Nitartha Digital Library
Tibetan
གླེགས་བམ་བཅུ་གསུམ་པ།


   
   
   
   
   
འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར།
   
   
   
   


 
previousའདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར།next

འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར།


MR13_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར་ཞེས་བྱ་བ་བཞུགས་སོ། །


MR13_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་མ་ཤཱ་སཏྲ་ལོ་ཀཱ་ནནྡ་སྱ་ནི་དྷི་ནཱ་མ། བོད་སྐད་དུ། འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར་ཞེས་བྱ་བ། གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྟོང་ཆེན་ཕྱག་རྒྱའི་བཞིན་ལ་རྗེས་ཆགས་པ། །བདེ་མཆོག་ཨུཏྤལ་གཞོན་ནུའི་ཟུར་མིག་ཅན། །རྡོ་རྗེ་རྣོན་པོར་རབ་གྲགས་སྲིད་ཞིའི་དཔལ། །འགུགས་པ་གང་དེས་ཁྱོད་ལ་སྲུང་གྱུར་ཅིག །འདོད་ན་འདོད་བདེ་དགའ་བའི་མཐར་ཐུག་ལོ། །གང་དང་བྲལ་ན་ཀུན་དགའ་ཉིད་མིན་ཀྱེ། །སྒྱུ་རྩལ་རྒྱ་མཚོས་མཛེས་སོ་མིག་ཡངས་མ། །བདེ་བའི་མེ་ཆེན་སྦར་ལ་མཐུ་ལྡན་མཛོད། །རྟེན་དང་ཉེར་བསྡོགས་བྱེད་པའི་འཁྲུལ་འཁོར་ནི། །དགའ་བ་རྣམ་པར་འཕེལ་བའི་འབྱུང་གནས་ཏེ། །འཇིག་རྟེན་གྲངས་སུ་གནས་པ་དེའི་དང་པོ། །གྲོགས་མཆོག་ལྷ་ཡི་དགའ་ཚལ་ཡངས་པ་ཡིན། །འདི་ལ་སོ་དྲུག་རིགས་དང་བཀྲ་ཤིས་གྲངས། །ཆུ་གཏེར་དང་ལྡན་དབང་པོའི་རིམ་པ་ལས། །བདེ་ཆེན་དགའ་


MR13_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཕེལ་སླད་རྣལ་འབྱོར་མ། །ཡུལ་ན་གནས་པའི་མཚན་ཉིད་ཤེས་པར་བྱ། །རྡོ་རྗེ་ལ་སོགས་རེ་ཁཱས་རྣམ་བཀྲ་ཞིང་། །ཁྱིམ་དུ་རི་མོ་འབྲི་ཞིང་བརྡ་ལ་མཁས། །ཞི་སོགས་རིགས་མཚུངས་མཐོང་བས་བདེ་འཕེལ་མ། །དམ་ལ་གནས་པ་དཔའ་བོས་བརྟགས་ཏེ་བླང་། །པད་འདྲ་པདྨའི་དྲི་ལྡན་གདོང་པ་སྣུམ། །སྣ་རྩེ་ཏིལ་འདྲ་སེན་མོ་རབ་ཏུ་དམར། །རྒྱབ་སྒུར་རྐང་མཐིལ་ཀུན་ནས་ས་ལ་རེག །བ་སྤུ་འཁྱིལ་ལྡན་ནུ་མ་ཏིལ་འབྲས་འདྲ། །གསུས་གཉེར་གསུམ་ལྡན་བྲང་མཛེས་གླང་ཆེན་འགྲོས། །འོ་མདངས་སྐྱུར་བའི་རོ་ལྡན་རྡུལ་འབབས་མ། །དམར་བའི་མདངས་མངའ་ཡིད་འོང་གཟུགས་མཆོག་ཅན། །ཀུན་ཏུ་གྲགས་ལྡན་པདྨ་ཅན་གྱི་རིགས། །བ་ཚྭའི་དྲི་ལྡན་སྐྲ་དང་སྣ་རིང་ཞིང་། །འོ་ཞོ་ལ་དགའ་དཀར་འཛིན་ཀུན་ནས་རྒྱས། །དཀར་སེར་མདོག་ལྡན་ཡིད་འོང་ངང་པའི་འགྲོས། །བློ་གྲོས་རབ་གསལ་རཀྟ་མངར་བག་ཅན། །རྡེབ་བཞིན་སྦྱོར་བ་འདོད་པའི་བུ་མོ་ནི། །དུང་དང་མཚུངས་པར་གྱུར་གང་


MR13_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཅན་མ། །ཤ་རློན་དྲི་ལྡན་ལུས་ཆུང་བརླ་མཛེས་ཤིང་། །ངོ་ཚ་ཆུང་ཞིང་ཁྲོ་སྐྱེན་འཐབ་ལ་དགའ། །བྱ་རོག་རྐང་པ་འདྲ་བའི་རྗེ་ངར་ཅན། །མཆུ་འཕྱང་གན་རྐྱལ་ཉལ་ཞིང་ཕུག་རོན་སྐད། །སྔོ་བསང་མདོག་ལྡན་རཀྟ་ཚ་བའི་རོ། །གནག་པའི་སྐྲ་ལྡན་རི་མོ་ཅན་ཞེས་བྱ། །ཆང་གི་དྲི་འབྱུང་ལུས་དང་བྱིན་པ་སྦོམ། །ཅུང་ཟད་ཡོ་བའི་སྣ་ལྡན་མདོག་སྨུག་ཅིང་། །སྤྱོད་པ་རྩིངས་ལ་དྲི་ང་རྡུལ་སྐྱེན་མ། །ནུ་མ་གཡས་དང་གཡོན་དུ་དགྱེ་བའི་ཉམས། །ཚོ་བརྗིད་གཟི་ལྡན་ཅུང་ཟད་མཆེ་བ་ཅན། །བསྐའམ་བསྔལ་བའི་རོ་ལྡན་རྡུལ་འབབས་མ། །གླང་ཆེན་དང་འདྲ་གླང་པོ་ཅན་ཞེས་བྱ། །དེ་དག་རྣམས་ཀྱང་རབ་འབྲིང་ཐ་མ་སྟེ། །འདྲེས་པར་གྱུར་གང་སྣ་ཚོགས་གཟུགས་ཅན་མ། །གང་ཡང་ལུས་དང་སྤྱོད་ལམ་ཡིད་དུ་འོང་། །མཐོང་བས་དགའ་སྐྱེད་འགྲོགས་ན་བདེ་སྟེར་ཞིང་། །ལྟ་བས་སུན་པ་མེད་ལ་སྦྱར་བར་བྱ། །རེག་པས་མངོན་དགའ་ལུས་ཀྱི་བདེ་བའི་གནས། །གྱོ་མོའི་སྦུབས་འདྲ་རྩུབ་རིང་མི་སྡུག་གཟུགས། །རྟག་ཏུ་སྐམ་མམ་ཧ་ཅང་གཤེར་བག་འཇག །བདེ་བའི་འོས་མིན་ཆེའམ་ཆུང་བ་དང་། །དྲོད་བྲལ་ལྷོད་པོར་གྱུར་པ་སྤང་བར་བྱ། །ཟེའུ་འབྲུ་དང་བཅས་སྟེང་དུ་འབུར་བའི་དབྱིབས། །རུ་སྦལ་རྒྱབ་འདྲ་མཐུག་མཁྲང་ཡིད་དུ་འོང་། །འཇམ་ལ་སྤུ་ཉུང་ཕྱི་ན་ཁྱོན་ཡངས་ཀྱང་། །ནང་གི་བུ་ག་བད་སྙིང་བཞིན་དུ་ཟླུམ། །དུས་སུ་ཆགས་པའི་ཟིལ་འབྱུང་མྱུར་དུ་སྐམ། །དྲོད་བཅས་བུ་ག་རན་རྣམས་བདེ་བ་སྟེར། །ནོར་བུ་གཞིབས་པར་ནུས་པ་མཆོག་ཏུ་བསྔགས། །གང་ཡང་གཟུགས་དང་ན་ཚོད་མཆོག་གྱུར་ཅིང་། །ཕན་ཚུན་དགའ་ཞིང་ཆགས་པའི་ཡིད་ལྡན་ན། །འདོད་པའི་སྒྱུ་རྩལ་འཕེལ་བའི་གཞིར་འགྱུར་ཏེ། །དགའ་བའི་དུས་སྟོན་ཆར་གྱིས་རྒྱ་མཚོ་བཞིན། །བདེ་བའི་རྟེན་དུ་གྱུར་པ་དེ་དག་ཀྱང་། །མཐོང་


MR13_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགའ་འཛུམ་ངག་སྙན་དྲུང་དུ་འདུ། །ཕག་ནས་ལྟ་འཁྲི་དབྱངས་ལེན་གོ་བར་བྱེད། །དྲུང་དུ་གླལ་ཞིང་མི་བཟོད་སོར་མོ་དང་། །ལུས་ཉེང་སྐྲ་འགྲོལ་གོས་བཅོས་ནུ་མ་སྟོན། །བུས་པར་འོ་བྱེད་རྐང་པས་ས་རིས་འདྲི། །དགོད་ཅིང་ལུ་ལ་སྐ་རགས་འགྲོལ་བ་དང་། །རྨྱང་བྱེད་ཟུར་མིག་དང་བཅས་སྒེག་ཆོས་སོགས། །བུད་མེད་སྒྱུ་ཡི་དངོས་པོ་གང་ཡིན་པ། །གང་གིས་སྟོན་པ་ཐབས་ཀྱིས་དྲང་བར་ནུས། །མདོར་ན་མཐོང་བས་རང་ཉམས་བདེ་སྟེར་ཞིང་། །འགྲོགས་པས་རྩ་རླུང་སེམས་ལ་བག་ཕེབས་པ། །ཨུཏྤལ་དྲི་ལྡན་པདྨ་གཞོན་ནུའི་བཞིན། །ངང་པའི་གདངས་ལྡན་དམ་ཚིག་ཆེད་འཛིན་མ། །སྔགས་ཀྱི་བདག་པོས་དངོས་གྲུབ་ཡན་ལག་ཏུ། །རྫས་སྔགས་དམིགས་པའི་ལྕགས་ཀྱུས་དགུག་པར་འོས། །བཙས་ནས་ལྔ་ལམ་གྱུར་བ་བྱིས་པའི་ལྕེ། །གི་ཝཾ་ཀ་ར་རྨ་བྱའི་མདོངས་དང་ནི། །རང་ཁྲག་དང་བཅས་དཔྲལ་བར་བྱུགས་པས་འགུགས། །ཡང་ན་མི་ཁྱིའི་ལག་ངར་མཆོག་གཡས་གཡོན། །མེར་བསྲེགས་ཐལ་བ་གོ་བོའི་བྲུན་དང་ནི། །བྱང་བལྟའི་ཕུག་སྐྱེས་རྩ་རྩེ་ལྷོར་བསྟན་རྣམས། །ཞིབ་བཏགས་རང་གི་མི་བསྐྱོད་དང་བཅས་པ། །དཔྲལ་བར་ཐིག་ལེ་གསུམ་བྱས་གང་ལ་བལྟས། །འདིར་ཤོག་སྨྲས་གང་དེ་མ་ཐག་ཏུ་འདུན། །སྔགས་ཀྱིས་དགུག་པ་གསང་བའི་ཡི་གེ་ནི། །མན་ངག་བཞིན་དུ་བཟླས་པས་འདོད་བཞིན་བྱེད། །ཏིང་འཛིན་ལོངས་སྤྱོད་འཁོར་ལོར་ཨཱཿདམར་པོའི། །བདེ་ཆེན་ཆགས་པའི་རང་མདངས་འོད་དམར་གྱིས། །བཞུས་ནས་བདག་དང་རོ་མཉམ་བདེ་བའི་ངང་། །གསུང་གི་ཡི་གེ་དབྱངས་སུ་བརྗོད་པས་འགྲུབ། །གཉིས་པ་ཡིད་དུ་འོང་བའི་ས་ཕྱོགས་སུ། །བཅུད་དང་ལྡན་པའི་ཟས་དང་སྐོམ་བསྟེན་ལ། །བག་ཕེབས་བདེ་བའི་གནས་སུ་ཡོ་བྱད་བཅས། །དགའ་བའི་དུས་ལྡན་སྒྱུ་རྩལ་དབང་ཕྱུག་དེས། །འདོད་པའི་


MR13_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྡོགས་རྒྱལ་སྲིད་གྲངས་ལྡན་བྱ། །པདྨོ་རྣམ་པར་རྒྱས་པའི་སྤྱན་བཟང་གིས། །ཆགས་ལ་ཉེར་བསྐུལ་ཡིད་འོང་ཟུར་གྱི་མིག །སྣ་ཚོགས་བླན་ཏེ་ལྟ་བའི་རོ་མྱོང་བས། །དགའ་བའི་འཁྲི་ཤིང་སྤེལ་བ་དང་པོ་ཡིན། །འདོད་པའི་འདུན་པ་རབ་ཏུ་གསལ་བྱེད་པ། །དབྱངས་དང་དོན་གྱི་རྣམ་པ་མི་མཉམ་པས། །སྣ་ཚོགས་གྱུར་པ་(དགོད་པ་སོགས་)ཅ་ཅོའི་ངག་གི་སྒྲས། །བདེ་བའི་ཆུ་གཏེར་འཕེལ་དེ་གཉིས་པ་ཡིན། །བཅུད་ཀྱིས་རྒྱས་པར་བྱས་པའི་ཡིད་འོང་ལུས། །དག་པར་ཁྲུས་བྱས་གུ་རྒུམ་ཙནྡ་དང་། །ག་བུར་ལ་སོགས་དྲི་བསུང་ལྡན་པ་ཡིས། །བྱུགས་བས་དགའ་སྟོན་རྣམ་འཕེལ་གསུམ་པའོ། །ཡོལ་བས་བར་དུ་བཅད་བྱས་གྲོགས་མཆོག་གི། རྒྱན་དང་གླུ་གར་སོགས་ཀྱི་སྒྲ་དེ་དག །བདག་གིར་བྱས་པས་སྙིང་ལ་འདོད་པའི་མེ། །དྲག་ཏུ་སྦར་བར་བྱས་གང་བཞི་བ་ཉིད། །ཡིད་དུ་འོང་བའི་གཟུགས་དང་བསུང་ཞིམ་དྲི། །སྙན་པའི་གླུ་སོགས་དེ་ཡི་འདོད་ཡོན་ལྔ། །མདུན་ན་བསྟར་བྱས་དེ་ལ་ཡིད་ཞུགས་པས། །རྩེ་གཅིག་དགའ་བར་བྱེད་པ་ལྔ་པ་ཡིན། །རྩེད་འཇོ་དང་ནི་དགའ་མགུར་སྤྱོད་ལ་སོགས། །སྔོན་ཚེ་རང་ཉམས་བསྟར་པའི་རི་བོང་གཟུགས། །དྲན་པའི་ཟླ་ཤེལ་ངོས་ལ་གསལ་བཀོད་པས། །ཀུན་དགའི་རོ་དང་ལྡན་པ་དྲུག་པ་ཡིན། །ཕན་ཚུན་འདོད་ལ་འདུན་པས་ཉེར་བསྐུལ་བས། །རེག་བྱའི་དགའ་སྟོན་ཉམས་སུ་བསྟར་བ་ལ། །ཉེ་བར་ཕྱོགས་པའི་འདུ་(ལག་བཅང་སོགས་)འགོད་སྣ་ཚོགས་པ། །ཉམས་སུ་མྱོང་བ་དེ་དག་བདུན་པའོ། །ཡིད་འོང་ཡུལ་གཅིག་གིས་ཀྱང་ཚིམ་བྱེད་ན། །ལྔ་ཆར་ཚང་བའི་སྨིན་ལེགས་སྨོས་ཅི་འཚལ། །ལང་ཚོའི་དུས་ལྡན་རང་དབང་གྱུར་པའི་གྲོགས། །ཡུལ་གྱིས་ཡིད་ལ་གནོད་པ་ཆུང་ངུའང་མེད། །རོ་ཙའི་སྦྱོར་བ་ཉེ་བར་ལྡན་གྱུར་པས། །འདོད་པའི་དགའ་བ་ཡོངས་སུ་རྫོགས་པར་བྱེད། །མ་མྱོངས་སྦྲང་རྩི་


MR13_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མིད་པས་དགའ་སྐྱེད་མིན། །སྒྱུ་རྩལ་བྲལ་ལ་མཆོག་གི་བདེ་བ་མེད། །དེ་ཕྱིར་བརྒྱད་ལས་བརྒྱད་དུ་ཕྱེ་བ་ཡི། །དྲུག་ཅུ་རྩ་བཞིར་དྲང་སྲོང་གིས་བཤད་པའི། །སྒྱུ་རྩལ་ཆོ་ག་མཁས་པར་མ་བྱས་པར། །འཁྲིག་པར་བྱེད་པ་ཕྱུགས་ཀྱི་ངང་ཚུལ་ཡིན། །གསུམ་པ་སྦྱོར་བའི་སྒྱུ་རྩལ་དང་། །བདེ་བའི་ཡན་ལག་ཕུན་ཚོགས་ལྡན། །བྱེད་བཅིང་པ་ཡི་བདེ་མྱོང་བ། །ཡོན་ཏན་གྲངས་ཀྱིས་རྣམ་པར་བཤད། །འཁྱུད་དང་འོ་བྱེད་སེན་མོས་རྩེན། །སོ་འདེབས་འཇུག་དང་སིད་སྒྲ་འབྱིན། །ཉེད་དང་སྐྱེས་པ་ལྟར་བྱེད་པ། །བརྒྱད་པོ་འདི་དག་རྩ་བ་ཡིན། །དང་པོ་ལ་ཡང་རྣམ་པ་བརྒྱད། །གདོང་བལྟ་དགའ་བའི་སེམས་བཅས་སུ། །འགྲོ་ན་དོག་པོའི་ཟོལ་གྱིས་ནི། །ལུས་ཀྱི་ཆ་ཙམ་འཕྲད་བྱེད་པ། །རེག་པ་ཅན་ཞེས་བྱ་བར་བརྗོད། །གང་དུ་འདུག་ལ་ནུ་མས་རེག །དེས་ཀྱང་དེ་བཟུང་འབིགས་པ་ཅན། །མཐུན་བའི་གཏམ་བཅས་ཡུད་ཙམ་དུ། །ལུས་དྲུད་ཉེ་བར་འདར་བ་ཅན། །རྩིག་སོགས་ལ་བརྟེན་འཁྱུད་ཅིང་འཚིར། །སོས་འདེབས་གཟིར་བ་ཅན་ཞེས་བྱ། །ལག་པས་མགོ་བོ་བཀུག་ནས་འཁྱུད། །སིད་བཅས་འོ་བྱེད་འཁྲི་ཤིང་ཞོན། །ལངས་ལ་རྐང་པས་རྐང་བོལ་བརྫིས། །རྐང་པ་ཡ་གཅིག་འཁྱུད་ནས་སུ། །ལག་པས་མགོ་བཀུག་འོ་བྱེད་པ། །ཤིང་ཐོག་ལེན་ཞེས་འདྲ་བའི་མིང་། །ཐང་པ་ཉལ་ནས་ཕན་ཚུན་གྱི། །ལྟོ་དང་བརླ་སོགས་ལེགས་སྦྱར་ཏེ། །ལག་པ་རྒྱབ་འཁྱུད་འོ་བྱ་བ། །ཏིལ་འབྲས་ལྟ་བུའི་འཁྱུད་པར་བཤད། །གཅིག་གི་འདོམས་སུ་གཅིག་ཞུགས་ཏེ། །ཀུན་འཁྱུད་ཆགས་མྱོས་ཁྲི་འོ་ཆུ་ལྟར་འདྲེས་པའང་ཟེར་ར་ཛ། །དེ་དག་འཁྱུད་པའམ་རོལ་བ་ཡིན། །གཉིས་པ་འོ་བྱེད་བརྒྱད་པོ་ནི། །གནས་ཀྱི་དབང་གིས་བྱེ་བ་སྟེ། །ཁ་དང་མགྲིན་པ་ནུ་མ་དང་། །མཆན་ཁུང་རྐེད་པ་རྒྱབ་ཁུང་དང་། །སྣ་དང་མཁུར་ཚོས་


MR13_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པདྨར་བཅས། །ཁ་ཡིས་འོ་བྱ་ཆགས་པའི་སྒྲ། །འབྱིན་པ་ཝརྟི་ཀ་ཡིས་བཞིན། །ཀུན་ཏུ་ཆགས་པ་སྤེལ་བའོ། །སེན་མོ་འདེབས་པའི་ཚུལ་བརྒྱད་ནི། །བ་སྤུ་ལྡང་ཕྱིར་གཞོན་ནུ་མར། །རྣ་དྲུང་ནུ་མ་མཆུ་སོགས་སུ། །ཟོར་ཡང་སོར་མོས་འབྲས་ཀྱི་ནི། །གཟེགས་མའི་རྗེས་ཙམ་མངོན་བྱེད་པ། །དྲལ་བ་ཞེས་སུ་བྱ་བར་བརྗོད། །མགྲིན་པ་ནུ་མ་རྒྱབ་སོགས་སུ། །རི་མོ་ཡོན་པོར་བྲི་བ་ནི། །ཟླ་ཕྱེད་ཅེས་བྱ་གཡའ་ལྡངས་ཞིང་། །དྲེགས་བྲལ་སེམས་ནི་གཡོ་བར་བྱེད། །དེ་འདྲ་ཐ་དཀར་དྲང་པོར་བྲིས། །དཀྱིལ་འཁོར་ཞེས་སུ་མངོན་པར་བརྗོད། །ལྟེ་བའི་རྩ་བ་དཔྱི་ཡི་སྟེང་། །ཚང་ར་ལ་སོགས་གནས་དག་ཏུ། །ཀུན་ཏུ་རིང་བའི་རེ་ཁཱ་བཀོད། །རི་མོ་རིང་པོ་ཞེས་བྱའོ། །དེ་ཉིད་ཡོན་པོར་བྲིས་པ་ན། །སྟག་གི་སེན་རྗེས་ཅེས་སུ་འདོད། །ནུ་མ་རྒྱབ་དང་ཀོས་ཀོའི་འོག། རྒྱ་གྲམ་ལྟ་བུའི་རྗེས་མངོན་པར། །གང་བྲིས་རྨ་བྱའི་རྐང་རྗེས་ཞེས། །བརྡ་ཤེས་དྲང་སྲོང་རྣམས་ཀྱིས་བརྗོད། །ཚུལ་དེས་ནུ་མ་ལ་སོགས་སུ། །སེན་མོ་ལྔ་ཡི་རི་མོ་ནི། །ཤ་ཡིག་གཉིས་པའི་རྗེས་ལྟ་བུར། །མངོན་བྱས་རི་བོང་འཕྱོང་བར་བརྗོད། །དགའ་བའི་རོ་ནི་བསྐུལ་བའི་ཕྱིར། །ནུ་མ་རྒྱབ་དང་རྐེད་པར་ཡང་། །ཨུཏྤལ་འདབ་འདྲའི་གཟུགས་བྲིས་པ། །ཨུཏྤལ་འདབ་མ་ཞེས་སུ་བཤད། །གང་ཕྱིར་སོ་དང་སེན་མོས་རྣམ་བཏབ་པ། །མྱོས་བྱེད་ལྕགས་ཀྱུའི་རྣམ་པ་མི་ལྡན་ཡང་། །གང་ལ་བཏབ་པའི་ཡིད་དབང་མྱོས་བྱེད་ཅིང་། །མཐོང་བ་ཙམ་གྱིས་ཆགས་ལྡན་མིག་ནས་འགུགས། །དགའ་བའི་ཆུ་གཏེར་དག་ཀྱང་རྒྱས་བྱེད་ལ། །ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ་བར་བྱེད། །དེ་ཕྱིར་ཐོག་མར་ཕྲད་དང་མགྲོན་ཕྱིན་དང་། །དགའ་བ་གཡོ་བའི་དུས་སུ་སྦྱར་བར་བྱ། །བཞི་པ་སོ་ཡིས་གདབ་ལ་བརྒྱད། །ཆགས་པས་ཤིན་ཏུ་དམར་བར་ནི། །འདེབས་པར་མུ་ཁ་ཅན་


MR13_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱ། ལ་ཀཾ་ཞེས་བྱ། །དེ་ལས་མཆུ་དབུས་སོ་ཡི་རྗེས། །དོད་ཙམ་ཅུང་ཟད་བཙིར་བར་ནི། །འདེབས་པ་ཀྱི་ཤུས་སྐྲངས་པ་ཞེས། །བྱ་བར་ཡོངས་སུ་བརྗོད་པ་ཡིན། །མཆུ་དང་སོ་གཉིས་ཁ་སྦྱར་ནས། །འགྲམ་ངོས་འདེབས་པ་མཆུ་སོ་ཞེས། །བྱ་སྟེ་བྱེ་རུའི་ནོར་བུར་ཡང་། །འབོད་པ་སྒྲ་སྒྱུར་འགའ་ལ་གྲགས། །ཕྱོགས་དེར་སོ་ཕྲེང་གཉིས་ཀྱིས་ནི། །མངོན་ཙམ་འདེབས་པ་སོ་ཕྲེང་ཡིན། །ཁ་ཅིག་མ་ཎི་མཱ་ལ་ཞེས། །ནོར་བུའི་ཕྲེང་བ་ཉིད་དུ་འབོད། །མཆེ་བ་གཉིས་ཀྱི་རྗེས་ཙམ་ནི། །གསལ་བར་འདེབས་པ་ཐིག་ལེ་ཅན། །རྐེད་པ་ན་མཚོང་མགྲིན་སོགས་དང་། །དཔྲལ་བར་སོ་རྣམས་ཀུན་གྱི་རྗེས། །མངོན་ཙམ་འདེབས་པར་བྱེད་པ་ནི། །ཐིག་ལེའི་ཕྲེང་བ་ཞེས་བྱའོ། །ནུ་མ་དང་ནི་རྒྱབ་དག་ཏུ། །སྤྲིན་གྱི་དཀྱིལ་འཁོར་དབྱིབས་ལྟ་བུར། །མ་ངེས་འཆོལ་བར་སོས་བཏབ་པ། །སྤྲིན་གྱི་དུམ་བུ་ཞེས་སུ་བརྗོད། །མཆན་ཁུང་སེན་མོས་བཏབ་རྗེས་སུ། །སོ་ཡིས་ཡུན་རིང་འདེབས་བྱེད་དོ། །ཕག་གིས་རྨུགས་པ་ཞེས་བྱ་སྟེ། །མཆིལ་པ་བོང་བུ་བཞིན་ཆགས་པའོ། །སོ་སེན་གདབ་པའི་གནས་དག་ཀྱང་། །རྣ་དྲུང་མགུལ་པ་མཆན་ཁུང་དང་། །ནུ་མ་རྒྱབ་དང་གསང་བ་དང་། །སྐེད་པ་བརླ་དང་བཅས་པ་སྟེ། །གཡའ་ཟའི་གནས་སུ་ངེས་པར་སྦྱར། །མདོར་ན་མིག་གཉིས་ཡ་མཆུ་དག །མ་གཏོགས་གར་འདོད་གནས་སུ་གདབ། །འདོད་པའི་འཁོར་ལོར་ཞུགས་པ་ལ། །གནས་ལ་ངེས་པ་ཡོད་མ་ཡིན། །ཡང་དག་འཇུག་པ་བརྒྱད་པོ་ནི། །མཁའ་གསང་རབ་ཏུ་སྦྱར་བ་སྟེ། །ཆགས་པ་སྲ་བ་བསྐུལ་ཕྱིར་དང་། །མི་བཟོད་བདེ་བ་འཕེལ་ཕྱིར་བྱ། །ལྟོ་སྦྱར་རྡོ་རྗེ་ཡོན་པོར་བཅུག །གསེག་སྟེ་དྲུད་པ་ཉེ་རོག་ཅན། །ལག་པས་རྟགས་ཀྱི་རྩ་བར་བཟུང་། །ཕྱོགས་ཀུན་བསྐོར་བ་སྲུབ་


MR13_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད། །བུ་མོ་རྐང་བརྐྱང་གན་རྐྱལ་ལ། །སྐྱེས་པས་ཕུར་ཐབས་གཟུགས་པ་ནི། །ཧུ་ལ་ཞེས་སུ་བྱ་བ་སྟེ། །འཇུག་པ་དག་ཏུ་ཉེ་བར་བརྗོད། །དེ་ནས་དགའ་བཅས་བསྐྱོད་བྱས་བ། །ཆེར་སྲུབ་བ་ཞེས་བྱ་བར་འདོད། །ལིངྒ་བཅུག་ནས་ཡུན་རིང་དུ། །བསྡམས་ཏེ་གནས་པ་གཟིར་ལྡེམ་ཡིན། །ལིངྒ་རིང་དུ་ཕྱིར་ཕྱུང་ནས། །སླར་ཡང་དྲག་ཏུ་འཇུག་ཅིང་རྡེབ། །རབ་ཏུ་སྣུན་པར་བྱེད་པས་ན། །ནིར་ཁ་རབ་བསྣུན་ཏ་ཞེས་བྱ་བར་བརྗོད། །ལན་གཅིག་བཅུག་ནས་དེ་མ་ཐག །གསུམ་མམ་བཞིར་བརྡབ་སླར་ཡང་ནི། །གསུམ་མམ་ལན་བཞིར་འབྱིན་འཇུག་བྱེད། །མཆིལ་པ་ལྟར་བྱེད་དེའི་ཡན་ལག །ཕན་ཚུན་གཉིས་ཀས་རྡེབ་པ་ནི། །རྡེབ་ཅིང་བསྣུན་པ་ཞེས་བྱའོ། །གྱེན་དུ་འགྲེང་ཞིང་དལ་བུས་གཞུག །རྡེབ་པར་བྱེད་པ་ཕག་ལྟར་བསྣུན། །སིད་ཀྱི་སྒྲ་འབྱིན་རྣམ་པ་བརྒྱད། །ངུ་དང་འཁུན་བྱེད་གདུང་བྱེད་དང་། །དབྱངས་ཅན་དང་ནི་ཨ་ཝརྟ། །ཝརྞ་ཨ་རྡ་གྲོལ་བ་ཆུང་། །ཨ་ལམ་ཨརྦ་ཞེས་བྱ་བ། །རིམ་བཞིན་ཕུག་རོན་ཁུ་བྱུག་དང་། །ཧ་རི་ཏ་དང་སོ་བྱ་དང་། །བུང་བ་ངང་སྐྱ་ཐི་བ་དང་། །ལ་བ་ཀ་ཡི་སྐད་དང་སྦྱར། །དེ་ཡང་ཁོང་ན་གནས་པ་དང་། །ངག་ཏུ་གསལ་པོར་དབྱུང་བ་ཡི། །ཆགས་པ་ཅན་གྱི་དབྱངས་ལ་ནི། །ངེས་མེད་ཅི་དགར་བརྗོད་པར་བྱ། །རྩ་གནས་བདེ་བའི་རང་མདངས་སྒྲ། །ཧ་སིད་ཨ་ཧཾ་ཧྲིཾ་ཧ་སོགས། །མ་བཅོས་ངག་གི་རོལ་མོ་ནི། །ཇི་ལྟར་འབྱུང་བ་འགོག་མེད་བརྗོད། །རྣམ་འགྱུར་སྣ་ཚོགས་ཀྱང་དེ་འདྲ། །སྐྱེས་བུས་བསྣུན་དང་སིད་སྒྲ་སོགས། །གང་བྱས་ལན་དུ་བུ་མོ་ནི། །ཆགས་ལྡན་བསྟན་བཅོས་བྱང་བ་ཡིས། །སླར་ཡང་བསྣུན་སོགས་སྒྱུ་རྩལ་ལན། །མིག་འཕྲུལ་ལྟ་བུར་སྦྱར་བར་བྱ། །འོ་བྱ་བ་ཡི་གནས་བརྒྱད་ཀྱི། །དབྱེ་བས་ཉེད་པའང་རྣམ་པ་བརྒྱད། །ཁུ་ཚུལ་


MR13_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་གྲུ་མོ་དང་། །སྟ་ཟུར་མཁུར་བ་ལ་སོགས་པས། །ཉེད་ཅིང་སིད་ཀྱི་སྒྲ་བཅས་པར། །ཆགས་པའི་བདེ་བ་བསྐུལ་བར་བྱ། །གྲང་བའི་དབུགས་དང་བཅས་ནས་སུ། །ཤིན་ཏུ་འཚིར་ཞིང་ཉེད་པ་ནི། །ཡུན་རིང་བདེ་བའི་གནས་སུ་བྱ། །བདེ་བ་མཆོག་ཏུ་སྤེལ་བྱེད་པའོ། །གལ་ཏེ་སྐྱེས་བུ་ངལ་བའམ། །ཡང་ན་ཆགས་འཕེལ་ཕྱིར་ཡང་ནི། །ཆགས་ལྡན་བུད་མེད་རྣམས་ཀྱིས་ནི། །སྐྱེས་བུའི་བྱ་བ་བྱེད་པ་ལ། །སྐྱེས་པ་ལྟར་བྱེད་ཅེས་བྱ་སྟེ། །དེ་ཡང་རྣམ་པ་བརྒྱད་དུ་བརྗོད། །སྐྱེས་པ་འདུག་ནས་བུད་མེད་ཀྱིས། །བསྐྱོད་པ་ལ་ནི་དྲུད་པར་བརྗོད། །ཡུན་རིང་སྡུད་ཅིང་འཚིར་བ་ནི། །འཚིར་བ་ཞེས་སུ་མངོན་པར་བརྗོད། །འཁྲུལ་འཁོར་དང་བཅས་འཁོར་ལོ ལྟར། །བསྐོར་བ་ལ་ནི་བསྐོར་བར་འདོད། །བརླ་དང་བྱིན་པ་ཕན་ཚུན་བསྣོལ། །ཀུན་ཏུ་བསྐོར་བ་བརླ་དང་ནི། །བྱིན་པས་བསྐོར་བ་ཞེས་བྱའོ། །དེ་ཚེ་སྐྱེས་བུ་ངལ་གྱུར་ན། །ངལ་གསོའི་ཆེད་དུ་དལ་འདུག་ནས། །སླར་ཡང་འཇུག་པར་བྱེད་པ་ནི། །ངལ་གསོ་ཅན་ཞེས་བྱ་བར་བཤད། །སྐྱེས་བུའི་སྟེང་ནས་མར་སྤྱོད་པ། །ཁྱུང་ལྡིང་དག་ཏུ་མངོན་པར་བརྗོད། །རྐང་ལག་བརྐྱངས་ནས་བྱེད་པ་ནི། །ཤིན་ཏུ་བརྐྱང་བ་ཞེས་པར་འདོད། །པང་དུ་རྒྱབ་ནས་སྤྱོད་བྱེད་པ། །གྲོང་གི་བྱ་བ་ཞེས་བྱའོ། །དེ་ལྟར་སྒྱུ་རྩལ་དྲུག་ཅུ་བཞིས། །མཚོན་ནས་འདོད་པའི་རྣམ་འགྱུར་མཐའ། །སྣ་ཚོགས་ཇི་ལྟར་འདོད་པ་ཡིས། །འདོད་པའི་དགའ་བ་སྤེལ་བར་བྱ། །གཞན་ཡང་འདི་ལྟར་ལུང་ལས་བཤད་པ་ཡི། །བསམ་པས་འགྱུར་བའི་ལྟ་སྟངས་སོ་དྲུག་དང་། །བྱེད་པའི་རྣམ་པ་བརྒྱ་དང་བརྒྱད་ཉིད་དེ། །ལུས་བསྒྱུར་སོ་གཉིས་དབྱུང་བ་བཞི་ལ་སོགས། །རྣམ་པའི་དབྱེ་བ་གྲངས་མེད་གནས་པ་ལ། །ཇི་ལྟར་རིགས་པར་མཁས་ཤིང་གོམས་པར་བྱ། །གཉིས་པ་ཕུན་ཚོགས་


MR13_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཐབས་བསྒྲུབ་པ། །དང་པོར་དོགས་མེད་ཤིན་ཏུ་བག་ཕེབས་གནས། །མེ་ཏོག་འཁྲི་ཤིང་རྒྱས་པའི་སྐྱེད་མོས་ཚལ། །ནེའུ་གསེང་འབབ་ཆུ་དྲི་ཞིམ་པ་ཡི་གཞིར། །གློག་བཅས་འབྲུག་སྒྲ་གཡོ་བའི་སྤྲིན་ཕྲེང་གིས། །བླ་རེ་མངོན་མཛེས་དགའ་བའི་ས་ཕྱོགས་སུ། །རྣམ་མང་བཀོད་པས་མཛེས་ལྡན་ཁང་པར་ནི། །ཁྲུས་བྱས་བདེ་བའི་སྟན་ལ་འདུག་ནས་སུ། །གླ་རྩི་ག་བུར་ཙནྡ་ན་གུར་གུམ་སོགས། །དྲི་ཞིམ་སྨན་གྱིས་ལུས་བྱུགས་མཁུར་བཀང་ལ། །གོས་བཟང་རྒྱན་གྱིས་སྤྲས་བཅས་གླུ་དབྱངས་སོགས། །བདེ་བ་སྤེལ་བའི་ཐབས་ལ་བརྟེན་པར་བྱ། །རྒྱུ་སྐར་སྨིན་དྲུག་མགོ་དང་ཝ་དང་ནི། །རྟ་ཆུང་བྲེ་དང་ཕུལ་གྱི་དུས་དག་དང་། །ཁྱད་པར་ཉི་ཟླ་འཕོ་བའི་དུས་མཚམས་སུ། །འཁྲིག་པ་སྤངས་ལ་དགའ་བའི་དུས་སུ་སྦྱར། །སྲིད་བཅུད་རྩ་བ་དྲུག་དང་ཤིང་མངར་བཅས། །འོ་མར་གདུས་འཐུང་བདེ་བའི་རོ་ཉམས་དང་། །ལང་ཚོར་བཅས་པ་དཀར་ཕྱོགས་ཟླ་བཞིན་འཕེལ། །ད་བྱིད་རྩངས་པ་བྱེའུའི་ཤ་དང་ནི། །ཐུག་འབྲས་སྣ་ཚོགས་འོ་མས་རོ་ཚར་བྱེད། །ཤིང་མངར་སྦྲང་རྩི་འོ་མར་བཅས་པའམ། །པི་ལིང་སྐྱུ་རུ་ཤ་ཁ་ར་དང་བཅས། །ཡང་ན་ཅོང་ཞི་ཤིང་མངར་དབང་པོ་ལག །འབྲས་དཀར་འོ་མར་བཏབ་བསྐོལ་སྔགས་འདི་ཉིད། །ཨོཾ་ཙ་ལ་ཙ་ལ་སྭཱ་ཧཱ། །སྟོང་བཟླས་བཏབ་འཐུང་བདེ་འཕེལ་དངོས་གྲུབ་འཐོབ། །ལྷ་མོ་དུང་ཅན་སྔགས་འདིས་འཁྲིད་ཞུགས་ལ། །དངོས་གྲུབ་སྟེར་ཕྱིར་དུང་ཅན་མ་སོགས་ལ་བསྲུབ་སོགས་དུས་སུ་བཟླ་སྟོང་ཕྲག་གཉིས་འདོད་ཆགས་ལྷ་མོའི་རཀྟ་འཛག་པ་དང་། །ལྷ་ཆེན་མཚན་མ་ས་ལས་སྐྱེས་པ་ཡི། །མི་ཡི་ལྕེ་དང་དབང་པོའི་ལག་པ་དང་། །སྲིད་པའི་ཁུ་བ་མཉམ་སྦྱར་རིལ་བུ་ལ། །ཡི་དམ་སྔགས་ལ་འདི་གདགས་བཟླས་ཏེ་བཟའ། །ཨོཾ་རཱ་ག་རཱ་ག་མ་ཧཱ་རཱ་ག་ཛྭ་ལ་ཛྭ་ལ་ཡེ་སྭཱ་ཧཱ། །འདོད་པའི་མེ་


MR13_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆེས་ཆེར་ངེས་པར་འབར། །ཡང་ན་སྟར་བུ་དབང་ལག་ཅོང་ཞི་རྣམས། །འོ་མར་བཏབ་འཐུང་ཧ་རི་ནི་ས་བཟླ། །དེས་ཀྱང་ཆགས་པ་ཆེ་བར་འགྱུར་བ་ཡིན། །ཧ་ཅང་ཆགས་པས་གཡོ་བར་གྱུར་པ་ན། །སྙིང་གར་བླ་མའི་ངོ་བོ་བྃ་ཡིག་ལས། །ཆགས་བྲལ་བདུད་རྩི་དཀར་པོས་ལུས་གང་ནས། །བསིལ་ལྟེམ་སོང་བས་ཆགས་དཔལ་དམར་མདངས་རྣམས། །མཁའ་ལ་འཇའ་ཚོན་བཞིན་དུ་ཡལ་བར་བསམ། །ཡང་ན་ཡུང་བ་བྱང་བུལ་མ་ནུ་རྣམས། །ལྟོ་སྟོངས་ཆུ་བསྐོལ་གྱིས་དབུལ་འབྲུ་བཞི་བཟླ། །བདེ་བ་མཆོག་ཏུ་སྤེལ་བའི་མན་ངག་ནི། །དཀར་པོའི་ཚེས་གཅིག་ནས་བརྩམས་བཅོ་ལྔའི་བར། །ཐབས་ཀྱི་གཡས་དང་ཤེས་རབ་གཡོན་གཙོ་བར། །བདེ་ཆེན་ཐིག་ལེ་སྔགས་ཀྱི་གཟུགས་གནས་ཕ། །མཐེ་བོང་ཨ་དང་རྗེ་ངར་ཨཱ་ཡི་གཟུགས། །བརླ་ལ་ཨི་དང་གསང་བར་ཨཱི་ཡིག་དང་། །ལྟེ་སྙིང་ཨུ་ཨཱུ་ནུ་ལག་རྀ་དང་རཱྀ། །མགྲིན་མཆུ་ལྀ་ལཱྀ་མཁུར་ཚོས་མིག་ཨེ་ཨཻ། །རྣ་བར་ཨོ་དང་སྤྱི་བོར་ཨཽ་ཉིད་དེ། །བཅོ་ལྔ་སྤྱི་གཙུག་ཨཾ་གི་གཟུགས་ཀྱིས་གནས། །མཚམས་སུ་ཨཿཡིས་ལུས་ཀུན་ཁྱབ་པའོ། །མར་ངོར་ལྡོག་སྟེ་བརྒྱད་གཉིས་སྤྱི་བོར་ཨ། །སྟོང་ལ་རྐང་མཐིལ་ཨཾ་དང་མཚམས་སུ་ཨཿ །གང་ཡིན་གནས་དེར་དྭངས་མའི་སྔགས་ཀྱི་གཟུགས། །དཀར་དམར་ཐིག་ལེའི་དབུས་སུ་རྣམ་གནས་པ། །མཚུངས་མེད་བདེ་བ་ཆེན་པོའི་གཟི་བྱིན་ཅན། །དེར་ནི་ཡུན་རིང་རྩེ་གཅིག་སེམས་བཟུང་ནས། །རབ་འབར་ཕྲེང་བ་འཁྲུགས་པའི་འོད་ཟེར་གྱིས། །བརྟན་གཡོའི་དྭངས་བཅུད་བསྡུས་ནས་དེར་བསྟིམས་ཞིང་། །མཆོག་ཏུ་དགའ་བས་ཉེད་ཅིང་འོ་བྱ་སོགས། །གནས་དེར་ལྷག་པར་བྱས་པས་བདེ་འཕེལ་ཞིང་། །ཚེ་མདངས་སྟོབས་ལྡན་དངོས་གྲུབ་མཆོག་


MR13_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐོབ། །ཞུན་མར་བདུད་རྩིའི་རྫས་ཀྱང་གནས་དེར་བྱུག །ཁྱད་པར་སྤྱི་བོར་གནས་ཙམ་ཞུན་མར་དང་། །གླ་རྩི་ཙནྡན་དཀར་པོས་ལེགས་པར་བྱུག །བསིལ་ཟེར་བྱེད་པའི་འོད་ལ་འདེ་བར་བྱ། །སྟོང་ལ་འབྲུ་མར་སྣ་ཚོགས་སྦྲང་རྩི་དང་། །ཛཱ་ཏི་སྦྱར་བའི་ལྡེ་གུས་རྐང་མཐིལ་བྱུག །ཉི་མར་བསྲོ་ཞིང་འཕུར་ན་ཁམས་སྙོམས་ཤིང་། །བཅུད་དང་དྭངས་མ་ཚེ་དང་བདེ་བ་འཕེལ། །བདེ་བའི་རྟེན་མཆོག་ཀུནྡ་ལྟ་བུ་ནི། །སྲུང་དང་འཕེལ་བའི་ཐབས་ལ་ཅི་ནས་འབད། །དེ་བྲལ་རླན་གྱིས་བཏང་བའི་ལྗོན་པ་བཞིན། །བདེ་བའི་མེ་ཏོག་འབྲས་བུ་གསལ་མི་འགྱུར། །རྣལ་འབྱོར་པ་ནི་དྲུག་ཅུར་དྲོད་བྲལ་ཞིང་། །བདུན་ཅུ་ལ་ནི་བདེ་བ་དང་ཡང་འབྲལ། །བུད་མེད་ལྔ་བཅུར་དྲོད་དང་དྲུག་ཅུ་ལ། །བདེ་བ་འབྲལ་ཕྱིར་ལང་ཚོའི་དུས་ཉིད་དུ། །མཆོག་ཏུ་རྙེད་པར་དཀའ་བའི་བདེ་ཆེན་བཙལ། །གལ་ཏེ་འདུ་བྱེད་རྙིང་པར་གྱུར་ན་ཡང་། །རྫས་སྔགས་དམིགས་པའི་ཐབས་ཀྱིས་གསོས་བྱས་ནས། །མཆོག་དགའི་རྟེན་ལས་བདེ་བ་བསྒྲུབ་པར་བྱ། །ནོར་བུ་ལེགས་བཀྲུས་ཞུན་མར་བཀུ་མཉེར་བཅས། །མེ་ལ་བསྲོས་བྱས་བདེ་བའི་མྱུ་གུ་རྒྱས། །ད་བྱིད་སྡིག་སྲིན་མཆིལ་པའི་ཤ་མཉམ་པ། །སྦྲང་སྦྱར་རིལ་བུ་ལྕམ་པའི་ཐང་གིས་དབུལ། །སྦྲང་སྨྱོན་ཁ་ཤོག་པ་དང་ཐང་ཕྲོམ་འབྲུ། །དངུལ་ཆུ་དུལ་མ་མར་རྙིང་སྦྱར་ནས་སུ། །ཉིན་མོར་རྟགས་བྱུགས་བསྲོ་ཞིང་མཉེ་བྱས་ལ། །མཚན་མོར་རོལ་ན་ནོར་བུ་ཆེར་རྒྱས་ཤིང་། །མི་བཟོད་བདེ་བ་མཆོག་ཀྱང་འབར་བར་བྱེད། །དབྱུང་བར་དཀའ་ན་རྒྱ་སྐྱེགས་བྱང་བུལ་དང་། །ཚྭ་ལ་ཆ་མཉམ་ཞུ་མཁན་ཆུ་ཡིས་དབུལ། །བུ་རམ་རིལ་བུ་སྲན་ཙམ་བཏང་བས་འཐོན། །འོད་ལྡན་ག་བུར་གླ་རྩི་ཤིང་ཚ་དང་། །ནུ་ཞོ་སྦྱར་བྱུགས་སྦོམ་ཞིང་བདེ་བ་འཕེལ། །


MR13_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མོན་སྲན་གྲེའུ་གཟེ་མ་སྡིག་སྲིན་གསུམ། །ཆ་མཉམ་བསྐོལ་འཐུང་རྡོ་རྗེ་རྟག་ཏུ་འགྲེང་། །གལ་ཏེ་རྡོ་རྗེ་ཆུང་བར་འདོད་པ་ན། །སྲན་མའི་མེ་ཏོག་ལུག་གི་བུ་སྣོད་དང་། །རྟ་ཤ་ཆ་མཉམ་ལོ་བརྒྱད་དྲི་ཆུས་དབུལ། །ཨུག་ཆོས་སྤང་རྒྱན་ཤང་ཤང་མེ་ཏོག་གསུམ། །ཟུམ་པར་བཏུས་ལ་རྟག་ཏུ་ངུ་དང་ནི། །བྱ་ཕོ་མཚལ་བུའི་ཨོག་ཞོལ་སྦྱར་བ་དེ། །བུ་མོར་བྱིན་པས་པདྨ་ཟུམ་པར་བྱེད། །གལ་ཏེ་རྡོ་རྗེས་ཕིགས་པར་མ་གྱུར་ན། །སྔ་མའི་མེ་ཏོག་གསུམ་པོ་ཁ་བྱེ་བ། །བྱ་ཕོའི་ཟེ་བ་གཡེར་མ་ཆང་སྦྱར་བཏང་། །ཚུལ་འདིས་མེ་ཏོག་ཁ་འབྱེད་ཡངས་པར་བྱེད། །གཞན་ཡང་ཁྱིམ་བྱའི་ཚིལ་བུ་ཏིལ་མར་དང་། །བྱེའུའི་ཤ་སྦྱར་པདྨར་བསྐུས་ན་དམ། །དེ་སྟེང་བྱི་ལའི་གཞང་ཚིལ་བསྣན་ན་མཆོག །ལྕུམ་རྩའི་ཕྱེ་མ་བཏབ་པས་ཆུང་བར་བྱེད། །ཆ་ག་པ་ཡི་ཕྱེ་མས་མཆོག་ཏུ་སྡོམ། །གལ་ཏེ་དྲོད་དང་བྲལ་ན་ཚ་བ་གསུམ། །རྩ་བ་ལྔ་སྦྱར་སྨན་མང་བཅུད་ཀྱིས་གསོ། །གླ་རྩི་ཤིང་ཚ་པི་ལིང་ནུ་ཞོ་བྱུག །དོག་པོར་གྱུར་ན་བཅོས་མའི་རྡོ་རྗེ་ནི། །རྒྱུ་རློན་བཀླུབས་པ་སོགས་ཀྱིས་དལ་བུར་དབྱེ། །རྩ་ཁ་འབྱེད་པའི་སྨན་གྱིས་ཡངས་པར་བྱ། །སེང་དཀར་ལིངྒ་ག་བུར་ཤིང་མངར་དང་། །ཙནྡན་དཀར་པོ་བྱ་བྲ་རྩི་བཞིན་བཏགས། །སྦྲང་སྨྱོན་སྦྱར་བས་རྟགས་བསྐུས་སྦོམ་རིང་མཁྲང་། །མི་ཟད་བདེ་བ་ཆེས་ཆེར་རྒྱས་པར་བྱེད། །མཚེ་དང་བུ་རམ་བྱ་བྲུན་སྡོང་རོས་དང་། །རྒྱ་ཚྭ་ཞིབ་བཏགས་ཆུར་སྦྱར་བྱུགས་ཀྱང་མཆོག །ཡང་ན་ཟེ་ཚྭ་སྦྲང་རྩི་ཕུག་རོན་བྲུན། །ཡང་ན་སྒོག་གཅིག་རྒྱ་སྐྱེགས་ཕག་ཚིལ་སྦྱར། །ཡང་ན་གཡེར་མ་རྒྱ་ཚྭ་དྭ་བའི་འབྲས། །དེ་དག་རྣམས་ཀྱིས་ནི་གུ་རྟ་སྐད་འབྱིན། །ཐམས་ཅད་བདེ་བ་སྐྱེད་པའི་སྨན་དུ་བཤད། །ག་བུར་ཚྭ་ལ་ཤིང་མངར་ཕུག་རོན་བྲུན། །ཁྱི་དཀར་ལིངྒ་འབྲས་བུ་


MR13_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རོ་འཛིན་བཅས། །ད་བྱིད་བྱེའུའི་ཤ་རྣམས་ཞིབ་བཏགས་ལ། །སྦྲང་སྨྱོན་སྦྱར་བས་རྟགས་བསྐུ་ཏིལ་མར་བྱུགས། །མི་བཟོད་བདེ་བ་མཆོག་ཏུ་འཕེལ་བར་བྱེད། །དེ་ལྟར་བདེ་འཕེལ་རྫས་རྣམས་གང་ལ་ཡང་། །རྩི་ཡི་ལྷ་མོ་བློ་གྲོས་མ་ཡི་ནི། །རིག་པ་འདིས་གདབ་བདེ་ཆེན་འཕེལ་བང་འགྱུར། །ཨོཾ་གི་རི་ཧི་རི་ཙི་རི། །ཨ་ཨ་ཤུ་མ་ཤམ་སྭཱ་ཧཱ། །ཁྱད་པར་བདེ་བའི་རྟེན་མཆོག་དབྱིངས་ཕྱུག་རྩ། །ལྷ་མོ་གང་གི་ཆུ་སྐྱེས་སྦུབས་སུ་ནི། །སོར་མོ་གཉིས་ནས་བརྒྱད་ཀྱི་བར་གནས་པ། །སྦོམ་དང་ཕྲ་བ་མ་ངེས་དབྱིབས་ཚུལ་ཅན། །སོར་མོ་གསུམ་པོ་སྦྲུལ་གྱི་གདེངས་ཀ་ལྟར། །གནས་པས་བསྐུལ་བྱ་དེ་ཡིས་མ་རྙེད་ན། །གཏེམ་བའི་འཁྲུལ་འཁོར་སྨན་གྱི་ནུས་པ་ཡིས། །མཐོང་དང་རེག་པའི་ཡུལ་དུ་མངོན་བྱས་ལ། །དེ་ཡི་སྣ་རྩེའི་པདྨའི་སྐུད་པ་དག །ནོར་བུའི་མིག་ཏུ་བརྒྱུས་པའི་ཐབས་མཁས་ཀྱིས། །ནམ་མཁའི་སྒོ་འབྱེད་བདེ་བའི་ཁྱིམ་མཐོང་བྱ། །དེ་ལྟར་ཐབས་རྣམས་ཀུན་ཏུ་ཤེས་བྱས་ནས། །དང་པོར་ཆགས་པའི་ཉེར་བསྡོགས་རྣམ་མང་བྱ། །ཅུང་ཟད་དགོད་བཅས་ངོ་མཚར་བཅས་ལྟ་བུ། །སྨིན་མ་བསྐྱོད་བཅས་ཟུར་མིག་དང་ལྡན་པས། །མཛའ་བ་གསལ་བྱེད་རབ་དགའ་མཐར་ཐུག་པ། །སྒེག་པ་ལས་སྐྱེས་ལྟ་སྟངས་ཉིད་དུ་བཤད། །ཅུང་ཟད་གྱེན་བཟློག་མིག་གིས་གང་། །སྟེང་གི་མིག་པགས་མཛེས་བརྫེས་ནས། །མིག་ཟུར་མཉམ་པར་རྒྱས་བྱས་པ། །ངོ་མཚར་བ་ཡི་ལྟ་སྟངས་འདོད། །གང་ཞིག་དབུས་ནི་ཅུང་ཕྱེ་ཞིང་། །སྦུབས་ནི་རྟག་ཏུ་ཚེར་མ་ཕྱེ། །མིག་རྒྱན་ཀུ་མུ་ད་དེ་འགྱུར། །རེག་པ་འཛིན་ལ་རྟག་ཏུའོ། །རྫི་མའི་རྩེ་མོ་གཡོ་བཞིན་པར། །སྟེང་གི་མིག་པགས་སྣུམ་མཛེས་པ། །དྲི་དང་རེག་པའི་དགའ་བ་ལ། །ལྟ་སྟངས་ཀུ་མུ་ལ་རུ་


MR13_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །འཇམ་ལ་ཅུང་ཞིག་བསྐུམས་པ་གང་། །ཅུང་ཟད་འཛུམ་ཞིང་དེ་བཞིན་མཛེས། །ལྟ་སྟངས་རོལ་བ་ཞེས་བྱ་སྟ། །བུད་མེད་རྣམས་ཀྱིས་ཕྱེད་ལྟ་བའོ། །དེ་ལྟར་ཕན་ཚུན་དགའ་བས་བལྟ་བ་ན། །སྟེང་དུ་གདོང་དང་འོག་ཏུ་བདེ་བའི་གནས། །གཙོར་བྱ་ཆགས་པའི་གཏམ་དང་ཉེད་པ་སོགས། །དྲུག་ཅུ་རྩ་བཞིའི་གར་གྱིས་རྩེན་བྱ་ཞིང་། །ཁྱད་པར་མཆུ་དང་ལྕེ་འཇིབས་མཐིལ་བཞི་ཉེད། །ལག་པས་བདེ་གནས་མཉེ་ཞིང་ལྕེས་བསྐྱོད་སོགས། །ཆགས་ཚུལ་འཆོལ་བར་སྤྱད་པའི་དགའ་སྟོན་གྱིས། །བདེ་བའི་རྩ་མཆོག་སད་པར་གྱུར་པའི་རྟགས། །མདོག་དམར་ཁ་སྐོམ་ལུས་རྡུལ་དྲོད་གཡོ་ཞིང་། །མིག་ཟུམ་ནན་གྱིས་འཁྱུད་དང་ཆགས་ཚིག་འབྱིན། །ངོ་ཚ་རྣམ་བྲལ་མ་ངེས་མྱོས་པ་བཞིན། །བ་སྤུ་ལངས་ཤིང་སྙིང་འདར་ལུས་འཕར་ཞིང་། །རང་ལ་ཆགས་པས་བལྟ་ཞིང་གུས་པ་སོགས། །བཟོད་མེད་བདེ་བ་འབར་བའི་རྟགས་རྫོགས་ནས། །བྱེད་པའི་འཁྲུལ་འཁོར་རྣམ་པར་བཅིང་བར་བྱ། །དེ་ཡང་བཞི་དང་བརྒྱད་དང་བཅུ་དྲུག་དང་། །སུམ་ཅུ་རྩ་གཉིས་དྲུག་ཅུ་རྩ་བཞི་སོགས། །མིང་དང་གྲངས་ཀྱི་དབྱེ་བ་དུ་མར་གསུངས། །ཉལ་ནས་སྦྱོར་བ་མི་ཡི་ཚུལ། །དེ་ལ་སྟེ་འོག་གཉིས་སུ་དབྱེ། །ཟུར་དུ་སྦྱོར་བ་པྲེ་ཏ་ཀ །གཡས་དང་གཡོན་པས་རྣམ་པ་གཉིས། །ཙོག་པུར་སྦྱོར་བ་ལྷ་ཡི་སྟེ། །རྒྱབ་ནས་དུད་འགྲོའི་སྦྱོར་བ་ཡིན། །ལངས་ཏེ་སྦྱོར་བ་ཁྲོ་བོའི་ཚུལ། །དེ་ལ་འདེགས་དང་མཉམ་པ་གཉིས། །སྦྱར་བའི་རྩ་བ་འདི་བརྒྱད་ཡིན། །དེ་ལས་རྣམ་པར་ཕྱེ་བ་ན། །བདག་ཉིད་སྐྱིལ་ཀྲུང་དག་གིས་གནས། །དབུས་སུ་ལྷ་མོ་ཙོག་བུར་འདུག །དེའི་དཔུང་པས་ཕྲག་པར་བསྡམ། །རང་གི་ལག་པས་རྐེ་ནས་འཁྱུད། །པདྨར་ནོར་བུ་གནས་བྱས་པ། །བདེ་བ་འབྱུང་བ་ཞེས་བྱའོ། །ལག་པས་རབ་


MR13_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་ཕན་ཚུན་སྦྱོར། །གཉིས་ཀས་བསྐྱོད་པ་དོ་ལི་བསྐྱོད། །གཡས་བརྐྱང་སེམས་དཔའི་སྐྱིལ་ཀྲུང་ལ། །གཡོན་བརྐྱང་སེམས་མའི་སྐྱིལ་ཀྲུང་ཡིན། །གཉིས་ཀ་བསྣོལ་བསྐུམ་རྡོ་རྗེའི་གདན། །ཙོག་པུར་རྐང་པ་ཟླུམ་པོར་གདངས། །ཟླ་བ་ཕྱེད་པ་ཞེས་པ་ཡིན། །པུས་མོ་འཕྲེད་དུ་ས་ལ་རེག །ལོང་བུ་འཕོངས་ཚོས་སུ་རེག་པ། །གཞུ་ཡི་གདན་ཞེས་བྱ་བ་སྟེ། །འདུག་སྟངས་རྣམ་པ་འདི་སོགས་ཀྱིས། །མདུན་དུ་དགའ་བ་བསྐྱེད་པར་བྱ། །བདེ་འབྱུང་དག་ལས་རིག་མ་ཡི། །རྐང་མཐིལ་རང་གི་བརླ་ལ་བཞག །ཙོག་པུས་བསྐྱོད་པ་བརླ་ཉིད་དོ། །ཡུམ་གྱི་འཕོངས་ཚོས་ས་ལ་བཞག །ཕར་འཁྱུད་ས་ལ་མནན་ཞེས་བྱ། །ཙོག་པུར་གཉིས་ཀའི་རྐང་པ་བརྐྱང་། །མཉམ་སྦྱར་འཕོངས་ལ་ལག་པས་མཉེ། །རི་མོ་ཅན་དུ་བརྗོད་པ་ཡིན། །རིག་མའི་རྐང་པའི་སྒྱིད་ཁུང་གཉིས། །རང་གི་ཕྲག་པར་བཀལ་ཏེ་སྤྱོད། །འཁྲུལ་འཁོར་ཞོན་པ་ཞེས་བྱར་གྲགས། །དེ་ལས་རྐང་པ་ཡ་གཅིག་ནི། །སྐྱེས་བུའི་བརླ་བར་མར་བརྐྱངས་ཞིང་། །གསེག་སྤྱོད་བུང་པའི་དྲ་བ་ཅན། །རྐང་པ་གཡས་གཡོན་གང་རུང་ལ། །འཁྱུད་པའི་རྐང་པ་ཅན་ཡང་ཟེར། །རིག་མའི་རྐང་མཐིལ་གཉིས་ཀ་ནི། །རང་གི་བྲང་དབུས་སྦྱར་བྱས་ལ། །འཕོངས་ཚོས་ནས་འཁྱུད་ལག་པས་འཚིར། །པུས་མོ་རུ་སྦལ་བཅིང་བར་བཤད། །རིག་མའི་བྱིན་པ་སྐྱེས་བུ་ཡི། །མཚོགས་མར་གཏུགས་ལ་སྟེང་ནས་འཕུལ། །འདི་ནི་མཆོག་ཏུ་བྱེད་པའོ། །བུ་མོའི་བྱིན་པ་གྱེན་དུ་བལྟེབ། །སྐྱེས་བུས་སྟེང་མནན་རྣམ་པར་འདར། །རིག་མའི་པུས་མོ་བསྐུམས་ནས་སུ། །རང་གི་བརླ་དང་དཀུར་སྦྱར་བའི། །སྟེང་ནས་སྐྱེས་བུས་ཡུན་རིང་མནན། །དབང་པོ་ཞེས་བྱའི་བྱེད་བཅིང་ཡིན། །ཡུམ་གྱི་རྐང་པའི་མཐིལ་དག་ལ། །མིག་དང་རྣ་བ་མགོ་བོ་སྦྱར། །ལག་པས་འཁྱུད་དེ་


MR13_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འཚིར་བ་ནི། །ཀུན་ཏུ་བཟང་པོ་ཞེས་བྱའོ། །ལྷ་མོ་གན་རྐྱལ་རྐང་བ་དག །བགྲད་པའི་དབུས་སུ་སྐྱེས་བུས་སྦྱོར། །ལག་པས་རིག་མའི་འགུལ་ནས་འཁྱུད། །བུད་མེད་ལག་པས་སྐྱེས་པ་ཡི། །སྐེད་པར་རྒྱབ་ཀྱི་ཕྱོགས་སུ་ཉེད། །འདི་ནི་དཔུང་པ་ཅན་ཞེས་བྱ། །དེ་ལས་རིག་མའི་རྐང་པ་ནི། །བཀུག་སྟེ་ཐབས་ཀྱི་འཕོངས་ཚོས་རེག །སྐྱེས་བུའི་ལུས་ནི་ཙོག་བུ་ལྟར། །ལག་པས་རྩིབས་ལོགས་ལ་རེག་པ། །མི་མཉམ་པར་ནི་སྦྱོར་བའོ། །བུད་མེད་གན་རྐྱལ་བྱིན་པ་དག །སྐྱེས་པའི་བརླ་ལ་གཤིབས་ཏེ་སྦྱར། །བུད་མེད་ལག་པ་སྐྱེས་བུ་ཡི། །མགྲིན་འཁྱུད་སྐྱེས་པའི་ལག་པ་ནི། །བུ་མོའི་གཞོག་ཏུ་རེག་པ་ནི། །གྲོང་པ་ཞེས་ནི་བྱ་བའོ། །བུད་མེད་པུས་མོ་བགྲད་བྱས་ལ། །རྐང་པས་སྐྱེས་བུའི་རྩིབས་ལོགས་བརྟེན། །ལག་པས་སྐྱེས་བུའི་མགྲིན་པར་འཁྱུད། །བུད་མེད་པུས་མོའི་ཕྱི་རོལ་ནས། །སྐྱེས་བུའི་ལག་པ་ས་ལ་བརྟེན། །འདི་ནི་གྲོང་ཁྱེར་གར་ཞེས་བྱ། །བུད་མེད་གན་རྐྱལ་ཉལ་བ་ཡི། །པུས་མོ་བྲང་གི་ཕྱོགས་སུ་བསྐྱུངས། །ལག་པས་གཞོན་ནུའི་ཚང་རར་འཁྱུད། །སྐྱེས་བུའི་ལག་པ་བུད་མེད་ཀྱི། །མགུལ་འཁྱུད་བྲང་གིས་འབུགས་པའོ། །རྐང་པ་གཅིག་དེ་སྙིང་གར་བཀུག །གཉིས་པ་བརྐྱངས་ནས་ལག་པ་ཡིས། །སྐྱེས་བུའི་རྒྱབ་ནས་འཇུས་བྱས་ལ། །སྐྱེས་བུའི་ལག་པ་བུད་མེད་ཀྱི། །མགྲིན་པད་འཁྱུད་པ་རབ་བརྐྱང་ཡིན། །བུ་མོ་གན་རྐྱལ་ཉལ་བ་དག །ཁྲི་ལས་ཕྱི་རོལ་རྐང་བརྐྱངས་ནས། །དེར་ཞུགས་སྐྱེས་བུའི་རྐང་པ་དག །ཁྲི་ལས་ཕྱིར་བརྐྱང་ལག་པས་ནི། །སྐྱེས་པའི་རྒྱབ་འཁྱུད་ཁབ་ཅན་ནོ། །བུད་མེད་རྐང་པ་ཤད་ཀྱིས་བརྐྱང་། །ཡབ་ཀྱིས་ཀྱང་ནི་དེ་ལྟར་བརྐྱང་། །རྡོ་རྗེ་ཕྱེད་ལས་མི་ཚུད་ཀྱང་། །དུང་ཅན་མ་ཡི་རྩ་རྙེད་ཕྱིར། །


MR13_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བརྐྱང་བའམ་ཁ་སྦྱོར་རོ། །སྐྱེས་པ་འོག་ཏུ་བྱས་པ་ལ། །རིག་མ་སྟེང་སྦྱོར་གཉིས་ཀས་ནི། །སྟོད་སྨད་དགྱེ་ལྡེམ་ཤུགས་ཆེན་བསྐྱོད། །དོ་ལིའམ་ཁྱོགས་ཞེས་བྱ་བར་བརྗོད། །སྐྱེས་པ་སྟེང་ངམ་འོག་བྱས་ཀྱང་། །རེས་མོས་བརྡེབ་ཅིང་དམ་དུ་འཚིར། །བརླ་ཞེས་བྱ་བའི་སྦྱོར་བར་བཤད། །བུ་མོའི་རྐེ་ནས་འཁྱུད་བྱས་ཏེ། །ལྟག་པར་གྲུ་མོ་གཉིས་སྦྱར་ལ། །རྣ་བའམ་སྐྲ་གཉིས་འཇུས་ནས་སུ། །བུད་མེད་རྐང་པ་སྟེང་དུ་འདུད། །ཕན་ཚུན་ལྷོད་བསྐྱོད་གྲུ་མོར་འདོད། །ལྷ་མོ་སྟེང་དུ་བྱས་ནས་སུ། །རྫ་མཁན་འཁོར་ལོ་བཞིན་དུ་བསྐོར། །རྐང་ཟུང་གྱེན་དུ་བསྐྱོད་ཅིང་བསྐྱོད། །ལག་གཡོན་གྲུ་མོ་གཡས་སྟེང་ཕྱིན། །གཡས་པའི་གྲུ་མོ་གཡོན་སྟེང་འཛིན། །འདི་ནི་བུང་བ་ཅན་ཡང་ཟེར། །སྐྱེས་བུ་གན་རྐྱལ་འཕོངས་མཐོ་བྱས། །རྐང་གཉིས་རྩེ་མོ་མཁའ་ལ་གཏད། །དེར་ཞུགས་མྱོས་བྱེད་མ་དེས་ནི། །སྐྱེས་པར་མདུན་བསྟན་བྱས་ནས་རོལ། །ལག་པས་མགྲིན་འཁྱུད་སྐྱེས་བུ་ཡི། །ལག་པ་བུད་མེད་རྒྱབ་ཏུ་སྦྱར། །འདི་ནི་མྱོས་བྱེད་རྟ་བབས་སོ། །སྐྱེས་པ་ཉེར་འདུག་བརྐྱང་བཞིན་དུ། །ཅུང་ཟད་བཀུག་པའི་རྐང་གཉིས་ལ། །གནས་པའི་བུ་མོ་འདོད་ལྡན་མ། །རྐང་གཉིས་བསྐུམ་ཞིང་རོལ་པས་བསྲུབ། །འདི་ནི་སྲུབ་བྱེད་ཅེས་བྱའོ། །རིག་མ་གཡས་སམ་གཡོན་དུ་བཞག །བརླ་ནི་ཅུང་ཟད་ཁ་ཕྱེ་སྦྱོར། །བཙིར་བ་ཞེས་བྱའི་བྱེད་བཅིང་ངོ་། །ཡན་ལག་ཀུན་གྱིས་ཅི་བདེར་འཁྱུད། །ཕན་ཚུན་ཀུ་ཅོ་ག་ཞིའི་ཚིག །སྣ་ཚོགས་སྨྲ་ལྡན་རྒོད་པ་ཅན། །བུད་མེད་ཁ་སྦུབ་རྒྱབ་ནས་ནི། །བྱེད་ལའང་བསྐུམ་དང་འཕོང་བསྟོད་དང་། །ཟུམ་དང་འགྲོད་དང་ལྟེ་བ་འདུག་ལ། །སྐྱེས་བུས་དེ་དང་འཚམས་པར་ནི། །དགུ་དང་དགྱེ་དང་ཤིན་ཏུ་དགྱེས། །རོལ་པའི་རྣམ་པ་དུ་མར་འགྱུར། །ཟུར་དང་ལངས་ཏེ་འདུག་ལ་ཡང་། །


MR13_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་རྐང་ལག་འཁྱུད་སྟབས་ཀྱིས། །ཅུང་ཟད་མི་འདྲ་དུ་མར་གནས། །དེ་དག་ངེས་པ་མེད་པར་ནི། །བདེ་བའི་སྒྱུ་རྩལ་ཅི་རིགས་བྱ། །ལྷ་མོའི་མཁའ་དང་རྩ་ཁྱད་ཀྱིས། །གང་ལ་གང་འཚམས་སྦྱར་བར་བྱ། །དེ་ལས་གྲོང་གི་བྱ་བ་ཕལ། །གཉུག་མ་ཉིད་དེ་གཞན་ཕལ་ཆེར། །དཀའ་ཕྱིར་གོམས་པས་བསྒྲུབ་བྱ་ཉིད། །རྒན་ཆེས་གཞོན་ཆེས་སྦྲུམ་མ་དང་། །ངལ་ཞིང་དུབ་པ་མ་གཏོགས་པ། །ལྷ་མོ་བདེ་བའི་སྐྱེད་ཚལ་དུ། །སྒྱུ་རྩལ་གར་གྱི་སྦྱོར་བ་བྱ། །དེ་ལྟར་བྱེད་པ་དེ་དག་གི། གཙོ་བོའི་རྣམ་པ་བསྡུས་ནས་ནི། །མཆོད་པའི་ལྷ་མོ་བཅུ་དྲུག་གི། སྟོབས་ལྡན་སྦྱོར་བ་བཅུ་དྲུག་གསུངས། །བདེ་གསལ་མི་རྟོག་སྐྱེད་པ་ཡི། །ལྷ་ཡི་འདུག་སྟངས་རྣམ་བཞི་ནི། །སྒེག་མཛེས་འཇོལ་བག་འགྱིང་ལྡེམ་དང་། །རྣམ་གཟིགས་བཞི་ཡིན་དང་པོ་ནི། །རིག་མའི་རྐང་གཉིས་རང་ཉིད་ཀྱི། །ལྟག་པར་བཀལ་བྱས་ལག་གཉིས་ཀྱིས། །སྒྱིད་པའི་ཐད་ནས་ཕར་ལ་གདངས། །གན་རྐྱལ་དུ་ནི་འདུག་པ་ལ། །དཔའ་བོས་ཅི་བདེར་རྩེན་པར་བྱ། །འཇོལ་བག་ཕྱག་རྒྱ་རང་ཉིད་ཀྱི། །དཔུང་པར་སྒྱིད་པ་གཉིས་བཀལ་ལ། །ལག་གཉིས་སྒྱིད་པའི་ནང་ངོས་ནས། །རྟིང་པ་གཉིས་པོ་འདེགས་བྱས་ཏེ། །ཕྱིར་ལ་བགྲད་པའི་ཚུལ་གྱིས་འདུག །དེ་ལ་དཔའ་བོས་ཅི་བདེར་རོལ། །འགྱིང་ལྡེམ་རིག་མའི་ལག་པ་གཉིས། །སྒྱིད་པའི་ནང་ནས་ཕྱིར་བཏོན་ནས། །རྐང་པར་འཇུས་ལ་འདེགས་ཤིང་བགྲད། །དེ་ལ་ཅི་བདེར་རོལ་པའོ། །རྣམ་གཟིགས་རྣ་བ་གཡས་གཡོན་གྱི། །ཐད་དུ་རྐང་གཉིས་གནམ་ལ་བཏེགས། །ལག་གཉིས་སྒྱིད་ཁུང་གཉིས་ནས་ནི། །ཚུར་ལ་འཁྱུད་བྱས་དེ་ལ་རོལ། །ལྷ་ཡི་འདུག་སྟངས་འདི་བཞི་ལ། །ཐབས་ནི་བརྐྱང་བསྐུམ་ཙོག་པུ་གསུམ། །གང་བདེའི་ཚུལ་གྱིས་རོལ་པར་བྱ། །གསལ་ཉམས་སྐྱེད་པར་བྱེད་


MR13_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ལྷ་མིན་འདུག་སྟངས་རྣམ་བཞི་ནི། །བསྡིགས་པ་ཁྲོས་པ་རྔམས་པ་དང་། །འཇིགས་པ་བཞི་ཡིན་དང་པོ་ནི། །རིག་མ་གན་རྐྱལ་འདུག་བ་ཡི། །རྐང་གཉིས་གནམ་ལ་ཤད་བརྐྱང་བའོ། །ཁྲོས་པ་རིག་མ་དེ་ཉིད་ནི། །འཕྲེད་དམ་གན་རྐྱལ་དུ་འདུག་ལ། །རྐང་པ་ཡ་གཅིག་ཐབས་ཀྱི་ནི། །དཔུང་པའི་སྟེང་དུ་བཀལ་ནས་རོལ། །པདྨོ་ཡངས་ན་དེ་ལྟར་བྱ། །རྔམས་པ་རིག་མ་ཙོག་པུར་འདུག །ལག་གཉིས་རྐང་པའི་བྱིན་པ་ནས། །མཉམ་བྱས་ཕྱིར་ལ་བགྲད་དེར་རོལ། །འཇིགས་པ་རིག་མ་ཙོག་པུར་འདུག །རྐང་པའི་ཕྱི་ནས་ལག་གཉིས་ཀྱི། །གྲུ་ཁུག་གཉིས་ལ་སྒྱིད་པ་བཀལ། །ཕྱིར་བགྲད་ཚུལ་གྱིས་འདུག་པར་བྱ། །ལྷ་མིན་འདུག་སྟངས་འདི་བཞི་ལ། །ཐབས་ནི་ཁ་སྦུབ་དང་ཙོག་པུ། །གཉིས་པོ་ཇི་ལྟར་རིགས་པས་འཁྱུད། །བདེ་ཉམས་སྐྱེད་པར་བྱེད་པ་ཡི། །མི་ཡི་འདུག་སྟངས་རྣམ་བཞི་ནི། །གྱད་དང་རོལ་པ་འཁྲིལ་སྦྱོར་དང་། །རབ་འཁྱུད་ཅེས་པ་རྣམ་པ་བཞི། །དང་པོ་ཡུམ་ནི་གན་རྐྱལ་ལ། །རྐང་པ་གཉིས་ཀྱི་སྒྱིད་པ་ནི། །ཐབས་ཀྱི་ཕྲག་པ་ལ་བཀལ་སྤྱོད། །ཚུལ་དེས་རིག་མ་སྟེང་དུའང་འདུག །རོལ་པ་རིག་མ་གན་རྐྱལ་འདུག །སྐེད་པར་ཐབས་ཀྱིས་སྐྱིལ་ཀྲུང་སྤྱོད། །བཟློག་སྟེ་རིག་མ་སྟེང་དུའང་བྱ། །འཁྲིལ་སྦྱོར་རིག་མ་འཕྲེད་ལ་ཉལ། །གཞོགས་གཉིས་གང་རུང་སར་ཕབས་ལ། །རྐང་པ་ཐབས་ཀྱི་སྟེང་དང་ནི། །འོག་ཏུ་བཏང་ནས་བསྒུལ་བར་བྱ། །རབ་འཁྱུད་རིག་མ་གན་རྐྱལ་ལ། །བརྐྱང་བསྐུམ་ཐབས་ཀྱི་མཁལ་ཁུང་གཏད། །བཟློག་སྟེ་རིག་མ་སྟེང་དུ་བྱ། །ཚུལ་དེས་འཕྲེད་ལའང་སྦྱོར་བ་ཡིན། །འདི་སྐབས་ཡུམ་གྱི་འདུག་སྟངས་རྣམས། །གོ་བཟློག་བྱ་ཚེ་ཡབ་ཀྱིའང་ཡིན། །མི་རྟོག་ཉམས་བསྐྱེད་ཀླུའམ་ནི། །དུད་འགྲོའི་འདུག་སྟངས་རྣམ་བཞི་ནི། །མཁའ་ལྡིང་སེང་གེ་གླང་ཆེན་དང་། །རུ་སྦལ་


MR13_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས་དང་པོ་ནི། །རིག་མ་ལངས་ཏེ་ལྡེམ་འགྱིང་གིས། །ཚང་ར་ཕྱིར་བསྟན་ལག་གཉིས་ཀྱིས། །འཕོངས་ཀྱི་ཤ་བོ་ཆེ་བགྲད་ནས། །ཐབས་ཀྱིས་རྒྱབ་ནས་ལངས་ཏེ་སྦྱར། །གཉིས་པ་རིག་མ་འཕྲེད་ལ་ཉལ། །རྒྱབ་ནས་ཐབས་འདུག་རིག་མ་ཡི། །རོ་སྟོད་ཐབས་ཀྱི་བྲང་སྤྲད་ལ། །བར་དུ་ཆེར་བརྒྱང་ཐབས་དགྱེ་ཞིང་། །རིག་མ་དགུ་པའི་རྣམ་པས་སྦྱར། །གསུམ་པ་རིག་མ་ཆེར་དགུས་ལ། །རྐང་ལག་བཞི་པོ་ས་ལ་བཙུགས། །ཐབས་ཀྱི་ལག་པ་རིག་མ་ལ། །གཏད་དེ་རྒུར་པར་བྱས་པའམ། །ཡང་ན་ཐབས་ནི་འགྲེང་སྟེ་འདུག །རིག་མའི་སྐེད་པར་ལག་པས་བསྡམ། །བཞི་པ་རུ་སྦལ་ལྟ་བུ་ནི། །རིག་མ་ཁ་སྦུབ་ཏུ་འདུག་ལ། །དེ་སྟེང་ཐབས་འདུག་ཡང་ན་ཐབས། །ཙོག་པུར་བྱས་ནས་སྦྱོར་བའོ། །དེ་ལྟར་ལེགས་པར་བསྟན་པ་ཡི། །འདོད་པའི་བྱེད་པ་རྣམ་མང་པོས། །ལུས་ནི་ཤིན་ཏུ་མཉེན་བྱེད་ཅིང་། །དགའ་བ་མཆོག་ཏུ་མྱོང་བར་བྱེད། །རྩ་དུལ་རླུང་ནི་ཆམ་ལ་ཕབ། །བདེ་བའི་ཡེ་ཤེས་རྙེད་པ་དང་། །ཐབས་ཀྱི་མན་ངག་དང་ལྡན་པས། །སོ་སོའི་རྩ་མདུད་གྲོལ་བར་འགྱུར། །བྱེད་པ་མི་ཤེས་སྦྱོར་བྱས་ན། །རླུང་མཁྲིས་བད་ཀན་ནད་གཞི་འཁྲུགས། །དེ་ཕྱིར་འཇིག་རྟེན་སྦྱོར་ཐབས་ལ། །མཁས་བྱས་ཡེ་ཤེས་སྦྱོར་ཐབས་བརྟེན། །གང་ཚེ་སྦྱོར་བའི་རིམ་པ་ལས། །བདུད་རྩི་ཞུ་བ་རླུང་དང་ནི། །དམིགས་པས་བཟུང་བར་མ་ནུས་པས། །རྫས་ལ་བརྟེན་ཏེ་བཟུང་བ་ནི། །ག་བུར་ཐུན་གཅིག་ཚ་ལ་ནི། །བསྲེགས་པ་ཐུན་གཉིས་སྲད་དཀར་དང་། །མེ་ཏོག་ལུག་མིག་ཐུན་རེ་རེ། །ཞིབ་བཏགས་སྦྲང་གིས་རིལ་བུར་དྲིལ། །ནངས་མ་བཅུ་རུ་ལྟོ་སྟོངས་བཏང་། །ལོ་གཅིག་བར་དུ་ཐིག་ལེ་འཛིན། །ཡང་ན་ཟངས་རྩི་དཀར་པོ་ཡི། །ཁཎྚ་ཟླ་གཅིག་ཟོས་ཀྱང་འཛིན། །མགྲོན་བུ་བུ་མར་དངུལ་ཆུ་བླུགས། །རང་གི་རྐང་


MR13_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་དྲེག་པ་ཡིས། །ཁ་བཅད་སྦྲ་ཚིལ་གྱིས་ཀྱང་བསྡོམ། །སྦྱོར་བའི་དུས་སུ་ལྕེ་འོག་བཅུག །འོག་རླུང་ཅུང་བསྡོམས་ཐིག་ལེ་འཛིན། །དེ་སྟེང་ས་བོན་བླུགས་ཀྱང་མཆོག །བྱ་བྲུན་མི་ཁྱིའི་རུས་པ་རྣམས། །བཏགས་པའི་ལྡེ་གུ་རྡོ་རྗེར་བསྐུས། །ས་བོན་འབྱུང་བ་འགོག་ཅེས་བཤད། །རང་གི་ཏི་ལ་རྟག་ཏུ་ངུ་། །མེ་ཏོག་གཡུ་ལོ་དང་བཅས་པ། །ར་འོར་བསྐོལ་ནས་མར་གསར་སྦྱར། །ལྟོ་སྟོངས་བཏུང་ཞིང་གནམ་སྟོང་ལ། །རྐང་མཐིལ་བྱུགས་པས་ཐིག་ལེ་འཛིན། །གཞན་ཡང་ཌཱ་ཀི་སྦ་འདོད་ན། །བྱ་རྒོད་ལྕེ་དང་འུག་པའི་མིག །སྐམ་ལ་ཞིབ་བཏགས་བྱ་རོག་གི། ཁྲག་གིས་སྦྲུས་པའི་རིལ་བུ་ནི། །གསེར་དངུལ་ཟངས་ཀྱིས་བཏུམས་ནས་སུ། །སྔགས་འདི་ཉིས་འབུམ་བཟླས་ནས་གདབ། །ཨོཾ་ཤ་མོག་ཤ་རི་དྷ་རི་སྭཱ་ཧཱ། །དགོས་དུས་རྫས་དེ་ཁར་བཅུག་ན། །མཁའ་ལ་འགྲོ་ཞིང་མི་སྣང་འགྲུབ། །དངུལ་ཕོར་སྨུག་པའི་བུ་མོ་བསྐམས། །ཕྱེ་མ་ཁྭ་ཏའི་ཚིལ་དང་སྦྱར། །གོང་གི་སྔགས་བཏབ་ལུས་ལ་བྱུགས། །གོང་རྫས་ཁར་བཅུག་མི་སྣང་མཆོག །ཁྭ་ཏའི་སྒྲིབ་ཤིང་ཆུ་ལས་བརྟག །ཁྱི་ནག་རུས་པ་མེ་ལོང་ལས། །བྱི་ལ་ནག་མོའི་ཤ་མར་བཅས། །རིལ་བུ་ལུས་འཆང་མི་མཐོང་ངོ་། །སྲིད་འབྱུང་བ་ཡིས་དོགས་པ་ལ། །རྒྱ་སྐྱེགས་གླ་རྩི་ཤུགས་འགྲོའི་མཚལ། །ལྟོ་སྟོངས་བཏང་བས་བགྲང་བྱ་ནི། །རྩེ་མོའི་སྲིད་པ་སྲུང་བར་གསུངས། །སྲེ་མོའི་རྒྱུས་པ་སུམ་སྒྲིལ་གྱིས། །སྲིན་ལག་གཡོན་པར་བསྡམས་ཀྱང་འགོག །རྒྱ་ཚྭ་མཛེ་ཚྭ་ཚ་ལ་དང་། །སྟར་བུ་ལན་ཚྭ་བུལ་ཏོག་དང་། །མཚུར་ནག་ཞིབ་བཏགས་སྦང་རྒོད་ཀྱིས། །མགོ་བསྡུས་རིལ་བུ་སྲན་ཆུང་ཙམ། །བཅུད་དང་མཉམ་པར་སུས་བཏང་བ། །མེ་ཏོག་ལམ་དུ་དྲི་ཟ་མིན། །གལ་ཏེ་སྲིད་འབྱུང་འདོད་པ་ན། །སྲིད་སྤེལ་མན་ངག་བཞིན་དུ་བྱ། །རྫས་དང་དམིགས་པ་སྔགས་


MR13_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །སྙོམས་འཇུག་དུས་སུ་རབ་བསྐུལ་བས། །ཡེ་ཤེས་ཆགས་པའི་ཌཱ་ཀི་ནཱི། །དབབ་པའང་མན་ངག་དག་ལས་ཤེས། །ལྷ་མོ་རང་ལ་འདུན་པའི་ཕྱིར། །ཨོཾ་ཙག་ཤུ་ཙེར་ལྡན་གུམ། །སྔགས་འདི་བཟླས་ལ་ཁམས་འབབས་ཚེ། །མཆིལ་མ་མོ་ཡི་ཁར་བླུགས་ན། །རྟག་ཏུ་རང་དབང་ཁོ་ནར་འགྱུར། །ཆགས་དང་བྲལ་ལ་རྣམ་གྲོལ་མེད། །ཆགས་པ་བདེ་ཆེན་རྒྱུ་ཉིད་ཕྱིར། །སྣང་སྲིད་ཆགས་པ་བསྡུས་ནས་ཀྱང་། །འོད་དམར་རྣམ་པས་རང་སེམས་བསྲེ། །རང་སེམས་གདོད་ནས་མ་སྐྱེས་པས། །ཆགས་པ་དམིགས་སུ་མེད་པ་ལ། །དམིགས་མེད་རྗེས་སུ་ཆགས་པའི་གཟུགས། །རྡོ་རྗེ་ཆོས་སུ་བདག་བསྒོམ་ཞིང་། །བདེ་ཆེན་ཆགས་པའི་འོད་དམར་པོས། །སྣང་སྲིད་ཀུན་ཏུ་ཁྱབ་བྱས་པས། །ཆགས་ཅན་མ་ལུས་རྣམ་གྲོལ་ཏེ། །ཀུན་ཀྱང་བདེ་ཆེན་ངང་དུ་བསམ། །ཨཾ་སོགས་ཕྱེད་དང་བཞི་པ་ཡི། །གསང་སྔགས་མཆོག་ནི་ལེགས་བཟླས་ན། །རྡོ་རྗེ་ཆགས་པའི་རྒྱལ་པོ་ནི། །པདྨ་གཟི་ལྡན་འགྲུབ་ཅེས་གསུངས། །དེ་རྣམས་ཞར་བྱུང་ཉེར་མཁོར་བསྡུས། །གཞན་ཡང་ཟབ་མོའི་སྔགས་དམིགས་རྫས། །རྫོགས་པའི་རིམ་པའི་མན་ངག་ནི། །བརྒྱུད་ལྡན་བླ་མའི་ཞལ་ལས་བླང་། །འདོད་པས་འཆིང་བར་གྱུར་པ་ནི། །འཆིང་བ་ཀུན་གྱི་ནང་ན་དམ། །འདོད་པས་གྲོལ་བར་གྱུར་པ་ནི། །གྲོལ་བ་ཀུན་གྱི་ནང་ན་མྱུར། །དེ་ཕྱིར་འདོད་པ་ལ་བརྟེན་ནས། །བདེ་ནས་བདེ་བར་གྲོལ་བའི་ཐབས། །རྣལ་འབྱོར་ཆེན་པོ་སྔགས་ཀྱི་ནི། །ཡེ་ཤེས་སྦྱོར་ཐབས་བདུད་རྩིའི་བཅུད། །འཆིང་བའི་ནད་ཀྱིས་ཟིན་པ་ཡི། །རྣམ་ཤེས་ལྡན་པས་བཙལ་བར་བྱ། །དེ་ལས་བདེ་ཆེན་མཆོག་ཐོབ་ཅེས། །རྡོ་རྗེ་འཆང་གིས་མངོན་པར་བསྔགས། །དྲང་སྲོང་སྭ་ར་ཡཱ་ན་ཡི། །འདོད་པའི་བསྟན་བཅོས་འབུམ་པ་ལས། །ཀླུ་སྒྲུབ་ཀྱིས་བཏུས་སྟོང་ཕྲག་གཅིག །དེ་དོན་གཟུགས་བཟང་


MR13_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྡུས་སོགས། །གཞུང་དང་རྒྱུད་དང་དགོངས་འགྲེལ་རིགས། །སྣ་ཚོགས་ཆུ་གཏེར་ལྟ་བུ་ལས། །དོན་བསྡུས་སྙིང་པོའི་ཟླ་བ་འདི། །འདོད་ལྡན་སྐྱེ་བོའི་ཚོགས་རྣམས་ཀྱི། །དགའ་བའི་རྒྱ་མཚོ་འཕེལ་ཕྱིར་དང་། །རྣལ་འབྱོར་ལྡན་པ་རྣམས་ཀྱི་ནི། །ཡེ་ཤེས་སྣང་བ་གསལ་བའི་ཕྱིར། །སྔགས་ཀྱི་དགོངས་འགྲེལ་ཡན་ལག་ཏུ། །ཉུང་ངུའི་ངག་གིས་གསལ་བར་སྤེལ། །སྔོན་ཆད་ཡོངས་སུ་མ་གྲགས་ཕྱིར། །འདི་ཚུལ་འཆད་ལ་གངས་ཅན་པ། །སོམ་ཉིའི་གཟེབ་ཏུ་ཆུད་མཐོང་ནས། །བློ་གྲོས་སྟོབས་ཀྱིས་གསལ་བར་བྱས། །ཟབ་མོའི་མན་ངག་གིས་བརྒྱན་པས། །འདོད་པའི་བསྟན་བཅོས་གཞན་ལས་འཕགས། །ས་སྟེང་ཀུན་དགའི་རོ་ལྡན་ཞིང་། །དངོས་གྲུབ་མཛོད་དང་ལྡན་པའོ། །ཟླ་རྒྱས་མུན་པའི་རུམ་དུ་ཉལ་མི་བྱེད། །རྣམ་དཀར་བསམ་པ་ཉེས་པའི་ལམ་མི་འགྲོ། །མཁས་པའི་བཞེད་ལ་འཕྱ་བའི་དམན་པ་སུ། །ཁྲ་འདྲ་ངོ་ཚ་མེད་ལ་འདིས་ཅི་བགྱི། །ཟབ་མོ་སྔགས་ཀྱི་ཚུལ་ལས་ལེགས་གསུངས་ཤིང་། །བློ་ཆེན་རྣམས་ཀྱིས་གསལ་བར་བྱས་པའི་དོན། །ཕན་པའི་བསམ་པས་བརྗོད་ལ་ལེགས་བྱས་ཆ། །གང་མཆིས་ཟླ་བ་ནོར་བུ་ཆུ་ཤེལ་བཞིན། །མཐའ་བྲལ་དག་པའི་མཁའ་ལ་ཉེར་མཛེས་པས། །འགྲོ་ཀུན་དགའ་བའི་ཀུ་མུད་རྒྱས་པ་དང་། །བཅུ་དྲུག་བདེ་བ་མཆོག་གི་ཆ་རྫོགས་ནས། །གཞོམ་མེད་ལྷན་ཅིག་སྐྱེས་པ་གྲུབ་པར་ཤོག །ཅེས་པ་འདི་ནི་སྔགས་རྒྱུད་ནས་བསྟན་པའི་སྦྱོར་ཐབས་རྣམས་ཀྱི་དགོངས་པ་གསལ་བའི་ཕྱིར་དུ། མཁས་པ་སུ་མ་ཏི་སོགས་ཀྱིས་བསྐུལ་ནས། བཀའ་གཏེར་བསྟན་བཅོས་ཀྱི་རིམ་པ་རྣམས་ལས་བཏུས་ཏེ་བརྩམ་ཐོ་ཙམ་གྲུབ་པ་ལ། སླར་རབ་ཚེས་མི་ཟད་པའི་ལོའི་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་དང་རྒྱལ་བ་དང་པོའི་ཞག་གཉིས་ལ་གྲུབ་པར་བགྱིད་པ་པོ་ནི་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཏེ། འདིས་ཀྱང་འགྲོ་བ་ཀུན་ལ་དགེ་ལེགས་ཀྱི་དཔལ་ཕུན་སུམ་


MR13_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་སྦྱིན་པར་གྱུར་ཅིག །མངྒ་ལཾ། །ཆགས་ལམ་ཉེར་མཁོ་སྐབས་བརྒྱད་པ་ཅན་བཞུགས་སོ། །ན་མོ་མཉྫུ་ཤྲཱི་པདྨ་ནི་རྟེ་ཤྭ་རཱ་ཡ། བདེ་འཕེལ་ཁམས་བརྟན་རྟགས་དང་དམར་ཆ་དྲངས། །སྲིད་གཅོད་བྱི་སྲུང་ཤིས་བསྒྱུར་སྲིད་འཕེལ་བཀྲ་ཤིས་གྲངས། དང་པོ་ཁམས་དང་བདེ་བ་འཕེལ་བྱེད་ཀྱི་རྫས་ལ་བཏུང་བ་དང་བྱུག་པ་གཉིས་ལས། དང་པོ་དབྱར་རྩ་དགུན་འབུ་འོ་མར་རང་ཐིམ་བཙོས་ལ། དབང་ལག་མཆིལ་ཤ་བཅས་བཏགས་ཏེ་འཐུང་ན་རོ་ཙ་བར་བྱེད་དོ། །ཡང་རྩ་བ་ལྔ་དབང་ལག །ཁྱིམ་བྱ་ཕུག་རོན་མཆིལ་བ་རྩངས་པ་ད་བྱིད་གོང་མོ་རྨིགས་བུ་རྣམས་ཀྱི་ཤ་གང་རྙེད། ཐལ་རྡོར་ཤིང་མངར་སུག་སྨེལ་ཐུག་འབྲས་སྣ་ཚོགས། ཏིལ་དཀར་ནག་སྨན་སྦྲུལ་ཤ །སྡིག་སྲིན། མཁལ་ཞོ་བྲེག །ཚ་སྣ་གསུམ། ཚ་བ་གསུམ། ཁྱིམ་བྱའི་སྒོ་ང༌། ཛ་ཏི་གོ་སྙོད། མ་ནུ་ཁྲག་ཅན། ཐང་ཁྲོམ་དཀར་ནག་གི་འབྲུ་རྣམས་སྦྱར་བ་རོ་ཙའི་སྨན་ཁྱད་པར་ཅན་ཏེ་སྨད་ཀྱི་གྲང་བ་སེལ་ཞིང་དྲོད་འབེབ་པ་དང་དབང་པོ་ལས་སུ་རུང་བར་བྱེད་དོ། །མོན་སྲན་གྲེའུ་གཟེ་མ་སྡིག་སྲིན་གསུམ་ཆ་མཉམ་པར་བསྐོལ་ཏེ་འཐུང་ན་རྡོ་རྗེ་རྟག་ཏུ་འགྲེང་ཞེས་གཏེར་མའོ། །སྟར་བུ་དབང་ལག་ཅོང་ཞི་རྣམས་འོ་མར་གདུས་ཏེ་བཏང་ཧ་རི་ནི་ས་བཟླས་ན་ཆགས་པ་ཆེ་ཞེས་གཏེར་མའོ། །ད་བྱིད་ཟོལ་མེད་ཐུན་རེ་ཞིབ་བཏགས་འོ་མར་གདུས་ཏེ་འཐུང་ན་ཐུག་ཕྲད་དུ་སྦྱོར་བ་ཇི་ལྟར་འདོད་པ་ནུས་སོ། །ཡང་རོ་ཙའི་སྨན་ཤིན་ཏུ་ཟབ་པ་ནི། ཅོང་ཞི་དང་སྦལ་རྒྱབ་དཀར་པོ་ཞིབ་བརྡུང་འོ་མར་གདུས་ལ་རྒྱ་ཚ་ཞད་ཙམ་བཏབ་ནས་ཁུ་བ་རང་ཐིམ་བྱས་པ་ཚན་དང་པོའོ། །ཡང་མཆིལ་ཀླད་དེ་ཕོ་དང་ཕུག་རོན་ཕོའི་ཤ་ད་བྱིད་པ་གཡེར་མ་ཐུག་འབྲས་སྣ་ཚོགས་བཅས་འོ་མ་སྣ་ཚོགས་བསྲེས་པར་མ་ཚིག་པར་གདུས་ཐིམ་གཉིས་པའོ། །ལུང་


MR13_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་གོ་ཡུ་འབྲས་སྣ་གསུམ་ཤིང་མངར་ཐལ་ཀ་རྡོ་རྗེ་རྣམས་ཞིབ་འདུལ་ཁ་ཚར་གྱི་སྨན་ནོ། །ཡང་ཐང་ཕྲོམ་དཀར་པོ། སྲོ་མ་སེངྒེ། །དབྱར་རྩ་དགུན་འབུ། དབང་པོ་ལག་པ། མོན་སྲེན་གྲེའུ། སྡིག་སྲིན་གཟེ་མ་རྣམས་འོ་མར་གདུས་པ་རྩ་བའི་སྨན་ཚན་གསུམ་པ་སྟེ་དེ་ལྟར་ཚན་གསུམ་པོ་གཅིག་ཏུ་བསྲེས་ལ་ཁ་ཚར་གྱི་སྨན་བཏབ་ནས་གྲོག་སྦྲང་རྙེད་ན་རབ། མ་རྙེད་ན་བུར་སྦྲང་གང་རུང་བཏབ། བུར་སྦྲང་མེད་ཀྱང་རུང་སྟེ། སྨན་རྣམས་ཤིན་ཏུ་འདྲེས་པར་འདམ་བཏགས་བྱས་པའི་རིལ་བུ་སེ་ར་རུས་ཙམ་དྲིལ་ནས་ནངས་པར་ལྟོ་སྟོང་སོགས་ནམ་འདོད་ལ་ཟ་ན་འདི་རོ་ཙའི་སྨན་ཐམས་ཅད་ཀྱི་རྒྱལ་པོ་སྟེ་འཚོ་བྱེད་ཨ་ཛི་ཏས་རྒྱུད་ལུང་མན་ངག་གི་དགོངས་བཅུད་བསྡེབས་པ་འདིའི་ཕན་ཡོན་ལག་ཏུ་བླང་བས་གསལ་ལོ། །ཡང་ད་བྱིད་སྨུག་པོ་བུ་རམ་དབང་ལག་གསུམ་ཟོས་ན་བཅུད་རྒྱས། ཡང་མཆིལ་ཀླད་རྩང་ཤ ཨ་ཤུ་ལ། ད་བྱིད་ཐལ་རྡོར་ཞིབ་བཏགས་བུ་རམ་སྦྱར་བ་ལྟོ་སྟོང་ལ་ཟོས་ན་དེ་མ་ཐག་སྦྱོར་ནུས་སོ། །ཞེས་གཏེར་མའོ། །ཡང་ལུག་རུ་དཀར་སེར་གྱི་མེ་ཏོག་གྲིབ་སྐམ་ལ་ཨ་རུ་རྒྱ་གར་མ་སྦྱར་བ་ཞིབ་བཏགས་འོ་མར་སྦྱར་ཏེ་ནངས་རེ་བཞིན་འཐུང་ན་དགུ་བཅུ་ལོན་པས་ཀྱང་ཕྱག་རྒྱ་བརྒྱ་ཕྲག་རེ་བརྟེན་ནུས་ཞེས་གསུངས་སོ། །ཡང་བ་འོ་ཤིང་མངར་བུ་རམ་ལྟོ་སྟོང་ལ་འཐུང་ན་ནམ་དགོས་འགྲུབ་ཅེས་གསུངས། ཡང་ཅོང་ཞི་འོ་མར་གདུས་པའི་ཁུ་བར་ཤིང་མངར་དང་དབང་ལག་བཏབ་ཏེ་འཐུང་ན་འདོད་པ་བརྟེན་པའི་ནུས་པ་འཕེལ་ལོ། །ཡང་ཅོང་ཞི་ལེགས་པ་འོ་མར་གདུས་པའི་དབུ་དཀར་ཕྱུར་བ་འོ་མ་བཅས་ཡུན་དུ་ཟོས་ན་ལུས་མདོག་དཀར་གཞོན་ཅིང་རོ་ཙ་བར་འགྱུར་རོ། །ཞེས་གཏེར་མའི་མན་ངག་གོ། ཡང་ཕ་དམ་པའི་གདམས་པ་ལས། ཐང་ཕྲོམ་དཀར་པོའི་མེ་ཏོག་གམ་འབྲས་བུ་སླ་ངར་སེར་ཙམ་བརྔོས་པ་ཐུན་གཅིག །ཤ་སྦྲང་མིག་པོ་ཆེ་བུབ་


MR13_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །རྒྱ་རྩང་གི་ཤ་དང་ཀླད་པ། །བོད་རྩང་རླུང་འགམ་གྱི་དེ་གཉིས། །ཕུག་རོན་དང་རྒྱ་མཆིལ་བོད་མཆིལ་གྱི་ཀླད་པ་ཇི་མང༌། བྱ་ཕོའི་ངར་སྒོང༌། ཨ་རུ་གསེར་མདོག་གི་རྩེ་མོ་སྲན་མ་ཙམ་པ། གོ་བོའི་གྲེ་བ་དེ་ཙམ། བྱི་བ་སྟག་རིས་ཅན་ཕོའི་མཇུག་ཏོ། །ཞིམ་བུའི་བྱི་ལ་འབྲས་བུ་ཐུན་ཚད་རེ། སུག་སྨེལ་ཐུན་བཟང་གཅིག །རྒྱ་ཚ་ཐུན་གཉིས། ཛ་ཏི་མཁལ་ཞོ་ཤིང་མངར་རྣམས་སྲན་མ་ཙམ་རེ། ལྕམ་པའི་འབྲུ་ཐུན་ལོག །སྡིག་པ་ཐུན་ལོག །སྨན་ལྒ་ཅུང་ཟད། སྐྱེས་དར་ག་བུར་ཙམ་ཇི་རྙེད་བྱུང༌། གཙང་གཡེར་རྡོག་པོ་ལྔ། ཐལ་རྡོར་རྡོག་བདུན། ཀ་ར་མཐེབ་ཚིགས་ཙམ་རྣམས་ཞིབ་བཏགས་མར་དཀར་སྦྱར་བའི་རིལ་བུ་ལུག་རིལ་ཙམ་དྲིལ། ཨ་རག་གམ་འོ་དྲོན་ནམ། ཐ་མ་ཆང་བཟང་གིས་ཕུལ་ལ་བཏང་དེས་ལུས་ཟུང་འཕེལ་ལ་སྲིད་རྒྱས་པར་འགྱུར་རོ། །ཡང་ལུག་གི་ཀླད་པ་མར་གསར་དང་གཡེར་མས་བྲན་པ་བཙོས་ཏེ་ཟོས་ནས་འོ་དྲོན་ལྟོ་རུ་བསྟེན་ན་བཅུད་འཕེལ་བཅུད་ལེན་ནོ། །ཡང་ར་ལུག་གི་འབྲས་བུ་མང་པོ་འོ་མར་བཙོས་ནས་ཁུ་བ་རང་ཐིམ་བྱས་པ་ལ་སུག་སྨེལ་དང་སྦྲང་སྦྱར་ནས་བསྲེ་བའང་ཡོད། འདིས་ཁུ་བཅུད་འཕེལ་ལོ། །ཡང་ལུག་ཐོང་ཚེར་གྱི་ཁོག་སྨད་བཟང་རུས་པའང་བ་གཅིག །ཁྱིམ་བྱ་མཚལ་བུ་བུབ་གཅིག །སྲམ་དང་བྱི་བའི་མཇུག་ཏོ་རྣམས་ཞིབ་བཏགས་འོ་མར་བཏབ་ལ་བཙོ། བོད་རྩངས་རྨིགས་བུ་མཆིལ་བ་རྣམས་ཀྱི་ཤ་ཤིང་མངར་རྒྱ་ཚ་གོ་སྙོད་ཚ་བ་སྒ་ཡི་ཕོ་གསུམ་རྣམས་ཐུན་ཆེ་བ་རེ་བཏབ། ཁྱད་པར་རྒྱ་རྩང་གི་ཤ་གང་འབྱོར་གྱི་ཕྱེ་བཏབ་སྟེ་ཟོས་ན་ཁུ་བཅུད་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་དབང་ལག་སོགས་རོ་ཙའི་སྦྱོར་སྡེ་མང་ཉུང་སྣ་ཚོགས་གཞན་དུ་འབྱུང་ངོ༌། །བྱེ་རིང་ལས་ད་བྱིད་སྦྱོར་བ་ལ་འཕེལ་བྱེད་ལུས་ལ་སྦྱར་བ་ནི། རྡོ་ད་བྱིད་ཅོང་ཞི། ཚྭ་ད་བྱིད་རྒྱམ་ཚྭ། སྔོ་ད་བྱིད་ཁ་ཤོག་པ། བྱ་ད་བྱིད་མཆིལ་བ།


MR13_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

་རྩངས་རླུང་ད་བྱིད་པ། རྒྱ་རྣམ་དབྱིད་པ་དམར་པོ། མཆིལ་མགོ་དམར། འོ་མ་ཆུ་ད་བྱིད་དེ་རྣམས་ཆ་མཉམ་པ། གྲང་བར་ཚ་བ་གསུམ་མམ། ཚ་བར་འབྲས་གསུམ་སྨན་མར་གྱིས་ལྟོ་སྟོང་འཕུལ་བཏང༌། ལུས་བྲག་བཞིན་སྲ། ཚེ་ཉི་ཟླ་མཉམ་སོགས་ཕན་ཡོན་ཚད་མེད་འཐོབ། བདེ་བསྐྱེད་སེམས་ལ་སྦྱར་བ། ཤ་ད་བྱིད་ད་བྱིད། རྩངས་བྲག་ བྱ་མཆིལ་བ། ཤིང་ཨ་རུ་ ཏོག་ད་བྱིད་རྡོ་མ་ཅོང་ཞིང། སྦྲང་མངར་ད་བྱི་རྩི་དྲུག་ཞིབ་བཏགས་རིལ་བུ་རིལ་མ་ཙམ་མང་དུ་ཟོས་ན། ལུས་སེམས་བདེ་བའི་ཤུགས་ཆེ། རྡོ་རྗེ་བསླངས་ན་ལྡང་བཞག་ན་སྡོད། གདོང་པདྨ་འདྲ་སོགས་ཡོན་ཏན་ཀུན་རྒྱ་ཆེའོ། །རེངས་བྱེད་ཆུར་སྦྱར་བ། ད་བྱིད་དང་བྲག་རྩངས་དམར་པོ་མ་རུལ་བ། རྒྱ་མཆིལ་མགོ་དམར་མཆུ་སྡེར་བྲེག །སྤུ་བཞུར། རྒྱུ་ལྟོ་ཕྱུངས། འབྲི་མར་བྱེའུ་ཙམ་དང་ལྷན་ཅིག་ལྕགས་སྣོད་བཙོ། མར་ཤ་ལ་ཐིམ་པ་དང་ཞིབ་བཏགས་ཁ་ཐུར་རེ་ཆང་ཞིམ་དང་སྦྱར་བཏང༌། རྡོ་རྗེ་ལྕགས་བཞིན་འགྱུར་ཏེ་དེ་སོགས་ཕན་ཡོན་ཆེ། རྩ་བ་ལྔའམ་འབྲས་གསུམ་མར་ལ་གཞི་བྱས། དེ་ཕོའི་ཤ་མ་རུལ་བ་སྐམ་ལེགས་བུབ་གཅིག །མཆིལ་ཤ་བུབ་གཅིག་ནས་བཞི་སོགས་གང་རྙེད་སྐམ་ལེགས། ད་བྱིད་གང་རྙེད་ཞིབ་བཏགས་སྨན་མར་དང་སྦྱར་ཁྱེམ་བུ་རེ་བཟའ། སྨན་ཟོས་ནས་ཟླ་བ་བཞི་ཙམ་ཚུན་བུད་མེད་ལ་མི་སྤྱད། སྨན་ཟླ་གཅིག་ཟོས་ན་དེའི་རིང་དང་དེ་རྗེས་ཟླ་གསུམ་བར་དུ་མི་སྤྱད་པའི་དམ་སྲུང་དགོས་ཏེ་ཐིག་ལེ་མ་ཉམས་པར་བྱ། སྤྱད་ན་སྨན་ནུས་ཉམས་འགྲོ། ལུས་ལ་སྨན་ནུས་ཞེན་ནས་བརྟན་པར་གྱུར་པ་ན་མཚན་གཅིག་ལ་བུད་མེད་བརྒྱར་སྤྱོད་ཀྱང་རྩལ་སྟོབས་མི་འཆོར། ཤ་བཀྲག་རྒྱས་ཚེ་རིང༌། དེའི་ཚེ་རྡོ་རྗེ་རེངས་ནས་ཞིར་མ་འདོད་པའམ་ཁུགས་སུ་མ་ཚུད་ན། རེའུ་ལུག་གུ་མིག་མ་བྱེ་བའི་ཤ་སྐམ་ལེགས་ལྟོར་བཏང༌། དེ་ནི་ལོག་གནོན་ནོ། །ཏིལ་མོན་སྲན་ཁྲེའུ་གཉིས་


MR13_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་བཏགས་འོ་མར་སྦྱར་བླུད་ཉལ་ཕོད་པར་འགྱུར། གོ་བྱིའི་ཤ་དང་ཤིང་མངར་འོ་མར་སྦྱོར་བླུད་ལན་བརྒྱར་སྤྱད་ཀྱང་ཐིག་ལེ་མི་འཛད། ཨ་ཤོག་གནྡྷ་ཏིལ་གཉིས་འོ་མར་སྦྱར་འཐུང་སོགས་ཀྱིས་བུ་སྐྱེ། དབང་ལག་འོ་མར་གདུས་འཐུང་ཁམས་འཕེལ་འདོད་སྤྱོད་ནུས། འབབ་བྱེད་ཀུན་དར་སྦྱར་བ་ནི། མཆིལ་བ་གྲོ་བོའི་ཀླད་པ་རྙེད་ཚད། བྱ་ཕོའི་ཀླད་པ། ཕུག་རོན་ཀླད་པ་གསུམ་སྦྱར་བུ་རམ་གྱིས་བཏུམ་སྟེ་རིལ་བུ་ནས་ཙམ་བྱས་ལ་མིད་པས་རིལ་བུ་རེ་ལ་བདེ་བ་རེ་རེ་འབྱུང༌། ཡང་མཆིལ་བ་གྲོ་བོའི་ཀླད་པ་རྙེད་ཚད་བུ་རམ་རིལ་བུ་བསྟེན་ན་དེ་བཞིན་ནོ། །ཡང་མཆིལ་ཤ་ཤིང་མངར་ཞིབ་བཏགས་པ་འོ་བསྐོལ་གྲང་ཕུལ་བཏང་ན་གོང་འདྲ་རིལ་བུ་རེ་ལ་ནུས་པ་རེ་འབྱུང་ངོ༌། །ཡང་བྱ་ཕོའི་ཤ་དང་ཤིང་མངར་རྣམས་སྦྱར་ཟོས་དེ་དང་འདྲ། ཡང་དེ་གཉིས་བ་མར་སྦྱར་ཟོས་ནུབ་རེར་ལན་བཅོ་ལྔའོ། །བུད་མེད་སྤྱད་དྲག་ཀྱང་ལུས་བཟང་བར་འགྱུར། ར་ཐུག་འབྲས་བུ་འོ་མར་བཙོས་ཀ་ར་ཏིལ་ཤིང་མངར་སྦྲང་སྦྱར་ཟོས་རྗེས་འོ་མ་ཕོན་རེ་འཐུང་ན་བདུན་ཅུ་ལོན་པས་ཀྱང་གཞོན་ནུ་བཞིན་དུ་འཁྲིག་པ་བསྟེན་ནུས་པར་འགྱུར་རོ། །ཞེས་སོ། །བླ་མ་དགོངས་འདུས་ལས་གསུང་བ། ཐིག་ལེ་འཕེལ་བའི་དམིགས་པ་ནི་རང་ལུས་སྦྱངས་ཏེ་དག་པའི་སྒོ་གསུམ་ལྷར་གསལ། འབར་འཛག་བསྒོམ། སྤྱི་བོར་ཨོ་རྒྱན་ཡབ་ཡུམ་མཉམ་སྦྱོར་བདུད་རྩིས་རྩ་ཀུན་གང་ནས་བྱིན་གྱིས་བརླབ་པར་བསམ། ལུས་ཀྱི་རྩ་གནས་ཐམས་ཅད་དུའང་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བདེ་སྟོང་སྦྱོར་བའི་བདུད་རྩིས་གང་བར་བསམ་མོ། །ཐིག་ལེ་སྨིན་བྱེད་ཀྱི་སྨན་ལ། ཨ་རུ་ར་ཤ་རུས་སྙིང་པོ་བཅས་བདུན་ལྔ་གསུམ་གང་རྙེད། དེའི་ཉིས་འགྱུར་ཨ་རུ་ཤ་ཆེན་རུས་པ་བཅས། ཙན་དན་དཀར་པོ། མང་ག་བུར། གི་ཝཾ། གུར་གུམ། ཛ་ཏི། ཅུ་གང༌། སུག་


MR13_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྨེལ་ཏེ་དེ་བདུན་ཐུན་ཚད་རེ། བྱ་ཕོ་མཚལ་བུའི་ཟེ་ཁྲག་ཐུན་གཉིས། མཆིལ་བ་མགོ་དམར་གྱི་ཀླད་པ་མ་ཉམས་པ་གཅིག །ཉ་མང་པོའི་ལྟོ་ཚིལ། བྱེའུ་ནས་ཟན་རུས་པ། དུང་སྲིན་མེད་རྡོག་གཅིག །མགྲོན་བུ་རྒྱ་མ་ཉམས་པ་མིག་མ་ཕུག་པ་གསུམ། བུ་མོ་དབང་པོ་མ་ཉམས་པའི་ལུས་བྱུང་ཁྲག་ཁྱེའུ་གྲོང་ཆོས་མ་གོས་པའི་དྲི་ཆུ། ཅོང་ཞི་བཏུལ་མ། རྩ་དུར་བའི་རྩ་བ་སྟེ། དེ་རྣམས་ཆ་མཉམ་ཕྱེ་ཞིབ། དེ་ཀུན་དང་བུང་མཉམ་དབང་ལག་སྟོན་དཔྱོད་བཏུས་པ། བྱ་མ་གསར་གྱི་སྒོ་ངའི་སེར་པོ་དང་བུད་མེད་མོ་གསར་གྱི་ནུ་ཞོས་མགོ་བསྡུས་ལྡེ་གུ་འདམ་འཐག་ཡུན་རིང་བྱས་པའི་རིལ་བུ་སྲན་འཕོས་ཙམ་མེ་ཉིའི་དྲོད་མེད་པར་བསྐམ། དར་དམར་པོའི་ཁུག་མར་བཅུག །ཉ་ཡོལ་ནས་གནམ་གང་བར་མི་བསྟེན། ཚེས་གཅིག་ནས་བཅོ་ལྔའི་བར་ནང་བར་ཁྱེའུ་སུས་སུ། །རིལ་བུ་གཅིག་ནས་ནང་རེ་རེ་རེ་བསྣན་ཏེ་ཚེས་བཅོ་ལྔར་བཅོ་ལྔ་བར་དུ་བཏང༌། རིལ་བུ་བསྟེན་པའི་ཟླ་ཕྱེད་བར་ལ་ཐིག་ལེ་མ་ཟག་པར་བྱ། ཆགས་སྐྱེའི་གླེང་མོ་བརྗོད། མར་ངོར་སྨན་མི་བསྟེན་དུས་སུ་གོང་གི་དེ་རྣམས་གང་ཡང་མི་བྱ་བཟུང༌། དེས་ཐིག་ལེ་སྨིན་ཅིང་རབ་ཏུ་རྒྱས། སྐྱོབ་ཏུ་བཟའ་བཏུང་བཅུད་ཅན་བསྟེན་ན་བཟང༌། ཡང་གཞུང་སྦྱོར་དེ་སྟེང་མཛོ་དྲེའུ་རྟོལ་གསུམ་མ་གཏོགས་གཞན་གང་རྙེད་ཀྱི་རུས་རིགས་གང་རུང་མཐེབ་ཚིགས་ཙམ་བརྡུང་བ་དང༌། ཅོང་ཞི་ནས་ཙམ་བཏུལ་མ་ཁྲོལ་བུ། དེ་ཕུལ་རེར་ཆང་ནར་སོན་ཕུལ་དོ་གདུས་པའི་ཁུ་བ་རང་ཐིམ་སྐམ་ཕྱེ་བྲེ་གང༌། རྙེད་ན་གངས་སྦལ་གྱི་ཤ་གཟུགས་གཅིག །མ་རྙེད་ན་རྩངས་ཕག་གི་ཤ་གང་འབྱོར། འབྲས་བུ་གསུམ་ཆ་མཉམ་ཕྱེ་མ་ཕུལ་ཕྱེད། མ་རྙེད་ན་གང་འབྱོར་འོ་མ་བྲེ་གང་ལ་གདུས་ཞུན་བྱ་མཚལ་ལུའི་ཤ་གང་རྙེད། པ་ཤུད་ཀླད་པ། ཉ་ཤ་སྐམ་པོ། བྱ་ཀ་ལན་གྱི་སྒོ་ང་བཅས་


MR13_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་བུར་ཆུ་བཅད་འབྲི་མར་ཞུན་ཁུ་བཅས་ཐོ་རེངས་བསྟེན་ན་ཁམས་རྒྱས་སོ། །ཡང་བླ་མ་དགོངས་འདུས་ལས་ཁམས་ཉམས་པ་གསོ་བ་མན་ངག་གི་ལུང་ཧཱུཾ་རྒྱ་ཅན་ལས་གསུངས་པ་ནི། ཨ་རུ་ར་ཤ་རྒྱས་པ་བརྒྱ་རྩ་བརྒྱད་རུས་པ་རྐང་བཅས། དབང་ལག་སྡེར་ལྔ་པ་ཡན་ཆད་བརྒྱ་རྩ་བརྒྱད། བལ་དཀར་མེ་ཏོག །ལྕ་བ། གཟེ་མ། ར་ཤག །བ་སྤུ། ཤུག་འབྲུ་འབུ་མེད། མཁན་དཀར་རྩ་བ། མཚེ། འོམ་བུ། སྲོ་ལོ་དཀར་པོ་དེ་རྣམས་ཀྱི་ཕྱེ་དང༌། ཅོང་ཞི་བྲེ་གང་ནང་ཟེ་ཚྭ་སྲང་གསུམ་བཏབ་པ་ཆུ་གཙང་དུ་བསྐོལ་ཞུན། རུས་རིགས་ཐམས་ཅད་ནས་ཙམ་བརྡུང་བའི་ཞག་ཁུས་བཀྲུས། ཁུ་ཐོག་གཅིག་ཕོས་ཏེ་ཞུན་བྱས་པར། བ་ར་འབྲི་གསུམ་འོ་མ་ཆ་མཉམ་ཕུལ་དགུ་བསྐོལ་བའི་ཞུན་དེ་རྣམས་དང༌། བཟང་དྲུག་ཐུན་གསུམ་གསུམ། ཙན་དན་དཀར་དམར་ཐུན་གསུམ། ག་བུར་ཐུན་གཅིག་རྒྱ་སྦལ་ཤ་སྲང་གང༌། མཆིལ་བ་མགོ་དམར་ཤ་བུབ་གཅིག །བྱ་མཚལ་བུའི་ཟེ་ཁྲག །བྱ་ནག་མོའི་སྒོང་ངའི་སེར་རྩི་སྐམ་པ། འབྲོང་གི་རྐང་མར། རྒྱ་བྱའི་ཁྲག །བ་རུ་ར་གསུམ། སྐྱུ་རུ་ར་དགུ་རྣམས་རུས་པ་བཅས། འབྲས་སྣ་གསུམ། གོ་ཡུ། མཁལ་ཞོ། སྡིག་སྲིན། སེ་འབྲུ། རྒྱ་ཚྭ། ར་ལུག་རླིག་འབྲས། ཏིལ་དཀར་ནག །སྤོས་དཀར། གུ་གུལ། ཆང་བཟང་བྲེ་གང་གི་ཞུན། རྡོ་རྒྱུས་བྱ་བལ་མ། པ་ཤེལ་ཙེ། ན་བུན་བུ་མོའི་ཤ་ཚིལ། ཉ་རུས་ཆེན་གྱི་ཀླད་པ། བུད་མེད་དར་མ་རྒྱུད་བཟང་ཁྱེའུ་སྐྱེས་པའི་འོ་མའི་མར་དང་འབྲི་མར་བསྲེས་ལ་ཞུན་བྱས། སྦྲང་དཀར་དང་བུར་སྨུག་སོ་སོར་བསྐོལ་བའི་ཞུན་ཕྱེ། དེ་རྣམས་གཡའ་མེད་སྣོད་དུ་ལྡེ་གུ་བྱས་ལ། ཁྱེའུ་སུས་སུ། ཐུན་རེ་རབ་ལོ་གཅིག །འབྲིང་ཟླ་དྲུག །ཐ་མ་ཟླ་གསུམ་བསྟེན་པས་ཡབ་ཡུམ་གྱི་ཁམས་


MR13_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཤ་རུས་རྐང་ཚིལ་ཁྲག་སོགས་ཀྱི་ཁམས་ཀུན་ཉམས་པ་སོས། སྟོབས་བསྐྱེད། དར་ལ་བབ། བདེ་སྟོང་འཕེལ། འདིའི་རིང་གྲིབ་ལ་འཛེམ། བཅུད་ཅན་བསྟེན་ཁམས་དང་ཤ་རྒྱས་ཆེ་བས་གེགས་བྱེད་ན་བསྟེན་འཕྲོ་བཅད་དོ། །ཞེས་གསུངས། ཁམས་དང་བདེ་བ་འཕེལ་བའི་དམིགས་པ་ནི། བླ་གནས་གང་དུ་གནས་པའི་རྩ་མདུད་ནང་དུ་དཔའ་བོ་མཁའ་འགྲོ་ཡབ་ཡུམ་སྦྱོར་བའི་བྱང་སེམས་དཀར་དམར་གྱིས་རྩ་ཀུན་གང༌། འཁོར་དཔའ་བོ་མཁའ་འགྲོ་ཏིལ་གང་ལྟ་བུ་ཐམས་ཅད་ཀྱང་སྦྱོར་བས་བདེ་དྲོད་སྐྱེས་ནས་གར་འཁྲབ་པར་བསམ་མོ། །ཞེས་གསུངས་སོ། །ཡང་ནད་དང་གདོན་སོགས་ཀྱིས་ཐིག་ལེ་སྐམ་པས་འདོད་པ་སྤྱོད་མི་ནུས་པ་ལ། བདུད་རྩི་ལྔ་དང་སྤང་སྤོས་སྲོ་ལོ་ཆང་སྦྱར་སྒྱེ་ལུམ་མམ་རླང་ལུམ་ཞག་གཅིག་གམ་གསུམ་དུ་བྱ། རྡུལ་རྣམ་རས་ཀྱིས་ཕྱི། དེའི་རིང་ཟས་བཅུད་ཅན་བསྟེན། ཁྱད་པར་བ་འབྲི་ལུག་གསུམ་འོ་མ་ཞོ་ཙམ་གདུས་པར། ལྕ་བ་བ་སྦྲུ་ར་མཉེ། རུས་པ་ལྷ་བ་ཅན། སྒོག་སྐྱ། གཟེ་མ། རྒྱ་ཤུག་དམར་པོའི་འབྲུ་གུ་རྣམས་ཆ་མཉམ་ཆང་བཟང་དུ་བཙོས་པའི་ཁནྜ་དང༌། དབང་ལག་ཞིབ་བཏུལ་ཕྱེ་མ་ཕུལ་གང་འོ་མ་ཕུལ་དགུར་ཁུ་བ་རང་ཐིམ་བཙོས་པ་བཅས། སྦྲང་བུར་ཆུ་བཅད་ཁ་ཚར་བཏབ་པ་ཐོ་རངས་ཆང་སྐྲད་རེ་བསྟེན། དེའི་རིང་ལུས་ལ་མར་དཀར་བྱུག །དེས་སོས་པར་འགྱུར་རོ། །ཡང་ཐེའུ་རང་གི་གནོད་པ་སོགས་གདོན་རྐྱེན་ལས་ཐིག་ལེ་སྐམ་ནས་དབང་པོ་ལྡང་མི་ནུས་ལ། རྨི་ལམ་བྲག་གཡངས་ཐང་སྟོང་ཁང་ཧྲུལ་བྱིས་པ་སོགས་ཉམས་མི་དགའ་བར་རྨི་ཞིང༌། བུད་མེད་དང་ཕྲད་ཀྱང་རྡོ་རྗེ་འགྱེལ་བའི་རིགས་ལ། ཨ་རུ་གསེར་མདོག །དཀར་པོ་ཆིག་ཐུབ། རྒྱ་མཚོའི་གསེར་ཕྱེ། མ་གི་ཏ་རྣམས་སྦྱར་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཏབ་སྟེ་ཟོས་ན་ཁམས་གསོ་ཞིང་རྡོ་རྗེ་མི་འགྱེལ་ལ་བུ་ཡོད་པར་ངེས་སོ། །


MR13_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ཨོཾ་ཁྲོ་ཏ་བྷུ་ཏི་བྷུ་ཏིས་པ་ཡ་ཀུ་རུ་ཀུ་རུ་ཡེ་སྭཱ་ཧཱཾཿ ཞེས་གཏེར་མའོ། །ཡང་རྒྱལ་པོས་གནོད་ན་རམ་བུ་མུ་ཟི་ནག་པོ་གུ་གུལ་གསུམ་ལ་སྔགས་འདི། རཱ་ཛ་ཁ་བ་ཤིག །བརྒྱ་རྩ་བརྒྱད་བཏབ་ལུས་ལ་འཆང་ཁོང་དུའང་བཏང་པས་ཐུབ། མོ་གདོན་གནོད་ན་སྦྲུལ་པགས་དང་སྲེ་མོང་པགས་པ་གཉིས་ལ། ཁྲོཾ་ཀྵ་ཧཱུཾཿ འདི་བྲིས་ནས་བཏགས་ན་ངེས་པར་ཐུབ་ཅིང་འདྲེ་གཞན་གྱིས་ཀྱང་མི་མཐོང་ངོ༌། །གཞན་ཡང་རེ་ལྕགས་འཕང་དྲེག་བསེན་མོ་གནས་པའི་རྡོ་དྲེག་གསུམ་ལུས་ལ་བཏགས་པས་བསེན་མོ་ཐུབ་བོ། །ཐེའུ་རང་ལ་དྭ་བའི་འབྲས་བུ་དང༌། ཐང་ཁྲོམ་རིགས་བསྡུས་པའི་ཐུམ་པོ་ལུས་ལ་བཏགས། ཏྲི་ཧཱུཾ་སུ་ཏྲི་དུམ་བུ་ཐེའུ་བྲང་མཱ་ར་ཡ་ཛ་ཛཿ ཞེས་བཟླ་འདི་རྣམས་གཏེར་མའོ། །འགོང་པོའི་རིགས་སྤྱི་ཡི་ཁ་ཆིངས་ནི། འགོང་པོ་ཧབ་ཤ་ཏྲིག་ནན་ཐ་ཏྲི་མྱག་ཐུཾ་རིལ་རྦདཿ ཅེས་བཟླས་པས་འཇོམས་པར་རྫོགས་པ་རང་བྱུང་གི་རྒྱུད་ལས་གསུངས་སོ། །དེ་དག་ཀྱང་ཡི་དམ་ཁྲོ་བོ་གང་ཡིན་གྱི་བསྐྱེད་རིམ་དང་སྔགས་བཅས་དམིགས་པ་གཟིར་ལ་སྲུང་སྐུད་སོགས་གདགས་པའམ་བཟླས་པས་ཐུབ་པར་འགྱུར་རོ། །སྤྱིར་ཁམས་འཕེལ་ཞིང་རོ་ཙ་བར་འདོད་པས་ཟས་ཤ་སྣུམ་ཅན་དང༌། འབྲས། འོ་མ། འོ་ཞོའི་སྦྲིས་མ། ཤ་མང་གི་ཚོད་མ་སོགས་བརྟེན། ཤ་རུལ་ཆང་སྐྱུར་སྔོ་ངད་ཟ་ཚོད་དཀོར་ཟས་གྲིབ་ཟས་རྗེན་ཐུག་སོགས་སྤང་བར་བྱའོ། །རྟ་མགྲིན་ལས་ཚོགས་ནས། ཨོཾ་དུ་ཏི་མ་ལ་དུ་ཎི་ཧྲཱི་བྷ་ཏི་མཱུ་ལ་པཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བུ་རམ་ལ་བསྔགས་ནས་ཟོས་ན་རྡོ་རྗེའི་དབང་པོས་ལན་རེར་ལན་བརྒྱར་སྤྱོད་ནུས། ཞེས་སོ། །འཇིག་རྟེན་གསུམ་རྒྱལ་རྒྱུད་ལས། རང་གི་རྡོ་རྗེ་རྡོ་རྗེ་བཅང་བས་བཟུང་ལ་སྙིང་པོ་ཧཱུཾ་ཞེས་པ་ཉིན་བདུན་དུ་དུས་གསུམ་དུ་ལང་བའི་བར་དུ་བཟླས་ལ། དེའི་མཇུག་ཏུ་ནམ་ཕྱེད་


MR13_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་བཟླས་ན། རྟག་ཏུ་འགྲེང་ལ་བཅུད་མང་ཞིང་ཤུགས་དྲག་པས་བུད་མེད་ཐམས་ཅད་དགའ་བར་ནུས་སོ། །བུ་མོ་སྤྱད་པ་ན་རྡོ་རྗེ་བཟུང་ལ་ཧཱུཾ་ཞེས་བརྗོད་པར་བྱའོ་གསུངས། གངས་སྦལ་ཕུག་རོན་ཕོ་ཡི་ཤ །མཆིལ་བའི་ཤ་དང་ར་ཐུག་འབྲས། །བག་ཕྱེ་ཚ་སྣ་རིལ་བུ་དྲིལ། །ཟངས་སྣོད་བཞག་ལ་ཞག་གསུམ་བསྔགས། །ཨོཾ་ཧྲིང་ཧྲིང་དབང་ལ་ཧྲིང་ཧྲིང་ཧ་རི་ནི་ས་ཧྲིང་སྭཱ་ཧཱཿ འགྲུབ་ན་རིལ་བུ་དམར་པོ་འོང༌། །ཆང་ཕུལ་ཉིན་མཚན་མེད་པར་རྡོ་རྗེ་འགྲེང༌། ཞེས་སོ། །གསང་བའི་རྡོ་རྗེ་ལ་བྱུག་པ་གང་གིས་བདེ་བ་ཆེ་ཞིང་བུད་མེད་འབྲལ་མི་ཕོད་པར་བྱེད་པའི་ཐབས་ལ། ཁྱི་དཀར་པོའི་ལྕེ་ཕོ་མཚན་འབྲས་བུར་བཅས་པ་དང༌། གུར་གུམ་ག་བུར་ཚྭ་ལ་ཤིང་མངར་ཕུག་རོན་བྲུན་ད་བྱིད་རྣམས་སྦྲང་སྨྱོན་སྦྱར། ཏིལ་མར་བསྐོལ་གྲང་བཅས་རྡོ་རྗེར་བྱུག་ན་གང་ལ་སྤྱད་ཀྱང་བདེ་བ་མི་བཟོད་པར་འཕེལ།བུ་མོ་དེས་ཁྲོམ་གྱི་ནང་དུའང་བདེ་བ་དྲན་ནས་སྦྱོར་བར་འདོད་ཅིང་འབྲལ་མི་ཕོད་པར་འགྱུར་རོ། །ཡང་མཚེ་བུ་རམ་ཕུག་རོན་བྲུན་སྡོང་རོས་རྒྱ་ཚྭ་ཞིབ་བཏགས་གར་སླ་ཞོ་ཙམ་བྱུག་པས་དེ་བཞིན་ནོ། །ཟེ་ཚ་ཕུག་རོན་བྲུན་སྦྲང་རྩིས་ཀྱང་དེ་འདྲའོ། །ཡང་དེ་འདྲ་བའི་སྨན་སྣ་ཚོགས་རྒྱུད་དང་མན་ངག་ལས་བྱུང་བ་སྣ་ཚོགས་ཕྱོགས་བཀོད་ལ། དྭ་འབྲས་གཡེར་མ་རྒྱ་ཚྭ་སྦྲང་སྨྱོན་སྦྱར་བས་ཀྱང་གཡའ་སློང་ནི་གུ་རྟ་སྐད་འབྱིན་མ་བསྒུལ་ཀྱང་བདེ་བ་སྐྱེ། ཡང་མོའི་སྙིང་ལ་ཟིན་ནས་འབྲལ་མི་ཕོད་པའི་རྫས་མཆིལ་བའི་སྒོང་ཆུ་སེར་པོ། བ་རུ་བི་ལིང༌། མཚུར་ནག་བཞི་ཆ་མཉམ་ཞིབ་བཏགས་སྦྲང་རྒོད་སྦྱར་བྱུག་བདེ་བ་འཕེལ་བ་གོང་བཞིན་ནོ། །ཡང་རྟག་ཏུ་ག་བུར་བུ་རམ་གུར་གུམ་མཚལ་ཤིང་མངར་ཕུག་རོན་བྲུན་ཁྱི་དཀར་རྡོ་རྗེ། ལྕམ་པ། གཡེར་མ་རྒྱ་ཚྭ་རྣམས་ཞིབ་བཏགས་སྦྲང་རྒོད་སྦྱར་བས་བྱུག་ན་


MR13_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འདྲ། ཡང་རྟག་ཏུ་སྒོག་གཅིག་སྐམ་པོ་སྒ་སྐྱ་ཕག་ཚིལ་མཉམ་སྦྱར་བྱུག་སྤྱད་གོང་བཞིན་བུད་མེད་དེས་བརྩེ་ཞིང་དུང་བར་བྱེད། ཡང་ཕ་ཝང་ཚེས་བཞིའི་དགོང་ཀ་བཏགས་ལ་དེའི་རིལ་མ་ཞིབ་བཏགས་རང་གི་གསང་རྡོར་རྩེར་བསྐུས་ཏེ་སྦྱོར་ན་བུད་མེད་དེ་གཞན་གྱིས་སེམས་བསྒྱུར་བར་མི་ནུས་ཞེས་རྒྱུད་ལས་སོ། །བདེ་བ་འཕེལ་བའི་རྫས་ཐམས་ཅད་ལ་སྔགས་འདི་གདབ། ཨོཾ་གི་རི་ཧི་རི་ཙི་རི་ཨ་ཨ་ཤུ་མ་ཤམ་སྭཱ་ཧཱ། ཞེས་རྩི་ཡི་ལྷ་མོ་བློ་གྲོས་མའི་རིག་པ་བདེ་བ་འཕེལ་བར་བྱེད་པའོ། །ཡང་མིའི་ཤ་ལེགས་པོ་མ་རུལ་བ་རྡོ་ཚན་བར་དུ་བཙིར་ཏེ་ཆུ་སེར་ཕྱིར་ཕོ། གྲིབ་སྐམ་ཞིབ་བཏགས་ཕྱེ་མ་ཆང་སྦྱར་ཚ་བ་གསུམ་དང་སྤོད་བྲན་ལྟོ་སྟོང་བཏང་ན་ཁམས་རྒྱས་སོ། །ཡང་བུ་རམ་ཕུལ་གང་ནང༌། ཅོང་ཞི་པི་ལིང་ཁྱོར་ཕྱེད། ད་བྱིད་མཛུབ་ཚིགས་ཙམ་མཆིལ་བ་བུབ་གཅིག་རྣམས་ཞིབ་བཏགས་པ་འོར་སྦྱར་བ་ལྟོ་སྟོངས་ལ་ཟོས་ན་འདོད་པའི་སྦྱོར་བ་ནམ་དགོས་འགྲུབ་བོ། །རོ་ཙ་བའི་སྐབས་ཏེ་དང་པོའོ། །ད་ནི་ཁུ་བ་མི་ཉམས་པར་རེངས་པའི་ཐབས་བསྟན་པ་ནི། དགོངས་འདུས་ལས། མི་རིགས་སམ་རྒས་སམ་ཆགས་པ་སྤྱད་དྲག་པས་ཏིལ་མྱུར་དུ་འཆོར་ན། ཅོང་ཞི་ལྷད་མེད་མེ་ངར་དུ་བསྲེགས་པ་འོ་མ་རང་ཏུལ་བ་དང༌། དབང་ལག་འོ་མར་བཙོས་པ་ཆ་མཉམ་འདེ་གུར། དོམ། ༼ནང་ཀྱི་མཁྲིས་པ།༽ སྤྲེའུ། འཕྱི་བ་ས། ཉ་༼ཆུ༽། མི་༼མེ༽། བྱ་རྒོད་༼རླུང༌།༽ ལུག་༼བལ།༽ རྟ་༼མགྱོགས་བྱེད་ཀྱི་མཁྲིས་པ་རྣམས་༽རྣམས་ཀྱི་མཁྲིས་པ་དང༌། གི་༼སྟོབས་ཀྱི་༽ཝང་ཐུན་རེ། ཨ་རུ་གསེར་མདོག་རྣམས་ལྷན་དུ་བཏུལ་བ་ལ། ཁ་ཚར་བཟང་དྲུག །ཙན་དན་དཀར་དམར། ག་པར་སྦུར་ལེན། སྦྲང་དཀར་དང་བུ་རམ་གྱི་དབུ་བ། གླ་རྩི་སྨྱག་ཉུག་གུ་ཆུང༌།


MR13_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྲེས་ལ། ར་ལུག་གཉིས་ཀྱི་ཐུག་འབྲས་བྱུང་ན་རབ། མིན་ན་གང་རུང་རེ་བཅས་ཕྱུག་ཆེན་རྒྱུངས་པས་སྦྲུས་པའི་རིལ་བུ་སྲན་འཕོས་ཙམ་གྲིབ་སྐམ་ཐོ་རངས་གསུམ་གསུམ་ཟླ་གཅིག་བསྟེན་ན་ལོ་གཅིག་བར་དུ་ཐུབ། ལོ་གཅིག་བསྟེན་ན་ཐིག་ལེ་མི་བརྟན་པའི་གེགས་གྲོལ་ལོ། །འདི་ཟ་ཚེ་གཡེར་ལྕམ་ཟྭ་སོགས་རྩ་ཁ་འབྱེད་པས་སྤངས། སྤྱོད་ལམ་ཐིག་ལེ་མི་ཉམས་པར་བྱའོ། །ཡང་འབྲས་བུ་གསུམ། བྲེ་གའི་འབྲས་བུ། སྐྱེར་ཤུན་ཁཎྜ། བྲག་ཞུན་བཅས། འབྲོང་ངམ་གཡག་རྒོད་ཀྱི་རྐང་མར་དང་སྦྱར་བའི་རིལ་བུའམ་སྦྲང་བུར་ཆ་མཉམ་སྦྱར་བའི་སྨན་མར་གྱིས་ཀྱང་ཁམས་བརྟན་པར་བྱེད། དམིགས་པ་ནི་རང་ལུས་བདུད་རྩིས་སྨྱུག་དོང་ཞུན་མར་གྱིས་བཀང་བ་ལྟར་ཐེམ་མེར་གང་བ་ལ། དབང་པོའི་སྒོ་རྣམས་ཕཊ་སེར་པོ་མགོ་ཕྱིར་བསྟན་པས་བཀག་པར་བསམ། བུམ་ཅན་བཟུང་དེས་རྒས་ལྷོད་ལའང་ཕན་ནོ་ཞེས་དགོངས་འདུས་ལས་སོ། །ཁུ་བ་རེངས་པར་བྱེད་པའི་སྔགས་ནི། ཨོཾ་ཛཾ་མཾ་རཾ། ཞེས་པ་སྟེ་ནག་པོ་ཆེན་པོའི་རྒྱུད་རྒྱལ་ལས་སོ། །ཡང་ག་པར་ཐུན་གཅིག །ལུག་མིག་མེ་ཏོག་ཐུན་གཅིག །༼མཚལ་འང་༽སྲད་དཀར་ཐུན་གཅིག །ཚྭ་ལ་དུལ་མ་ཞོ་དོ་རྣམས་སྦྲང་རྒོད་དམ་བུར་དཀར་སྦྱར་བའི་རིལ་བུ་ནང་མ་བཅུར་ཟོས་ན་ལོ་གཅིག་ཐིག་ལེ་བསྟེན། ཡང་དང་པོ་དེ་གསུམ་སྟེང་པད་རག་གམ་མ་རྙེད་ན་སིནྡྷུ་ར་བསྣན་པའི་རིལ་བུ་གསུམ་རེ་ཞག་བཅོ་ལྔར་བསྟེན་པས་ལོ་གཅིག་བར་ཐིག་ལེ་ཕབ་ཀྱང་མི་ཕེབ་པར་བཤད། ཡང་མེ་ཏོག་ལུག་མིག །གུར་གུམ། སུག་སྨེལ། མཚལ་དཀར་དོམ་མཁྲིས་རྣམས་ཞིབ་བཏགས་ར་དཀར་འོ་མས་འདམ་འཐག་རིལ་བུ་ལུག་རིལ་ཙམ་ཞོག་པ་ལྟོ་སྟོང་གསུམ་རེ་ཟོས་ན་རྩ་ཁ་འཐེམ་ནས་


MR13_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཕྱིར་འདོན་མི་སྲིད། ལུས་བཟང་འོད་ལྡན་འབྱུང་སྟེ་རྫས་ཀྱི་ཆགས་ལམ་བདེ་བ་ཆེན་པོ་འོ་ཞེས་གཏེར་མ་ལས་སོ། །ཡང་ཟངས་རྩི་དཀར་པོའི་འབྲུ་འོ་མར་བཏབ་སྟེ་ཞོར་ཆགས་པའམ། ཟངས་རྩིའི་ཁནྜ་དུམ་རེ་ནང་མོ་ལྟོ་སྟོང་ཟླ་གཅིག་ཟོས་ན་ཐིག་ལེ་འཛིན། ཡང་དེ་བཞིན་དུ་ལུག་རུ་སེར་པོ་གྲིབ་སྐམ་ཕྱེ་མ་ཕུལ་གང་ལ་གཡེར་མའི་ཕྱེ་ཕུལ་ཕྱེད་བཏབ་སྟེ་ཞིབ་བཏགས་ཁྱེམ་བུ་རེ་རང་གི་དྲི་ཆུས་ཕུལ་ཏེ་ཟླ་ཕྱེད་བསྟེན་ན་གོང་འདྲ། ཡང་སྔོ་འོད་ལྡན་རང་གི་ཐིག་ལེ་བཅས་ར་འོར་གདུས་པ་བ་མར་སྦྱར་ནས་ཟོས་ལ་གནམ་སྟོང་དུས་རང་གི་རྐང་མཐིལ་དུ་བྱུག་ན་བུད་མེད་དང་སྦྱོར་ཡང་ཐིག་ལེ་མི་འཆོར་འཛིན། འདི་ཐམས་ཅད་གཏེར་མ་ལས་སོ། །ཡང་ག་པར་གུར་གུམ། རྒྱ་ཚིལ། ༼ར་རྒོད་འདྲ།༽ རྨ་བྱའི་སྙིང་རྣམས་ཞིབ་བཏགས་ནོར་བུའི་རྩེ་ལ་བསྐུས་ན་ཐིག་ལེ་རྡོ་རྗེའི་བུམ་པར་ཕྱག་རྒྱ་དང་མ་བྲལ་བར་དུ་གནས་སོ་ཞེས་དགའ་རབ་རྡོ་རྗེས་མཛད་པའི་སྲས་གཅིག་རྒྱུད་ཀྱི་འབྲེལ་བ་ལས་སོ། །ཡང་རྟག་ངུ༌། རྡོ་ཁབ་ལེན། མེ་ཏོག་གཡུ་ལོ། རང་གི་ཐིག་ལེ་བཞིར་འོར་བསྐོལ་ནས་ལྟོ་སྟོང་ལ་འཐུང་ཞིང་རྐང་མཐིལ་དུ་བྱུག་པས་ཐིག་ལེ་མི་འཛག་མི་ཉམས་ཞེས་འོད་ལྡན་རྒྱུད་ལས་སོ། །ཡང་རའི་ལིངྒ་འམ་རྩངས་པའི་མཇུག་མ་བླང་ནས་དུར་ཁྲོད་ཀྱི་སྲད་བུས་སྐེད་པར་བཅིང་ན་ཁམས་འཛིན་ནོ། །དེ་བཞིན་དུ་དྷ་དུ་ར་གོས་ཕྲལ་འདོམ་དཀྲིས་ཀྱང་བྲལ་བས་བཏོན་ནས་ལུས་ལ་བཅིངས་བའམ། ཨ་རྐའི་བལ་དཀར་ལས་སྡོང་བུ་བྱས་པའི་ཕག་ཚིལ་གྱི་མར་མེའི་མིག་སྨན་བྱས་པའམ། བྱི་ལ་ནག་པོའི་རྐང་རྒྱུས་ཀྱིས་བཅིང་བའམ། འཇམ་འབྲས་ནང་དངུལ་ཆུས་བཀང་སྟེ་སྐེད་པར་བཅིང་ན་དེ་གང་རུང་གིས་ཀྱང་ཁམས་འཛིན་པར་བྱེད་ཅེས་མི་གཡོ་བའི་རྒྱུད་ལས་སོ། །བ་བླའི་ཁུ་བའི་མིག་སྨན་དང༌། དངུལ་ཆུ་དང༌།


MR13_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པི་ལིང༌། རྒྱམ་ཚྭ། རུ་རྟ། ཕུག་རོན་བྲུན་རྣམས་ཀྱིས་ལིང་ག་དྲིལ་ཕྱིས་བྱས་པས་ཁུ་བ་རེངས་ཞེས་གཤེད་དམར་རྒྱུད་ལས་སོ། །ཡང་བྱ་བྲུན་དང་མི་ཁྱིའི་རུས་པ་བཏགས་པའི་ལྡེ་གུ་རྡོ་རྗེར་བསྐུས་ན་ས་བོན་མི་འབྱུང༌། ཡང་བྱི་ལའི་འབྲས་བུར་སྦྲང་རྩི་བྱུག་སྟེ་ག་པར་ཆུ་ནང་བཙོས་ལ་བསྐམ་པ་ཞིབ་བཏགས་ཅོང་ཞི་བསྲེས་ནས་རྡོ་རྗེ་ལ་བྱུག་སྟེ་བུད་མེད་བརྒྱ་ལ་སྤྱད་ཀྱང་ཐིག་ལེ་མི་འཆོར་མི་ཉམས་མཁའ་འགྲོ་འདུ་ཞེས་དང༌། ཡང༌། ལ་ཕུག་ཁུ་བར་ཅོང་ཞི་དང་བ་འོ་སྦྱར་བ་སྐྱུ་རུ་ར་དང་བསྲེས་སྟེ་རྡོ་རྗེ་ལ་བྱུག་ནས་མེ་ལ་བསྲོས་ན་ཐིག་ལེ་མི་འཆོར་བར་ཐུབ། ཡང་སྦྱིན་བསྲེག་ཐལ་བ་དང༌། ལུང་ཐང་སྙིང་པོ། ཨ་རུ་ར། ཅོང་ཞི་རྣམས་བ་འོར་སྦྱར་བའི་རིལ་བུ་རས་ཀྱི་བཏུམ་ལ་རྡོ་རྗེའི་བུ་གར་བཅུག་ཏེ་སྤྱད་ན་ཐིག་ལེ་མི་ལྷུང་བདེ་བ་ཆེ། ཡང་སྲེ་མོང་གི་རྒྱུས་པས་སྲིན་ལག་དཀྲིས་པའམ། ཡང་སྲེ་མོང་ཕོའི་རྒྱུས་པར་མདུད་པ་དགུ་བརྒྱབ། བོ་དྷི་ཙིཏྟ་ནན་ཆོདཿ ཞེས་པའི་སྔགས་འདི་ཁྲི་བཟླས་བཏབ་རང་གི་སྲིན་ལག་གཡོན་པར་བཅིངས་ན་ཁམས་མི་འཆོར་རོ། །ཡང་མགྲོན་བུའི་ནང་དངུལ་ཆུས་བཀང་སྟེ་སྤྲ་ཚིལ་གྱིས་བཏུམ་ལ་གན་རྒྱལ་དུ་ལྕེ་འོག་བཅུག་སྟེ་སྤྱོད་པ་བྱས་ན་ཐིག་ལེ་མི་འཆོར་ཞེས་འདི་རྣམས་རྒྱུད་རྣམས་དང་གཏེར་ཁ་རྣམས་སུ་ཡང་ཡང་བྱུང་བའོ། །ཡང་མགྲོན་བུ་སྦྲུམ་མ་ཆུར་བསྐྱུར་ན་ཁར་ལྡིང་བའི་ནང་གི་རྒྱ་སུབ་ཏུ་གསེར་དངུལ་ཟངས་དང་དངུལ་ཆུ་ཐིགས་པ་གཅིག་བླུག །ཁ་དམ་དུ་བཅད། ཕྱི་ནས་ལ་ཆའམ་སྤྲ་ཚིལ་གྱིས་གཡོགས་ལ་སྙོམས་འཇུག་དུས་རང་གི་ལྕེ་འོག་ཏུ་གན་རྐྱལ་བཅུག་ན། མགྲོན་བུ་མ་ཕྱུང་བར་དུ་ཐིག་ལེ་མི་འཆོར་ཞེས་གཏེར་མའོ། །ར་དཀར་རམ་བ་དཀར་འོ་མ་བསྐོལ་ཏེ་འཐུང༌། རྐང་མཐིལ་ལ་ཡང་བྱུག །ཚིལ་ཆེན་གྱིས་ཀྱང་རྐང་མཐིལ་བྱུག་ན་ཕན་ཞེས་སོ། །


MR13_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མགྲོན་བུ་སྦྲུམ་མ་མིག་མེད་ནང་དངུལ་ཆུ་ཐིག་པ་ཞིག་བླུག །རང་གི་རྐང་མཐིལ་གྱི་དྲེག་པས་ཁ་བཅད། དེ་སྤྲ་ཚིལ་གྱིས་བསྡམ། དེ་རང་གི་ལྕེ་འོག་བཅུག་ལ་སྦྱོར་བའི་དུས་སུ་འོག་རླུང་ཅུང་ཟད་བསྡམས་པས་ཐིག་ལེ་འཛིན་དེས་ཀྱང་ཟིན་དཀའ་ན། ཚེས་བཅུ་བཞིའི་ནུབ་མོ་སྦྱོར་བ་བྱས་པའི་བྱང་སེམས་དཀར་དམར་ཐིག་གཅིག་ཀྱང་སྔར་གྱི་དངུལ་ཆུའི་སྟེང་དུ་བླུག་ལ་རྐང་དྲེག་གིས་ཁ་བཅད། དེའི་སྟེང་དུ་ཡང་བྱང་སེམས་བླུག །དེ་ནས་སྤྲ་ཚིལ་གྱིས་གཡོགས་ལ་སྔར་བཞིན་བྱ། དེས་ཉིན་མཚན་དུ་སྦྱོར་ཀྱང་ཐིག་ལེ་མི་འཆོར་ངག་ཏུ་ཧཱུཾ་ཞེས་བརྗོད། རིག་པ་སྤྱི་བོའི་ཐིག་ལེ་དཀར་པོ་ལ་གཏད། རླུང་རྒྱུ་ཞབས་ནས་གྱེན་དུ་འུབ་འུབ་བྱས་པས་ཐིག་ལེ་འཛིན་ནོ་ཞེས་ཟབ། གཏེར་མའོ། །ཡང་གདོན་སོགས་ཀྱིས་ཐིག་ལེ་འཛག་པ་སྲུང་བ་ལ། ལུག་དཀར་པོའི་སོག་བལ་གཡས་པ་དང་ནག་པོའི་སོག་བལ་གཡོན་པ་གཉིས་ལ་སྐུད་པ་ཁྲ་བོར་བྱས་ལ་མདུད་པ་ཉེར་གཅིག་གདབ། ཨོཾ་ཏྲི་ཧྲན་རྩོག་རྩོག༔ ཞེས་པ་ཁྲིའམ་མདུད་པ་རེ་ལ་སྟོང་ཕྲག་རེ་བཟླས་ལ་བཏབ་ནས་རྐེད་པར་བཅིངས་ན་ཐིག་ལེ་སྲུང་བའི་མཆོག་སྟེ་གཏེར་མ་སོགས་ལས་སོ། །འཇམ་དཔལ་རྩ་རྒྱུད་ལས། ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཏྲ་དྷ་ར་ཎཱི་སིད་དྷར་ཐེ་སྭཱ་ཧཱ། མཱ་མ་ཀིའི་ཕྱག་རྒྱ་དང་བཟླས་པ་བྱ་ཞིང་བྲམ་ཟེའི་བུ་མོ་གཙང་མས་བཀལ་བའི་སྐུད་པ་གུར་གུམ་གྱི་ཆུས་བཙོས་ལ་མདུད་པ་བདུན་བོར་བར་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་སྐེད་པར་ལན་གསུམ་དཀྲིས་ནས་བཅིངས་ན། ས་བོན་འཆིངས་ཏེ་འདོད་པའི་དབང་ཕྱུག་དང༌། དགའ་ལྡན་གྱི་བུ་མོ་རྣམས་ཀྱིས་ཀྱང་ཡིད་ལའང་གནོད་མི་ནུས་ན། གཞན་བགེགས་དང་ལོག་འདྲེན་གྱིས་ལྟ་ཅི་སྨོས། ཞེས་གསུངས། མཱ་མ་ཀིའི་སྔགས་ནི། ཨོཾ་ཀུ་ལན་དྷཱ་རི་བན་དྷ་བན་དྷ་ཧཱུཾ་ཕཊ། ཞེས་བགེགས་


MR13_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འཆིང་ཞིང་བརླག་པར་བྱེད་པ་སྟེ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་དང་སྦྱར་བར་བྱའོ། །ཡང་རྒྱུད་དེ་ལས། ཚོན་སྣ་ལྔའི་སྐུད་པ་ལ་མུ་ཞེས་པའི་ཡི་གེ་འབྲུ་གཅིག་པོ་འདི་ལན་བཞི་བཟླས་ནས་སྐེད་པར་བཅིང་ན་ས་བོན་བསྡུམ་པར་འགྱུར་ཏེ་རྨི་ལམ་དུ་ཡང་འབྱུང་བར་མི་འགྱུར་ལ། རང་འདོད་པ་ནི་མ་གཏོགས་སོ། །གལ་ཏེ་འདོད་ན་ཉིན་མཚན་རེ་རེ་བཞིན་བྱའོ། །ཅི་སྟེ་མི་འདོད་ན་ཐལ་བ་ལ་ལན་བདུན་སྔགས་ནས་ལྟེ་བའི་ཕྱོགས་སུ་བསྐུས་ན་ཞག་བདུན་ཕྲག་གསུམ་དུ་ས་བོན་བསྡོམ་པར་འགྱུར་རོ། །ཞེས་གསུངས། ཁུ་བ་བསྡམ་པ་འདི་ཐབས་ལམ་སྐབས་མིན་ཀྱང་སྔགས་སྒྲུབ་པ་སོགས་ཀྱི་དུས་དང་རྒྱུན་དུ་ཡང་གལ་ཆེ་བ་ཡིན་ནོ། །ཁམས་བརྟན་པར་བྱེད་ཅིང་ཐིག་ལེ་འཛིན་པའི་སྐབས་ཏེ་གཉིས་པའོ། །ད་ནི་བདེ་གསང་རྟགས་ཀྱི་གནས་བདེ་བའི་ལས་སུ་རུང་བར་བྱེད་པའི་ཐབས་བཤད་དེ། དང་པོར་ཡབ་ཀྱི་རྡོ་རྗེ་འགྲེང་བ་དང་སྦོམ་པ་སོགས་ཀྱི་ཐབས་ལ། སྦྲང་རྒོད་ཐང་ཕྲོམ་ཁ་ཤོག་པའི་འབྲས་བུ་གཉིས་ཞོ་རེ་ཞིབ་བརྡུང༌། ར་ཚིལ་དང་དངུལ་ཆུ་བཏུལ་མ་བཅས་བསྡུས་པའི་རིལ་བུ་སྲན་ཙམ། འབྲི་མར་རྙིང་བ་དང་སྦྱར་ནས། ཉིན་མོ་རྡོ་རྗེ་ལ་ཡང་ཡང་བྱུག་སྟེ་མཉེ་ཞིང་ཉི་མའམ་མེ་ལ་བསྲོ། ཁོང་དུ་བདེ་བ་འཕེལ་བའི་རྫས། ད་བྱིད་མཆིལ་ཤ་སྡིག་སྲིན་གསུམ་ཞོ་རེ་ཆ་མཉམ་ཞིབ་བཏགས་སྦྲང་རྩིར་སྦྱར་བ། རྒྱ་ཚྭ་དང་ལྕམ་པའི་ཆུ་ལ་སྦྱར་ནས་ནང་མོ་ལྟོ་སྟོངས་བཏང་ནས་དེའི་ནུབ་མོ་སྦྱོར་བ་བྱས་ན་རྡོ་རྗེ་གློ་བ་ལྟར་བརྒྱངས་ནས་པདྨ་ཁེངས། བདེ་ཆགས་མི་བཟོད་པ་སྐྱེ་བར་འགྱུར་རོ། །ཕྱིར་མི་དབྱུང་བར་འཐོག་ན་བྱང་བུ་ལ་རྒྱ་སྐེག་ཚ་ལ་གསུམ་ཞོ་རེ་ཞིབ་བཏགས་ཞུ་མཁན་ཆུར་སྦྱར་རིལ་བུ་སྲན་མ་ཙམ་ཁོང་དུ་བཏང་བས་འཐོན་པར་འགྱུར་རོ། །ཞེས་གཏེར་མའོ། །


MR13_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འོད་ལྡན་ག་པར་གླ་རྩི་ཤིང་ཚ་རྣམས་བུད་མེད་ནུ་ཞོར་སྦྱར་ཏེ་རྡོ་རྗེ་ལ་བྱུག་ན་ཆེ་ཞིང་བདེ་བ་སྐྱེད། ཡང་མོན་སྲན་དཀར་ནག་སྲན་ཆུང་གསུམ་ཞིབ་བཏགས་ཕྱེ་མ་མི་ཡི་རྐང་མར་སྦྱར། གསང་རྡོར་བྱུག་ན་ནམ་དགོས་ལས་སུ་རུང༌།དེ་ལ་གི་རི་ཧི་རི་སོགས་སྔགས་བརྒྱ་རྩ་བརྒྱད་ཀྱིས་གདབ་པར་བྱའོ། །སྔགས་དེ་ནི་རྫས་ཐམས་ཅད་ལ་བཏང་ཡང་ལེགས་པ་སྐབས་ཐམས་ཅད་དུ་མ་སྨོས་ཀྱང་ཤེས་པར་བྱའོ། །ཡང་མོན་སྲན་གྲེའུ་གཟེ་མ་ད་བྱིད་གསུམ་ཕུག་རོན་བྲུན་དང་སྦྱར་ཏེ་གསང་རྡོར་ལ་བྱུག་པས་མི་ཉམས་པར་འགྲེང་བར་བྱེད་དོ། །ཡང་སྨན་དེ་གསུམ་པ་མར་དང་སྦྱར་ཏེ་ལྟོ་སྟོང་ལ་བཏུང་བར་ཡང་བྱའོ། །ཡང་ཐལ་རྡོར་མི་ཀླད་བུ་རམ་གུར་གུམ་གསང་རྡོར་ལ་བྱུག་པའམ། ག་བུར་ཏིལ་ཙམ་ལོང་ཐང་རྩ་བ་རིལ་མ་ཙམ་སྦྱར་བསྐུས་སམ། སྦྲང་རྒོད་ཁྱི་དཀར་རྡོ་རྗེ་ཤིང་ཀུན་རྣམས་མར་དཀར་དང་སྦྱར་ཏེ་སྔགས་བཏབ་གསང་རྡོར་ལ་བྱུག་ན་ལོ་དགུ་བཅུ་ལོན་པས་ཀྱང་མཚན་ལྡན་མ་བརྒྱ་ལ་སྤྱོད་ནུས་པར་འགྱུར་རོ། །ཞེས་དང༌། ཡང་ལྕམ་པའི་རྩ་བ། མོན་སྲན། ཁྱི་དཀར་རྡོ་རྗེ་སྐམ་པའི་ཕྱེ་བཅས་ཟླ་དྲུག་བར་དུ་རྡོ་རྗེ་ལ་བྱུག་ན་ཤིན་ཏུ་ལས་སུ་རུང་ངོ༌། །ཡང་ས་བོན་ཁྱི་དཀར་འབྲས་བུ། སྦྲང་སྨྱོན་ལ་གི་རི་སོགས་སྔགས་བཏབ་རྡོ་རྗེར་བྱུག་པས་བདེ་བ་ཆེ། ཡང་དྷ་ཏུ་ར། མར་གསར། ཕག་ཚིལ། པི་ལིང༌། བ་སྤུ་རྣམས་ཀྱིས་ལིང་ག་ལ་བྱུག་སྟེ་མཉེས་ན་ཞག་གསུམ་སོགས་ནས་འཕེལ། པདྨ་ལ་ཡང་དེ་དང་འདྲ་ཞེས་རྒྱུད་ལས་སོ། །ཡང་གླང་གི་རྭ་གྱེན་དུ་སྐྱེས་པ་བླང་ནས་བརྡར་ཏེ་ལིང་གར་བྱུག་ན་གྱེན་དུ་ལྡང་བར་བྱེད་ཅེས་རྒྱུད་ལས་སོ། །ཡང་མ་ནུ་པུ་ཤེལ་རྩེ། ཏིལ་དཀར། ནཱ་ག་གེ་སར་སྦྲང་རྩི་མ་ཧེའི་མར་


MR13_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྣམས་ཀྱིས་ལྟེ་བར་བསྐུ་བའམ་ཕོ་མཚན་དྲིལ་ཕྱིས་བྱས་ན་ངེས་པར་འཕེལ། སླར་ཞི་འདོད་ན་ཆུ་དྲོན་གྱིས་རྫས་བཀྲུ་བ་ཀུན་ལ་ཤེས་པར་བྱའོ། །ཡང་དེ་བཞིན་ལིང་ག་ལ་རྔ་མོང་གི་ཆུས་བཀྲུས་པས་ཀྱང་འཕེལ་ལོ། །ཡང་དགོངས་འདུས་ཨོཾ་རྒྱ་ཅན་ན་མི་རྟ་ཁྱི་གསུམ་ས་བོན། སྨྱུག་མའི་སྦུ་གུ་མཐོ་གང་བ་གཅིག །དབང་ལག །ག་བུར། གཡག་ལུག་ར་གསུམ་རླིག་འབྲས། བཟང་དྲུག་ཐུན་རེ་བུར་སྦྲང་བསྐོལ་བའི་དབུ་བ་སྦྱར་བའི་རིལ་བུ་སྲན་འཕོས་ཙམ་ཁྱེའུ་སུས། གསུམ་རེ་བསྟེན་པས་དབང་རྡོར་ལྕགས་ཕུར་ལྟར་ལས་སུ་རུང་ཡང་འབྲས་བུ་གསུམ་ཆ་མཉམ་གདུས་ཁུ་དྲོ་འཇམ་ནང་དབང་རྡོར་ཅུང་སྦང༌། ཁྱི་ར་མི་འོ་གསུམ་བསྐོལ་བར་འབྲི་མར་ཁ་ཚ་བའི་ཞུན་སྦྱར་བས་རྡོ་རྗེར་བྱུག་ལ་ཉི་མར་བསྲོ་འཕུར་བྱ། དེ་ནས་ཁྱི་དང་བོང་བུའི་ཕོ་མཚན་སྐམ་པའི་ཕྱེ་མ་ཐུན་རེ། གཡེར་མ་ཐུན་གཅིག །སྤོས་དཀར་ཐུན་གཅིག །སྐྱོན་གྱིས་མ་གོས་པའི་བྱང་སེམས་དཀར་དམར་ཅུང་ཟད། འབྲས་བུ་གསུམ་གྱི་སྙིང་པོ་བདུན་རེ། བྱ་ངང་སེར་གྱི་ཁྲག་ཅུང་ཟད། མགྲོན་བུ་བསྲེག་ཐལ་ཐུན་གཅིག །ཚྭ་ལ་ཐུན་གཅིག་རྣམས་ཞིབ་བཏགས། ཆང་ནར་སོན་གྱི་སྙིང་ཁུར་སྦྱར། མོ་གསར་འོ་མ་ཆང་གི་ཕྱེད་ཙམ་སྦྱར་བའི་ལྡེ་གུ་ཞོ་ཙམ་བྱས་པར། ལུག་རུ་སེར་པོ་ཐུན་གཅིག །ཕབ་རྩི་ཐུན་ཕྱེད་ཙམ་བཏབ། རླང་ཐོན་ཙམ་བསྲོས་པ་དབྱར་ཡིན་ལ་ཞག་གསུམ། དགུན་ཞག་ལྔ་དྲོ་སར་བྱིབས་ལ་བསྙལ། དེ་ནས་དབང་ལག་གི་ཕྱེ་བསྲེས་པའི་རིལ་བུ་ཁམ་ཚིལ་ཙམ་དྲིལ་ལ། བུད་མེད་ཀྱིས་མ་མཐོང་བར་བྱ། ལས་སྦྱོར་དུས་རིལ་བུ་གཅིག་རང་གི་ཁར་སྦང་བའི་སྐྱོ་མ་རྡོ་རྗེ་ལ་བྱུག་ལ་སྐམ་ནས་སྤྱད་པས་རྡོ་རྗེ་སྦོམ་རིང་མཁྲང་ཞིང་


MR13_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །ཞར་བྱུང་དུ་མ་ནུ་སྒ་སྐྱ་བྱང་བུལ་གསུམ་ཡུང་བའམ་ཡུངས་ཀར་སྦྱར་བ་དར་བས་འཕུལ་ཏེ་བཏང་ན་ཆགས་པས་ཧ་ཅང་གཡོ་བ་ཞི་བར་བྱེད། རྫས་འདི་ཆུ་བསྐོལ་བཏབ་བཏང་ཕོ་ལ་བྱིན་ན་རང་གི་བུད་མེད་ལའང་མི་ཆགས་པར་འགྱུར་རོ། །ཞེས་གསུངས། ཡང་རྡོ་རྗེ་ཧ་ཅང་ཆེ་བ་ཆུང་བར་འདོད་ན། སྲན་མའི་མེ་ཏོག །ལུག་གི་བུ་སྣོད། རྟ་ཡི་སྲེ་ལོང་ངམ་ཤ་མ་སྐམ་བརྡུང་བུ་མོ་ལོ་བརྒྱད་པའི་ཆུ་དང་སྦྱར་ཏེ་ཁོང་དུ་བཏང་ན་རྡོ་རྗེ་ཤིན་ཏུ་ཆུང་བ་དང་མི་ལྡང་བར་ཡང་འགྱུར། ཡང་རྡོ་རྗེ་འགྲེང་ནས་ཞིར་མ་བཏུབ་ན་བུད་མེད་ཀྱི་དྲི་ཆུས་བཀྲུས་པས་མི་ལྡང་ངོ༌། །བུད་མེད་ཀྱི་པད་རཀ་ཁོང་དུ་བཏང་ན་དེས་མི་ལྡང་བ་སོགས་བཤད་དོ། །ཡང་ནས་ཕྱེ་བ་ཆུ་སྤོས་དཀར་ཤིང་མངར་མར་གྱིས་ཕོ་མོ་སུའི་ལུས་དྲིལ་ཕྱིས་བྱས་ན་བཟང་པོར་འགྱུར་ཞིང་དེ་སྟེང་སྦྲང་དང་ཞོ་ཟོས་ན་ཁམས་འཕེལ་ཞེས་རྒྱུད་ལས་སོ། །ཡང་ད་བྱིད་མཆིལ་ཤ་མི་ཤ་ཐང་ཕྲོམ་འབྲས་བུ་རྡོ་རྗེ་ལ་བྱུག་ན་འགྲེང་ཞིང་བདེ་བ་ཆེ་ཞེས་གཏེར་མ་ལས་སོ། །ཡང་བྱ་ཕོའི་ཀླད་པ་གླ་རྩི་ཤིང་ཚ་རྣམས་ཞིབ་བཏགས་བུད་མེད་ཀྱི་ནུ་ཞོར་སྦྱར་ཏེ་རྡོ་རྗེ་ལ་བྱུག་ན་ཆེ་ཞིང་སྦོམ་པར་འགྱུར་རོ། །ཡང་ཐང་ཁྲོམ་རྩ་བ་གླ་རྩི་ཤུ་དག་ཤིང་ནག་པགས་པ་སྔོན་པོ་བོང་བུའི་ཀླད་པ་ཆ་མཉམ་མཛོ་མོའི་འོ་མར་སྦྱར་ནས་བྱུག་ཀྱང་དེ་བཞིན་ནོ། །ཡང་འོད་ལྡན་ནས་ཟན་ཀླད་པ་བུ་རམ་བ་མར་སྦྱར་བ་སུས་ཟོས་ཕོ་མོ་གང་ལའང་བདེ་བ་སྐྱེ་ཞིང་ཕན་པ་ཆེ་ཞེས་འོད་ལྡན་རྒྱུད་ལས་སོ། །ཡང་པདྨ་དཀར་པོའི་གེ་སར། སྦྲང་བཅས་བཏགས་པ་ལྟེ་བར་བསྐུས་པས་ཕོ་ཡི་ལིང་ག་བརྟན། བུད་མེད་ཡིན་ན་ཆགས་པ་སྲ་བ་རྣམས་ཀྱང་ཆགས་པས་ཁུ་བ་འཛག་པར་བྱེད་དོ། །ཞེས་རྒྱུད་ལས་སོ། །ཡང་ག་པར་ཚ་ལ་དངུལ་ཆུ་གླང་པོ་པི་


MR13_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་སྦྲང་རྩིས་རྟགས་བྱུག་ན་བུད་མེད་རྣམས་ཆགས་ཟིལ་འཛག་པར་བྱེད་དོ་ཞེས་རྒྱུད་ལས་སོ། །ཡང་དཔའ་བོ་ཆིག་ཐུབ་ཏིལ་མར་སྦྱར་བ་ལྟེ་ཁུང་དུ་བྱུག་པས་འདོད་པ་སྤྱོད་ནུས་ཞེས་རྒྱུད་ལས་སོ། །ཡང་དཔའ་བྱེད་ཤིང་ཞེས་པའི་ཤིང་བུ་ཅུང་ཟད་མུར་བས་འདོད་པ་སྤྱོད་པའི་སྤོབས་པ་ཆེན་པོ་སྒྲུབ་པར་བྱེད་དོ། །ད་ནི་ཕྱག་རྒྱའི་པདྨ་ལ་ཕན་པ་སྒྲུབ་པའི་ཐབས་བཤད་དེ། ཆག་པ་དང་བྱེ་ལེབ་ཀྱི་ཕྱེ་མ་བཏབ་ན་སྐྱེ་གནས་དམ་ཞིང་མཁྲང་པར་བྱེད་དོ་ཞེས་རྒྱུད་ལས་སོ། །དེ་བཞིན་ལྕུམ་རྩ་བརྡུང་བ་པདྨར་བསྐུས་ན་དམ་པར་འགྱུར། ཡང་བྱི་ལའི་གཞང་ཚིལ་ཁོ་ནའམ། དེ་སྟེང་བྱེའུ་དང་ཕུག་རོན་གྱི་ཤ་ཁུ་བཅས་པདྨར་བསྐུས་ན་ཆུང་ནས་ཟུམ་པར་འགྱུར་ཏེ། གི་རི་ཧི་རི་སོགས་སྔགས་ཀྱང་ལན་བདུན་གདབ་པར་བྱའོ་གསུངས་སོ། །ཡང་ཁྱིམ་བྱའི་ཚིལ་བུ། བྱེའུའི་ཤ ཏིལ་མར་སྦྱར་བ་པདྨར་བསྐུས་ན་ཆེ་བའང་ཟུམ་ནས་དམ་པས་ཐིག་ལེ་བཀག་པར་འགྱུར་རོ། །ཡང་སྤང་རྒྱན་ལུག་མིག་ཐང་ཕྲོམ་འབྲས་བུ། ཁྱི་ནག་རུས་པ་དོམ་མཁྲིས་བྱ་སྒོང་གི་སེར་ཐིག་རྣམས་པདྨར་བྱུག་པས་ཁ་བསྡམ་པར་འགྱུར་རོ། །འགྲོལ་ན་སྔགས། སུ་ཁ་ཕྱེ་སྭཱ་ཧཱ། ཞེས་བཟླས་ལ་བྱུག་གོ། ཡང་རྟག་ངུ༌། བྱི་ལའི་གཞང་ཚིལ། བྱེའུས་༼རྩར་བྱེའུ༽ཏ་ཐོད་དཀར་གྱི་ཤ་རྣམས་མར་དང་སྦྱར་ཏེ་རྡོ་རྗེར་བྱུག་ནས་སྤྱད་ན་བྷ་ག་ཤིན་ཏུ་དམ་པར་འགྱུར་རོ། །ཡང་པདྨ་ཁ་སྡོམ་གྱི་མན་ངག་ཁྱད་པར་ཅན་གཏེར་མ་ནི། ཨུག་ཆོས་ཤང་དྲིལ་སྤང་རྒྱན་གླང་སྣའི་མེ་ཏོག་བཞི་ཁམ་ཕྱེ་ཙམ་ན་བཏུས་ལ། དེ་རྣམས་དང་ཁྱིམ་བྱ་ཕོའི་ཨོག་ཞོལ་དང་རྒྱ་ཚྭ་ཐུན་གཅིག་རྣམས་ཆང་གར་མར་བཏབ་སྟེ་ལྟོ་སྟོང་ཁོང་དུ་བཏང་བའི་བུད་མེད་དེའི་བྷ་ག་ཤིན་ཏུ་ཡངས་པ་དག་ཀྱང་ཟུམ་ནས་རྡོ་རྗེས་མི་འབྱེད་པ་ཙམ་དུ་འགྱུར་རོ། །དེ་ལ་སྔགས་འདི་བཏབ་ན་ནུས་པ་


MR13_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འཕེལ་ཏེ་སྔགས་ནི། ར་ཏི་ཐཾཿ ས་ཏི་ཐཾཿ ཀ་ཏ་ཐཾཿ མ་ཧཱ་མུ་དྲ་ཁ་ཐཾཿ ཞེས་རྫས་ལ་བཏབས་སོ། །གལ་ལྟེ་རྡོ་རྗེས་ངེས་པར་མ་ཕིག་ན། པདྨ་ཁ་འབྱེད་ཀྱི་མན་ངག་གོང་གི་མེ་ཏོག་རྣམས་ཁ་ཕྱེ་བའི་དུས་སུ་བཏུས་པ་དང༌། བྱ་ཕོའི་ཟེ་བ་རྒྱ་ཚྭ་རྣམས་ཆང་སྦྱར་བཏང་བས་ཁ་འབྱེད་པར་འགྱུར་རོ། །ཡང་རྟག་ཏུ་ག་པར་གླ་རྩི་ཤིང་ཚ་པི་ལིང་བརྡུང་བ་བུད་མེད་ནུ་ཞོར་སྦྱར་ཏེ་རྡོ་རྗེར་བྱུག་ན་གང་སྤྱད་བྱའི་བྷ་ག་ཡངས་ལ་དྲོད་ཆེ་བར་འགྱུར་རོ་ཞེས་འོད་ལྡན་རྒྱུད་ལས་སོ། །ཡང་བདེ་བའི་རྩ་ཁ་འབྱེད་པར། སྦྲང་སྨྱོན། ཟོ་ཤེ། ཁྱི་དཀར་ཕོ་མཚན། ཏི་གུ་ལམ་སྐྱེས་མ། ལྡུམ་བུ་རེ་རལ། རྒྱ་གཡེར། རྒྱ་ཚ་ཞིབ་བཏགས་རྡོར་པད་ལ་བྱུག་པས་འགྲུབ་བོ་ཞེས་གཏེར་མའོ། །ཡང་སྣ་མའི་མེ་ཏོག་དང་ཏིལ་བཏགས་པས་ཁྲུས་བྱས་ན་བྷ་ག་སོགས་སྟེང་དུ་མཐོ་བར་བྱེད་ཅེས་རྒྱུད་ལས་སོ། །ཡང་མ་ཧེ་ཕག་དང་གླང་ཆེན་དང་ཀ་རྐ་ཊ་ཡི་ཞག་ཚིལ་གྱིས་ནུ་མ་སོགས་མཉེས་ན་འཕེལ་ཞེས་རྒྱུད་ལས་སོ། །ཡང་པདྨའི་གེ་སར། ཨུཏྤལ་ཟེ་འབྲུ། པད་རྩ།༼པ་ཤེས་རྩེ༽ཨུ་ཤི་ར། མོན་ལུག །ཏིལ་རྣམས་མར་དུ་བཙོས་པས་བྷ་ག་དང་ལིང་གར་བྱུག་ན་དག་ཅིང་དྲི་ང་བ་དང་ལྷོད་པ་དང་ནད་སོགས་འཇོམས་ཞེས་རྒྱུད་ལས་སོ། །ཡང་ནིམ་པའི་ཤུན་པའི་ཁུ་བས་བྷ་གར་ཁྲུས་བྱས་ནས་ནིམ་ཤུན་བདུག་ན་གཞོན་པ་དང་དྲི་བཟང་བ་དང་སྐལ་པ་བཟང་པོའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་རྒྱུད་ལས་སོ། །ཡང་བ་བླ་ཆ་ལྔ། ཀིཾ་ཤུ་ཀ༼རྒྱ་སྐག་ཤིང་ཐལ་༽ཀྵ་ར་ཆ་གཅིག །ཡ་བ་ཀྵ་༼ནས་ཚིགས་༽ར་ཆ་གཅིག །ཆུ་ཤིང་ཀྵ་༼ཐལ་བ་༽ར་ཆ་གཅིག་རྣམས་ཆུ་ནང་མཉེས་ནས་བྱུག་པས་བྷ་ག་དང་མཚན་མ་སྐྱེ་གནས་ཀྱི་སྤུ་ཉུང་བར་བྱེད། དེ་དང་སྦྲུལ་མཇུག་གི་ཕྱེ་བསྲེས་ཏེ་ཚ་བའི་ཏིལ་མར་དུ་


MR13_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བདུན་བཞག་ལ་དེ་ཡིས་ལིང་ག་སོགས་མཉེས་ན་སྤུ་མི་འབྱུང་ངོ༌། །ཡང་བ་བླའི་རྩ་བ་ཆུར་བཏགས་འཐུང་ན་ཁྲག་འཛག་པ་ཆད། ཡང་འོད་ལྡན་བུ་རམ་ཟླ་མཚན་སྦྱོར་བ་ཟོས་ན་བུད་མེད་ཀྱི་ཁྲག་འགོག་པར་བྱེད། ཡང་དངུལ་རྡོ་འམ་ལྕགས་རྡོའམ་བྲག་ཞུན་གང་རུང་མར་དང་སྦྱར་ཏེ་ཟོས་ན་བུད་མེད་ཀྱི་ཟླ་མཚན་དུས་མིན་འབྱུང་བ་ཐུབ་བོ། །དེ་དག་ནི་རྡོ་རྗེ་དང་པདྨའི་བྱ་བའི་སྐབས་ཏེ་གསུམ་པའོ། །ད་ནི་མཚན་ལྡན་མའི་དམར་ཆ་འདྲོང་ན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པས་དེའི་ཐབས་བཤད་པར་བྱ་སྟེ། དེ་ལ་གཙོ་བོ་ནི་རླུང་སྦྱོར་གྱིས་ཁམས་འཛིན་འདྲེན་འདྲོང་ནུས་པ་དགོས་ལ། དེའི་གྲོགས་སུ་ཐབས་ཀྱི་ཡན་ལག་ཀྱང་འདི་ལྟ་སྟེ། དང་པོ་ཕྱག་རྒྱ་མའི་དབུ་མའི་མར་སྣེ་བྷ་གའི་ནང་ན་རྩ་ཀ་ཀ་མུ་ཁ་སྟེ་བྱ་རོག་གདོང་ཞེས་བྱ་བ་དེ་རྙེད་ན་ཡབ་ཡུམ་ལ་བདེ་བ་ཆེས་ཁྱད་པར་དུ་སྐྱེ་ཞིང་དེའི་རྩ་སྣེ་རང་གི་རྡོ་རྗེའི་བུ་གར་ཚུད་པ་ཙམ་གྱིས་དངོས་པོའི་སྟོབས་ཀྱིས་རང་གི་དབུ་མའི་སྒོ་རང་བྱེ་བས་ཡོན་ཏན་ཚད་མེད་འཐོབ་པ་དང༌། དེ་ལས་དམར་ཆ་དྲོང་ན་རང་ལུས་བྱེ་རུ་སྣུམ་གྱིས་བསྐུས་པ་ལྟར་བཀྲག་མདངས་ལྡན་ཞིང་ཚེ་དང་ལུས་ཀྱི་བཅུད་ལེན་དང༌། དངོས་གྲུབ་གཉིས་ཚེགས་མེད་པར་འགྲུབ་པས་དང་པོར་རྩ་དེ་ངོས་ཟིན་པ་གཅེས་ཏེ་དེ་ནི་པདྨའི་ཁ་ནས་གཏིང་དུ་སོར་གཉིས་ནས་བརྒྱད་ཀྱི་བར་གང་རུང་ན་ཡོད། ཕྱག་རྒྱ་ལང་ཚོ་དང་ལྡན་པ་རིགས་བཟང་བ་ལ་མངོན་ཆེ། ཁ་ཅིག་གི་བྷ་གའི་དབུས་དང༌། ཁ་ཅིག་ལ་གཡས་གཡོན་རྒྱབ་མདུན་སོགས་སུ་དབྱིབས་དང་རིང་ཐུང་སྦོམ་ཕྲ་མ་ངེས་པ་ཡོད་པས། དེ་ལ་རྡོ་རྗེས་ནམ་རེག་ན་ཕྱག་རྒྱ་མས་མི་བཟོད་པར་བདེ་འཁུན་བྱེད་པ་འོང༌། རང་གི་རྡོ་རྗེའི་རྩེར་ཡང་ཧྲུད་ཧྲུད་བྱེད་སྙམས་པ་ལྟ་བུ་འོང༌། དེ་མཐོང་བའམ་རེག་པའི་སྒོ་ནས་ལག་རྡེའུ་འཕྲོད་པར་བྱ། དེ་ཡང་ཡུན་


MR13_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཆགས་པ་བསླང་བ་དང་སྦྱོར་ཐབས་སྣ་ཚོགས་སོགས་ཀྱིས་རྩ་བསླང་ནས་མངོན་པར་འོང་བ་ལས་དུས་རྒྱུན་ཕལ་ལ་མངོན་དུ་མི་སྣང༌། རྩ་དེ་གཏེམ་པའི་འཁྲུལ་འཁོར་གྱི་ཐབས་ཀྱིས་བཙལ་བ་ནི། ཤོ་མང་འཆང་བ་སོར་དྲུག་ནང་སྟོང་གསང་རྡོར་ཚད་ཙམ། རྩེ་ཆུང་ཕྲ་བ། རས་སམ་བལ་གྱིས་ནང་བརྫངས། ལུག་གི་ལྟོ་ཚིལ་ལམ་མར་གྱིས་ཕྱི་ནས་བྱུག་ལ་དེ་གཤང་ལམ་དུ་བརྫང༌། མ་རྙེད་ན་རས་བལ་སོགས་འཇམ་པོས་བྱ་མཁལ་ཁུང་གཉིས་སུ་དར་རྡོ་ཁུ་ཚུར་ཙམ་རེ་བཅུག་ལ་དར་ཐག་གིས་བསྡམ།རྒྱབ་ནས་རྟ་སྒ་བརྟད་ལ་གན་རྐྱལ་བཞག་པས་མཁའ་གསང་ནང་དུ་ནུབ་ནས་གསང་གནས་གཡས་གཡོན་ནུ་མ་ལྟར་འབུར་འོང་བས་དེའི་ཚེ་རྩ་དེ་མིག་གིས་མཐོང་བར་ཕྱིར་དོན་འོང་བས་བྷ་ག་ནང་བལྟ་བར་བྱའོ། །མིག་གིས་མ་མཐོང་ཡང་སོར་མོས་རེག་དུ་རུང་བའམ་རྡོ་རྗེས་རྙེད་པར་འགྱུར་རོ། །དེའི་རྩ་སྣེ་ནི་དབྱིབས་པད་སྣལ་ལྟར་ཕྲ་བ། མདུང་རྩེའམ་རལ་གྲི་ལྟར་རྣོ་བ། མེ་ལོང་ངོས་ལྟར་འཇམ་པ་རིང་ཐུང་སྦོམ་ཕྲ་མ་ངེས་པ་འོང༌། རྩ་དེ་རྙེད་ཚེ་དེའི་རྩ་སྣ་ཁབ་ལྟ་བུ་རང་གི་རྡོ་རྗེའི་བུ་གར་ཚུད་པར་བྱས་ལ་མི་འབྲལ་བར་དལ་བུས་གཏེམ་པས་བདེ་བ་ཆེན་པོའི་རང་བཞིན་གྱིས་དབུ་མའི་སྒོ་འབྱེད་པར་འགྱུར་ཏེ། འདི་དུས་དལ་བུས་བག་དང་ལྡན་པར་མ་བྱས་ན་ཕྱག་རྒྱ་རྩ་བཟང་ཞིང་བདེ་ཆགས་ཆེ་བའི་རིགས་ལ་བདེ་བ་ཆེས་འབར་བས་སྲོག་གི་རྟེན་ཨ་ཧཾ་ཞུ་ནས་སྐད་ཅིག་དེར་ཚེའི་དུས་བྱེད་པར་གསུངས་པས་ཚོད་དང་བསྟུན་པར་བྱའོ། །རྩ་དེ་ཁ་འབྱེད་པའི་སྨན། རེ་རལ། རྟག་ངུ༌། བྲག་ཞུན། སྦྲ་རྩི། མགྲོན་བུ་མ་བསྲེག་པ། རྒྱ་ཚ་རྣམས་ཞིབ་བཏགས་རིལ་བུ་ར་རིལ་ཙམ་ལྟོ་སྟོང་ལ་ཕྱག་རྒྱ་མའི་ལྟོ་བར་བཏང་བས་རྩ་ཁ་འབྱེད་དོ། །


MR13_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱ་སྒོག་ཁྱི་སྒོག་རེ་རལ་ཐ་རམ་སྔོ་རྩི་༼གཡེར་མ༽གླང་བུ་ལང་ལང་རྣམས་ཞིབ་བཏགས། ཏིལ་མར་གུར་གུམ་རིལ་བུ་ར་རིལ་ཙམ་པདྨར་བཅུག །མར་གསར་སྦྱར་ཏེ་མོས་བཏུང་བས་རྩ་ཁ་འབྱེད་པར་འགྱུར་རོ། །ཡང་ན་མོ་རང་ལ་ལྟོ་སྟོང་ལྕམ་གཡེར་རིལ་བུ་བཏང་ཡང་འགྲུབ། དེའི་རྩ་སྣེ་རིང་བར་བྱེད་པའི་ཐབས་ལ། ཨུག་ཆོས་རྩ་བ། ར་དཀར་འོ་མ། སྦྲང་རྩི། རྩི་མར། ཀ་ར། དུར་བྱིད་སྦལ་བའི་ཤ་ཚིལ་རྣམས་སྦྱར་ལ་མཚན་མའི་ཕུགས་སུ་བཅུག་པས་རྩ་རིང་བར་བྱེད། གོང་གི་རིལ་བུ་རྣམས་པདྨར་བཅུག་པས་རྩ་མི་འཆོར་རོ། །ཡང་ན་ཨུག་ཆོས་དཀར་པོའི་རྩ་བ་ར་འོ་འམ་སྦྲང་སྦྱར་རྩ་སྣེར་བྱུག་པས་སྣ་རིང་བར་བྱེད་དོ། །ཕྱག་རྒྱའི་ཁམས་དམར་ཆ་དྲངས་ཐབས། དགོངས་འདུས་ཨཱཿརྒྱ་ཅན་ལས། རྡོ་ཁབ་ལེན་ཞོ་གསུམ་ནང༌། ཨ་རུ་གསེར་མདོག་རྡོག་གཅིག །ཀ་ར་ཐུན་གཅིག །ཙན་དན་དཀར་པོ་ཧ་ཤིག །སྲན་མའི་མེ་ཏོག་རྣམས་རེ་རེ་ནས་ཐུན་རེ་ཞིབ་བཏགས། སྐྱེས་དར་མའི་ས་བོན་དང་སྦྱར་བའི་༼བུ་རམ་༽རིལ་བུ་བྲ་རིལ་ཙམ་མོ་རིགས་ཀྱིས་མ་མཐོང་མ་རེག་པར་བྱས་ལ། ཉམས་ལེན་དུས་ནང་སྔ་ཐོ་རངས་རིལ་བུ་གསུམ་༼ཆང་གིས་ཕུལ་༽རེ་ཡབ་ཀྱིས་བསྟེན། ལྕགས་ཕྱེ་ཞོ་གསུམ། སྦལ་རྒྱབ། ག་པར། ཙན་དན་དམར་པོ། གཙང་གཡེར། ལྕམ་པའི་མེ་ཏོག་རེ་རེ་ནས་ཐུན་གཅིག་ཞིབ་བཏགས་སྦྲང་སྨྱོན་སྣུམ་མེད་སྦྱར་ཏེ་སྐྱེས་པ་གཞན་སུས་མ་མཐོང་མ་རེག་པར་བྱས་ལ་༼ལྕམ་གཡེར་ཐང་གིས་༽ཕྱག་རྒྱ་མོ་ལ་བླུད། ཡབ་ལ་རྩ་སྡོམ། ཡུམ་ལ་རྩ་འབྱེད་ཀྱི་སྨན་བརྟེན་ཏེ་དྲངས་པས་དམར་ཆ་འདྲོང་ངོ༌། །འདི་དག་རྫས་ཀྱི་ནུས་པས་ཀྱང་ཅུང་ཟད་འདྲོང་བར་འགྱུར་ཏེ། དཔེར་ན་ཉམས་མཚར་དུ། འོ་མ་ལ་ལྕགས་ཕྱེ་བཏབ།


MR13_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་བུ་གར་རྡོ་ཁབ་ལེན་གྱི་རིལ་བུ་བཅུག་ནས་འོ་མར་ཁར་གཏུག་ན་འཐུང་བར་བྱེད་པས་ཤེས་སོ། །ཡང་དེ་ལྟར་ཆེད་དུ་དྲངས་པའི་སྐབས་མིན་ཡང༌། འོད་ལྡན་དབང་ལག་ར་མཉེ་ཉེ་ཤིང་རྡོ་ཁབ་ལེན་རྣམས་ཕོ་མོ་གང་རུང་ལ་བཏང༌། ཅིག་ཤོས་དེས་ལྕགས་ཁུ་འཐུང་བས་ལྕགས་ཅན་དེའི་བདེ་བ་ཁབ་ལེན་ཅན་ལ་འདུ་ཞིང་ཤ་བཀྲག་རྒྱས། ཏིང་འཛིན་གསལ་བ་འབྱུང་སྟེ་ཕོ་མོ་ཕན་ཚུན་སུ་འདོད་བཞིན་བྱ་སྟེ་རྟེན་འབྲེལ་གྱི་གནད་ལ་ཡིད་ཆེས་པའོ། །དམར་ཆ་དངོས་སུ་འདྲེན་པའམ་ཆ་མཐུན་ཙམ་བྱ་བ་ཡང༌། ཕྱག་རྒྱ་མ་ནད་མེད་པ། ཤིན་ཏུ་གཞོན་དར་བདོ་བ། མཛེས་པ། རིགས་བཟང་བ། སྐྱིད་པ་རྣམས་ལ་བྱའི། དེ་ལས་ལྡོག་པ་གཞན་ལ་མི་བྱ། འདྲེན་པའི་ཚེ་པདྨའི་རྩ་ནས་དམར་ཆ་རྡོ་རྗེའི་བུ་ག་ནས་ཆི་ལི་ལི་དྲངས་ཏེ་རང་ལུས་ཀྱི་རྩ་སྦུགས་ཁྱབ་པར་དམིགས་ལ། རླུང་གྱེན་དུ་དྲངས། ཧཱུཾ་བརྗོད་འཁྲུལ་འཁོར་བྱས་པས་དྲོངས་རྟགས་རང་ལུས་བདེ་དྲོད་ཆིལ་ཆིལ་བ་སོགས་རྟགས་རྣམས་འབྱུང༌། དེས་རང་གི་ལུས་མདངས་དང་ཚེ་སོགས་འཕེལ་ཏེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དམར་ཆ་དངོས་སུ་དྲོངས་ན་ཕྱག་རྒྱ་མོ་ལུས་མདངས་ངན་སྙིང་སྟོབས་ཤོར་བ་སོགས་འབྱུང་བས། དེའི་ལུས་སྟོབས་གསོ་བ་དགོངས་འདུས་ལས་གསུངས་པ། ཉ་ཀླད་སྦྲུལ་གྱི་གཞུང་པའམ་ཀླད་པ། རྒྱ་བྱེའུ་དམར་པོའི་ཤ ར་ཐུག་འབྲས་བུ། བྱ་མཚལ་བུའི་ངར་སྒོང་རྣམས་ལ་ཨ་རུ་ཤ་ཆེན་པོ་མཉམ་སྦྱར་བའི་རིལ་བུ་ཀ་རས་དྲིལ། ཁྱེའུ་སུས་ལྔ་ལྔ་བཏང་ན་དམར་ཆ་དྲོངས་རྗེས་ཀྱང་མོ་སྟོབས་དང་ལྡན་པར་འགྱུར། དམར་ཆ་མ་དྲོངས་པའི་བུད་མེད་ཕལ་ལ་བཏང་ན་སྐྱེས་པ་ཉེར་གཅིག་གིས་སྤྱད་ཀྱང་མི་ངོམས་པས་སྡུག་བསྔལ་བར་བྱེད་པས་སྐབས་མིན་དུ་མི་གཏོང་ངོ་ཞེས་གསུངས། ཞར་བྱུང་རང་གི་ཁམས་ཡུམ་མཁར་ཤོར་ན་གཡའ་མེད་སྣོད་དུ་བླང་ལ།


MR13_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ག་བུར། གུར་གུམ། ཛ་ཏི། ཙན་དན་དཀར་དམར་ཅུ་གང༌། རུ་རྟ། དབང་ལག །བལ་དཀར་མེ་ཏོག །ཀ་ར། སྦྲང་རྩི། སེ་བ་བྱ་རྐང་ཅན་གྱི་མེ་ཏོག །གླང་སྣ། ལུག་རུ་སེར་པོ། ༼སྤེ་རུས་པའམ་༽སྤྱད་འབྲི་མིག་པ། བྱང་སེམས་དཀར་དམར། གསེར་མདོག་རྣམས་ཞིབ་བཏུལ་ཕྱེ་མ་ཅོང་ཞི་འོ་མར་བསྐོལ་བའི་ཁ་ཞག་དཀར་པོས་སྦྲུས་པ་ཁྱེའུ་སུས་བསྟེན་ན། སྟོབས་གླང་ཆེན། རྩལ་སེངྒེ་འདྲ་ཞིང༌། མཁའ་ལ་བྱ་ལྟར་ལྡིང༌། རླུང་ལྟར་འཕྱོ། མེ་ཆུ་སོགས་འབྱུང་བར་དབང་ཐོབ། སྐྲ་དཀར་གཉེར་མ་མེད། ཚེ་རིང༌། རྒས་སྲ། ནད་ཀྱིས་མི་ཚུགས། དབང་ལྔའི་མངོན་ཤེས་འཆར། སྣང་བ་ཐམས་ཅད་དབང་དུ་འདུ། བཀྲག་མདངས་གཟི་བརྗིད་ཆེ། བྱིན་རླབས་ནུས་པ་ཆེ་བ་སོགས་ཐུན་མོང་གི་ཡོན་ཏན་དང༌། དེ་ལ་བརྟེན་ནས་ཁྱད་པར་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ཐབས་ལམ་སྐབས་སུ་ཁམས་དབང་མེད་ཤོར་ན་དེ་ལྟར་བྱ་ཡི། ཕན་ཡོན་ལ་བལྟས་ནས་ཆེད་དུ་ཐིག་ལེ་ཉམས་པར་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་དང་འགལ་བའི་ཕྱིར་སྤང་ངོ་ཞེས་དགོངས་འདུས་ལས་གསུངས་སོ། །དངོས་གྲུབ་ཆེན་པོ་པདྨ་རཀྟ་དྲངས་པའི་སྐབས་སྟེ་བཞི་པའོ། །ད་ནི་རྣལ་འབྱོར་པ་ལས་དང་པོ་བ་རླུང་ལ་རང་དབང་མ་ཐོབ་པས་ཕྱག་རྒྱ་བརྟེན་པ་དག་གིས་སྲིད་མེད་པར་འདོད་པ་རྣམས་ལ་དེའི་ཐབས་བཤད་པར་བྱ་སྟེ། རྒྱ་སྐག་རྒྱ་སྣག་ནག་མཚུར་གསུམ་ལྟོ་སྟོང་མོ་ལ་ཐུན་རེ་བཏང་ན་ཟླ་གཅིག་བར་དུ་སྲིད་བསྲུང་ངོ༌། །སྲེ་མོང་གིས་རྒྱུས་པ་སུམ་བསྒྲིལ་གྱིས་རང་གི་སྲིན་ལག་གཡོན་པའི་རྩ་བསྡོམ་ནས་སྤྱད་ན་སྲིད་འགོག་པ་ལ་ཕན། ཡང་གཡུ་ཐོག་པའི་ཞལ་ནས་རྒྱ་ཚྭ་མཛེ་ཚྭ་ཚྭ་ལ་སྟར་བུ་ལན་ཚྭ་བུལ་ཏོག་མཚུར་ནག་རྣམས་ཆ་མཉམ་ཞིབ་བཏགས་སྦྲང་རྒོད་ཆུ་བཅད་ཅུང་ཟད་ཙམ་གྱིས་མགོ་བསྡུས་རིལ་བུ་སྲན་ཆུང་ཙམ་བྱས་སྐམ་ཐག་ཆོད་པ་དང་སྣོད་བཟང་པོར་


MR13_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བཅངས། བྱང་སེམས་འབབ་ཁར་རང་དུ་ནོར་བུ་པདྨ་ནས་ཕྱུང་ལ་དེའི་བུ་གར་རིལ་བུ་རེ་བཅུག་ནས་པདྨར་ཕབ་ཀྱང་སྲིད་མི་ཆགས་ངེས་སོ་གསུངས། ཤིན་ཏུ་ཟབ། ཅིས་ཀྱང་ཐབས་གཞན་མ་གྲུ་ན་སྦྱོར་བའི་དུས་སུ་ཚ་རྡོག་པོ་གཅིག་བྷ་གའི་ཕུག་རིང་པོར་བསྐྱལ་ན་སྲིད་འགོག་པར་གསུངས། སྲིད་ཆགས་པ་སྔགས་ཀྱིས་སྲུང་ན་རང་ལུས་དྲིལ་བུར་བསྒོམ་ལ། ཨོཾ་ཏྲི་ཏྲི་ལམ་ཕྱེ། འབྱུང་བ་ལམ་ཕྱེཿ གྲུ་མོ་ལམ་ཕྱེཿ ཟང་ཟང་ལམ་ཕྱེ༔ ཐལ་ཐལ་ལམ་ཕྱེ༔ དྲི་ཟ་མོ་ཡི་མངལ་སྒོར་འཇུག་པ་སྲུངས༔ ཞེས་པ་མང་དུ་བཟླས་ལ་མོའི་བྷ་གར་མཆིལ་མ་ཡང་ཡང་བྱུག་པས་མངལ་དུ་བུ་མི་ཆགས་ཞེས་གཏེར་མ་ཟབ་བོ། །ཡང་རྒྱ་སྐེག་སྒོ་ང་གང༌། རྒྱ་སྣག་རྒྱ་རུ་མཐེ་བོང་ཙམ་རེ། རྒྱ་ཚྭ་རིལ་མ་ཙམ། བི་ཥ་སྲན་མ་ཙམ། ཨ་རུ་དུག་གི་དྲུག་འགྱུར་བཅས་ཞིབ་བཏགས་རིལ་བུ་བཅུ་གཉིས་ཙམ་བྱས་ལ། ཆང་ངམ་འོ་མར་སྦྱར་ཏེ་ཚེས་གཅིག་ན་མ་བྱུང་ལྟོ་སྟོང་ལ་རིལ་བུ་རེ་རེ་བཏང་བས་ཟླ་གཅིག་བར་དུ་ཐུབ། ཡང་གླ་རྩི། རྒྱ་སྐེག །རྟ་ཁྲག་གསུམ་སྦྱར་བའམ། ཡང་རྒྱ་སྣག་བྱེའུ་སྒོང་གང༌། རྒྱ་རུ་སྒོང་ཕྱེད། རྒྱ་སྣེ་སྒོང་གང༌།རྒྱ་ཚྭ་ནས་ཙམ། གྱི་ལྕེ་ནས་གཅིག །གླ་རྩི་སྲན་ཙམ། ཡུང་བ་སྲན་མ་གསུམ་རྣམས་ཞིབ་བཏགས་ཕྱེ་མ་ཐུན་ཆེན་རེ་ལྟོ་སྟོང་ཆུ་གཙང་གིས་ཕུལ་ཏེ་བཏང་ན་ལོ་གསུམ་བར་དུ་སྲིད་མི་འཇུག་གོ། སྲིད་གཏན་ཆོད་འདོད་ན་སྦྱོར་སྡེ་སྣ་ཚོགས་ཡོད་ཀྱང༌། ཤིན་ཏུ་ཟབ་ངེས་བཀའ་བརྒྱད་གསང་རྫོགས་ཀྱི་འོག་སྒོའི་ཁྲིད་ཡིག་ལས་བྱུང་བ་འདི་ལྟ་སྟེ། སྲིད་རྩ་བསྡམ་པ་ནི་རྒྱ་སྐག་ཕུལ་གང༌། རྒོད་མ་མཚལ་ཁ་མའི་ཁྲག་སྐམ་མཐེབ་རྡོག་ཙམ། གླ་རྩི་རིལ་མ་ཙམ། མཚུར་ནག་སྲན་མ་ཙམ་གསེར་བཞིན་མ་བསྣུར་བ་གཅིག་


MR13_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རུ། རྒྱ་སྣག །མཛོ་ཕོའི་རྒྱུངས་པ་མཐེབ་ཚིག་ཙམ་ཞིབ་བཏགས་ཆང་ཕུལ་གང་དང་སྦྱར། རྫ་སྣོད་ཚ་ཏིང་ངེ་བའི་ནང་དུ་བླུག་ལ་ཞག་གསུམ་མནན། སྐྱ་ཤིག་གེར་བྱུང་བ་དང་བུད་མེད་སུ་ལ་བཏང་ཡང་སྲིད་པ་གཏན་ཐུབ་ངེས་སོ། །ཕྱིས་སྲིད་ཚོལ་དགོས་བྱུང་ན། རྩ་བཤལ་བཏང༌། ཤ་བའི་ཚིལ་བུ་བཟའོ་གསུངས། ཡང་རྒྱ་ཚྭ་རྒྱ་སྣག་རྒྱ་སྐེག་རྒྱ་རུ་སྟེ་རྒྱ་བཞི། ཟབ་ཆེན་གཞོབ། གསེར་གཡུ་མཚལ། ཅུ་གང་སྐྲད་སྐྱོང་གཞོབ། རྟ་ཁྲག །གླ་རྩི་བཅས་པའི་རིལ་བུ་དགོང་མོ་ལྟོ་བཀུག་ཞག་བདུན་བར་ལྟོ་སྟོང་བཏང་བས་གཏན་ཆོད་དོ། །ཡང་ན་ཙན་དན་དཀར་པོ། ཏི་ཚ། གསེར་སྲན་མ་ཙམ་ཞིབ་བཏགས་ལྟོ་སྟོང་ལ་སྐྱེས་པས་འཐུང་ན་སྐྱེ་བ་གཏན་ནས་ཁེགས་ཡང་ན་ཀ་ར་ཞོ་གང༌། སྟག་གི་ཤ་དེ་མཉམ། བྱང་ཁྲ་དུག་ཕྱུང་བདུན། ཞིབ་བཏགས་ཞུ་མཁན་གདུས་ཁུ་ཕུལ་གང་ལ་བཏབ་མོ་ལ་བཏང་ན་སྐྱེ་བ་གཏན་ཆོད་དོ་ཞེས་བསྟན་བུའི་འགྲེལ་པ་ལས་སོ། །ཡང་རྒྱ་སྐག་གླ་རྩི་སྐྱུང་ཁའི་ཁྲག་བྱང་ནག་ཟི་ར་ཁ་རུ་ཚ་རྣམས་ཞིབ་བཏགས་མོ་ལ་བཏང་ན་སྐྱེ་བ་གཏན་ཆོད་དོ། །ཡང་འབྲུག་རུས་གཙོད་ཁྲག་སྦྱར་བཏང་སྐྱེ་སྒབ་གཅོད་ཅེས་བདུད་རྩིའི་རྒྱུད་ལས་སོ། །ཡང་བྱང་གཏེར་བཀའ་བརྒྱད་ལས། སྐྱེས་པའི་ས་བོན། ཙན་དན་དཀར་པོ། དངུལ་ཐལ་ལམ་དངུལ་ཆུ། གསེར་སྲན་མ་ཕྱེད་ཙམ་བརྡར་བ་རྣམས་ཟས་སྐོམ་ལ་བསྲེས་ཏེ་བུད་མེད་ལ་བྱིན་ན་སྐྱེ་རྒྱུན་གཅོད། དེ་ལུས་ལ་བྱུག་ན་ཤིག་རྒྱུན་ཆོད།ལྟོ་སྟོང་ལ་བཏང་ན་ལུས་ཀྱི་སྲིན་བུ་རྒྱུན་གཅོད། དེ་རྣམས་སྟེང་བྱང་བ་ཆ་ཚང་བ་བཏང་ན་གཏན་དུ་ཆོད་ངེས་སོ། །ཕོ་རབས་གཅོད་ན། མཁན་པ་དཀར་པོ། ལྷང་མ་ལྷང་ཚེར། སྟག་གི་ཤ ཝ་ཤ་རྣམས་སྦྱར་བཏང་ཕོ་རབས་འཆད། ཕྱུགས་ཀྱི་རྒྱུད་གཅོད་ན།


MR13_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་སྔོན་པོ། བིག་པཎ། བུ་རམ། ཤུ་དག་གི་ཐང་ཆུ་རྣམས་སྦྱར་བཏང་ཕྱུགས་རབས་འཆད་ཅེས་བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་མ་གུས་ཆམ་དབབ་ཀྱི་ལས་བརྒྱ་རྩ་བརྒྱད་པ་ལས་གསུངས་སོ། །ཡང་གསེར་ཞོ་ཕྱེད་གཏུན་བསྣུར་རི་མོ་ཁྱུག་ཁྱུག་བྱུང་བ་ན་ཆང་སྦྱར་ཞག་གསུམ་མནན། དེ་ལྟོ་སྟོང་བཏང་ན་གཏན་ཆོད། ཡང་རྒྱ་སྐག་ཁུ་བ་རྒྱ་སྣག་བཟང་པོ་གླ་རྩི་མཛོ་དྲེའི་རྒྱུངས་པ་བཅས་བཏང་ན་ཆོད། རྒྱུ་ཞབས་གཉེར་མ་གསུམ་གྱི་བར་མའམ། ཆུ་སོའི་སྲིད་རྩ་མེས་བསྲེག་ནའང་གཏན་ཆོད་དོ། །ཡང་བླ་མ་དགོངས་འདུས་ལས། སྲིད་གཅོད་ན། ཙན་དན་དཀར་པོ་ཐུན་གསུམ། ཏི་ཚ་ཐུན་གཅིག །གསེར་སྲན་མ་ཙམ། དངུལ་སྐམ་བཞི་ནམ་གཅིག །ཟངས་གསུམ་ནམ་གཅིག །སྲེ་མོང་རྒྱུས་པ་ཐུན་གཅིག་རྣམས་ལེགས་བཏུལ། གསེར་དངུལ་གྱི་གཡའ་ཆང་དུ་སྦྱར་བས་རིལ་བུ་སྐྱེས་པ་རང་ཉིད་ལྟོ་བཀུག་ལ་ཐོ་རངས་ཁྱེའུ་སུས་ཁོང་དུ་བཏང༌། ཀ་ར་དཀར་པོ་ཞོ་གཅིག །སྟག་གི་ཉྭ་སུལ་གྱི་ཤ་དེ་མཉམ། རྒྱ་སྐག་ཐུན་གཅིག །བྱང་བ་བར་གཤོག་བསལ་བ་ལྔ། ཚ་ལ་ཐུན་ཕྱེད་རྣམས་རྩི་བཞིན་བཏུལ་བ། བུད་མེད་རང་གི་དྲི་ཆུ་དུལ་གང་ནང༌། ཞུ་མཁན་ཁྱོར་གང་བླུག་ནས་བསྐོལ་བ། ཕུལ་ཕྱེད་ཙམ་དུ་གྱུར་ཚེ་རྩིག་མ་ཕྱུང་ལ། གོང་གི་རྫས་ཕྱེ་རྣམས་བཏབ། མོ་ལྟོ་བཀུག་ལ་ཐོ་རངས་བཏང༌། དེ་ཉིན་ཕོ་མོ་གཉིས་ཆང་བཟང་ནར་སོན་ངོམ་པ་རེ་འཐུང་བ་ལས་བཟའ་བཏུང་གཞན་སྤང་གོས་དྲོ་མ་འཁྱགས་དལ་བར་བྱ། དེས་སྨན་ནུས་ལུས་ཐམས་ཅད་དུ་ཁྱབ་པས་དུག་མི་འཇུག །སྲིད་འཕེལ་མི་སྲིད་དེ་གཏན་ཆོད་དོ། །འདི་སྟེང་རབས་ཆད་ཕོ་མོའི་སྐྲ་གཞོབ་བསྲེས་ན་སླར་གསོ་མི་རུང་ངོ༌། །དེ་མིན་སླར་དཀྲོལ་ཏེ་སྲིད་འབྱུང་བར་འདོད་ན། ཨ་རུ་གསེར་


MR13_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མ་ཉམས་པ་གཅིག །ལྕམ་འབྲུ་མ་ཉམས་པ་བདུན། གཡེར་མ་རྡོག་པོ་ལྔ། གཟེ་མའི་འབྲུ་ཉེར་གཅིག་རྣམས་བཏུལ་ཕྱེ། ཁྱི་དཀར་པོའི་ས་བོན་ཆང་སྦྱར་རིལ་བུ་མོ་ལ་སྔར་ལྟར་བཏང༌། བུད་མེད་འཕྱོན་མའི་ཆུར་སྦྱར་འདེ་གུ་ཕོ་ལ་བཏང༌། རྗེས་སྔར་ལྟར་བྱས་པས་སྲིད་ཆགས་པར་འགྱུར་རོ། །མངལ་དུ་སྲིད་པ་ཆགས་པ་བཤིག་ན། ཟླ་བ་བཞི་ཚུན་བཤིག་སླ། གསེར་དངུལ་གྱི་གཡའ། རྒྱ་སྣག །རྒྱ་ཚོས། རྒྱ་ཚཱ་དོ་འབྲས་ཞུ་མཁན། ཆུ་རྩ། ཐར་ནུའི་རྩ་བ། ཨ་རུའི་རྩེ་སྨྱུང་རྣམས་ཐུན་ཕྲན་རེ་རེ་ཞིབ་བཏུལ་སྐྱེས་པའི་ས་བོན་གྱིས་རིལ་བུ་དྲིལ་བ་སྲན་ཕོས་ཙམ་བཟའ་བཏུང་མ་སྤྱད་པའི་ལྟོ་སྟོང་ངམ། སྲོད་ལ་རིལ་བུ་བཅུ་གཅིག་ཆང་གིས་འཕུལ་ཏེ་བཏང༌། གོས་དྲོ་ལུས་མ་འཁྱགས་རྡུལ་ཐོན་པར་བྱས་པས། རིལ་བུ་ཞུ་ནས་བཤལ་ཅུང་ཟད་དང་བསྡོངས་ཏེ་སྲིད་ཞིག་ནས་ཕྱིར་འབྱུང་བར་འགྱུར་རོ། །བུད་མེད་ལུས་བཟང་ལ་སྨན་ལྟོ་ཆེ་བར་ལན་གསུམ་བསྟུད་ན་ཅིས་ཀྱང་ཕྱིར་འབྱུང་ངོ༌། །ཟླ་བ་ལྔ་ཕར་འདས་ལུས་དབྱིབས་དོད་ཅིང་ཇེ་སྲར་གྱུར་པས་བཤིག་དཀའ་ལ་བཤིག་ན་སྡིག་པ་ཡང་ཆེ་བས་མི་བཤིག་ལ། ཅིས་ཀྱང་བཤིག་དགོས་ན། འོལ་མོ་སེ་འབྲུ་བདུན། རྒྱ་རུའི་རྩེ་མོ་སོར་གཅིག །ཏི་ཙ་སྲན་མ་ཙམ་གཅིག །དངུལ་ཆུ་ཞོ་ཕྱེད་མཁར་གཞོང་དུ་ཅུང་བསྲོས་ལ། རྡོ་གཏུན་དུ་བླུག་སྟེ་ཚྭ་བཟང་པོ་ཞོ་གཅིག །བྱ་རྒོད་རྐང་མར་ལུག་རིལ་ཙམ་གཅིག །མུ་ཟི་སེར་པོ་ནས་ཙམ་གཅིག །གླ་རྩི་ཐུན་གཅིག །ཁྱི་རུས་ཟན་གྱི་བྲུན་བྱ་བ་ལ་མ་ཐུན་གཅིག །ཟེ་ཚ་ཞོ་ཕྱེད་རྣམ་ལྷན་དུ་ལེགས་པར་བཏུལ། སྐམ་ནས་བཤུལ་ཤ༼མི་རྟ་ཁྱི་གསུམ་གང་རུང་གིས་ཆོག༽གང་རྙེད་བཅས་གཞུག་ཅིང་བཏུལ་བས་གོང་བུར་འདྲིལ་བ་དང༌། འཕྱི་པའི་ཐོད་རུས། སྲམ་གྱི་ཀླད་པ། ཉ་སེ་བའི་


MR13_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རུས། གོ་བོའི་ཕོ་བ་རྣམས་ཐུན་རེ། ལྕགས་ཕྱེ་ཞོ་གང་རྣམས། རྡོ་ཁབ་ལེན་བཞིན་ནམ་གཅིག །མགྲོན་ལྐོག་གི་བསྲེག་ཐལ་གཅིག །དུར་ཐོད། འབྲུག་རུས། ཐོད་རེ་རེ། འབུ་སྐྱོག་གཅིག །ཐལ་ཚིག་དམར་པོ་༼རྒྱུན་དུ་མེ་བུས་པའི་ཐབ་ཞབས་ཀྱིས་ཞུན།༽ ཐུན་གཅིག་རྣམས་རྩི་བཞིན་བཏགས་ནས་གོང་བཞིན་བཏང་བས་ཟླ་བདུན་ཚུན་ཆད་ཤིག་པར་འགྱུར། ཟླ་བ་བདུན་འདས་ནས་བརྩམ་པར་མི་བྱའོ། །ཞེས་དགོངས་འདུས་ལས་གསུངས་པ་འདི་ཟབ་པས་འདིར་བཀོད་ལ། གཞན་གསོ་དཔྱད་རྒྱུད་སོགས་ནས་ཀྱང་མངལ་རྒྱུན་བཤིག་པའི་སྨན་སྣ་ཚོགས་འབྱུང་ངོ༌། །བྱ་མ་བྱིའི་མཇུག་ཤ་བཏང་བ་ཁོ་ནས་མངལ་འཕྱིལ་ལོ་མན་ངག །དེ་དག་ནི་སྲིད་གཅོད་ཀྱི་སྐབས་ཏེ་ལྔ་པའོ། །ད་ནི་ཕྱག་རྒྱ་མ་ལ་གཡེམ་པའི་བྱི་ཕོ་སྲུང་བའི་ཐབས་མདོ་ཙམ་བཤད་པ། ཨོཾ་ཨཱཿཧཱུཾ་བྷེ་ར་བྷེ་ར་བྷྲཱུཾ་བྷྲཱུཾ་ན་མ་སྭཱ་ཧཱཿ སྔགས་འདིས་ལན་ཚྭ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ལ་མོའི་ལྟོར་བཏང༌། སྔགས་བྲིས་པ་སྐེ་ལ་བཏགས་ན་བྱི་ཕོ་རྣམས་ཁྲོས་ནས་ཉེ་བར་མི་འགྱུར་ཞེས་སྐུ་གསུང་ཐུགས་ལས་ཐམས་ཅད་པའི་རྒྱུད་ལས་གསུངས་པ་ཟབ་མོའོ། །ཡང༌། ཨོཾ་ཙག་ཤུ་ཙེར་ལྡན་གུམཿ ཞེས་པའི་སྔགས་འདི་སྦྱོར་བ་བྱེད་དུས་ཡིད་ཀྱིས་བཟླས་ལ་ཁམས་འབབ་པ་དང་མཉམ་དུ་མཆིལ་མ་མོའི་ཁར་བླུག་པས་ཡིད་རང་དབང་དུ་གྱུར་ཏེ་བསད་ཀྱང་གཞན་དུ་ཕྱོགས་པར་མི་འགྱུར་རོ། །ཡང་ཕྱག་རྒྱ་མ་གཡེམ་པ་ལས་སྲུང་བའི་ཐབས། ས་དམར་བོར་གནས་པའི་རྨིག་བུ་དམར་པོའི་རོ་སྔོ་སྐམ་མ་སོང་བ་རྫ་ཁ་སྦྱར་དུ་བསྲེག་པའི་སོལ་བ་ལ། རང་གི་ཤེས་རབ་མ་དེའི་རང་བྱུང་གི་མེ་ཏོག་སྦྱར་ཏེ་ཞིབ་བཏགས་བྱས་པས། རིག་མ་དེའི་མཐིལ་བཞི་མ་གཏོགས་ཤ་རྗེན་ལ་རྟགས་གདབ་ན་ཇི་སྲིད་སྐྱེས་པ་གཞན་གྱིས་མ་སྤྱད་པ་དེ་སྲིད་མི་འཇིག །སྤྱད་ན་འཇིག །གནད་ཞལ་ལས་


MR13_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ཞེས་བྱང་གཏེར་ལས་སོ། །ཡང་རྨིག་བུའི་རོའམ་ཁྲག །བྱང་སེམས་དཀར་དམར། རྒྱ་མཚལ། རྣལ་འབྱོར་རང་གི་དྲི་ཆུ། བ་དམར་འོ་མ་བཅས་པས་རྟགས་གདབ་ན་གོང་བཞིན་ནོ། །བླ་མ་དགོངས་འདུས་ལས། རང་གི་ས་བོན། ཕྱག་རྒྱ་མ་རང་གི་མཚལ་ལམ། སྐྱོན་གྱིས་མ་གོས་པའི་པད་རཀ བྱེའུ་མཆིལ་བའི་སྒོང་ཆུ་སེར་པོ། སྨྲིག་བུའི་ཁྲག །པ་ཤུད་ཀྱི་ཟེ་ཁྲག །༼ད་ཆུ་ཡིན༽མཚལ། སྐག་ཁུ། ཕྱག་རྒྱ་མོ་དེའི་སྐྲ་བསྲེག་པའི་གཞོ་བ་བཅས་ཞིབ་བཏགས་ལ། ཨོཾ་པདྨོ་བྷ་ཤ་གུ་ཧྱ་རཀྟ་ཀི་རི་ལི་སཱ་མཱ་ཡཱ་རཀྵྱཾཿ དྲུཾ་བྲུཾ་ཀཱ་ཡ་བྷ་ཤ་ར་ལི་ཀྵ་སྭཱ་ཧཱ། ངག་བཅད་དེ་བརྒྱ་རྩ་བརྒྱད་བཟླས་ལ་གདབ། རྫས་ཆུར་བསྣུར་ལ། ལུག་ཐུག་གི་རྭ་རྒྱ་ཤུག་ལ་ཤེད་ཆེར་བརྡར་ནས། དྲོད་ཚ་ཆིལ་ཤས་མི་བཟོད་པར་ཕེབ་པ་དང༌། རྫས་དེས་མོའི་བཅུ་དྲུག་མདོ་དང་གྲོད་ཆུང་སྟེང་དུ་ཐིག་ལེ་བྱ། དེ་སྟེང་གོང་གི་སྔགས་བཟླས་པའི་མཆིལ་མ་ཡང་བྱུག །དེས་རང་མ་གཏོགས་སུས་སྤྱད་ཀྱང་ཐིག་ལེ་ཕྱི་ནས་སྨེ་ཤ་ལྷག་པར་འགྱུར་ཞིང༌། རང་གིས་སྤྱད་པས་རྫས་ཀྱི་ཐིག་ལེ་བརྟན་པར་འགྱུར་ཏེ་ཕྱག་རྒྱ་མ་གཡེམ་པ་ལས་སྲུང་བའི་ཐབས་སུ་གསུངས་པ་སྟེ། རྒྱས་གདབ་དུས་རང་གི་མཁའ་འགྲོ་ཆོས་སྐྱོང་ལ་སྲུངས་ཤིག་ཅེས་པའི་གཉེར་གཏད་བྱ་གསུངས་སོ། །ཕྱག་རྒྱ་བྱི་སྲུང་བའི་སྐབས་ཏེ་དྲུག་པའོ། །ད་ནི་ཕྱག་རྒྱ་མཚན་ངན་དག་ཀྱང་བཟང་པོར་བསྒྱུར་བའི་ཐབས་བཤད་དེ། དེ་ཡང་མོ་རང་ལ་ཆོས་བཤད་དེ་བློ་ལེགས་ལམ་དུ་བསྒྱུར། ཡི་དམ་གང་རུང་ཕོག་ལ་བསྒོམ་བཟླས་བྱེད་དུ་གཞུག །སྦྱོར་བའི་དུས་རང་ཡབ་དང་ཕྱག་རྒྱ་མ་ཡུམ་གང་ཡང་རུང་བར་གསལ་བའི་རྩ་ཁམས་ཐམས་ཅད་དུ་དཔའ་བོ་མཁའ་འགྲོ་ཡབ་ཡུམ་ཏིལ་གང་ལྟར་གསལ་ཞིང་བདེ་བའི་འོད་ཀྱིས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྱན་དྲངས་ལ་མོའི་


MR13_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་བསྟིམ། བདུད་རྩི་བྱང་ཆུབ་སེམས་ཀྱིས་མཆོད་ཅིང་དབང་བསྐུར་བའི་དམིགས་པ་ལན་གཅིག་བྱས་ཏེ་སྦྱོར་བ་ཐང་གཅིག་བྱས་པས་ཀྱང་ཅི་ལྟ་བུའི་རིགས་ངན་པ་ཡང་བཟང་པོར་འགྱུར་བ་ལ་ཐེ་ཚོམ་མེད་ཅིང༌། དུས་རྒྱུན་དུ་ཡང་དེའི་ཚུལ་གྱིས་བྱིན་རླབས་དབང་བསྐུར་བྱ་ཞིང་སྲུང་བའི་འཁོར་ལོ་སོགས་བརྟགས། དམ་རྫས་རྣམས་བཟའ་བྱུག་བྱ། བཀྲ་ཤིས་པའི་བྱིན་དབབ་བྱའོ། །ཡང་དགོངས་འདུས་ལས་ཕྱག་རྒྱ་མཚན་ངན་བཟང་པོར་བསྒྱུར་ཐབས་གསུངས་པ། དུད་འགྲོ་རྒྱུད་བཟང་གི་འོ་མས་རྣལ་འབྱོར་པ་རང་གི་ལུས་ཀུན་བཀྲུས་པའི་ཁུ་བར། དྲི་ཆེན་དྲི་ཆུ་གསེར་མདོག་ག་བུར། གུར་གུམ། ཙན་དན་དཀར་དམར། དབང་ལག །བ་ཡི་རྣམ་ལྔ། སིནྡྷུ་ར་རྣམས་ཆ་མཉམ་ལ་ཆོས་སྨན་ཁ་ཚར་བཏབ་པའི་རིལ་བུ་སྲན་འཕོས་ཙམ་མཚལ་གྱིས་གོས་བསྐོན། མེ་ཉིས་མ་ཕོག་པར་བསྐོམ། དར་དམར་དྲིལ། ཉ་སྟོང་བརྒྱད་སོགས་དུས་བཟང་ལ། བུད་མེད་དེའི་ལུས་ཀུན། དྲི་བཟང་གི་ཆུ་ལ་གཟུངས་སྔགས་དང་རྩ་གསུམ་སྙིང་པོ་བཟླས་ཏེ་བཏབ་ལ་བཀྲུ། ཁོང་དུ་འང་འཐུང་བཅུག །གུ་གུལ་དང་སྤོས་དཀར་བདུག །དྲག་སྔགས་བཟླས་པའི་ཏིལ་དང་ཡུངས་ཐུན་བྲབ། དེ་ནས་དེ་རྡོ་རྗེ་ཕག་མོར་བསྒོམ་ལ། ནངས་པར་ཐོ་རངས་རིལ་བུ་གསུམ་རེ་མི་བཤིག་པར་གྱུར་མིད་ཁོང་དུ་བཏང༌། དེ་ལྟར་རིལ་བུ་བརྒྱ་རྩ་བརྒྱད་ཐིམ་ནས། འབྱུང་པོས་དབང་དུ་བྱས་པ་སོགས་ཇི་ལྟར་རིགས་ངན་ཡང་བརྟེན་རུང་བའི་བཟང་པོར་འགྱུར་རོ། །རིལ་བུ་རྣམས་བར་མཚམས་མེད་པར་བསྟེན་པ་མན་ངག་སྟེ། གཞན་གང་གིས་ཀྱང་མ་མཐོང་བར་བྱ་ཞེས་གསུངས་ཤིང་གཞན་ཡང་ཙ་ཀྲས་བཟང་པོར་བསྒྱུར་ཐབས་ཀྱང་གསུངས་སོ།


MR13_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་རིལ་བུ་རྣམས་ལྷ་གང་མོས་སུ་གསལ་ལ་བཀྲ་ཤིས་བྱིན་རླབས་བསྡུ་བའི་འདུན་པས་སྔགས་ཀྱིས་བྱིན་རླབས་བྱས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་བ་ལས་མེད་པས་དེ་ལྟར་བྱས་ཀྱང་རུང༌། མིན་ཀྱང་གཞུང་བཞིན་བྱས་པས་འགྲུབ། རྣལ་འབྱོར་པ་ཕལ་ཕྱག་རྒྱ་རིགས་ངན་དང་ལས་ཀྱིས་འབྲེལ་བ་རྣམས་ལ་ཕན་པའི་ཕྱིར་འདིར་བཀོད་ལ། ཕྱག་རྒྱ་རིགས་ངན་མིན་ཡང་རིགས་བཟང་བ་ལའང་འདི་ལྟར་བྱས་ན་གསེར་ལ་མདངས་གཏོན་པ་ལྟར་ཡོན་ཏན་ཡར་ལྡན་དུ་འགྱུར་བར་ངེས་སོ། །ཕྱག་རྒྱ་མོ་བཀྲ་ཤིས་པར་བྱེད་པའི་སྐབས་ཏེ་བདུན་པའོ། །ད་ནི་རྣལ་འབྱོར་བ་རིགས་བརྒྱུད་འདོད་པ་ལ་ཕན་པའི་ཕྱིར་དེའི་ཐབས་མདོ་ཙམ་བཤད་པ་ལ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས་བཛྲ་གིརྟཱིའི་སྤྲུལ་པ་རྩི་ཡི་ལྷ་མོ་བློ་གྲོས་མ་ཞེས་པ་རིགས་རྒྱུད་སྲིད་ཀྱི་མངའ་བདག་དེའི་རིག་པ་ནི། ཨོཾ་བཛྲ་གི་རྟཱིན་མོ་ཨ་དྷྱིད་ཤུ་ཀ་ར་ཏ་རི་དྷི་པ་ཀི་བི་ཏི་སྭཱ་ཧཱ། ན་པ་ཤ་ཚ་ཆེ་གེ་མོ་ལ་བུ་སྐྱེ་བར་གྱུར་ཅིག་སྭཱ་ཧཱ། ཞེས་པ་འབུམ་བཟླས་ལ། དེ་ནས་བ་བླ་བ་ཡི་ཆུ་ནང་དུ་ཞག་གསུམ་སྦང་ལ་སྔགས་དེ་ཞག་གསུམ་བཏབ། དེ་ནས་བ་ཆུ་དེ་འཐུང་ན་མངལ་ཆགས། ཡང་བ་ཏོ་ལ་ཡི་རྩ་བ་ཞོ་གཉིས། ཀ་ར་ཞོ་གཉིས་ཞིབ་བཏགས་ཆུ་གྲང་སྦྱར་བ་ལ་སྔགས་བཏབ་བླུད་ན་མོ་གཤམ་ལའང་བུ་སྐྱེ། ཡང་ན་ཡུངས་དཀར་ལྡོང་རོས་པི་ལིང་གི་རྩ་བ་དང་པི་ལིང༌། ཤིང་མངར། གི་ཝཾ་རྣམས་ཞིབ་བཏགས་སྔགས་བཏབ་བྱིན་ན་སྲིད་འཕེལ། ཡང་ན་བ་སྤུའི་རྩ་བ་མ་རུལ་བ་འོ་མ་སྲང་ཉེར་བརྒྱད་ནང་བསྐོལ་ཏེ་མར་དང་ལྷན་གཅིག་བླུད་ན་མངལ་འཛིན་པར་འགྱུར་རོ། །འདི་རྣམས་ཟླ་མཚན་རྒྱུ་བའི་དུས་སུ་བསྟེན་ཅིང༌། གདོན་དག་སྲིད་འགོང་སྲུང་ཕྱིར། གུ་གུལ། མུ་ཟི་ནག་པོ། བོང་ནག །རྟ་བོན་རྣམས་ལ་གོང་གི་མཱ་མ་ཀིའི་སྔགས་བཏབ་


MR13_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུ་བ་སྐབས་སྐབས་སུ་བུད་མེད་ཀྱི་གསང་གནས་སུ་བདུག་པར་བྱའོ། །པཔཔ པཔཔ ཨཨཨ མམམ སསས བབབ སསས་ ཟ་ཡིག་འདི་རྒྱ་ཤོག་ལ་རྒྱ་སྣག་གིས་བྲིས་བདུད་རྩི་ཆོས་སྨན་དང་གི་ཝཾ་དང༌། ཁ་གུར། རྡོ་ཁབ་ལེན། གཡུ་དང་བྱེ་རུའི་ཕྱེ་མས་བྱུག་ལ་ཐོག་མར་རྒྱལ་ཕུར་འཕྲོད་དུས་ཟ་ཞིང་ཡུན་དུ་བསྟེན་པས་སྲིད་འབེབ་ཡིད་བཞིན་ནོར་བུའོ། །ཞེས་གཏེར་མའོ། །པདྨ་གཅེས་ཕྲེང་གི་གནད་ཀྱི་ཤོག་དྲིལ་རྡོ་རྗེ་ཅན་ལས། བྲག་སྐམ་ལ་ཆུ་འབྱུང་བའི་མན་ངག་ནི། བྱ་དཀར་མོའི་སྒོ་ངའི་ནང་དུ་དཀར་གསུམ་མངར་གསུམ། སྐྱེས་པ་དང་བུད་མེད་ཀྱི་ས་བོན་མ་རྙེད་ནའོ་མ་དང་ཁྲག་བསྲེལ་བྱ་འབྲུ་སྣ་ལྔ་དང་རིན་ཆེན་ལྔ་བརྡར་ཕྱེ་བཏབ་ལ་ཁ་བལ་ཚོན་སྣ་ལྔས་བཅད། བལ་གྱིས་བཏུམ་ལ་ཟ་མ་ཏོག་ནང་དུ་བཅུག་ནས་ལྷ་རྟེན་ཀ་བ་ལ་བཅིང་དེས་ལོ་དུས་བུ་འཁོར་ཡོང༌། བརྒྱ་ལ་མ་བྱུང་ན་མ་ཡི་མལ་འོག་ཏུ་སྦ། དེས་བུ་ཚ་མི་འཁོར་མི་སྲིད་དོ། །ཞེས་རྟེན་འབྲེལ་ཟབ་མོའོ། །སྲིད་ཀྱི་ལྟེ་བ་བུ་རུ་བསྒྱུར་ན། ལྕགས་ཀྱི་སྟ་རེ་ཚོན་གང་བ་གཅིག་གི་ཡུ་བ་ཤིང་སྟག་པ་ལ་བྱ། ཡུ་བ་དེ་ལ་སྔགས་འདི་བྲིས། ཨོཾ་མི་ལི་མི་ལི་མ་མ་བསྐྱེད་ཧཱུཾ་དེ་ཧི་ཧཱུཾཿ དེ་གང་ལ་བྱ་བའི་བུད་མེད་དེའི་སྐྲ་ཤད་ཀྱིས་དཀྲིས་ལ་བུད་མེད་དེ་རང་གིས་མ་མཐོང་བར་མོའི་མལ་འོག་ཏུ་སྦ། འདིའི་རྣོ་ཚད་སྟོན་ཕྱིར་བྱ་ཚང་གི་འོག་ཏུ་སྟ་རེ་སྦས་ན་བྱ་ཕྲུག་ཐམས་ཅད་ཕོར་འགྱུར་རོ། །སྔགས་འདི་གི་ཝཾ་གིས་བྲིས་ནས་བུད་མེད་ཀྱི་མགོ་དང་སྐེད་པར་བཏགས་ན་མོ་གཤམ་ལའང་བུ་འབྱུང་ཞིང་ལྟེ་བ་བསྒྱུར་བར་བྱེད་པ་ཐེ་ཚོམ་མེད་དོ་ཅེས་གཏེར་མའོ་ཟབ། གཞན་ཡང་ལྟེ་བསྒྱུར་ཀྱི་ཟ་ཡིག་དང༌། སོ་སོར་འབྲང་མའི་གཟུངས་སྔགས་བཟླ་ཞིང་དེའི་སྲུང་བ་གདགས་པ་དང༌། བྱང་ཆུབ་རྒྱན་འབུམ་གྱི་གཟུངས་སོགས་བཟླ་ཞིང་མཆོད་རྟེན་ལ་བསྐོར་བ་བྱས་པས་ལས་ཀྱིས་བུ་མེད་པ་ལའང་


MR13_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྐལ་བ་བཟང་པོར་སྐྱེད་པར་འགྱུར་རོ། །རྟ་མགྲིན་གྱི་རྒྱུད་ལས། དུར་ཁྲོད་ལྷ་མོས་བགེགས་གཞོམ་ཞིང་སྲུང་བའི་སྔགས། ཨ་མ་བ་སུ་པཱ་ཀཾ་བ་སུ་ཛོ་མོ་ཕེ་ཌཱི་དུ་བ་སུ། སྔགས་རྒྱལ་འདི་གོང་དུ་བསྙེན་པ་མ་བྱས་ཀྱང་རྟག་ཏུ་མ་ཡིས་བཟླས་ན་འཇིགས་པ་ཐམས་ཅད་བཀག །དྲི་ཆུས་ཐིག་ལེས་ཕྱིར་རྒོལ་བ་ཀུན་རྨོངས་པར་བྱེད། སྔངས་བར་བྱེད། རང་བཅིངས་པ་གྲོལ། སྨྲ་ན་མི་འཇིགས་པ་ཐོབ་པ་དང་སྲིའུ་གསོ་བའི་སྔགས་སོ། །དེ་ནས་རིགས་རྒྱུད་སྤྲུལ་པའི་སྐུ་འཇོག་ཕྱིར་བུད་མེད་ཀྱི་ཟླ་མཚན་ཆད་ནས་ཞག་བཞི་པ་ལ། རང་གི་སྔར་ནས་ཁམས་ཡུན་རིང་མ་ཉམས་པར་བྱས་ལ། དེ་ནུབ་སྲོད་ལ་ཁམས་མི་བཏང་བར་ཡུན་རྒྱུན་རིང་སྦྱོར་བ་བྱས་པས་ཆུ་སེར་སོགས་ཁམས་ཀྱི་སྙིགས་མ་ཕྱིར་བཏོན། ཐོ་རངས་སེམས་བསྐྱེད་དང་སྲུང་འཁོར་མི་རྟོག་པ་བསྒོམ། ཡབ་ཡུམ་ལྷར་གསལ། ཡུམ་གྱི་མཁའ་གསང་གཞལ་ཡས་ཁང་གི་དབུས་སུ་པད་ཉི་ཟླ་སྟེང་རང་གང་མོས་ཡི་དམ་གྱི་ས་བོན་གསལ་ལ་རང་གི་སྐུ་ལས་འོད་ཟེར་སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས། རང་གི་ཞལ་ནས་ཞུགས། ཐུགས་ཀར་བདུད་རྩིར་ཞུ། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་མཁའ་གཞལ་ཡས་ཁང་གི་དབུས་ཀྱི་ཡིག་འབྲུ་ལ་ཐིམ་པར་བསམ་ལ་ཁམས་ཡུམ་མཁར་ཕབ། དེ་ལས་གང་མོས་པའི་ལྷ་ཡི་སྐུ་བསྐྱེད། གནས་གསུམ་བྱིན་བརླབས་དང་ཡེ་ཤེས་ལྔས་དབང་བསྐུར་ལ། རྗེས་སུ་གཞལ་ཡས་ཁང་གི་སྒོ་བཅད་ནས་སྒོ་བ་བཞི་དང་ཁྲོ་བཅུས་བསྲུང་བར་བསམ། འགྲོ་དོན་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་བཏབ་ཡུམ་གྱིས་ཟས་སྐོམ་བཅུད་ཅན་བརྟེན། སྤྱོད་ལམ་གཟབ། ཟླ་བ་རྟིང་མར་ཟླ་མཚན་མ་བྱུང་ན་མངལ་ཆགས་པ་ཡིན་ནོ། །ཆོ་ག་འདིས་འགྲོ་དོན་འབྱུང་


MR13_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིགས་བརྒྱུད་སྤྲུལ་པའི་སྐུ་འབྱུང་བར་འགྱུར་རོ། །དེ་ནས་མངལ་གྱི་ཟུག་རྔུ་ཞི་ཕྱིར་མ་མོ་མཆོད་པ་དང༌། སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ནས་བརྗོད་པ་སོགས་དང༌། མངལ་ལ་འབྱུང་པོའི་འཚེ་བ་མི་འབྱུང་བ་དང༌། བདེ་བར་བཙའ་བའི་ཐབས་ཀྱི་ཆོ་ག་རྣམས་གཞན་ལས་འབྱུང་བ་ལྟར་བྱའོ། །པདྨ་གཅེས་ཕྲེང་ལས། བུ་ཆུང་རྐན་མར་ལ། བུ་རམ་རྙིང་བ་མཐེབ་རྡོག་ཙམ། གླ་རྩི། སྦྲང་རྩི། གུ་གུལ། རུ་རྟ། ཨ་རུ་ར་རྣམས་ཞིབ་བཏགས་སྦྱར་བ་ཆང་གསར་འཇམ་ཁྱོར་གང་བཅས་རྟེན་འབྲེལ་སྙིང་པོ་བརྒྱས་སྔགས་ལ་བཏང་པས་གདོན་གྱིས་མི་ཚུགས། རླུང་དང་མཆིལ་ནད་མི་འབྱུང༌། ཤ་བཀྲག་དང་ལྡན། ཡིད་གཞུང་བློ་རྣོའོ།ཞེས་གསུངས། བལ་པོ་ཧཱུཾ་ཀ་རའི་མན་ངག་སྲིད་མཚོ་ཀ་དམ་པའི་ཕྱག་ཏུ་བརྒྱུད་པའི་གཞུང་ལས། བྱིས་པ་བཙས་ནས་ནུ་ཞོ་མ་བླུད་གོང་དུ། གསེར་ཅུང་ཟད། མ་ནུ། གླ་རྩི། བཟང་དྲུག་གི་ཝཾ་རྣམས་རིལ་བུ་བྱས་པ་རྩ་བའི་སྨན་འཚོ་སླ་ཞིང་བཀྲ་ཤིས་པར་བྱེད་པ་དང༌། དེ་སྟེང་ཚེ་རིང་བར་འདོད་ན་རྒན་རྒོན་ཚེ་རིང་བའི་ཐོད་པ་དང༌། ཕོ་རོག་གི་ཤ་བསྣན་ལ་ཚེ་དཔག་མེད་པའི་གཟུངས་བཟླས་ཏེ་བཏང་ན་ཚེ་རིང༌། གཅན་གཟན་སྣ་ཚོགས་མཆུ་སྡེར་དང༌། དཔའ་བོ་ལ་ཁྲག་གཏར་བ་ཅུང་ཟད་བསྲེས་ན་དཔའ་བོ་འབྱུང༌། ཤུ་དག་ནག་པོ། ཡུང་བ་སེར་པོ། མི་བློ་རྣོ་བའི་རྨད་རར་འདྲུབ་པའི་ཆུ་དང༌། གཟུངས་སྣ་ཚོགས་ཀྱིས་མེ་ལོང་ལ་ཁྲུས་བྱས་པའི་ཆུ་རྣམས་གོང་གི་རྩ་བའི་སྨན་ལ་བསྣན་ཏེ་བློ་འཕེལ་གཟུངས་བཟླས་པས་བླུད་ན་དགེ་བཤེས་མཁས་པ་འོང༌། ཡང་སྨན་པ་


MR13_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་སྲིན་ལག་གི་ཁྲག་དང༌། གཙག་བུ་རྙིང་བ་བརྡར་བའི་ཕྱེ་མ་སྦྱང་བྲུན་སྦྱར་ནས་བཏང་ན་སྨན་པ་འོང་ངོ་ཞེས་པཎྜི་ཏའི་མན་ངག་གོ། བླ་མ་དགོངས་འདུས་ལས་གསུང་པའི་བྱིས་པ་འཕེལ་བྱེད་ཀྱི་རྫས་ཟབ་མོ་ནི། བྱིས་པ་དེ་བཙས་མ་ཐག་ཏུ་དྲི་བཟང་པོའི་སྤོས་ཀྱིས་བདུག །སྨན་ཆབ་དང་བརྒྱུད་བཟང་གི་འོ་མ་དྲོན་མོས་ལུས་ལ་ཁྲུས་བྱ་ཙན་དན་དཀར་དམར། ག་བུར། གླ་རྩི། གི་ཝཾ། གུར་གུམ། ཨ་རུ་གསེར་མདོག །གུ་གུལ། ཨ་མྲྀ་ཏ། ཨུཏྤལ་སྔོན་པོ། པདྨ་དཀར་པོ། ཡབ་ཡུམ་གཉིས་ཀྱི་བདུད་རྩི། གཞན་ཡང་བྱིན་རླབས་ཀྱི་རྫས་གང་འཛོམས། ཤེས་རབ་འཕེལ་བ་དང༌། ཚེ་རིང་བ་དང༌། སྟོབས་རྒྱས་པ། ལོངས་སྤྱོད་འཕེལ་བའི་རྫས་རྣམས་སྦྱར་བའི་འདེ་གུས་ལུས་ཀྱི་ཕྱི་གནས་ལྔ་སྒོ་དགུར་བྱུག །ནང་དུ་རྐན་མར་མ་བྱིན་གོང་ལྕེ་སྟེང་བྱུག །སླར་རྐན་མར་ལ་བསྲེ་ཞིང་ཁོང་དུ་བཏང༌། ཞག་བདུན་བར་དུ་ཁོང་དུ་གཏོང་བ་དང་བྱུག །དགེ་ཕྱོགས་རིམ་གྲོ་ཡང་བྱ། རྫས་དེས་ཁྱེའུའི་ལུས་ལ་ས་བོན་དང་ཕྱག་མཚན་སོགས་བྲིས་ན་སྲུང་བའི་མཆོག་ཏུ་འགྱུར།དང་པོར་ཁྱེའུའི་ལུས་ལ་རེག་སྤྱོད་མ་བྱས་གོང་རྫས་འདི་བརྟེན་པས་ཡོན་ཏན་ཤིན་ཏུ་ཆེ་སྟེ་ཁྱེའུ་འཕེལ་བྱེད་ཀྱི་རྫས་སོ་ཞེས་གསུངས། དེ་ལྟར་འདིའི་རྫས་ཚང་སྟེང་གཅིས་ཕྲེང་དང་ཧཱུཾ་ཀ་རའི་རྩ་བའི་སྨན་ཡང་འདིར་ཚང་བ་རྣམས་དེར་ཟད། མ་ཚང་བ་རྣམས་བསྣན་པར་བྱ་ལ། རིགས་གསུམ་མགོན་པོ་དང་ཛཾ་བྷ་ལ་སོགས་ཀྱི་སྔགས་ཟབ་མོས་བྱིན་གྱིས་བརླབས་ཏེ། བྱིས་པའི་ལྕེ་ལ་དབྱངས་ཅན་གྱི་ས་བོན་ཧྲཱིཿབྲིས་པས་བློ་གསལ། ངག་སྙན་ལྕེ་བདེ་བ་སོགས་དེས་མཚོན་པའི་རྟེན་འབྲེལ་བྱ་ཞིང་


MR13_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གོང་སྨོས་ལྟར་བཟའ་བྱུག་བྱས་ན་ཤིན་ཏུ་ཟབ་པས་གང་འདོད་རྟེན་འབྲེལ་བསྒྲིགས་པར་བྱའོ། །གཞན་ཡང་བྱིས་པའི་སྲོག་གཏའ་བསྡམ་པ་དང༌། ལྷ་མོ་བུ་རྫི་མ་དང་ནམ་གྲུ་མ་ལ་བཅོལ་བས་བར་ཆད་སྲུང་བ་སོགས་གཞན་ལས་ཤེས་པར་བྱའོ། །སྲིད་འབེབས་ཀྱི་ཐབས་ཞར་བྱུང་དང་བཅས་པ་སྟེ་སྐབས་བརྒྱད་པའོ། །ཆགས་ལམ་ཕྱག་རྒྱ་མོ་བསྟེན་པའི་སྐབས་སུ་ཕལ་ལ་མཁོ་བ། ཕྱག་རྒྱ་མ་བརྟག་པ་དང༌། དགུག་པ་སོགས་དང༌། གཞན་ཡང་ཕྱག་རྒྱ་མ་གཞན་གྱིས་མི་མཐོང་བར་བྱ་བ་ལ་སོགས་པ་གཞན་ལས་ཤེས་པར་བྱའོ། །འདིར་ཉེ་བར་མཁོ་བའི་སྐབས་བརྒྱད་པོ་བཤད་པ་འདི་ལས། གཞན་དུ་ཁམས་འཕེལ་བ་དང༌། སྲིད་འབེབ་སོགས་ཀྱི་སྐབས་དོན་རེ་རེ་ལ་ཡང་མན་ངག་གི་ཐབས་མཐའ་ཐུག་པ་མེད་པ་ཡོད་མོད་ཀྱི། ཐམས་ཅད་ལག་ཏུ་ལེན་ཚོད་ཀྱང་མེད་ལ། ལག་ཏུ་བླང་ན་འདི་ཙམ་གྱིས་ཀྱང་དོན་ཡོངས་སུ་འགྲུབ་པའི་ཕྱིར་ཆགས་ལམ་གྱི་ཡན་ལག་ཉེར་མཁོ་སྐབས་བརྒྱད་པ་ཅན་འདི་ནི་རྒྱུད་དང་བཀའ་གཏེར་གྱི་མན་ངག་རྣམས་ནས་བཏུས་ཏེ་མི་ཕམ་འཇམ་དཔལ་དགྱེས་པས་གཞན་ལ་ཕན་པའི་བློས་ས་ཁྱི་ཧོར་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ལ་གྲུབ་པར་བགྱིས་པ་འདིས་སེམས་ཅན་ཐམས་ཅད་ལ་ཕན་པ་མཆོག་གི་དཔལ་སྦྱིན་པར་གྱུར་ཅིག །མངྒ་ལཾ།། །།


previousའདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར།next