངས་རྒྱས་བཅོམ་ལྡན་འདས་ལྷ་མིའི་སྟོན་པས་རབ་ཏུ་གསུངས་པའི་ཕྱིར། གང་དངོས་སུ་རྟོགས་པའི་སྐལ་མེད་རྣམས་ཀྱིས་ཀྱང་བརྒྱུད་ནས་རྟོགས་པའི་ཐབས་ལ་འབད་དེ། དེ་ལ་འཆད་པར་འགྱུར་བ་འདི་


MR13_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་སམ་རྒྱུར་གྱུར་པ་ཡིན་ཏེ། གང་ཞེ་ན་ཏིང་ངེ་འཛིན་དང་ཕྱག་རྒྱའོ། །དེ་ལ་དེ་བཞིན་ཉིད་དང་ཀུན་སྣང་དང་རྒྱུ་ཡི་ཏིང་འཛིན་གསུམ་པོ་གོམས་པའི་དབང་གིས་མི་མཐུན་ཕྱོགས་ཀྱིས་མི་འཕྲོག་པའི་བརྟན་པར་བྱས་ཤིང་རྒྱལ་པོའི་བཀའ་རྟགས་དང་འདྲ་བར་སྐུ་ཕྱག་ཆེན། ཐུགས་དམ་རྒྱ། ཕྲིན་ལས་ལས་རྒྱ་སྟེ་སངས་རྒྱས་ཀྱི་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ཤིང་བསྒོམ་ནས། གསུང་གི་རྟགས་ཀྱི་ཕྱག་རྒྱ་ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་དེའི་སྙིང་པོ་བརྗོད་ཅིང་བསྒོམ་པར་བྱའོ། །ཏིང་ངེ་འཛིན་དང་ཕྱག་རྒྱ་རྣམས་ཆོས་ཉིད་ཡིན་ལ་ཡིན་པ་ལྟར་ཐ་མི་དད་དུ་སེམས་བསྐྱེད་ཅིང་བསྒོམ་ན་དེ་ལས་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། བསྒོམ་པ་མངོན་དུ་གྱུར་པ་ན་ཆོས་ཀུན་རང་སེམས་ལས་གཞན་དུ་མེད་པར་རང་གིས་རྟོགས་པར་འགྱུར་ཞིང་དེ་བསྒོམ་པས་ཚོགས་སོགས་ཅིང་སྒྲིབ་པ་དག་སྟེ་ཡེ་ཤེས་ལྷས་རྒྱུད་བྱིན་གྱིས་བརླབས་པའི་སྒོ་ནས་ཀྱང་རྟོགས་པར་འགྱུར་རོ། །སྤྱི་དོན་དགུ་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་རྣམ་གྲོལ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་ནི། སེམས་ཀྱི་རང་བཞིན་ནམ་ཆོས་ཉིད་རྡོ་རྗེ་དེ་མ་ནོར་བར་བསྒོམ་པའི་སེམས་དཔའ་བྱང་ཆུབ་ཀྱི་སེམས་བསྒོམ་པས་ནི་ཡང་དག་པའི་རྣམ་གྲོལ་གྱི་ལམ་ཀུན་མ་ནོར་བར་ནི་བསྒོམ་པ་ཡིན། གོང་ལྟར་རྟོགས་ན་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་བཟང་པོའི་ཡོན་ཏན་ཐམས་ཅད་འབྱུང་བའི་མའམ་ཤེས་རབ་སྟོང་པའི་ལྷ་མོ་སྟེ་ཀུན་ཏུ་བཟང་མོའི་སྟེ་དོན་དམ་བྱང་ཆུབ་སེམས་སྟོང་ཉིད་རྟོགས་པའི་


MR13_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་མ་ཟིན་པའི་དགེ་བའི་ཆོས་ནི་གང་ཡང་རུང་སྟེ། ཐེག་ཆེན་ཐབས་ཀྱི་སྤྱོད་པ་བྱམས་སོགས་ཀྱིས་ཟིན་པ་ཀུན་ཏུ་བཟང་པོའི་སྤྱོད་པའང་ཆོས་ཉིད་དང་མི་འགལ་བར་མ་ཞུགས་པས་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་པར་འགྱུར་རོ། །དོན་དམ་བྱང་ཆུབ་སེམས་དེ་དང་ལྡན་པའི་ལས་ནི་ལྟར་སྣང་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས་ཏེ་ཕྱི་ནང་གི་དངོས་པོ་དང་སྒོ་གསུམ་གྱི་སྤྱོད་པ་གཅིག་ཏུ་ཆད་པའི་ངེས་པ་མེད་དེ་ཤེས་པ་དང་མི་ཤེས་པའི་དབང་ལས་ཀུན་བྱང་དུ་འགྱུར་བའི་ཕྱིར་རོ། །སྤྱི་དོན་བཅུ་པ་དོན་འདིར་མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། ཇི་སྐད་བསྟན་པའི་དོན་འདིར་མོས་ཤིང་ཡིད་ཆེས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས་སོ། །ཡོན་ཏན་ཐམས་ཅད་ཀྱི་གནས་བྱང་ཆུབ་སེམས་འདི་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་དང་དེ་དག་གི་གཙོ་བོའི་བླ་མར་གྱུར་པ་ཚངས་དབང་དང་བཅས་པ་ཡི། མཆོད་གནས་སུ་གྱུར་པ་ཉན་ཐོས་རྣམས་དང་སྟོབས་ཆེན་པོ་བདུད་ཀྱི་སྡེ་རྣམས་མ་ལུས་པ་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་རྒྱལ་བས་གསུངས་སོ། །བླ་མེད་བྱང་ཆུབ་འགྲུབ་པའི་ཐབས་ཆེན་པོ་གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་ཉན་ཐོས་ལ་སོགས་པས་མི་རྟོགས་པའི་རང་བཞིན་གསང་བའི་སྤྱོད་པའང་འདི་ཉིད་དེ། བྱང་ཆུབ་སེམས་འདི་མེད་ན་རྒྱལ་བས་ཇི་སྙེད་པའི་ཤེས་བྱའི་དོན་ཀུན་དང་རིགས་ཅན་གསུམ་པོས་དོན་དུ་གཉེར་བའི་ལམ་རྣམ་པར་སྣང་བར་མཛད་པའི་ཐེག་པ་གསུམ་སྟོན་པ་མི་སྲིད་དེ་བྱང་ཆུབ་སེམས་མ་རྟོགས་ན་


MR13_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མི་སྲིད་པ་ཉིད་དོ། །གནས་འདི་ལ་སྐད་ཅིག་ཙམ་དུ་དད་པའི་ཤུགས་ཀྱིས་གང་ཟག་དེ་ཡང་མི་ཐོགས་པར་མྱུར་དུ་འཇམ་དཔལ་གཞོན་ནུར་གྱུར་ཏེ་ངེས་དོན་གྱི་འཇམ་དཔལ་དང་རོ་མཉམ་པར་འགྱུར་བའོ། །ལེགས་པའི་ཡོན་ཏན་ཐམས་ཅད་བྱང་ཆུབ་སེམས་སུ་མ་འདུས་པ་མེད་པས་ན་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཉན་རང་ལ་སོགས་པས་མི་རྟོགས་པའི་གསང་བར་ཞུགས་ཤིང་ཐེག་ཆེན་ཐུན་མོང་མིན་པའི་དམ་ཚིག་མཆོག་རྣམས་ཀྱང་བཟུང་བ་ཡིན་ལ། རིག་འཛིན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་ཁམས་གསུམ་ན་མཚུངས་པ་མེད་པའི་སྦྱིན་གནས་དམ་པར་རབ་ཏུ་བསྔགས་པ་ཡིན་ནོ། །རྒྱུ་མཚན་དེ་ཡི་ཕྱིར་དོན་དམ་པ་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་སྲིད་ན། ནམ་མཁའ་བར་སྣང་མུ་ཐུག་པ་མེད་པ་འདི་ཡང་སྣོད་དུ་བྱས་ན་ཆུང་པ་ལྟ་བུའོ་ཞེས་ཕྱོགས་དུས་ཀྱི་རྒྱལ་བས་མཚུངས་པར་གསུངས་སོ། །སྤྱི་དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་ནི། ལས་དབང་གིས་སོ་སོར་སྐྱེ་བའི་སོ་སོའི་སྐྱེ་བོ་རྣམས་རྒྱུད་དྲུག་གི་སྐྱེ་བ་སྣ་ཚོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ཏུ་སྔར་ཡང་སྐྱེས་ཤིང་ད་ལྟ་སྐྱེ་དང་ཕྱིན་ཆད་སྐྱེ་བར་འགྱུར་ཞིང་དེ་ལྟར་སྐྱེ་བ་རྒྱུན་མི་འཆད་པས་རྟག་ཏུ་སྐྱེ་བའི་རྒྱུན་གྱི་དབང་དུ་སོང་བ། རང་གི་རྟོག་པའི་མཐའ་ཡི་གནས་ཚུལ་ཇི་ལྟ་བུ་ཡིན་པ་མི་ཤེས་པའི་དབང་གིས་རང་གི་ལོག་པའི་རྟོག་པས་རང་བསླུས་ཤིང་རྟོག་པ་རྒྱུན་མི་འཆད་པའི་ལུ་གུ་རྒྱུད་ཀྱི་རྟོག་པའི་རྒྱུན་རྗེས་སུ་འབྲངས་ཤིང་ཡང་དག་པའི་ལམ་


MR13_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་མེད་པ་འཁྲུལ་བའི་རྟོག་པ་ལས་རང་བཞིན་ངང་གིས་ཕྱིར་ལྡོག་པ་ནི་ནམ་ཡང་མེད་པར་འགྱུར་བ་དེ་དག་གིས། ཇི་ལྟར་ན་སྒྱུ་མའི་སྒྱུ་ཐབས་སྔགས་ལ་སོགས་པ་ཤེས་པ་དག་གིས་སྒྱུ་མའི་གླང་པོ་སྤྲུལ་པ་དང་འདྲ་བར་མི་བདེན་པ་སྒྱུ་མས་རྨོངས་པའི་སེམས་ཅན་སྒྱུ་མ་ལྟ་བུ་རྣམས། ཇི་ལྟར་ན་རྨི་ལམ་གྱིས་ཡིད་རབ་ཏུ་བསླུས་པ་བཞིན་དུ་རྨི་བའི་སྟེ་རྨི་ལམ་རྨི་བ་ལྟ་བུའི་སྲིད་པའི་བདེ་བའང་ཉམས་ཤིང་སྡུག་བསྔལ་བའི་རྨི་ལམ་ལྟ་བུ་འཁྲུལ་པའི་སྣང་བའི་དབང་དུ་སོང་བའི་རྨི་ལམ་པ་སོ་སོའི་སྐྱེ་བོ་རྣམས་ནི་སྙིང་རྗེ་ཞེས་སོ། །མཐའ་བྲལ་བླ་མེད་ཀྱི་ལམ་འདི་བློས་མ་ལྕོགས་ནས་སྤངས་ཤིང་མཐའ་ལ་གནས་པའི་མུ་སྟེགས་སོགས་ཀྱི་ལམ་དང་ལམ་གཞན་ལ་ཡང་དག་པའི་ལམ་དུ་བལྟས་ནས་འདི་ནི་མ་ནོར་བའི་ལམ་ཡིན་ནོ་ཞེས་སྟོན་པ་ཡོད་དེ། དེ་ལྟར་སྨྲ་བ་དེ་དག་ནི་དཔེར་ན་རྡོ་ལ་གསེར་ཡིན་ནོ་ཟེར་བ་བཞིན་ཐུགས་རྗེར་རུང་ཞིང་ཞེས་སྙིང་རྗེ་སྐྱེ་བའི་གནས་ཡིན་ལ་ཐུགས་རྗེའི་བདག་ཉིད་རྣམས་ཀྱི་ཐུགས་ནི་ཐུགས་རྗེས་ཀྱེ་མའོ་སྙམ་དུ་རང་དབང་མེད་པར་འཕྲོགས་པ་ཡིན་ཏེ། དཔེར་ན་ཡིད་འོང་གི་ཡུལ་ལ་སེམས་རང་དབང་མེད་པར་འཇུག་པ་ལ་ཡུལ་གྱིས་ཡིད་འཕྲོག་ཞེས་བརྗོད་པ་ལྟར་ཐུགས་རྗེ་མངའ་བ་རྣམས་ཐུགས་རྗེས་སེམས་འཕྲོག་པའོ། །ཤེས་རབ་ཀྱིས་བློ་ཤིན་ཏུ་མ་སྦྱངས་པ་གང་ཞིག་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་པ་ལ་སྐྱེས་པ་དག །དེ་བཞིན་གཤེགས་པའི་གསུང་རབ་མ་ནོར་མ་བསླད་པས་དྲི་མ་མེད་ཅིང་རྟོགས་དཀའ་བ་དག་ལ་དཔྱོད་པ་ན། ཇི་སྐད་བསྟན་པའི་སྒྲ་ཇི་བཞིན་དུ་སྤྱོད་པར་འགྱུར་བ་དང་དོན་གྱི་ཚུལ་ཇི་ལྟ་


MR13_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་དུ་དཔྱོད་པར་བྱེད་པ་མིན་ཏེ་ཇི་ལྟར་མུན་ཁང་གི་གསེར་དང་སྒྲོན་མ་བཞིན་དུ་དོན་དང་ཚིག་གི་རིམ་པ་མ་ཤེས་ནས་ཚིག་ཙམ་ལ་ཞེན་ནས། ཟབ་མོའི་དབྱིངས་མི་དཔོགས་ཀྱང་རང་རང་གི་བློ་གྲོས་ཀྱིས་ཇི་ཙམ་དཔོགས་པའི་སྟོབས་བཞིན་དུ་འཇུག་པ་ལ་སོགས་པ་སོ་སོའི་ཞེ་འདོད་ཀྱི་ལྟ་བ་སྣ་ཚོགས་པ་དག་གིས་བསླད་ནས། མི་ཤེས་ཆུ་བོས་གཡེངས་ཤིང་སྟེ་ཁྱེར་ནས་དེ་བཞིན་གཤེགས་པའི་གསུང་གི་ཉིང་ཁུ་ངེས་པའི་དོན་གྱི་གཞུང་བདུད་རྩི་ལྟ་བུ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྣལ་འབྱོར་དང་བྲལ་བ་ཡིན་ནོ། །སྤྱི་དོན་བཅུ་གཉིས་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། རྒྱུ་མཚན་དེ་ཡི་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་བ་དམ་པ་འདི། ཀུན་ནས་ཀུན་ཏུ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱིས་སྤྱོད་ཡུལ་ཐུན་མོང་མ་ཡིན་པ་ཡིན་པས་འཇམ་དཔལ་བཤེས་གཉེན་བདག་གིས་ཀྱང་ཤེས་པ་མིན་ན་ཡང་། གསང་བ་ཡང་དག་པའི་དོན་འདི་སློབ་དཔོན་རང་ཉིད་ཀྱི་ཡུན་རིང་དུ་གོམས་པར་བྱས་པའི་མཐུ་ཡིས་ལུང་དང་མན་ངག་དང་མི་འགལ་བའི་ཚུལ་དུ་རིགས་པའི་ཚད་མ་དག་ལས་རབ་ཏུ་བསྒྲུབས་ཏེ། འགྲོ་བའི་དོན་དུ་མི་གཉིས་པ་སྟེ་གཉིས་མེད་བྱང་ཆུབ་ཀྱི་སེམས་སྟོན་པའི་ལམ་མཆོག་དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཉིད་གསལ་བ་འདི་ནི་མདོར་བསྡུས་ཏེ་རབ་ཏུ་བགྱིས་པ་འདིས་ནི། སྐྱེ་བོ་ཐམས་ཅད་སྲིད་པར་སྐྱེ་ཞིང་སྐྱེ་བའི་གནས་སྐབས་ཐམས་ཅད་དུ་ཡང་སྐད་ཅིག་མ་ཙམ་དུ་ཡང་། ཡང་དག་པའི་བསམ་པ་མི་མཐུན་ཕྱོགས་ཀྱིས་


MR13_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉམས་ཤིང་རྒྱལ་བ་ཀུན་གྱི་ཐུགས་སུ་ཆུད་པའི་དོན་གྱི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ཀྱིས་རྟོགས་ཤིང་དེ་དག་གི་རྒྱུད་ལ་རབ་ཏུ་རྒྱས་པར་ཤོ༷ག་ཅིག་ཅེས་སྨོན་ལམ་དུ་མཛད་པའོ། །གསུམ་པ་མཇུག་གི་མཛད་བྱང་བསྟན་པ་ནི། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་འཇམ་དཔལ་བཤེས་གཉེན་གྱིས་རྫོགས་པ་ཆེན་པོའི་རྒྱུད་ལས་བཏུས་པ་རྫོགས་སོ། །ཞེས་པ་ནི་གོ་སླའོ། །ཟབ་ཅིང་རྒྱ་ཆེ་རྒྱལ་བའི་ཆོས་མཛོད་ཀྱི། །སྙིང་པོའི་ཡང་བཅུད་རྩོལ་མེད་ཐེག་པའི་ལམ། །དབང་རྣོན་ཚེ་གཅིག་གྲོལ་བྱེད་རྫོགས་པ་ཆེ། །རིག་འཛིན་བྱེ་བའི་གཤེགས་ཤུལ་འདི་རྨད་བྱུང་། །ཆོས་ཀུན་མཉམ་པ་ཉིད་དུ་སངས་རྒྱས་པའི། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །མ་ནོར་གསལ་བྱེད་ངེས་པ་དོན་གྱི་ལུང་། །རྒྱལ་ཀུན་ཐུགས་ཀྱི་གསང་མཛོད་འདི་ཁོ་ན། །དེ་ཕྱིར་རིག་འཛིན་བརྒྱུད་པའི་མན་ངག་བཅུད། །གང་འབྲེལ་གདོད་མའི་རྒྱལ་སར་ངལ་འཚོའི་གསོས། །དུས་ཀྱི་མཐར་ཡང་ཉམས་མེད་ཕྲིན་ལས་རྒྱུན། །སྤེལ་སླད་ལྷག་བསམ་སྟོན་ཟླའི་དཔལ་ལ་འགྲན། །དེ་ལྟ་ན་ཡང་བདག་བློ་རྨོངས་པའི་དྲིས། །འཕགས་དང་མཁས་པའི་གཞུང་བཟང་རྙོགས་པའི་ཆ། །གང་མཆིས་ཚེ་རབས་སྡིག་དང་ལྷན་གཅིག་ཏུ། །བཤགས་ན་དག་ཚངས་ཁྲུས་ཀྱི་དངོས་གྲུབ་སྩོལ། །འདིར་འབད་དགེ་བས་ཐེག་མཆོག་རྫོགས་པ་ཆེའི། །རིང་ལུགས་དྲི་མེད་སྲིད་མཐར་ཆེར་རྒྱས་ཤིང་། །བདག་གཞན་སྐྱེ་ཀུན་ལམ་མཆོག་འདིར་ཞུགས་ཏེ། །འཕགས་ལམ་ཆོས་ཉིད་བདེན་པས་


MR13_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་གྱུར་ཅིག །ཅེས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། ཀུན་མཁྱེན་བླ་མ་རིན་པོ་ཆེ་མི་ཕམ་འཇམ་དཔལ་དགྱེས་པའི་ཕྱག་མཆན་ལས། རྗེ་དེ་ཉིད་ཀྱི་ཞབས་ལ་སྤྱི་བོས་རེག་པའི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དོན་འགྲུབ་ས་ལུག་ལོར་ཞེ་ཆེན་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་ཞལ་བཤུས་ཤིང་ལུང་རིགས་སྨྲ་བའི་དབང་ཕྱུག་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་ཞུས་དག་མཛད་དེ་ལེགས་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་གསལ་ལུང་རྟོགས་མཐར་ཕྱིན་གྱིས་བགྱིས་པ་སྟེ། འདིས་ཀྱང་ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousབྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ།next