Nitartha Digital Library
Tibetan
གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
བརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་།
   


 
previousབརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་།next

བརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་།


MR13_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་བཞུགས།


MR13_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་འཇུག་པའི་ཐོག་མཐའ་བར་གསུམ་གྱི་མཚན་མ་ནི། དང་པོར་དཀྱིལ་འཁོར་གྱི་ཡོ་བྱད་བསྒྲུབ་པ་དང་། རས་བྲིས་སོགས་དང་དངོས་གྲུབ་ཀྱི་རྫས་རྩམ་རྩོམ་པ་སོགས་ལས་ལ་དང་པོར་འཇུག་པའི་ཚེ་ཕྱི་རོལ་དུ། ཁྲུང་ཁྲུང་ངང་པ་ངུར་པ་བཞད་སོགས་དགེ་བའི་བྱ་རྣམས་ནམ་མཁའ་ལ་འགྲོ་བ་མཐོང་བ་དང་། དེ་དག་གི་དགའ་བའི་སྐད་འདོན་པ། བྱ་ཤང་ཤང་ཏེའུ་དང་ནེ་ཙོ་སོགས་དགའ་བའི་སྐད་འབྱིན་པ། རྔ་པ་ཊ་ཧ་དང་། རྔ་ཕྲན་དང་། རྔ་ཆེན། རྫ་རྔ་ཆེ་ཆུང་། པི་ཝཾ་གླིང་བུ། འཁར་རྔ་དྲིལ་བུ་དང་། སིལ་ཁྲོལ་སོགས་རོལ་མོའི་སྒྲ་ཡིད་འོང་ཐོས་པ། སྐྱེས་པ་བུད་མེད་དམ་ཁྱེའུ་དང་བུ་མོ་རྣམས་ཀྱིས་བཅོས་མའམ་བཅོས་མིན་གྱི་ཚིག་འདི་ལྟར། རྒྱལ་བ། གྲུབ་པ། ལེགས་པ། དགེ་བ། སྐྱིད་པ། དོན་གྲུབ་པ། འདི་སྦྱིན་ཅེས་དང་། བྱིས་པ་དང་། ལོངས་ཤིག་དང་། འབྲས་བུ་ཡོད་པ་ཞེས་སོགས་དང་། བཀྲ་ཤིས་ཀྱི་ཚིགས་


MR13_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དང་། བརྒྱ་བྱིན་སོགས་ལྷ་དང་། ཆོ་གའི་གཏམ་དང་། རྒྱ་ཆེ་བ། མང་བ། དཔལ་དང་། བཀྲ་ཤིས་སོགས་མདོར་ན་ཚིག་འབྲུ་ལེགས་པ་གང་དག་ཐོས་ན། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་གྱིས་བརླབས་ནས་བདག་གིས་དངོས་གྲུབ་བསྒྲུབ་པ་དོན་ཡོད་དུ་སྙམ་དུ་ཤེས་པར་བྱ་སྟེ་དེ་རྣམས་དགེ་བའི་མཚན་མའོ། །དེ་ལས་བཟློག་ཏེ་སྤྲེའུ་བྱི་ལ་ཅེ་སྤྱང་བོང་བུ་མ་ཧེ་དང་། གཞན་ཡང་དུད་འགྲོ་སྨད་པའི་རིགས་རྐང་གཉིས་དང་། རྐང་བཞི་པའི་སྒྲ་འདོན་པ་དང་། དེ་དག་རྣམས་ཀྱིས་ལམ་བཀག་པའམ་ལམ་དུ་འཕྲད་པ་དང་། སྦྲུལ་དང་སྡིག་པ་སོགས་སྲོག་ཆགས་མི་སྡུག་པ་མཐོང་བའམ་ལམ་བཀག་པ་དང་། མི་རྣམས་མྱ་ངན་གྱི་ཆ་བྱད་དང་མི་སྡུག་པ་དབང་པོ་དང་ཡན་ལག་ཉམས་པ་འཇིགས་པ་མྱ་ངན་ཅན་མཐོང་བ་དང་། མི་རྣམས་གང་ཡང་རུང་བས་ཚིག་འབྲུ་མི་ལེགས་པ། ཕམ་པ། ཉམས་པ། ཤི་བ། ན་བ། རྒུད་པ། ཆོམས་ཤིག །ཟོ་ཤིག །


MR13_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཧུད། རིང་བ། དཀའ་བ། མི་འགྲུབ་པ། དོན་མེད་པ་ལ་སོགས་དང་། སྨྲེ་སྔགས་ཀྱི་སྒྲ་དང་མདོར་ན་ཡིད་དུ་མི་འོང་ཞིང་ཚིག་འབྲུ་མི་ལེགས་པ་གང་ཐོས་ཀྱང་ལས་རྩོམ་པ་དེ་མི་འགྲུབ་ཅིང་མི་ལེགས་པར་ལྟའོ། །དེ་འདྲའི་མཚན་མ་ངན་པ་མཐོང་ན་སྐབས་དེར་ལས་བརྩམ་པ་བསྐྱུར་ནས་གཞན་དུ་བརྩམ་པར་བྱའོ། །སླར་ཡང་བསྒྲུབ་པ་བསྐྱར་ཞིང་བརྩམ་ན་ལན་བདུན་པ་ལ་མཚམས་མེད་བྱས་པས་ཀྱང་འགྲུབ་ཅེས་གསུངས། གཞན་ཡང་སྐྱེས་པའམ་ཁྱེའུ་བུ་མོ་རྒྱན་བཟང་བ་དགའ་ཞིང་རྩེ་བ་དགོད་པ། སྦྲུམ་མ་བུ་ཐོགས་པ། བ་སོགས་ཕྲུག་གུར་བཅས་པ། དགེ་སྦྱོང་མཛེས་པ། སྐྱེས་བུ་གྲགས་ལྡན། བྲམ་ཟེ་གོས་དཀར་པོ་གྱོན་པ། བུད་མེད་གཟུགས་བཟང་མོ་རྒྱན་གྱིས་མཛེས་པ། ན་ཆུང་གི་ཚོགས་འདུ་ཞིང་རྩེ་བ། ཤིང་རྟ་དང་རྟ་དང་གླང་པོ་ཆེའི་རིགས་དང་། རྒྱལ་མཚན་དང་བ་དན་སོགས་བསྒྲེང་བ། ལག་ན་བཀྲ་ཤིས་པའི་རྫས་ཐོགས་པ་མཐོང་བ། འཇིག་རྟེན་ན་མཆོད་ཅིང་བསྔགས་པའི་རིགས་ཐམས་ཅད་དང་། གཞན་ཡང་བཀྲ་ཤིས་པའི་རྫས། རྡོ་རྗེ། དཔལ་བེའུ། དུང་རྒྱལ་མཚན། འཁོར་ལོ། གདུགས། བུམ་པ། ཉ་དང་། པདྨ། མེ་ཏོག་གི་ཕྲེང་བའམ་ཕོན་པོ་དང་སིལ་མ་སོགས་དང་། མེ་ལོང་ལ་སོགས་རྫས་བརྒྱད། རྒྱལ་སྲིད་བདུན། སྒྲུབ་པའི་རྫས་ཀྱི་རྣམ་པ་སྣ་ཚོགས་ཕྲེང་བ་ཅོད་པཎ།ནོར་བུ། ལྕགས་ཀྱུ། གཡུང་དྲུང་། རྩྭ་ཀུ་ཤ སྨན་དང་། འབྲུ་སྣ་ཚོགས་སོགས་མདོར་ན་བཀྲ་ཤིས་ཤིང་ཡིད་དུ་འོང་བའི་གཟུགས་མཐོང་བ་དང་། རང་ལ་གཞན་གྱིས་སྟེར་བ། ཁྱེའུ་སོགས་བཀྲ་ཤིས་པའི་སྲོག་ཆགས་ཀྱི་རིགས་རང་ལ་དགའ་


MR13_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདུ་བ། དྲི་ཞིམ་པ་ཚོར་བ། འོད་དང་འཇའ་དང་གློག་དང་ཆར་དང་སེར་བུ་དང་། འབྲུག་གི་སྒྲ་སོགས་ཡིད་དུ་འོང་བ་ཐོས་པ། རིག་བྱེད་ཀྱི་དབྱངས། རྒྱལ་ཞིང་བདེ་ལེགས་ཀྱི་སྒྲ། འབྲས་ཡོས་དང་དཀར་གསུམ་མངར་གསུམ་དང་། རོ་ལྡན་གྱི་ཟས་ཤིང་ཐོག་སོགས་སྣ་ཚོགས། མཆོད་ཡོན་དང་བུམ་པ་གང་བ་སོགས་དང་། སྣོད་གང་བ། མཚུན་གཏོར་སོགས་མིན་པའི་མཆོད་པའི་རྫས་ཡིད་དུ་འོང་བ་ཐོགས་པ། དགའ་སྟོན་བྱེད་པ། མེ་ལེགས་པར་འབར་བ། ཟས་ལེགས་པའི་གཡོས་བྱེད་པ་སོགས། མདོར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བའི་རིགས་གང་བྱུང་བ་དགེ་བའི་མཚན་མ་སྟེ། དེ་དག་ནམ་མཁའ་ནས་བྱུང་ན་ལྷ་རྣམས་ཀྱིས་ལྟས་ཏེ་དངོས་གྲུབ་རབ་དང་། བར་སྣང་ལས་བྱུང་བ་ཐམས་ཅད་འབྲིང་། ས་གཞི་ལས་བྱུང་བ་ཐ་མ་སྟེ་ཐམས་ཅད་ཀྱང་དགེ་བའི་ལྟས་ཡིན་ལ། དེ་ལས་བཟློག་པའི་གཟུགས་སོགས་ཡིད་དུ་མི་འོང་བ་ཐམས་ཅད་མི་དགེ་བའི་མཚན་མའོ། །ནང་དུ་རང་གི་ཡིད་དགའ་ཞིང་སྤྲོ་ལ་དྭངས་པ་དང་།དཔའ་ཞིང་མི་ཞུམ་པ། གསལ་ཞིང་མཆོག་ཏུ་བདེ་བ་ནི་རབ་ཏུ་དགེ་བའི་མཚན་མའོ། །གཞན་ཡང་ཤིན་ཏུ་ངོ་མཚར་ཆེ་བའི་རིགས་དང་། འཇའ་འོད་དང་མེ་ཏོག་གི་ཆར་འབེབས་པ། ནམ་མཁའ་ལས་ལྷ་རྣམས་ཀྱི་རོལ་མོ་དང་མཆོད་པ་དང་བཅས་ཏེ་ལེགས་སོའི་སྒྲ་འབྱིན་པ། གཏེར་དང་རིན་པོ་ཆེའི་རིགས་རྙེད་པ། དམ་པ་རྣམས་ཀྱིས་བསྔགས་ཤིང་སྐྱེས་སྟེར་བ་སོགས་དངོས་གྲུབ་ཆེན་པོའི་མཚན་མ་སྣ་ཚོགས་ནི་དམ་པ་མཆོག་རྣམས་ལས་གཞན་དག་ལ་འབྱུང་བ་མེད་དོ། །


MR13_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཤད་མཚན་མ་བཟང་པོ་འདི་རྣམས་ནི་སྒྲུབ་པའི་དུས་མིན་ཡང་། ཐ་མལ་གྱི་བྱ་བ་ཅི་རྩོམ་ཡང་དགེ་བའི་ལྟས་སུ་ཤེས་པར་བྱའོ། །ལམ་དུ་འཇུག་པ་སོགས་ཀྱི་ཐོག་མར་ཡང་། རང་གི་ཡོ་བྱད་ཆག་ཉམས་དང་སྲོག་ཆགས་ཀྱིས་ཟོས་པ། སྣོད་སྟོང་པ་དང་བཀྲ་མི་ཤིས་པའི་རྒྱན་མེ་ཏོག་དམར་པོ་དང་ཏིལ་མར་བྱུག་པ་སོགས་གཤིན་གྱི་ལས་དང་ཆ་འདྲ་བ་ཐམས་ཅད་དང་། གང་ཟག་མི་ཤིས་པ་དང་འཕྲད་པ། འཇིགས་སྐྲག་མྱ་ངན་ཅན་དང་། རྟབ་ཅིང་མི་བདེ་བ་དང་འཕྲད་པ། གཏམ་ངན་སྨྲ་བ། རང་ལ་ཁྲོ་ཞིང་འཐབ་པ། ལམ་འགོག་པ། ཁང་པ་རྡིབ་པ། མེས་ཚིག་པ། རོ་ཁུར་བ། དངོས་པོ་ཆག་ཉམས་བཅོམ་པ་སོགས་ཐམས་ཅད་བློས་དཔྱད་ལ་མི་དགེ་བའི་མཚན་མར་ཤེས་པར་བྱའོ། །ཡང་དབང་སོགས་ཀྱི་སྟ་གོན་གྱི་དུས་སམ། སྒྲུབ་པའི་དུས་སོགས་སུ་རྨི་ལམ་གྱི་མཚན་མ་བཟང་ངན་ནི་དེ་བཞིན་གཤེགས་པའི་སྐུ་མཚན་དཔེས་བརྒྱན་པ་མཐོང་ན་ཡོན་ཏན་རྒྱ་མཚོ་མངོན་དུ་འགྲུབ་བོ། །སངས་རྒྱས་དེས་ཆོས་སྟོན་པ་དང་། རྫུ་འཕྲུལ་འགྱེད་པ་སོགས་དང་ལུང་སྟོན་པ་ནི་རབ་བོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་འཕགས་པའི་གང་ཟག་དམ་པ་རྣམས་མཐོང་བ་ནི་དགེའོ། །དགེ་སྦྱོང་དང་། གླེགས་བམ། ཆོས་ཀྱི་གཏམ་སྨྲ་བ་ཆོ་ག་དང་རྒྱུད་འཆད་པ་སོགས་མདོར་ན་དཀོན་མཆོག་གསུམ་ལས་གང་རུང་རྨིས་ཀྱང་ལེགས་པའི་མཚན་མ་རབ་བོ། །གཞན་ཡང་གཙུག་ལག་ཁང་དང་། སྐུ་རྟེན་ཡིད་འོང་ཚིག་བཅད་ཀྱི་སྒྲ། དཀོན་མཆོག་ལ་མཆོད་པ་རང་ངམ་གཞན་གྱིས་བྱེད་པ།


MR13_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་དང་སྒྲུབ་པ་ལ་འཇུག་པ། ཆོས་སྤྱོད་བཅུའི་བྱ་བ་ལ་འཇུག་པ། མཆོད་རྟེན་ལེགས་པ། གླེགས་བམ་ཀློགས་པ། ཆོས་འཆད་པ་སོགས་ཀྱང་དགེའོ། །དངོས་གྲུབ་རབ་ཀྱི་མཚན་མ་ནི། སངས་རྒྱས་བྱང་སེམས་སམ་ཡི་དམ་གྱི་ལྷ་དང་དྲང་སྲོང་སོགས་ཀྱིས་ལུང་སྟོན་པ། ཆོས་ཟབ་མོ་འཆད་པ། སེང་གེའི་ཁྲི་ལ་དབང་བསྒྱུར་བ། ཅོད་པཎ་བཏགས་པ། ཁྲུས་བྱེད་པ། རྡོ་རྗེ་སོགས་ཕྱག་མཚན་དང་། བཀྲ་ཤིས་པའི་རྫས་སྦྱིན་པ། རང་རྒྱལ་པོར་གྱུར་པ་སོགས་ཤིན་ཏུ་ལེགས་ཏེ། དབང་བསྐུར་ཐོབ་པ་དང་། དངོས་གྲུབ་རྒྱ་ཆེན་པོ་འབྱུང་བའི་རྨི་ལམ་གང་ཟག་སྐལ་བ་ཆེན་པོ་དང་ལྡན་པ་ལས་འབྱུང་ངོ་། །དེ་སོགས་ཆོས་ཀྱི་ཕྱོགས་དང་འབྲེལ་བའི་རྨི་ལམ་ཐམས་ཅད་བཟང་ངོ་། །གཞན་ཡང་། རང་གི་ཕ་མ་དང་སློབ་དཔོན། བརྒྱ་བྱིན་སོགས་ལྷ་དང་། མིའི་གང་ཟག་གྲགས་པ་དང་སྐལ་བ་ལྡན་པ། བུད་མེད་བཟང་མོ་རྒྱན་བཟང་། མཛའ་བཤེས་དང་གྲོགས་སོགས་དང་གཞན་ཡང་ཡིད་དུ་འོང་བའི་སྐྱེ་བོའི་ཚོགས་ཀྱིས་རང་ཉིད་བཀུར་བ་དང་། དགའ་བའི་གཏམ་བྱེད་པ་དང་། ཟས་དང་ནོར་སྦྱིན་པ་སོགས་ཡིད་དགའ་བའི་ཕྱོགས་རྣམས་གང་ཡང་བཟང་། གླང་པོ་རྟ་དང་བ་ལང་དང་སེང་གེ་སོགས་རི་དྭགས་ཀྱི་ཚོགས་དང་། རི་དང་། ལྗོན་ཤིང་བཟང་པོ་དང་འབབ་ཆུ་དང་། རྒྱ་མཚོ་དང་སྐྱེད་མོས་ཚལ་དང་།མེ་ཏོག་གི་ཚལ་དང་ཆར་འབེབ་པ། འབྲས་བུ་སྨིན་པ། རྒྱལ་པོ་དང་། དཀའ་ཐུབ་ཅན། བྲམ་ཟེ། ཕྱུག་པོ། དགེ་བའི་བཤེས་དང་། ངང་པ་སོགས་བཀྲ་ཤིས་པའི་བྱ་རྣམས་དང་། གསེར་དང་། གཏེར་དང་། རིན་པོ་ཆེ་སྣ་ཚོགས། འབྱུང་ཁུངས་སྣ་


MR13_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། མཚོན་ཆ་བཟང་པོ། འབྲུ་སྣ་ཚོགས། རྒྱན་དང་། གོས་དང་། ཟས་དང་ཁང་བཟང་དང་ཡོ་བྱད་སྣ་ཚོགས་དང་། བྱིས་པ་གཞོན་ནུ་རྒྱན་བཟང་རྣམས་རྨི་ལམ་དུ་མཐོང་བའང་དགེའོ། །བྱིས་པ་བཟང་པོ་སོགས་ཕ་རོལ་པོ་དག་གིས་བདག་ལ་ཟས་ནོར་དང་ཕྲེང་བ་སོགས་སྦྱིན་པ་རང་རྒྱན་བཟང་། མཚོན་ཐོགས། གོ་གྱོན་ནས། དགྲ་བསད་པ། གཡུལ་ལས་རྒྱལ་བ། སྟོབས་འགྲན་པས་རང་རྒྱལ་བ། ནམ་མཁར་འཕུར་བ། ཡམ་ཤིང་གི་སྦྱིན་སྲེག་བྱེད་པ། ལྷ་དང་གཉེན་དང་འཕྲད་ཅིང་འགྲོགས་པ། རྟ་དང་ཤིང་རྟ་དང་ཁྱོགས་ཀྱི་བཞོན་པ་བཟང་པོ་ལ་ཞོན་ནས་བདེ་བར་འགྲོ་བ། རང་ཉིད་རི་དང་ཁང་པ་དང་སྐས་ལ་གྱེན་དུ་བདེ་བླག་འགྲོ་བ་བཟང་། ཁྱད་པར་ཁྱུ་མཆོག་དང་གླང་པོ་ཆེ་དང་སྟག་དང་འབྲུག་དང་སེང་གེ་དང་ཁྱུང་དང་གྱི་ལིང་ཅང་ཤེས་སོགས་ཡ་མཚན་པའི་བཞོན་པ་དང་ཉི་ཟླ་ལ་ཞོན་ནས་གྱེན་དུ་ནམ་མཁའ་ལ་འགྲོ་བའམ། གླིང་བཞི་བསྐོར་བ་སོགས་ཁྱད་པར་དུ་བཟང་། གཏེར་དང་གྲུབ་པའི་རྫས་དང་ནོར་བུ་བུམ་བཟང་སོགས་རྙེད་པའང་དགེ་བའི་མཚན་མ་ཆེན་པོའོ། །མཚོ་དང་རྒྱ་མཚོ་ལ་བདེ་བར་རྐྱལ་བ་དང་། ཕ་རོལ་དུ་ཕྱིན་པ་འདམ་རྫབ་དང་དམག་དང་གཅན་གཟན་དང་འཕྲང་སོགས་ཉམ་ང་བའི་ཡུལ་ནས་བདེ་བར་ཐར་བ། ཉི་ཟླ་ཤར་བ། ཞིང་རྨོ་བ། འབྲུ་དང་ལོ་ཏོག་རྒྱས་པ་ཤིང་འབྲས་བུ་དང་ལྡན་པ། ཞོ་འོ་མར་དང་འབྲས་ཡོས་ཤིང་ཐོག་སོགས་རོ་ལྡན་ཡིད་འོང་གི་ཟས་ཟ་བ། རྒྱལ་མཚན་དང་བ་དན་བསྒྲེང་བ། དར་ཕྱར་བ། རྔ་དང་དུང་སོགས་རོལ་མོ་སྙན་པར་བསྒྲགས་པ། ལྷ་དང་མིའི་ཁྲོམ་ཆེན་པོའི་ཚོགས་དཔོན་བྱེད་ཅིང་དབང་བསྒྱུར་བ། ཕྱི་རོལ་གྱི་འབྱུང་བ་


MR13_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། ནང་གི་སྐྱེ་འགྲོའི་ཚོགས་ལ་ཇི་འདོད་པར་དབང་བསྒྱུར་བ། རང་གི་ལུས་ངག་ཡིད་གསུམ་སྔར་ལས་ཡོན་ཏན་འཕགས་ཤིང་སྟོབས་དང་གཟི་བརྗིད་ཆེ་བ། ཇི་ལྟར་བསམ་པ་ལྟར་ཐོགས་མེད་དུ་གྲུབ་པ། གཞན་ལས་རང་ཉིད་ཁྱད་དུ་འཕགས་ཤིང་དཔའ་གདིང་ལྡན་ལ་ཡིད་ཚིམ་པ། བཀྲ་ཤིས་དང་ཀུན་དགའ་ངོ་མཚར་བའི་རྣམ་པ་སྣ་ཚོགས་དང་། དགའ་བའི་རྩེད་མོ་སྣ་ཚོགས་བྱེད་པ། བྱ་བ་བཟང་པོ་ལ་འཇུག་པ་ཐམས་ཅད་བཟང་། ཡང་པདྨ་ལ་འདུག་པ་ནི་རྨི་ལམ་མཆོག་གོ། པདྨ་དང་ལྷ་མཐོང་བ། མེ་ཡི་ཕུང་པོ་འབར་བ་མཐོང་བ། ཁྱུ་མཆོག་དང་བ་ལང་དང་རྟ་དཀར་པོའི་ཁྱུ་མཐོང་བ་བཟང་། ཡང་ངན་པ་ལྟར་སྣང་ཡང་མཆོག་ཏུ་བཟང་བའི་རྨི་ལམ་ནི། རང་གི་མགོ་བོ་གཅོད་པ་བདག་འཛིན་གཅོད་པའི་ལྟས། ཤ་ཆེན་ཟ་བ། ལུས་ཁྲག་གིས་འཁྲུ་བ་དང་བྱུག་པ། ཆང་འཐུང་བ། སྐྲ་བྲེག་པ། ལུས་ཚིག་པ་སྒྲིབ་པ་དག་པ། ཤིང་ནྱ་གྲོ་རྡར་འཛེགས་པ། མི་གཙང་བར་ནུབ་པ། རང་གི་རྒྱུ་མས་རྙེད་པ་དང་རྒྱལ་པོར་འགྱུར་གྲོང་གྲོང་མཐའ་བསྐོར་བ། ཡིད་འོང་བུད་མེད་དང་ཉིན་མོ་ཉལ་བ་རྣམས་བཟང་ངོ་། །བྱ་རྒོད་ཀྱིས་རྒྱུ་མ་ཟ་བ་དང་། ཐང་ཆེན་པོ་མཐོང་བའང་རྒྱལ་པོར་འགྱུར་བའི་མཚན་མར་ནག་པོ་ཆེན་པོའི་རྒྱུད་ལས་གསུངས་སོ། །ཡང་དངོས་གྲུབ་ཉེ་བའི་མཚན་མ་ནི། ཚངས་པ་སོགས་ལྷའམ་མིས་རྨི་ལམ་དུ་གཏམ་སྣ་ཚོགས་སྨྲ་བ། བུ་ལེགས་སོ་ཟེར་བ་དང་། བློ་ལྡན་སོགས་བསྔགས་པའི་སྒྲ་ཐོས་པ་རྨི་བ་དང་། སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་འོད་དང་བཅས་པ་མཐོང་བ། དེ་དག་དང་ལྷ་རྣམས་ཀྱིས་ལས་འདི་ལྟར་གྱིས་


MR13_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལུང་སྟོན་པ། རང་གི་ལྷའི་སྐུ་གཟུགས་དང་ཡི་གེ་གསལ་བར་མཐོང་བ། ཕྱོགས་བཅུའི་སངས་རྒྱས་མཆོད་ཅིང་ཐུགས་དགྱེས་ཏེ་རང་ལ་ཆོས་སྟོན་པ། རྒྱལ་བ་དང་རྒྱལ་བའི་སྲས་བྱང་སེམས་རྣམས་དང་ལྷ་ཆེན་པོ་རྣམས་དང་། རྒྱན་རྫོགས་པའི་ལྷ་ཡི་བུ་དང་། བུ་མོའི་ཚོགས་ཀྱིས་རང་ལ་མཆོད་པར་བྱེད་པ། ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་ན་ལྷའི་བུ་མོའི་ཚོགས་བསྐོར་བའི་རིག་པ་འཛིན་པའི་རྒྱལ་པོ་རྣམས་ཀྱིས་རང་ལ་མཆོད་པ་བྱེད་པ། ཁང་བཟང་དང་ལྗོན་ཤིང་རི་བོ་དང་རྒྱ་མཚོ་འབབ་ཆུ་ཆུ་ཀླུང་རྫིང་བུ་སོགས་གནས་ཉམས་དགའ་བར། ཁྲི་དང་མལ་སྟན་དཀར་པོ་བཏིང་བར་རང་འདུག་ཅིང་། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། གདུགས་དང་རྒྱལ་མཚན་བ་དན་དང་ནོར་བུའི་རྒྱན་ཕྲེང་དང་གོས་བཟང་པོས་བརྒྱན་ཅིང་། ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ་སོགས་རིན་པོ་ཆེ་ལ་ལོངས་སྤྱོད་པ་དང་། མཆོད་རྟེན་དང་གླེགས་བམ་དང་། ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། དྲི་སྣ་ཚོགས་དང་། ཤ་ཆང་ཉ་དང་ཤིང་ཏོག་འབྲས་བུ་སོགས་རོ་ལྡན་གྱི་ཟས་བཟའ་བ་དང་།ཉན་རང་དང་དགེ་སློང་སོགས་འཁོར་བཞི་དང་། རྒྱལ་པོ་དང་བྲམ་ཟེ་དང་མཆོད་གནས་དང་ཕ་མ་སོགས་རང་གི་གཉེན་རྣམས་དང་མི་གྲགས་ལྡན་ཕྱུག་ཅིང་སྐལ་པ་བཟང་པོ་རྣམས་དང་། ཀླུ་དང་གནོད་སྦྱིན་དང་གྲུབ་པའི་ལྷ་སོགས་མི་མ་ཡིན་པའི་ཚོགས་དང་། གཞོན་ནུ་དང་གཞོན་ནུ་མ་རྣམས་ཀྱིས་རང་ལ་མཆོད་ཅིང་རྗེད་པ་དང་། གདུགས་དཀར་རྔ་ཡབ་ལྷྭམ་དང་རལ་གྲི་བསིལ་ཡབ་གསེར་གྱི་ཡུ་བ་ཅན་ཏེ། དབང་ཕྱུག་དང་ལྡན་པ་རྣམས་ཀྱི་རྟགས་དང་མཚན་མ་རང་གིས་འཆང་


MR13_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། གོང་བཤད་ལྟར་ཅང་ཤེས་ཁྱུ་མཆོག་སེང་གེ་འབྲུག་སོགས་ཞོན་ནས་བདེ་བར་འགྲོ་བ་དང་། སྒྲ་དང་ལྡན་པའི་སྤྲིན་ལས་རིན་པོ་ཆེ་དང་མེ་ཏོག་གི་ཆར་འབེབས་པ་དང་། ཤིང་རྟ་གང་བ་དང་། བ་གཞོན་ནུ་བེའུ་ཕྲུག་ཅན་སོགས་ཀྱི་ཁྱུ་ལ་ལོངས་སྤྱོད་པ་དང་། ཉི་མ་དང་ཟླ་བ་ཁོང་དུ་མིད་པ་དང་། ས་ཡི་ནང་དུ་ཞུགས་ཏེ་ས་བོན་འཐུང་བ་དང་། རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འཐུང་བ་དང་། མེ་ལ་ཅི་འདོད་དུ་བརྗི་ཞིང་མེ་རང་གི་ལུས་ཀྱི་ནང་དུ་ཞུགས་པ་སོགས་རྨིས་ན། གསང་སྔགས་ཉེ་ཞིང་རིང་པོར་མི་ཐོགས་པར་འགྲུབ་པའི་མཚན་མ་སྟེ། དེ་ནས་བཟླས་པས་ཟླ་བ་དང་ཟླ་ཕྱེད་ཉིན་ཞག་དང་སྐད་ཅིག་གིས་རིམ་པས་ཕྱི་ཕྱིར་སྔགས་ཇེ་ཉེར་འགྱུར་ཞིང་མྱུར་དུ་འགྲུབ་པར་འགྱུར་རོ། །ཡང་བར་ཆད་འབྱུང་བའི་རྨི་ལམ་ནི། ནང་དུ་སྒོ་གསུམ་བག་མི་ཕེབ་ལ། རྨི་ལམ་དུ་སྟག་གཟིག་སེང་གེ་ཁྱི་ཕག་བོང་བུ་མ་ཧེ་རྔ་མོང་ཅེ་སྤྱང་བྱི་བ་སྡིག་པ་སྲེ་མོང་སྦྲུལ་བྱི་ལ་བྱ་རྒོད་འུག་པ་བཞད་བྱ་རོག་སྐྱར་མོ་རྣམས་དང་མི་ཐུང་ཧྲུལ་པོ། མི་ནག་པོ་གཅེར་བུ་ཐལ་རིས་ཅན་དང་བཞིན་བསྒྱུར་ཞིང་རལ་གྲི་ཐོགས་པ། བྲམ་ཟེ་མདོག་ནག་པོ། བཤན་པ་དང་། བྱིས་པ་ཐལ་སྐྱ། མི་རིང་གཅེར་བུ་སོགས་མི་སྡུག་པའི་གཟུགས་སྣ་ཚོགས་དང་ལྡན་པ་དང་འཕྲད་པ་རེག་པ་གཏམ་སྨྲ་བའམ། དེ་དག་གིས་རྒོལ་བ་དང་། ཁྲོན་པ་སྐམ་པོ། ཐོད་པ་དང་རུས་གོང་གི་ཕུང་པོ། ལྕགས་མང་པོ་དང་། ཁང་རུལ་སོགས་གདོན་གྱི་རྟགས་ཡིན་པས་སྲུང་བ་དང་ཞི་བའི་ཐབས་བྱའོ། །གསང་བ་སྤྱི་རྒྱུད་སོགས་ལས། དཀྱིལ་འཁོར་སོགས་ཀྱི་ལས་བྱེད་དུས། གློ་


MR13_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཅེ་སྤྱང་གི་སྒྲ་གྲགས་ན། གཏོར་མ་ཡང་ཡང་བྱིན། གཞན་ཡང་ཅེ་སྤྱང་སོགས་སྲོག་ཆགས་མི་ཤིས་པའི་སྒྲ་དང་། སྒྲ་ཆེན་པོ་དང་། འབྱུང་པོའི་གཟུགས་སྣ་ཚོགས་སྣང་བ་དང་། ལྗོན་ཤིང་གི་ཡལ་ག་ཆག་པ་དང་། འབྲུག་གི་སྒྲ་དྲག་པོ་གྲགས་པ་དང་། གཞན་ཡང་ལྟས་མི་བཟང་བ་སྣ་ཚོགས་གང་ཅི་བྱུང་ན་དེ་ཕྱོགས་སུ་གཏོར་མ་ཅི་རིགས་བྱིན་ནས། སྲུང་བ་ནན་ཏན་བྱ་བར་གསུངས། རྨི་ལམ་ངན་པ་གང་དག་གདོན་རྟགས་དང་གོང་གི་བཟང་པོ་རྣམས་ལས་བཟློག་ཏེ་གཟུགས་མི་སྡུག་པ། སྒྲ་མི་སྙན་པ། དྲི་མི་ཞིམ་པ། རོ་མི་ཞིམ་པ། རེག་བྱ་ཡིད་དུ་མི་འོང་བ། སེམས་ཅན་དམན་པ་མི་སྡུག་པ་དང་དགྲས་འཚེ་བ། གཅན་གཟན་དང་། དམག་སོགས་ཀྱིས་དེད་པ། ས་ལ་རྒྱུག་མཆོང་དང་གར་བྱེད་པ། གླུ་ལེན་པ། དགོད་པ། འབྲུ་མར་གྱིས་ལུས་བསྐུས་པ། གཅེར་བུ་དང་། ཞར་འཐེང་རྒུར་པོ་མི་སྡུག་པ་དང་འཕྲད་དེ་གཏམ་སྨྲ་བ། རྩེ་གསུམ་སོགས་གདེང་པའི་མི་སྡུག་པའི་གཟུགས་ཅན་སོགས་ཀྱིས་བསྡིགས་ཤིང་། གནོད་པ་བྱེད་པ་ལ། མུན་པ་འཐིབ་པ། ཉི་ཟླ་ནུབ་པ། རླུང་སོགས་འབྱུང་བཞིས་གནོད་པ། རྒྱ་སྐག་དང་། བྱེ་མའི་རི་ལ་འཛེག་པ། བོང་བུ་རྔ་མོང་སོགས་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ། ལམ་འཕྲང་བགྲོད་དཀའ་བ། འདམ་རྫབ་དང་མི་གཙང་བའི་ཁྲོད་དུ་ཉུལ་བ། ཐུར་དུ་རྒྱུག་པ། ལུས་དང་ཡན་ལག་དང་ཡོ་བྱད་ཆག་པ་ཉམས་པ། གཞན་ལས་ཕམ་པ། མི་དགེ་བའི་ལས་བྱེད་པ་སོགས་ཡིད་དུ་མི་འོང་ཞིང་ཡིད་ལོག་པའི་རིགས་ཐམས་ཅད། ཚེ་དང་བསོད་ནམས་ལ་གནོད་པ་དང་ལས་ཀྱི་སྒྲིབ་པའི་རྟགས་ཡིན་ཏེ་དངོས་གྲུབ་


MR13_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་དཀའ་བས། བཤགས་པའི་རིགས་བྱ་ཞིང་། བསོད་ནམས་བསགས། སྟོང་ཉིད་བསྒོམ། ཞི་བའི་སྦྱིན་སྲེག་སོགས་ཀྱིས་ཞི་བར་བྱས་ནས་སླར་བརྩམ་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་སྤྱིའི་དུས་སུ་དགེ་མི་དགེའི་ལྟས་དང་རྨི་ལམ་གྱི་མཚན་མ་བསྟན་པ་འདིས་མཚོན་ནས། དངོས་སུ་མ་བཤད་པ་རྣམས་ཀྱང་དགེ་མི་དགེའི་མཚན་མ་གང་དང་གང་གི་ཆ་དང་འདྲ་བར་རང་བློས་ཤེས་པར་བྱ་ཞིང་། ཞི་སོགས་ལས་སོ་སོ་དང་མཐུན་པའི་ལྟས་དང་རྨི་ལམ་རྣམས་ཀྱང་ཤེས་པར་བྱའོ། །དེ་ནས་དངོས་གྲུབ་ཤིན་ཏུ་ཉེ་བའི་ཚེ་ན། སྔོན་གྱི་ལས་ངན་ཇི་ལྟ་བུ་ཡོད་ཀྱང་རུང་། འཕྲལ་རྐྱེན་ཇི་ལྟ་བུས་ཀྱང་བཟློག་ཏུ་མེད་པར་སྔགས་ཀྱི་བྱིན་རླབས་ཞུགས་ནས་དངོས་གྲུབ་ཐོབ་པར་འགྱུར་ཏེ།དེའི་རྟགས་སུ་རང་ཉིད་སེམས་དགེ་ཞིང་ཉོན་མོངས་ཆུང་ལ། ཕྱི་དང་ནང་གི་རྐྱེན་ཉེར་འཚེ་གང་གིས་ཀྱང་གཡོ་མི་ནུས་པར། སྒྲུབ་པ་ལ་གཅིག་ཏུ་སྤྲོ་བའི་སེམས་ཀྱིས་ཤིན་ཏུ་སྦྱང་བ་དང་ལྡན་པའི་ཞི་གནས་འགྲུབ་ཅིང་། དེས་ལུས་སེམས་བདེ་བས་ཁྱབ་པའི་ངང་ནས་བཟླས་པས་ངེས་པར་འགྲུབ་སྟེ། རྨི་ལམ་དང་དངོས་སུ་ཡང་ལྷའི་གཟུགས་མཐོང་ཞིང་གསུང་ཐོས། ལུས་ལ་ནད་མེད་ཅིང་ཡོངས་སུ་དག་ལ་ཀུན་གྱི་ཡིད་དུ་འོང་བས། བུད་མེད་གཞོན་ནུ་སོགས་འདུ་ཞིང་འདུད་པ་དང་། མར་མེ་གསེར་ལྟར་ཡིད་དུ་འོང་བ་རང་འབར་རམ། སྦར་པའང་རྒྱུན་རིང་པོ་དང་སྣུམ་ཟད་ཀྱང་འབར་བ་དང་། རས་བྲིས་སོགས་སྐུ་གཟུགས་འགུལ་བའམ། ཕྲེང་བ་སྨིན་མ་མིག་དང་རྔ་ཡབ་དང་རྒྱན་གཡོ་བ། ཞལ་ནས་ཧཱུྃ་གི་སྒྲ་སོགས་འབྱིན་པ།


MR13_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལས་མེ་ཏོག་གམ། རྫིང་ཆར་ཡིད་འོང་འབབ་པ། མཁའ་ལས་ལུས་མི་སྣང་བར་བུ་གཅིག་ཇི་འདོད་པ་སློངས་ཞེས་སྒྲ་ཐོས་པ། ས་གཡོ་བ། ལྷ་ཡི་རྔ་སོགས་རོལ་མོའི་སྒྲས་ལུས་ཀྱི་བ་སྤུ་ལྡང་བ། རྒྱན་གྱི་ཆར་འབེབ་པ། ནམ་མཁའ་ལས་ལྷ་དང་ལྷ་མ་ཡིན་དང་། རང་གི་སྔགས་ཀྱི་ལྷའི་གཟུགས་དངོས་སུ་མཐོང་བ་ནི་གྲུབ་པའི་མཚན་མའོ། །དེའི་ཚེ་ན་སྒྲུབ་པའི་རྫས་ལས་དྲོ་བ་དང་དུ་བ་འཐུལ་བ་དང་མེ་འབར་བའི་མཚན་མ་གསུམ་ཀྱང་འབྱུང་བ་དེའི་དུས་སུ། མ་ཉམས་པའི་མེ་ཏོག་དཀར་པོ། དབྱིག་དང་ཙན་དན་དང་གུར་གུམ་ག་བུར་སོགས་དྲི་ཞིམ་པའི་ཆུ་དང་ཆུ་གཙང་གི་མཆོད་ཡོན་བསྒྲེང་ལ། བསྟོད་པ་དང་བཅས་ཏེ་རྩེ་གཅིག་གུས་པའི་ཡིད་ཀྱིས་ཕྱག་བྱས་ནས་རང་གང་འདོད་པའི་མཆོག་བསླང་ངོ་། །མཆོག་ཐོབ་ནས་དགའ་བས་ཕྱག་བྱས་ཏེ། དད་པས་བསྟོད་པ་བྱ་ཞིང་མཆོད་ཡོན་ཕུལ་ལ་གཤེགས་སུ་གསོལ་བར་བྱའོ། །དངོས་སུ་གྲུབ་པ་ན། རས་བྲིས་དང་རལ་གྲི་སོགས་ལག་ཏུ་བཟུང་བས་མཁའ་སྤྱོད་སོགས་ཀྱི་རིག་པ་འཛིན་པར་འགྱུར་ཏེ། རྫས་སོ་སོའི་ལས་ཀྱི་ཆོ་ག་བཞིན་དུ་སྤྱད་དེ། རྗེས་མཐུན་པ་ཙམ་ལ་དངོས་གྲུབ་ཉེ་བའི་མཚན་མ་ཅི་རིགས་མཐོང་ནས། ཕྱི་དྲོ་ཕྱོགས་བཅིངས་ལ། མཚན་མོ་དངོས་གྲུབ་བསྒྲུབ། གལ་ཏེ་དངོས་གྲུབ་ཆེ་བ་ལ་བགེགས་ཀྱང་འབྱུང་སྲིད་པས་མཚན་ཕྱེད་སོགས་སུ་བགེགས་ཀྱི་གཟུགས་སྣ་ཚོགས་པས་བསྡིགས་པ་དང་། རྫས་འཕྲོག་པར་རྩོམ་པ་དང་། བར་ཆད་ཀྱི་རྣམ་པ་སྣ་ཚོགས་གང་ཅི་སྟོན་ཀྱང་འཇིགས་པ་མེད་པར་ཁྲོ་བོའི་སྔགས་ཀྱིས་བཅོམ་ནས་ཞི་བར་བྱའོ། །


MR13_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རེངས་མེ་ཏོག་གི་ཆར་སོགས་ལྟས་ཡ་མཚན་པ་དང་བཅས་ཏེ་དངོས་གྲུབ་ཐོབ་བོ། །གལ་ཏེ་སྲོད་ཀྱི་དུས་ནས་དངོས་གྲུབ་ཀྱི་མཚན་མ་བྱུང་ན། དངོས་གྲུབ་མནན་ཏེ་ཐོ་རེངས་བླངས་བར་བྱ། འབར་བ་སོགས་རིམ་དང་རིམ་མིན་དུ་འབྱུང་ཚུལ་སྣ་ཚོགས་ཡོད་པ་དང་། ལྟས་རྣམས་ཀྱང་དང་པོར་འཇུག་པའི་དུས་སུ་དགེ་བ་དང་མི་དགེ་བའི་མཚན་མ་ཙམ་དང་། བསྙེན་པའི་དུས་སུ་ཉེ་བའི་མཚན་མ་དང་། ཚུལ་བཞིན་བསྒྲུབ་པའི་དུས་ན་དངོས་ཀྱི་ཚད་མཚན་མ་དང་།རློམ་པ་པ་ཅན་ལ་བདུད་ཀྱི་བསླུ་བའི་རྟགས་སུའང་སྲིད་པ་ཡོད་ལ། ནང་གི་མཚན་མ་ཁྱད་པར་ཅན་དང་འབྲེལ་བ་ནི་ནམ་ཡང་མི་བསླུ་བ་ཡིན་ནོ། །འདི་ནི་འཇམ་དཔལ་རྩ་རྒྱུད། རྨི་ལམ་གྱི་རྒྱུད། དཔུང་བཟང་། ལེགས་གྲུབ། གསང་བ་སྤྱི་རྒྱུད། ཕྱག་རྡོར་དབང་བསྐུར། གསང་བ་འདུས་པ། ནག་པོ་ཆེན་པོའི་རྒྱུད་སོགས། རྒྱུད་ཀུན་ལས་གསུངས་པའི་དངོས་གྲུབ་ཀྱི་མཚན་མ་སོགས་ཕྱོགས་གཅིག་ཏུ་མི་ཕམ་རྣམ་པར་རྒྱལ་བས་བཏུས་པའོ། །མངྒ་ལཾ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། རྒྱུ་མཚན་ཤེས་དང་རིག་པ་དང་། །སྐར་མའི་དཔྱད་ཤེས་སྐད་ཤེས་པ། །འདི་དག་དོན་མེད་མི་བྱ་སྟེ། །བཀྲ་ཤིས་དོན་དུ་བསྟན་པ་ཡིན། །ཞེས་གསུངས་སོ། ༈ །སྦྱིན་སྲེག་གི་མེ་པྲ་ནི་སྤྱི་དང་ཁྱད་པར། དང་པོ་མེ་ལྷ་སྤྱན་དྲངས་ནས་བྱོན་སྐྱེམས་འབུལ་སྐབས་བརྟག །སྦྱིན་སྲེག་གི་མེ་ནི་སྔགས་ཀྱི་བྱིན་གྱིས་བརླབས་པའི་མེ་ཡིན་པས་འགྲུབ་མི་འགྲུབ་སོགས་སྟོན་པར་བྱེད་དེ། དཔུང་བཟང་གིས་ཞུས་པ་


MR13_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མེ་ཡི་མཚན་མ་ཉེ་བར་བརྟག་པ་ནི། །མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ལས། །གྲུབ་པ་དང་ནི་མི་འགྲུབ་ཐམས་ཅད་ཀྱང་། །སྔགས་ཀྱིས་བྱིན་རླབས་མེ་ནི་སྟོན་པར་བྱེད། །ཅེས་གསུངས། དེ་ཡང་མེ་སྤྱིར། དམར་སེར་དང་གསེར་གྱི་མདོག་འདྲ་དྭངས་པ་སྣུམ་པ་མཛེས་པ། ཉི་མའི་འོད་ལྟར་གཟི་ཆེ་བ། དུ་བ་མེད་ཅིང་། སྒྲ་མེད་པ། འབར་ཆེ་ཞིང་གཡས་སུ་འཁྱིལ་བ། དལ་ཞིང་བར་མི་འཆད་པ། ཡིད་དུ་འོང་བ། གྱེན་དུ་འབར་བ་བཟང་། གཞན་ཡང་ཆུ་ཤེལ་དང་ཁ་བ་དུང་གི་མདོག་ལྟར་དཀར་བ། དལ་ཞིང་འཇམ་པ་དུ་བ་མེད་ཅིང་ཡིད་དུ་འོང་བས་ནི་སྡིག་པ་འཇོམས་ཞིང་ཞི་བའི་ལས་འགྲུབ། ཁ་དོག་སེར་པོ་སྣུམ་ཞིང་ཉི་འོད་ལྟ་བུ་བརྗིད་ཆེ་ལ་ལྷུན་སྟུག་ཅིང་ལྷོད་ལ་རྒྱ་ཆེ་བར་དལ་བུས་འབར་ན་རྒྱས་པའི་ལས་འགྲུབ། རྒྱལ་སྲིད་དང་ལོངས་སྤྱོད་འཐོབ། ལྷམ་བུ་ཆུ་ཤེལ་དང་གློག་དང་བྱེ་རུ་ཛ་བའི་མེ་ཏོག་དམར་པོ་ཡིད་དུ་འོང་བ་དག་གི་མདོག་ལྟར་དམར་ཞིང་ཡིད་འཕྲོག་པ་དང་། དྲི་ཞིམ་པོས་དབང་གི་ལས་འགྲུབ། གཞན་ཡང་བཻཌཱུཪྻ་དང་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་ཞིར་དྭངས་ལ་སྣུམ་ཞིང་དྲི་མ་མེད་པ་དང་དུ་བ་མེད་པར་ཡིད་དུ་སྡུག་པའི་ཚུལ་དུ་འབར་ན་ནད་མེད་ཅིང་རིགས་བརྒྱུད་འཕེལ། འཇའ་ལྟར་ཡིད་དུ་འོང་བའི་ཁ་དོག་སྣ་ཚོགས་པ་འཇམ་ཞིང་དྲི་མ་མེད་པའང་བཟང་སྟེ་ལས་སྣ་ཚོགས་འགྲུབ། དེ་ལས་ལྡོག་པ་ནག་པོ་རྩུབ་ཅིང་སྤྲིན་ནག་པོ་དང་པ་ལ་ཤ་ཡི་མདོག་ལྟ་བུ་དང་། མདོག་ལྗང་གུ་བཀྲག་མེད་དང་། འབྲུ་མར་མདོག་འདྲ་དང་དུད་ཁ་རྣམས་ཀྱིས་དོན་ཉམས་སྤྲིན་སྣ་ཚོགས་ཀྱི་མདོག་ལྟར་མདོག་ངན་པ་སྣ་ཚོགས་


MR13_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ། དམར་ཙིག་ཙིག་པ་འོད་མེད་པ། དེ་བཞིན་དཀར་སེར་སོགས་དང་སེར་སྐྱ་དུ་བའི་མདོག་དང་མདོག་ཉམས་པ་ཡིད་དུ་མི་འོང་བ་ཀུན་ངན། དབྱིབས་ནི་གཡས་ཕྱོགས་སུ་འཁྱིལ་བ། རྒྱལ་མཚན་གདུགས་དང་རྡོ་རྗེ་བུམ་པ་པདྨ་ལྕགས་ཀྱུ་དཔལ་བེའུ་བླུགས་གཟར་དུང་གཡས་འཁྱིལ་ཏྲི་ཤུལ་རལ་གྲི་ཤིང་རྟ་རྔ་ཡབ་གཡུང་དྲུང་གླང་པོ་སོགས་བཀྲ་ཤིས་པའི་རྫས་ཀྱི་རྣམ་པ་བཟང་། མེ་ཡི་རྩེ་མོ་གཅིག་པུར་འབར་བ་མཆོག་ཏུ་བཟང་སྟེ་ཕུན་སུམ་ཚོགས་པ་ཀུན་བྱེད། གཉིས་སུ་འབར་བ་འབྲིང་། གསུམ་དུ་འབར་བ་ཐ་མ་སྟེ་ཅུང་དམན་ནོ། །བཞིར་འབར་བ་རྒྱས་ཤིང་དངོས་གྲུབ་བརྟན། འདི་ལས་ལྡོག་པ་རྩེ་གསུམ་པ་དང་། བ་ལང་གི་མགོ་འདྲ་བ་སྐྲ་ཡང་རྩུབ་པ་དེ་བཞིན་དུ་གསལ་ཤིང་དང་མདའ་མདུང་རལ་གྲི་སོགས་ཚུར་ལ་གཟས་པ་དང་ཞིབ་མ་དང་སྦྲུལ་གྱི་མགོ་དང་བོང་བུ་དང་ཁྱི་དང་རྔ་མོང་གི་མགོ་ལྟ་བུ་སོགས་མི་ཤིས་པའི་གཟུགས་རྣམ་པ་སྣ་ཚོགས་བྱུང་ན་ལས་གཞན་ལ་མི་དགེ་ཞིང་བགེགས་ཡོད་པའི་མཚན་མའང་ཡིན་པས་སྟོབས་པོ་ཆེ་སོགས་ཀྱི་སྲེག་བླུག་བྱ། (ཧ་ཅང་བགེགས་མཚན་ཆེན་བཟོད་པར་མཛོད་ཅེས་ལན་གསུམ་བརྗོད་ཅིང་སྐབས་དེར་བྱ་བ་བཞག་ནས་སླར་ཞི་སྦྱིན་བྱའོ་གསུངས་མཆན།) སླར་ཞི་སྦྱིན་བྱ། དྲག་པོ་ལ་སྐྱོན་དུ་མི་འགྱུར། འོན་ཀྱང་དྲག་པོའི་མེ་ལྕེ་སྔོ་ནག་གམ། དམར་ནག །དྲག་ཏུ་འབར་ཞིང་སྒྲ་དང་མེ་སྟག་འཕྲོ་བ་སོགས་འཇིགས་སུ་རུང་བ་བཟང་། མེ་འབར་བའི་སྒྲ་ནི་ཞི་སོགས་ལ་ངང་པ་དང་དུང་དང་རྔ་སྒྲ་རྫ་རྔ་གླིང་བུ་སིལ་སྙན་སོགས་རོལ་མོ་ཡིད་དུ་འོང་བའི་སྒྲ་གྲགས་ན་བཀྲ་ཤིས་ཤིང་ཕུན་ཚོགས་


MR13_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བདེ་བ་འབྱུང་། ཙེག་ཙེག་གི་སྒྲ་དང་། ཧུར་ཧུར། འུར་འུར། སིང་སིང་། ཙི་ཏ་ཙི་ཏ་སོགས་དང་། གནམ་ལྕགས་ཀྱི་སྒྲ་འདྲ་བ་ཏོག་སྒྲ་དང་མེ་སྟག་རྒོད་ཅིང་འཕྲོ་བ། སྨྲེ་སྔགས་དང་བོང་བུའི་སྒྲ་དང་ཁྱི་ཟུག་པ་སོགས་མདོར་ན་སྒྲ་ཡིད་དུ་མི་འོང་བ་ཐམས་ཅད་ངན་ཅིང་མི་དགེ་བའི་མཚན་མ་ཡིན་ལ། དྲག་པོ་ལ་ཕལ་ཆེར་བཟང་བར་འགྱུར། དྲི་ནི། ག་བུར་ཙམ་པ་ཀ ཙན་དན་འདམ་སྐྱེས་ཨུཏྤལ་ཨ་གར་སོགས་མདོར་ན་དྲི་ཡིད་དུ་འོང་བ་ཐམས་ཅད་རིགས་དང་གནས་ཐོབ་པ་སོགས་དགེ་ལེགས་ཀྱི་མཚན་མའོ། །དྲི་དང་སྒྲ་གང་ཡང་མེད་པར་འབར་བའང་ལེགས། གླང་ཆེན་དང་རྟ་སོགས་ཀྱིས་དྲིས་རྣམ་པར་རྒྱལ། མདོར་ན་དྲི་བཟང་པོ་ཐམས་ཅད་ཞི་སོགས་ལ་དགེ། ངན་བར་མི་རོའི་དྲི་དང་། རུལ་བ་དང་། མི་གཙང་བ་དང་། ཅེ་སྤྱང་དང་བྱི་ལ་སོགས་ཀྱི་དྲི་དང་། ཉ་དྲི། སྦེ་དྲི་སོགས་མདོར་ན་དྲི་ངན་པ་ཐམས་ཅད་ཞི་སོགས་ལས་ལ་མི་དགེ་དངོས་གྲུབ་མེད་པར་སྟོན། དྲག་པོ་ལ་བཟང་བའི་སྐབས་ཀྱང་ཡོད། སྤྱིར་མི་དགེ་བའི་མཚན་མ་ནི་མེ་འབར་དཀའ་བ། དུ་བ་འཚུབས་ཤིང་མང་བ། མེ་འདར་བ་ལྷབ་ལྷབ་འབར་ཞིང་བར་ཆད་པ། ཅུང་ཟད་ཅུང་ཟད་འབར་བ། གཟི་མདངས་མེད་པ། མེ་དང་དུ་བས་སྒྲུབ་པ་པོ་ལ་ལྷག་པར་གདུང་བ་ཞི་དྲག་གང་ལའང་མི་ལེགས། ནད་སོགས་མི་དགེ་བའི་མཚན་མའོ། །གཞན་ཡང་མེ་སྟག་མི་སྡུག་པ་རྒོད་ཅིང་མང་དུ་འཕྲོ་བ། ཡང་ཡང་ས་ལ་ཐུར་དུ་མེ་ལྕེ་འཁྱིལ་བ། ཕྱོགས་ཀུན་ཏུ་རྣམ་པར་འཕྲོ་བ། ཡང་ཡང་འཚབས་ཤིང་རྒོད་པ་བྲེལ་ལྷབ་ལྷབ་བྱེད་པ། ཐེག་ལེ་ནག་པོ་


MR13_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་མདོག་ཅན་རྣམས་རིགས་འཛད་ཅིང་སྡེ་དཔུང་འཇོམས་པས་མི་ལེགས། དྲག་པོ་ལ་མི་སྐྱོན་པའི་སྐབས་ཀྱང་ཡོད། དེ་ལས་བཟློག་སྟེ། མེ་ལྟོ་ཆེ་ཞིང་གཟི་བརྗིད་དང་མདོག་བཟང་བ་དང་། གཡས་སུ་འཁྱིལ་ལ། སྒ་པ་ནས་གྱེན་དུ་ལྷམ་ལྷམ་བར་མེད་དུ་འབར་བ། དུ་བ་ཆུང་བ། དྲི་ཞིམ་ཞིང་མེ་སྟག་བཟང་པོར་འཕྲོ་བ། དུ་བ་དང་མེ་སྟག་སླ་མེད་པ་མེ་ལྕེ་ལེགས་འབར་འཇམ་པའང་ལེགས། དངོས་གྲུབ་ཆེན་པོའི་མཚན་མ་ནི་མེ་མ་སྦར་བར་འབར་བ། མེ་ཡི་ནང་དུ་ལྷ་ཡིས་ལེགས་སོ་འབྱིན་པ་སོགས་མཆོག་ཏུ་ངོ་མཚར་བ་མཐོང་ན་དངོས་གྲུབ་མངོན་དུ་གྱུར་པའོ། །འདི་ནི་དཔུང་བཟང་གིས་ཞུས་པ་དང་། སྡོམ་འབྱུང་སོགས་རྒྱུད་སྣ་ཚོགས་དང་དམ་པ་རྣམས་ཀྱི་བསྟན་བཅོས་ལས་བྱུང་བ་རྣམས་ཕྱོགས་གཅིག་ཏུ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེའོ། ། ༈ མར་མེ་བརྟག་པ་ལ། རིན་པོ་ཆེ་དང་ལི་དང་འཁར་རག་སོགས་སྣོད་གས་ཆག་མེད་པར། སྡོང་བུ་ཤིང་སྐམ་པོ་དྲི་མེད་རིང་ཐུང་སྣོད་ཀྱི་ཁ་དང་མཉམ་པ། སྦོམ་ཕྲ་མིག་ལ་མཛེས་པ། ཧ་ཅང་ཕྲ་སྦོམ་དུ་མར་མ་གྱུར་པ་ལ། སྲིན་བལ་དྲི་མེད་གཙང་མས་སྙོམས་པར་དྲིལ་ནས་མ་ཡོ་ཞིང་བརྟན་པར་བཙུགས། མར་ཁུ་ཚག་ཆོད་མ་ཚིག་པ་བླུག །རླུང་དང་ས་རླན་ཁ་ཆར་འབབ་པ་དབྱར་འབུ་སྦྲང་ཤི་བ་སོགས་དང་། སྣུམ་དང་སྡོང་རས་ལ་ཆུ་སོང་བ་སོགས་ལག་སྟབས་ཀྱིས་སྐྱོན་མེད་པར་བྱས་ལ། ནས་ཚོམ་ཁར་མར་མེ་བཞག །མདུན་དུ་རྩ་གསུམ་ལྷ་ཚོགས་བསྐྱེད་ལ། ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་


MR13_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དྷེ་ཝ་ཌཱཀྐི་ནི་ཧཱུྃ། འོད་ལི་འོད་ལི་སརྦ་ཨཱ་ལོ་ཀེ་པྲ་བྷ་དྷ་ན་ཡེ་སྭཱ་ཧཱ། བརྒྱ་བཟླས་འཇག་མ་ཉག་རེ་ལ་བཏབ་སྟེ། སྐོང་བུའི་ཁ་གདོང་སྟེང་དུ་བཞག །བདེན་པ་བརྡར་བ། རིག་འཛིན་པདྨ་འབྱུང་གནས་ལ་སོགས་པ་རྩ་བརྒྱུད་བླ་མ་རྣམས་ཀྱིས་མར་མེའི་པྲ་ཕོབ་ཅིག །མཁའ་འགྲོ་དུང་མིག་མ། རིགས་བཞིའི་མཁའ་འགྲོ། གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་མར་མེའི་པྲ་ཕོབ་ཅིག །རྒྱལ་པོ་ཆེན་པོ་སྡེ་བཞི་སོགས་ཆོས་སྐྱོང་དམ་ཅན་རྒྱ་མཚོས་མར་མེའི་པྲ་ཕོབ་ཅིག །བདག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་མར་མེ་འདི་ལ་བླང་དོར་མངོན་སུམ་གསལ་བའི་པྲ་བསླུ་བ་མེད་པར་སྟོན་ཅིག །ཅེས་བརྗོད་ལ་མར་མེ་སྦར། བརྟག་པ་དམིགས་བསལ་ལ་སྐོང་བུའི་ཤར་ལྷོ་ནུབ་བྱང་མ་འཆོལ་བར་ནས་འབྲུ་རེ་གར་བབ་དུ་བཞག་མར་མེ་བསང་སྦྱངས་བྱིན་གྱིས་བརླབས་ནས། མ་རིག་མུན་སེལ་སྒྲོན་མེ་མཆོག །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །མངོན་ཤེས་རྟགས་དང་མཚན་མ་རྣམས། །སྣང་གསལ་མར་མེས་བསྟན་དུ་གསོལ། །ཞེས་ཕུལ། བརྟག་པ་དངོས་ཀྱི་དང་པོ་མེ་ལྕེ་ལ་བརྟག་སྟེ། དབྱིབས་དང་མདོག་ནི། ཕྲ་ལ་དཀར་ལྡེམ་འབར་བ་མི་ནུབ་རྒྱལ་མཚན་སྟེ་བསྟན་པ་དར་རྒྱས་ཀྱི་ངོའོ། །མདོག་དཀར་ལ་རྩེ་ཟླུམ་འཁྱིལ་ཞིང་འོད་གསལ་བ་མི་ནུབ་ཚེའི་གཡུང་དྲུང་། དབྱིབས་རྒྱལ་མཚན་ལྟ་བུ་གསལ་འཚེར་འཁོད་སྙོམས་འབར་བ་བཀྲ་ཤིས། སྣ་འཁོར་དུང་ལྟར་འཁྱིལ་ན་སྙན་གྲགས་ཀྱི་ངོ་། མདོག་དཀར་གདུགས་ཕུབ་འདྲ་བ་ཆོས་སྲིད་རྒྱས། གུར་གུམ་མམ་གསེར་སྦྱང་ལྟར་སེར་པོ་ཡིད་འོང་བར་ཆད་མེད། དབྱིབས་པདྨ་ཁ་ཕྱེ་


MR13_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཨུཏྤལ་ཁ་འབུས་པ། ནོར་བུ་ལྟ་བུས་ཟལ་ནོར་འཕེལ། གྲུ་བཞི་དང་བུམ་པ་དཔལ་བེའུ་རྣམས་ཀྱིས་རྒྱས་པའི་ལས་འགྲུབ། ལྕགས་ཀྱུ་ཞགས་པ་འདྲ་བ་དབང་། མདུང་རྩེ་འདྲ་བ་མངོན་སྤྱོད་ཟུར་མེད་པའི་ཟླུམ་འཁྱིལ་དཀར་པོ་ཞི་བ། སྔོ་དམར་འོད་བཟང་དབྱིབས་སྣ་ཚོགས་ཁོད་སྙོམས་པ་ལས་སྣ་ཚོགས་འགྲུབ་དེ་ལ་སོགས་པ་བཀྲ་ཤིས་པའི་དབྱིབས་དང་འོད་བཟང་བ་དགེ་བའི་ལྟས་སུ་བལྟའོ། །མདོག་ནི་དཀར་པོ་ཞི་བ། སེར་པོ་རྒྱས་པ་དམར་པོ་དབང་། སྔོའམ་ལྗང་བ་དྲག་པོ་སྟེ་འོད་དང་དབྱིབས་ཀྱང་ལེགས་ལ་ཡིད་དུ་འོང་ན་ཞི་སོགས་ལས་དེ་དག་འགྲུབ། འོད་ཁ་དོག་ལྔ་པ་གསལ་ལ་ཡིད་དུ་འོང་བ་བྱུང་ན་ཕུན་སུམ་ཚོགས་ཏེ་བཟང་། མར་མེ་གཅིག་གི་ནང་དུ་གཅིག་འབར་ན་ཤིན་ཏུ་བཟང་། མདོག་དང་དབྱིབས་ངན་པ་ནི། ནག་པོ་ལྟ་བུ་མི་གསལ་ཞིང་དབྱིབས་མི་ལེགས་པ་ཉོན་མོངས་པའི་སྒྲིབ་པ་དང་མི་གཙང་བའི་ངོ་། །མདོག་ངན་ཞིང་ལྷབ་ལྷབ་བྲེལ་བ་ཅན་དགྲའམ་ཡང་ན་ཐག་རིང་མགྲོན་འོང་ལ། རྩི་ཟླུམ་ལ་བཅད་པ་འདྲ་ན་མ་ཉེས་པའི་ཁ་ཡོག །རྩེ་རལ་གྲིས་བཅད་པ་འདྲ་ན་རྐུན་གསོད་བྱེད་དོགས་ཡོད། རྩེ་གཉིས་ཡོད་ན་ཡུལ་གཞན་དུ་འགྲོ། མེ་ལྕེ་ཁ་གཉིས་སུ་སོ་སོར་གྱེས་ན་བྱེ་གྲལ་གྱི་ངོ་།རྒྱབ་ནས་རྩེ་མོ་ཁ་གསུམ་བྱུང་ན་བཟང་། འཁྱིལ་བ་བཟང་། རྒྱབ་ནས་འོད་སྔོན་པོ་འཁྱིལ་ལེ་བ་བྱུང་ན་བཟང་། དཀར་ཟླུམ་སྤྲ་བ་དྲིལ་འདྲ་བཟང་། འབྲི་མིག་བྱུང་ན་བཟང་། རྩེ་གསུམ་བཞི་མི་གསལ་བར་འབར་ན་སློབ་


MR13_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཕ་སྤུན་བཟའ་ཚང་སོགས་འོང་། རྩེ་མོ་ལྔ་ཕན་ཆད་བཟང་། དམར་ཤས་ཆེ་བ་སུམ་འཁྱོགས་འབར་ན་བུད་མེད་ལ་ནང་དམེ་སོགས་འོང་། མེ་སྙིང་སྔོན་པོ་མེད་པར་དམར་པོ་ཤིན་ཏུ་གཡུག་ན་བགེགས་ངོ་ཡིན་པས་བགེགས་གཏོར་བཏང་། དམར་ནག་འཚུབ་པ་བུ་ཆེ་བ་འཆི། མེ་ལྕེ་ཆེ་ལ་རྒོད་ཅིང་ནག་ན་ངན། དམར་ལ་ཐུང་རྩུབ་ཡུལ་ས་ཀླུ་གཉན་གནོད། དུ་བ་ཆེ་ལ་དྲེག་པ་བྱུང་ན་ཕོ་གདོན། ཁ་དམར་རྟིང་ནག་མོ་གདོན། ཁ་སེར་གཏིང་སྔོ་ས་བདག་གནོད། སོར་རེ་ཙམ་ལས་མི་འབར་བར་འོད་ཞན་ན་ཕོ་ལྷ་གནོད་པས་ལྷ་གསོལ་བྱ། འོད་ཀྱི་ནང་དུ་དུད་འགྲོའི་གཟུགས་འདྲ་ན་རི་འདྲེ་གནོད། ལྷབ་ལྷབ་རྒོད་ཅིང་རྩེ་མོ་དུམ་ཆད་བྱུང་ན་དགྲ་ངོ་། ལྷབ་ལྷབ་ཆེ་ཞིང་མེ་ལྕེ་ཆེ་བ་རོ་རྦད་རྦད་དུ་མཆོད་རྩ་བ་ཆུང་བ་ལྟ་བུ་བྱུང་ན་གློ་བུར་རྐྱེན་ཆེ་བའི་ངོ་། ནད་པ་ཡོད་ན་འཆི། མི་གསལ་ཞིང་རྩེ་མོ་ཐུར་དུ་གུག་ན་བོན་བྱད་སོགས་ཀྱི་ངོ་། འོད་མི་གསལ་ལ་ཚག་སྒྲ་དང་བཅས་པ། མེ་སྟག་དང་བཅས་པའི། དཀར་པོ་མདངས་མེད་ཡིད་དུ་མི་འོང་བ་ལྷ་གདོན། སེར་པོ་ས་བདག་གམ་རྒྱལ་པོ། །དམར་པོ་བཙན་དང་སྲིན་མོ་གྲེ་བོ། སྔོན་པོ་ཀླུ་དང་མ་མོ། ནག་པོ་བདུད་སོགས་ཀྱི་ངོ་བོ། མར་མེའི་དཀྱིལ་གྱི་མེ་མདངས་ནག་པོ་དེ་སྙིང་ཡིན་པས་ནག་ངམ་མེ་བ་བྱུང་ན་བཟང་། དེ་མེད་ན་སྙིང་སྟོང་གི་ངོའོ། །དཀྱིལ་དམར་པོ་སྡོང་བུ་ལས་དུད་པ་ཕྱུར་བ་ནོར་མི་ལག་ཤོར་ངོ་ཡིན། བཙན་བཀར་གཡང་ལེན་དགོས། འབར་བཞིན་དུ་སྡོང་བུ་རྩ་རྩེ་ནག་ཏིང་ངེ་འདུག་པ་ལ་མེ་འོད་གསལ་ཞིང་དཀྱིལ་དུ་ནག་མདངས་ཤུགས་ཀྱིས་འོང་བས་དེ་འདྲ་སྙིང་སྟོང་མེད་པས་


MR13_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། སྡོང་བུའི་རྩེ་དམར་བའམ་ཐལ་བར་སོང་ན་གོང་ལས་ལྡོག་སྟེ་མི་ལེགས། ཁྱད་པར་ནོར་ལ་ངན། མེ་ལྕེའི་སྟེང་དུ་སྡོང་བུ་ནག་ཧྲིང་ངེ་བྱུང་ན་རྩོག་ནལ་གྱི་ངོ་། བསང་ཁྲུས་བྱ། མོ་འདྲེ་བཀར། སྡོང་བུ་ཁ་དབྲག་རེད་ན་གནམ་སྒོ་བཅད། སྡོང་བུ་རྐྱེན་མེད་པར་རྐེད་པར་ཆད་ནས་མར་ཁུའི་ནང་དུ་བྲུལ་ན་སྐྱིད་ལ་རྐེད་ཆད་ཀྱི་ངོ་། རྐྱེན་མེད་པར་སྡོང་བུ་འགྱེལ་ན་ངན། སྡོང་བུ་ཕྲ་ཉག་ཡོད་ན་བར་ཆད་འོང་། སྡོང་རྩ་དཀར་ནས་སྔོན་པོའི་མདངས་གཏན་ནས་མེད་ན་གཟའ་དཔོན་འཆི་སོགས་ངན། སྡོང་བུའི་རྩེ་མོ་གུག་ན་བྱད་དང་ནད་སོགས་ངོ་། བཟློག་པ་བྱ། སྡོང་བུའི་མགོ་ལ་དོམ་ཞྭ་ལྟ་བུའི་མེ་ཏོག་ནག་པོ་ཆགས་ནས་མེ་ལྕེ་ཐུར་དུ་མནན་ཏེ་མི་གསལ་ན་ངན། ལས་སྒྲིབ་ཆེ་བ་དང་གྲིབ་རྩོག་སོགས་ཀྱི་ངོ་ཡིན། སྡོང་བུ་རྩ་སྦོམ་རྩེ་ཕྲ་ཟླུམ་མཛེས་བྱུང་ན་སྔགས་པ་གདན་ལས་མི་འཆུག །སྡོང་བུ་དྲང་ཞིང་ནག་ལ་རྩེ་རྣོ་ན་ཡོན་ཏན་ཆེན་པོ་འབྱུང་། མར་ཁུ་ཟད་པ་དང་སྡོང་བུ་ཡང་བསྟུང་ནས་ནག་ཏིང་ངེ་བར་འབར་ཞིང་མཐའ་སྡོང་རོ་ཆེན་པོ་མ་ལྷག་པར་སྡོང་སྙིང་དཀར་ཏིང་ངེར་སོང་ན་བསམ་པ་མཐར་ཕྱིན། སྡོང་རོ་ཆེན་པོ་ལུས་ན་ཕྱི་དལ་གྱི་ངོ་། །སྡོང་རོ་མེད་ན་གདོན་དང་སྒྲིབ་པ་ཆུང་། སྤྱིར་མར་མེ་འབར་ཚུལ་ལ་མེ་ལྕེ་དལ་བྲེལ་སྙོམས་པ་བཟང་། གྱེན་དུ་འབར་ཞིང་སྒྲ་མེད་གསལ་ལ་མི་གཡོ་བ་བརྟན་པས་བཟང་། འོད་གསལ་ཞིང་རོས་མེ་ལྕེ་འཕེལ་ཏེ་རྩེ་མོ་ཁབ་འདྲ་བའི་རྣོན་པོ་རིང་དུ་སྐྱོང་བ་བློ་གྲོས་དང་ཡོན་ཏན་སྙན་གྲགས་སོགས་འཕེལ། གསལ་ཀྱང་བྲེལ་


MR13_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ལྷབ་ཆེས་པ་བྲེལ་བ་དང་འཚུབ་ངོ་། འབར་མི་ཐུབ་པར་གཉིད་སོང་བ་ལྟ་བུ་ཉམས་གྲིབ་ཀྱི་ངོ་། །འབར་རྟག་ན་བསོད་ནམས་ཆེ། འབར་ཤེད་ཞན་ཅིང་མི་གསལ་བ་བསོད་ནམས་མངའ་ཐང་ཉམས། འོད་མི་གསལ་བར་སུ་ལུ་ལུ་བྱེད་ན་གང་བྱས་མི་འགྲུབ། འོད་ཇི་ཙམ་གསལ་བ་བཟང་ཞིང་དོན་གྲུབ། མི་གསལ་ན་ངན་རྩོག་གྲིབ་དང་ཉམས་གྲིབ་ཀྱི་ངོ་ཡང་ཡིན། འཕར་བའི་འཕྲོ་ལ་འཕྲལ་དུ་ཇེ་ཞན་དུ་སོང་ནས་དམར་ཚུབ་ཚུབ་བྱེད་ན་ནད་པ་ཡོད་ན་འཆི་བས་དུར་བཟློག་དང་དབང་རྒྱུན་གཏོར་བྱ། རྐྱེན་མེད་པར་མར་མེ་རང་ཤི་བྱུང་ན་ནད་པ་འཆི་བ་དང་། ནད་མེད་ཀྱང་འཆི་ལྟས་ཀྱི་ངོ་ཡིན་པས་ཤིན་ཏུ་ངན། མར་མེ་ལ་དྲི་བཟང་བྲོ་ན་བཟང་། གསུར་དྲི་སོགས་ངན། དྲི་མེད་པ་བཏང་སྙོམ་མོ། །སྒྲ་སྙན་པ་ལྡབ་ལྡབ་ཟེར་ཞིང་དལ་བུར་ལེགས་འབར་འོད་གསལ་ན་ཀུན་གྱི་བྱམས། ལྷབ་ལྷབ་ཀྱི་སྒྲ་ཆེན་པོ་བྲེལ་ཅིང་། འཚེག་སྒྲ་བགེགས་ངོ་སྟེ་མཆོད་གནས་པ་ལ་ངན། མེ་སྟག་མང་པོ་འཕྲོ་བ་རྒྱ་འདྲེའི་ངོ་། །ཚག་སྒྲ་དང་བཅས་མེ་སྟག་འཕྲོ་བ་ཁྱིམ་དུ་གདོན་ཞུགས་ངོ་། །དཀྱིལ་ནས་མེ་སྟག་ཐོ་རེ་བ་བྱད་ཕུར། མེ་ལྕེ་དམར་ཚུག་གེ་བ་ལས་མེ་སྟག་དམར་ཚུབ་ཚུབ་བྱེད་པ་ཤིན་ཏུ་ངན། ཚག་སྒྲ་བཅས་པའི་མེ་སྟག་རྒྱང་རིང་དུ་ཡལ་ན་རང་ཉིད་ཐག་རིང་དུ་འགྲོའོ། །ཡང་ན་རྒྱང་རིང་གི་གཏམ་ཐོས་པ་སོགས་ཀྱི་ངོ་། །མར་མེ་ལས་དུད་པ་ཆེ་ན་སྒྲིབ་པ་དང་ནད་པ་ལ་ནད་ཡུན་རིང་། དངོས་གྲུབ་གཡེལ་བས་ཚོགས་འཁོར་དང་གཟུངས་ཁྲུས་བྱ། དུད་པ་ནག་ཤར་རེ་བ་གོད་ངོ་སོགས་ཡིན། མི་ཁ་བཀར་དགོས། དུད་པ་ནག་


MR13_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ནོག་མེད་ན་ནད་པ་སོས། ནད་མེད་ལ་ནད་མི་འབྱུང་། སྡོང་བུའི་སྟེང་དུ་དུ་བའི་མེ་ཏོག་ཆགས་པ་ནི། དབྱིབས་མེ་ཏོག་གི་འདབ་མ་དང་། དེའི་དབུས་ན་ཟེའུ་འབྲུའི་རྣམ་པ་ལྗང་སེར་དང་མདོག་ནག་པོ་འོད་ལ་མི་གནོད་པ་ཆགས་ན་ཤིན་ཏུ་བཟང་། གོ་ས་འཕར། བསམ་པ་འགྲུབ། མེ་ཏོག་དེ་ཡང་མར་མེ་ཟད་པ་དང་མཉམ་དུ་རང་ཡལ་ལ་འགྲོ་བ་བཟང་། ཕལ་ཆེར་རེ་ངོས་ལྟ་བུ་སོགས་ཆགས་ནས་སྡོང་བུ་ཐུར་དུ་གུག་སྟེ་མར་ཁུའི་ནང་དུ་ལྷུང་བའམ། སྣུམ་ཟད་རྗེས་ཀོང་བུའི་ནང་དུ་ལྷག་པའམ་འོད་ལ་གནོད་པ་རྣམས་མེ་ཏོག་ལེགས་པོ་མ་ཡིན་ཀྱང་། རྒྱ་ནག་པས་མེ་ཏོག་ཆགས་པ་རྣམས་བཟང་པོར་རྩི། སྣུམ་བླུགས་པའི་མར་ཁུ་བོ་ན་ལས་སྒྲུབ་པ་འགྱང་ནས་འགྲུབ་དཀའ། མར་ཁུ་ལ་པདྨ་རིས་ཆགས་ན་བཟང་། མྱུར་དུ་སྐམ་ཞིང་ཉུང་སོང་ན་ཟ་ཐང་ཆུང་། འཁྱགས་རྗེས་དང་པོར་བླུགས་དུས་ལྟར་ཁ་མ་བྲི་ན་བཟང་། སྡོང་རྩ་བུག་ན་ངན། མར་ཁུ་མ་ཚིག་ཀྱང་དམར་རྙོགས་ཅན་དང་ཁྲག་ཐིག་འདྲ་བ་དང་། རྙོགས་ནག་ལང་ན་ནད་དང་སྡུག་བསྔལ་གྱི་ངོ་ཡིན། སྣུམ་ཡུན་རིང་རྨེ་ཞིང་མར་མེ་ཡུན་རིང་འབར་ན་བཟང་། དེ་ལྡོག་མྱུར་དུ་སྐམ་ན་ཟ་ཐང་ཆུང་། མར་མེའི་སྟོད་ཕྲལ་གྱི་དང་། སྨད་ཕུག་གི་སའོ། །དམིགས་བསལ་ནས་འཕང་ཡོད་ན། ནས་ཤར་མ་སློབ་དཔོན་དང་ཕ་མཚུན་ཁྱིམ་ཕྱྭ། ལྷོ་བུ་རྒྱུད་དང་སྲོག་ཕྱྭ། ནུབ་དགྲ་གདོན། བྱང་བུ་སྲིད་ནོར་ས་སྟེ་དང་པོ་འབྲུ་འདེབ་དུས་རང་སའི་འབྲུ་གསུམ་པོ་ཐང་ལ་ཤོར་ན་མི་ནོར་གྱི་བླ་གཞན་དུ་འཁྱམས་ངོ་དང་། འབྲུ་ནག་ན་ན་ངོ་། འགུལ་བ་དང་


MR13_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་ན་ཕ་མྱེས་རུས་པ་འཐོར་རོ། །འབྲུ་ཕྱིར་བཏེགས་འདྲ་ན་གཡང་ཉམས། ཆག་པོ་བུག་ཅན་ལྷ་མི་དགའ་བས་བསྐང་བཤགས་བྱ། གཤིན་པོ་ཡིན་ན་རེ་ཆགས་ངོ་། །ནས་འབྲུའི་རྩ་བར་སྦུར་བ་སྣང་ན་ཀླུ་གཉན་གནོད། རྩ་བ་ནག་ན་རྫས་ནག་མོ་འདྲེ་འཁྲི་བས་གདོན། ཐིག་ལེ་ནག་པོ་རིས་བབ་ན་གྱོད་ངོ་དང་བུ་ཆུང་ལ་ངན། ནང་དམེ་དང་རྩོག་ངོ་། ནས་ལ་སྐྱོན་ཅི་ཡང་མ་རེག་ན་ལོ་གཅིག་བར་ཅི་བསམ་འགྲུབ་སྟེ་བཟང་། ཡོས་རེད་ན་བཏང་སྙོམས། སོལ་བ་ལྟར་ན་ཤིན་ཏུ་ངན། རྒྱབ་ཚིག་ན་ན་ངོ་། མདུན་ཚིག་ན་གོད་ཁ། སྟོད་ཚིག་ན་དོན་མི་འགྲུབ། སྨད་ཚིག་ན་ཁ་སྨྲས། ཟུར་ཚིག་ན་རྒྱབ་བསྣོལ། ནུབ་ཕྱོགས་དགྲ་སའི་ནས་ཚིག་ན་བཟང་། ནས་བཏབ་ནས་མི་སྒུལ་བར་མར་མེ་སྦར་ནས་བརྟག །ནང་པར་ལྷ་ལ་གཏང་རག་ཕུལ་ལ་བཀྲ་ཤིས་བརྗོད་པར་བྱའོ། །མར་ཁུ་ཚིག་ན་མདངས་མེད་དམར་ཙུག་གེ་བ་དང་། སྡོང་བུ་རློན་ན་གུག་པ། ཙག་ཐག་མ་ཆོད་པའམ། གསར་དུ་ཆུ་སོང་ན་ཚག་སྒྲ་དང་མེ་འཆི་བ། སྡོང་བུ་སྦོམ་ཆེས་ན་ལྷབ་ལྷབ་པ། ཕྲ་ཆེས་ན་མེ་ལྕེ་ཆུང་བ་སོགས་ལག་སྟབས་ཀྱིས་བྱུང་བ་རྣམས་ཉེས་པ་ཆུང་ཡང་། པྲ་བརྟག་སྐབས་ཡིན་ན་དེ་དག་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་དབང་གིས་བརྟག་པའི་སྒོར་འགྱུར་རོ། །འདི་ནི་གོང་ལྟར་སྔགས་དང་བདེན་བདར་བཅས་དོན་གང་ལའང་ཆེད་བརྟག་བྱེད་པར་མ་ཟད་ཀྱི། རང་བཞིན་ལྷ་རྟེན་མདུན་དུ་ཕུལ་བའི་མར་མེ་སོགས་ལའང་ལེགས་ཉེས་ཀྱི་པྲ་འདི་ལྟར་བརྟག་པ་བྱེད་པ་ཡིན་ནོ། །ཞེས་པའང་སྤྲུལ་པའི་


MR13_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་བྱོན་མར་མེའི་པྲ་བརྟག་གཙོར་བཟུང་། རྒྱུད་དང་མན་ངག་གི་བརྟག་པ་རེ་ཟུང་། པ་རི་ལོ་ཙཱས་བསྒྱུར་བའི་མར་མེའི་བརྟག་པ་ཉུང་ངུ་སོགས་ཀྱིས་བརྒྱན་ཏེ་མི་ཕམ་པས་བཀོད་པ་དགེའོ། ། ༈ ཐོད་བརྟག་ནོར་བུ་ལག་སྟེར་བཞུགས། བླ་མ་མཆོག་དང་ཧེ་རུ་ཀཿ མཁའ་འགྲོའི་ཚོགས་ལ་གུས་བཏུད་ནས། །དངོས་གྲུབ་རྫས་མཆོག་ཀ་པཱ་ལའི། །བཟང་ངན་མཚན་ཉིད་གསལ་བར་བཤད། །ལྷ་ལ་ནོར་བུ་ཀེ་ཀེ་རུ། །ཀླུ་ལ་ཡིད་བཞིན་ནོར་བུ་སྟེ། །མི་ལ་མཚན་ལྡན་ཀ་པཱ་ལ། །ཁྱད་འཕགས་ཐོད་པ་ནོར་བུའི་མཆོག །འོན་ཀྱང་གནོད་སྦྱིན་ལ་སོགས་པས། །དབང་བྱས་མི་ལག་སོན་པར་དཀའ། །རང་སྐལ་བཞིན་དུ་ཕན་འདོགས་པའི། །མཚན་ལྡན་ཐོད་པ་བཅངས་བྱས་ལ། །བསྒྲུབ་ཅིང་དངོས་གྲུབ་རྫས་སུ་བཟུང་། །དེ་ཡིས་ཕན་པ་མངོན་སུམ་འབྱུང་། །དེ་ཡང་རྒྱུད་ལས་མཚན་ལྡན་གྱི་ཐོད་པར་བསྔགས་པའི་རྣམ་གྲངས་དུ་མར་གསུངས་པ་དང་། གཏེར་ཁ་རྣམས་སུ་ཐོད་པ་བརྟག་པ་དང་། སྒྲུབ་པའི་གདམས་པ་སྣ་ཚོགས་བྱུང་བ་དང་། མཁས་ཤིང་གྲུབ་པའི་བླ་མ་རྣམས་ཀྱིས་གསུང་ལས་ཀྱང་རྣམ་གྲངས་རྒྱ་ཆེར་བྱུང་བའི་སྙིང་པོ་མདོར་བསྡུས་ཏེ་བརྗོད་ན། དང་པོ་དབྱིབས་ཀྱི་དབང་དུ་བྱས་ན། ཟླུམ་པོ་ཞི་བ། གྲུ་བཞི་རྒྱས་པ། ཟླ་གམ་དབང་། ཟུར་གསུམ་དྲག་པོ། ཟུར་བརྒྱད་པ་མཆོག་གི་ལས་ཀྱི་ཐོད་པ་སྟེ། རིམ་བཞིན་སངས་རྒྱས་སྤྱན་ལ་སོགས་པའི་ཕྱག་མཚན་ནོ། །མདོག་ནི་དཀར་པོ་དུང་མདོག་དམར་མདངས་ཅན་ཞི་བ་སྟེ་དུམ་བུ་གཅིག་པ་ལ་བྱུང་ན་ལྷག་པར་བཟང་། སེར་ལ་དམར་ཆགས་རྒྱས་པའི་རིགས་ཏེ་དུམ་བུ་གཉིས་པར་བཟང་། དམར་ལ་སྣུམ་པ་དབང་གི་རིགས་སྟེ་དུམ་གསུམ་པ་ལ་བྱུང་


MR13_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཟང་། སྔོ་ལ་དཀར་ཆགས་ལས་ཀྱི་རིགས་ཏེ་དུམ་བཞི་པ་ལ་བྱུང་ན་བཟང་། དཀར་ལ་རིགས་བཞིའི་ཐིག་ལེའམ་མདངས་འཚེར་བ། དུམ་བུ་ལྔ་པར་བྱུང་ན་བཟང་། དུམ་བུ་གཅིག་པ་དང་ལྔ་པ་བྲམ་ཟེ། གཉིས་པ་རྒྱལ་རིགས། གསུམ་པ་རྗེ་རིགས། བཞི་པ་དམངས་རིགས་སུ་བཤད། ཡང་རྡོ་རྗེ་དུམ་གཅིག་ས་ལ་དབང་། །རིན་ཆེན་དུམ་གཉིས་རྒྱལ་པོར་འགྱུར། །པདྨ་དུམ་གསུམ་ནོར་ལ་དབང་། །རལ་གྲི་དུམ་བཞིས་ལས་རྣམས་འགྲུབ། །འཁོར་ལོ་དུམ་ལྔས་མཆོག་ཐོབ་བོ། །ཞེས་བཤད། ཡང་དུམ་གཅིག་ཆོས་ཐོད། གཉིས་པ་ནོར། གསུམ་པ་མི། བཞི་པ་འབྲུ། ལྔ་པ་ཕྱུགས་འཕེལ་བའི་ཐོད་པར་བཤད། དེ་ཡང་དུམ་བུ་གཅིག་པ་ལ། སྲུབ་གཏན་ནས་མེད་པ་བྱ་མོའི་སྒོ་ང་ལྟ་བུ་དེ་ནི་ཐོད་པ་ཇ་རིལ་ཞེས་ཤིན་ཏུ་བཟང་། སྲུབ་མངོན་ཀྱང་དུམ་བུ་རྣམས་གཅིག་ཏུ་འབྲེལ་བ་ལས་སོ་སོར་མ་ཆད་པ་དེ་ཡང་བཟང་། དུམ་བུ་གཉིས་པ་ལ་བཟང་ངན་གཉིས་ཏེ། གླིང་ལ་ཆེ་ཆུང་བྱུང་ནས་མདུན་ངོས་ཆེ་བ་བྱུང་ན་བཟང་། མཉམ་པར་གཞུང་དུ་སྲུབ་བྱུང་ན་གོང་ལས་གཞན་པ་སྟེ་ངན་ནོ། །དུམ་གསུམ་ལ་རིགས་གསུམ་སྟེ། ལྟག་པ་དང་མཚོག་མ་གཡས་གཡོན་དག་ཏུ་སྲུབ་བྱུང་ན་བཟང་། གླིང་དཀྱིལ་དང་མཚོག་མ་ལྟག་པ་དང་གསུམ་དུ་སྲུབ་བྱུང་བ་ཡང་བཟང་། རྣ་ལྷན་གཉིས་དང་དཀྱིལ་དུ་བྱུང་བ་ཡང་བཟང་ངོ་། །གླིང་བཞི་པ་ལ་རིགས་བཞི་སྟེ། །མཐའ་བཞི་བཞི་ཆོད་སྤྲ་ཆོད་བཟང་། །གླིང་ལྔ་པ་ལ་རིགས་ལྔ་སྟེ། །ལྔ་ཚོམ་ལྔ་འདུས་ལྔ་གཤིབ་བཟང་། །སུམ་གཉིས་དང་ནི་ཕྱོགས་ཆོད་ངན། །དུམ་བུ་དུ་ཡིན་ནི། ལྟག་པ་དང་རྣ་ལྷན་གཉིས་པོའི་དུམ་བུ་མི་བརྩི་བར་ལྷག་མའི་རུས་པ་ལ་ཐོད་པའི་སྲུབ་ཀྱིས་བཅད་ནས་རུས་པ་ཕན་ཚུན་འབྲེལ་མེད་དུམ་གྲངས་དུ་རུ་མངོན་པ་བརྩི་དགོས་ཏེ། ཡུངས་


MR13_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཙམ་ཞིག་སོ་སོར་ཆད་ན་ཡང་དུམ་བུ་རེ་བརྩི། འཇག་མ་ཙམ་གྱིས་འབྲེལ་ཀྱང་གཅིག་ཏུ་བརྩི་ཞེས་བཤད། ཁ་ཅིག་གིས་ལེགས་པར་བརྟག་ན་ཅུང་ཟད་རེ་མ་འབྲེལ་བ་མི་སྲིད་པས་མཐེབ་སོར་རེ་ཙམ་འབྲེལ་བ་ལ་དུམ་བུ་གཅིག་ཏུ་བརྩི། དེ་ལྟར་མ་འབྲེལ་ན་སོ་སོར་རྩི་ཞེས་བཤད། ཐོད་སྲུབ་ཕན་ཚུན་བསྣོལ་མཚམས་རི་མོ་ཀྱ་ཀྱུར་སོང་བའི་དཀར་ཙེག་གེ་བ་དེ་ལ་མུ་ཏིག་ཚེམ་ཟེར། མུ་ཏིག་ཚེམ་ཤིན་ཏུ་ཞིབ་པར་བཅད་ན་བཟང་། བར་ཆད་དེ་རུས་པ་དཀར་པོས་འབྲེལ་ན་དུམ་བུ་ཐ་དད་དུ་མི་འགྱུར། མུ་ཏིག་ཚེམ་རྩིང་བ་དང་མཐའ་ནས་སོར་རེའི་བར་ཙམ་དུ་ཡོད་ཅིང་། དཀྱིལ་དུ་མུ་ཏིག་ཚེམ་མེད་པར་སྲུབ་རྐྱང་གིས་བཅད་ན་འབྲིང་། མུ་ཏིག་ཚེམ་མེད་པར་སྲུབ་རྐྱང་བས་བཅད་ན་གོང་ལ་ལྟོས་ནས་ཐ་མ་ཡིན་གྱི་སྐྱོན་ཅན་དུ་མི་བལྟའོ། །རང་སར་མུ་ཏིག་ཚེམ་ཡོད་ལ། དགྲ་སར་སྲུབ་ཀྱིས་བཅད་ན་བཟང་། དེ་ལས་བཟློག་པ་ངན། དུམ་མཚམས་རི་མོ་འཇམ་ཐུང་བཟང་། རྩུབས་པ་དང་སྲིན་འགྲོས་ཟབ་མོ་མི་ལེགས་པས་ཞན། སྲུབ་མཚམས་དམ་ཤིང་རད་རོད་མེད་ལ་དུམ་བུ་དུ་ཡིན་གསལ་པོར་བརྟག་སླ་ན་དགེའོ། །ཐོད་པའི་རྒྱ་སྲུབ་བསྣོལ་ཆེན་ཕོ་ཐོད། ཆུང་ན་མོ་ཐོད་དང་། རྣ་ལྷན་འཐུག་པ་ཕོ། སྲབ་ན་མོ་ཐོད་ཡིན། དབྱར་ཤི་བའི་རྒྱ་སྲུབ་དམ་པ་དང་། དགུན་ཤི་བའི་ཐོད་པ་ལ་རྒྱ་སྲུབ་ཕྱེ་ཞད་འོང་ཞེས་བཤད། མདོག་དང་དབྱིབས་དང་དུམ་བུ་སོགས། །ཐམས་ཅད་མ་འཆོལ་ཞི་སོགས་ཀྱི། །ལས་གཅིག་འགྲུབ་ལ་བསྔགས་པ་ཀུན། །ཚང་བ་རྙེད་ན་ལས་དེ་འགྲུབ། །གཞན་ཡང་ཕན་པ་རྒྱ་ཆེན་འབྱུང་བའི་ཐོད་བཟང་གི་རིགས། འབྱོར་པ་འཕེལ་བྱེད་ནོར་བུའི་ཐོད་པ་ནི། དབྱིབས་ནོར་བུའམ་ནས་འབྲས་ལྟ་བུ་མདུན་དང་ལྟག་ངོས་འབུར་དབྱིབས་དང་། མཚོག་མ་མ་ཞུམ་ཞིང་གང་བ་ལྟར་


MR13_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དུ་རྒྱས་པ་རང་སར་ནོར་བུའི་མཚན་མ་དང་། ཟ་ལམ་སོགས་ནང་གི་གཤོང་བུ་བཟང་བའོ། །རིགས་བརྒྱུད་འཕེལ་བྱེད་ནི་རྡོ་རྗེའི་དབྱིབས་ཅན་མདུན་རྒྱབ་གཡས་གཡོན་གཉིས་རྒྱས་ཤིང་། དེའི་ངོས་གཉིས་སུ་རྡོ་རྗེའི་རྭ་ལྟར་ལྷག་པར་འབུར་བ། ནང་གི་ཤིང་ལོ་ལོ་འབྲས་རྒྱས་པའོ། །འབུར་ཟུམ་མ་དོད་པ་ཟླུམ་ལེབ་དུ་གྱུར་ན་ཞན། འགྲོ་བ་འདུན་བྱེད་པདྨའི་དབྱིབས་ཅན། མདུན་ཕྲ་ལ་རྒྱབ་གདོང་ལེབ་པ། རྒྱབ་རྒྱས་ཤིང་ཟླུམ་ལ་ཡ་ཡོ་མེད་པར་སྙོམས་པ། རང་ས་མ་ཉམས་པ་མདངས་ཡིད་དུ་འོང་བ། ནང་འཇམ་ལ་རི་མོ་བཟང་བའོ། །ཚེ་འཕེལ་བྱེད་ནི་འཐུག་ཅིང་ཟླུམ་པོའི་གྲུ་བཞིའི་དབྱིབས་ཅན། ནང་གཞུང་ན་རུས་པའི་སྒང་ཡོད་པའི་གཞུང་ཐུར་གཡས་དང་གཡོན་གྱི་ཕྱོགས་གཉིས་སུ་མ་ཆད་པར་བྲེང་ངེར་རིང་བ། ཁྱུང་མཆུ་རིང་ལ་ཚེ་ལམ་བཟང་ཞིང་ནང་དུ་བུག་པ་མེད་པ། རི་མོ་བཟང་པོས་མཚན་པའོ། །མཆོག་གྲུབ་བྱེད་ཟུར་བརྒྱད་པའམ། ཟླུམ་ལ་མཛེས་པ། སྤྱི་གཙུག་དྲང་པོ་ཚངས་བུག་ཡངས་པོ་ཡོད་པ། མདོག་ལྔ་ལྡན་ནམ་མཐིང་འོད་ཅན། རང་ས་སོགས་སུ་རིགས་ལྔའི་ཕྱག་མཚན་དང་ལྷ་སྐུ་ས་བོན་སོགས་ཀྱིས་མཚན་མ་ཡོད་པའོ། །གཡུལ་ལས་རྒྱལ་བྱེད་ཀྱི་ཐོད་པ་གླང་ཆེན་མཆེ་བ་འབུར་པོ་གསལ་བར་དོད་ཅིང་རྒྱབ་ཏུ་རིང་པོར་ཟུག་པ། རྒྱབ་དབྱིབས་གླང་པོའི་རྒྱབ་ལྟ་བུ། མདུན་རྒྱབ་གཡས་གཡོན་སྙོམས་པ་རང་ས་འཐུག་ཅིང་མཐོ་བ། དགྲ་ས་དམའ་ལ་སྲབ་པར། རང་སར་རི་མོ་བཟང་འཇམ། དགྲ་སར་ངན་རྩུབ་ཡོད་པ། དབུས་ཀྱི་གོང་གདོང་རིང་ལ་མཐོ་བ། ཚང་ར་མ་ཞོམ་ཞིང་རྒྱས་པའོ། །མཐོན་པོའི་ས་ཐོབ་བྱེད་ཀྱི་ཐོད་པ། སྤྱི་བོ་མཐོ་བ། རྒྱང་ལྟས་ངོས་འཇམ་ལ་ཞིབ་དུ་བལྟས་ན་རི་མོ་མང་ཞིང་ལེགས་པའི་མཚན་མ་ཅན། དེས་རིག་པ་དང་ནོར་འཕེལ་ལ་གཞན་གྱིས་བཀུར་བསྟི་བྱེད། རང་སའི་ཁ་


MR13_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་ལ་དགྲ་སའི་ཁ་ཆེར་དོག་པ། རི་མོ་བཟང་པོ་ཅན་གྱིས་ཆེན་པོའི་གོ་ས་ཐོབ། དེ་སོགས་ནད་མེད་པ་དང་བློ་གྲོས་འཕེལ་བ་དང་འཁོར་མང་བ་སྙན་གྲགས་ཆེ་བ་སོགས་ཅི་ལྟར་རིགས་པར་དཔྱད་པར་བྱའོ། །ཡང་མདོག་འདི་ལ་མུག་ཐོད་སྐྱ་གསེང་དང་དཀར་པོ་བཟང་པོ་མ་ནོར་བ་དང་། དེ་བཞིན་དུ་མཁྲིས་ནད་ཀྱི་མདོག་སེར་པོ་དང་གསེར་མདོག །དུག་སོགས་ཀྱིས་སྔོན་པོ་དང་གཡུ་མདོག །མཛེ་ཐོད་སྨུག་པོ་དང་མཆོང་མདོག་སོགས་མ་ནོར་བར་བྱ་སྟེ། ཟླ་བ་གསེར་དང་པདྨ་སོགས། །ཡིད་འོང་མདངས་ལྡན་སྣུམ་བག་ཅན། །མཐོང་བས་དགའ་བ་སྐྱེད་པ་ཡི། །ཁ་དོག་བཟང་ལྡན་བཀྲ་ཤིས་སོ། །དབྱིབས་ངན་པ་ནི་ཡོན་པོ་དང་གྲོག་སྐེད་ཁྱུང་མཆུ་དང་ཟ་ལུང་མེད་པ་ཡིད་དུ་མི་འོང་བ་དང་། ཆ་མི་མཉམ་པ་ངན། དབྱིབས་ལེགས་ཁོད་སྙོམས་ཡིད་དུ་འོང་བ་དང་། གླང་མཆེ་བར་བཙིར་བའི་ཟེར་དཔྱད་ཡར་བརྩིས་པའི་ཟར་ཚག་འདྲ་ན་བསོད་ནམས་རྐང་ཚུགས། རང་སའི་ཕྱོགས་སུ་ཁ་གྱེད་ན་བསོད་ནམས་རྒྱ་ཆེ། རང་གི་རིགས་རྒྱུད་ལ་བྱང་ཆུབ་སེམས་དཔའ་སྐྱེ། ནང་དུ་རུབ་ན་བསོད་ནམས་སྐྱེ་བུལ་གཞན་དོན་མི་འགྲུབ། ཐམས་ཅད་སོ་སོ་ན་གྱེད་ན་བསོད་ནམས་འབྲིང་། དེས་ན་རང་གི་ཁ་ཁྱེར་རྣམས་ཕྱིར་གྱེད་ཅིང་འཐུག་པ། དགྲ་ས་སྲབ་ཅིང་ནང་དུ་རུབ་པ་བཟང་། དེ་ལས་བཟློག་ན་ངན། ཕྱི་སོའི་རྣ་ལྟག་ཏུ་རུས་ལྷན་བྱུང་ན་མི་གཞན་གྱིས་མགོ་འདོགས་པ་འབྱུང་། དེ་ཡང་རང་སར་རང་འདོགས། དགྲ་སར་དགྲ་འདོགས།མཚམས་སུ་ཡོད་ན་གཉིས་ཀ་ལ་འདོགས། རང་སའི་ཁ་ཁྱེར་ལ་ལྷ་བ་ངན་སྟེ་བུག་པ་མང་ན་འཁོར་གྱི་ནང་ནས་དགྲ་ལྡང་ཞིང་བོར་སྟོར་འོང་། བུ་ཚ་བུད་མེད་འཁོར་འདབ་ཀྱི་སར་བྱུང་ནའང་དེ་དག་ལ་ངན། དགྲ་སར་དགྲ་ལ་འོང་། ཁ་ཁྱེར་སྟེང་དུ་རི་མོ་གཞུ་བརྡུང་བ་འདྲ་ན་


MR13_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ང་འདུ་བའོ། །སྲིན་ཁུང་བྱུང་ན་ནད་མང་། ཕྱི་སོ་རྒྱབ་ཀྱི་རང་སར་རྩ་རྗེས་ཤིང་རྗེས་མདུང་ཤིང་འདྲ་བ་བྱུང་ན་ཚེ་ཐུང་། དགྲ་སར་དགྲ་བོ་ཚེ་ཐུང་། ཕྱི་སོའི་རང་སར་རྩ་རྗེས་དར་སྐུད་ཀྱིས་དྲུབ་པ་འདྲ་ན་ཚེ་རིང་། དགྲ་སར་དགྲ་ཚེ་རིང་། ཕྱི་སོར་རང་ས་དགྲ་ས་ནི་སྲུབ་མཚམས་མུ་ཏིག་ཙམ་གྱིས་བཅད་པས་ཤེས། ནང་དུ་རྣ་བའི་ཐད་སོར་གཞུགས་ཐིག་བཏབ་པ་སོགས་ས་དགུ་བཞིན་ནོ། །མདོག་ངན་པ་ནི་སྔོ་སྐྱ་ཐེ་བའི་མདོག་དང་། སྔོ་ནག་ཕུག་རོན་གྱི་སྐེ་འདྲ་བ། སེར་ནག་འུག་པའི་རྒྱབ་འདྲ་བ་དང་དུད་ཁ་སོགས་དང་། མི་སྡུག་པའི་ར་རི་ཡོད་ཅིང་མདོག་མི་གསལ་བ་མོག་མོག་པོ་རྩུབ་ལ་མདངས་མེད་པ་ངན་པས་སྤང་ངོ་། །དུམ་བུ་ལྔ་ཕན་ཆད་ནས་སྤངས་པར་བྱ་སྟེ། པྲེ་ཏ་དུམ་དྲུག་སློང་བར་འགྱུར། །ཏིར་དུམ་བདུན་གཏི་མུག་འཕེལ། །ན་རག་དུམ་བརྒྱད་དམྱལ་བར་སྐྱེ། །དུམ་དགུ་ཕུང་ཐོད་མ་རུང་པ། །དྲུག་ནས་དགུ་ཡི་བར་གྱི་དུམ་བུ་ཅན་གྱི་ཐོད་པར་དགྲ་བགེགས་མནན་པར་བཟང་། དེ་མིན་འཆང་མི་རུང་། ཡང་དུམ་དྲུག་མི་ཤིས་སྡུག་བསྔལ་འབྱུང་། །དུམ་བདུན་གྲིར་གསོད་ནོར་རྫས་འཚིག །བརྒྱད་པས་ཚེ་ཐུང་ལོངས་སྤྱོད་ཉམས། །ལྷ་མོ་གནས་མཁར་ལ་སོགས་ནས། །དེ་ལས་མང་བ་མ་བཤད་ཀྱང་། །དགུ་པ་ཤིན་ཏུ་མི་རུང་ལ། །དེ་ལས་མང་བའི་དུམ་བུ་དག །བྱུང་ན་ཆོས་ལེགས་ཞེས་སུ་ནི། །ཁུང་ལྡན་གཞུང་འགས་བཤད་ཅེས་གྲགས། །དགོངས་འདུས་ཐོད་བརྟག་ལས་བཅུ་པ་ངན་ལ་བཅུ་གཅིག་ཕན་ཆོད་མཆོག་གི་ཐོད་པ་སྟེ་བཟང་གསུངས། མཚོག་མའི་དཀྱིལ་དུ་གཞུང་སྲུབ་ཀྱིས་བཅད་པ་ནལ་ཐོད་ཅེས་མཚན་ངན་དུ་གཏོགས་ན་ཡང་། མ་མོའི་དམ་རྫས་ཁྱད་པར་ཅན་ཡིན་ནོ།། ༈ །།ད་ནི་ཐོད་པའི་ནང་གི་རི་མོ་བརྟག་པ་ལ། རྣ་ལྷན་གཡས་གཡོན་ཕྱོགས་ནས་རྩ་བ་བྱས་ཏེ། ཡལ་ག་རྒྱས་པའི་རྩེ་མོ་ཚངས་པའི་བུ་གར་


MR13_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཀན་པ་འདྲ་བའི་རི་མོ་ནི་དཔག་བསམ་གྱི་ཤིང་ཞེས་བྱ་སྟེ། འདི་ལ་ཡལ་ག་མང་ཞིང་ཡན་ལག་གྱེས་པ། ལོ་འདབས་དང་མེ་ཏོག་འབྲས་བུས་བརྒྱན་པ། འབྲས་བུའི་དབྱིངས་ཀྱང་དུམ་གཅིག་པ་ཡིན་ན་རྡོ་རྗེའི་དབྱིབས་ནས་དུམ་ལྔ་འཁོར་ལོའི་བར་གྱི་མཚན་མ་གསལ་བ་ཤིན་ཏུ་བཟང་། དེ་ལྟར་མིན་ཀྱང་ཡལ་ག་ལོ་མ་མང་ཞིང་རྒྱས་པ་ལོ་དབྱར་ཤིང་ཞེས་བཟང་། དེ་ལྡོག་ལ་དགུན་ཤིང་དུ་འདོགས་ཏེ་ཞན། ཡལ་ག་འབྲས་བུ་སོགས་ཤིང་གི་རྩེ་མོའི་རིགས་རྣམས་ཕྱི་སར་ཤད་ཀྱིས་མ་ཕྱོགས་པར་རང་སར་འདུད་ཅིང་སྤུངས་པའི་རི་མོ་བྱུང་ན་དཔལ་འབྱོར་འཕེལ་ཞིང་དགེ རི་མོ་རྣམས་འཇམ་མཉེན་དབྱིབས་ལེགས་ཤིང་བར་མ་ཆད་པར་རིང་དུ་དོད་པ་མ་གུག་ཅིང་དྲང་ལ་གསལ་ཞིང་བསྟར་ལེགས་པའི་བཀྲ་ཤིས་ཀྱི་རི་མོ་དག་གི་མཚན་མ་ལྡན་པ་མཆོག་ཏུ་དགེའོ། །ཤིང་རྩེ་བལྟས་ཚངས་བུག་ནས་བྱུང་ཞིང་ཁ་ཐོད་མདུན་རང་ཕྱོགས་བསྟན་པ་ནོར་ཐོད་ཡིན། རྣལ་འབྱོར་པའི་བཏུང་ཕོར་བྱས་ན་བཟའ་བཏུང་འཕེལ། བུ་ག་ལ་བརྟག་ན། ཚངས་བུག་གཏན་ནས་མེད་པ་ནི་ཐོད་ལྐུག་ཞེས་བྱ་སྟེ་བདུད་རིགས་ཀྱི་ཐོད་པ་ཡིན་པས་དཔྱད་གཞན་ལེགས་ཀྱང་བཟང་བརྒྱ་ངན་གཅིག་གིས་འཇོམས་པ་ཞེས་བྱ་སྟེ་འཆང་མི་རུང་། དབང་སྡུད་ཀྱི་སྐབས་སོགས་སུ་མཁོ་བ་ཡོད། ཚངས་པའི་བུ་ག་ཞོ་འཛག་ནུས་པ་ཧ་རེ་བ་ཡོད་ན། སུས་བརྟེན་ཀྱང་མཁའ་སྤྱོད་འགྲུབ། ཚངས་བུག་གཉིས་སོགས་ཡོད་པའང་སྲིད་དེ་བཟང་བཤད་སྣང་། མདུན་དུ་གཉིས་བྱུང་ནས་འོག་གི་དངོས་གྲུབ་ཐོབ། རྒྱབ་ཏུ་གསུམ་བྱུང་ན་དངོས་གྲུབ་ཕྲ་མོ་འབྱུང་ཞེས་དཔེ་འགར་བཤད། ཚངས་བུག་གཅིག་པ་སྤྱི་གཙུག་མ་ཡོ་བར་བྱུང་ན་ལེགས། ཚངས་བུག་མ་གཏོགས་པའི་རོ་ཁུང་དང་སྲིན་རྗེས་སོགས་བུ་ག་ཧྲད་ཧྲེད་གང་བྱུང་ཡང་མི་དགེའོ། །རུས་རྒྱུ་ནི་ཇི་ཙམ་སྲ་ཞིང་


MR13_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲེགས་པ་བཟང་། རུས་པའི་སྲབ་མཐུག་ནི། མཐུག་ཤིང་ལྗིད་ལྡན་མཁྲེགས་པ་བཟང་ལ་སྤྱིར་སྲབ་མཐུག་ཁོད་སྙོམས་ལས། ཁྱད་པར་མདུན་ངོས་རང་ས་ཕྱོགས་མཐུག་ཅིང་། ལྟག་པ་དགྲ་སའི་ཕྱོགས་སྲབ་ན་ཤིན་ཏུ་ལེགས། དེ་ལྡོག་ངན། རྣ་ལྟག་དང་མུར་གོང་གཉིས་པོ་ཅུང་ཟད་སྲབ་པ་ཐོད་པ་ཀུན་ལ་འོང་། བར་གྱི་ལྷ་བ་ཆུང་ཞིང་རུས་པ་ཆེ་ན་བཟང་། དེ་ལྡོག་རུས་རྒྱུ་ཅུང་ཞན། ལྷ་བའི་ཟམ་པ་བརྒྱུད་མར་འཁོར་ན་མཆོག་ཏུ་ལེགས་ཞེས་གསུངས་ཀྱང་། རྣ་ལྟག་སོགས་སུ་ཅུང་ཟད་འཁོར་དཀའ་བར་མཐོང་། ད་ནི་གནས་མལ་དཔྱད་དེ། སྤྱི་ཙམ་དུ་མདུན་དཔྲལ་བ་ངོས་རང་ས། གཡས་མི་ས། གཡོན་ནོར་ས། རྒྱབ་ལྟག་པའི་ཕྱོགས་ཕྱི་ས་དང་ཞིབ་ཏུ་རྣ་བའི་ལྗོན་ཤིང་གཉིས་ཀྱི་རྩ་བར་ཤིང་བུས་འཕྲེད་ཐིག་བཏབ་པ་དཀྱིལ་ཚད་དོ། །དེ་ཡི་ཕྱོགས་གཉིས་ཆ་མཉམ་ཕྱེད་མར་བགོས་པས་ལིང་ཚེ་བཞི་པོ་དེའི་ཐོད་པའི་དཔྲལ་བའམ་མདུན་གྱི་ཕྱོགས་ངོས་ནས་ཕར་བརྩིས་པས་དང་པོ་རང་ས་ཡིན། གཉིས་པ་འཕྲེད་དུ་དུམ་གསུམ་བཅད་པས་རང་གི་གཡས་ཕྱོགས་ནས་ཚུར། བླ་མ་དང་ལྷ་དང་སློབ་མའི་ས་རུ་བརྩི། གསུམ་པ་ཆ་བཞིར་བཅད་པ་གཡས་ནས་གཡོན་དུ་རིམ་བཞིན་ཚེ་འདས་དེ་དང་ཡོན་བདག་དང་གཟུངས་མ་དང་། དུར་སར་དཔྱད། བཞི་པ་ལྟག་པའི་ཕྱོགས་ནི་དགྲ་སའོ། །མཉམ་པའི་སར་བཞག་ཚེ་མདུན་མཐོ་ཞིང་རྒྱབ་དམའ་ན་གཞན་གྱིས་མི་བརྫི། གཞན་ལིང་ཚེ་དགུར་བྱས་ཏེ་དཔྱད་མཁན་འདུག་ཀྱང་ཁུང་ལྡན་ཡིན་མིན་བརྟག་གོ། དེ་ལྟར་གནས་མལ་དགུ་པོ་དེར་བཟང་ངན་གྱི་མཚན་མ་གང་བྱུང་སོ་སོར་བརྟག་གོ། ཐོད་པའི་ཕྱི་འམ་ནང་དུ་རུས་འབུར་ཁྲ་བརྒྱབ་པ་ལྟ་བུ་ཆེ་ཆུང་གང་བྱུང་རུས་ཁྲ་ཞེས་བྱ་སྟེ། རང་སར་བྱུང་


MR13_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཆོག་ཏུ་བཟང་། ཐོད་པའི་ནང་གི་དབུས་ན་མཛུབ་རྗེས་ལྟ་བུའི་གཤོང་བུ་བཞི་བྱུང་ན། འདོད་འཇོ་བ་ཡི་ནུ་རྗེས་ཞེས་བྱ་སྟེ་རབ་ཏུ་དགེ། གླང་པོ་ཆེའི་རྗེས་བཞི་དོད་པ་འཇམ་ཞིང་འབུ་ཚག་མེད་ན་རྐང་བཞི་འདུ་གསུངས། མདུན་ངོས་སུ་གཤོང་བུ་གཉིས་བྱུང་ན་ཡིད་བཞིན་ནོར་བུ་ཡིན་ཏེ་བཟང་། ཐོད་པའི་དབུས་སུ་གཤོང་བུ་ནར་མོ་གཅིག་གམ་གཉིས་མདུན་ཕྱོགས་སུ་དོད་ན་རྣལ་འབྱོར་པའི་ཟ་ལམ་ཡིན་ཏེ་བཟང་། འདི་རྣམས་འཆང་བ་ཙམ་གྱིས་ཟས་ནོར་ལོངས་སྤྱོད་ངེས་པར་འཕེལ། གཤོང་བུ་འདི་རྣམས་འཇམ་ལ་ལེགས་པར་དོད་པ་དགེ། ཐོད་པའི་མདུན་ཕྱོགས་དཔྲལ་བའི་ནང་གི་རུས་པ་འབུར་པོ་དེ་ལ་ཁྱུང་མཆུ་ཟེར་འདི་འབུར་ཆེ་ཞིང་རྣ་རིང་པོར་དོད་ན་རྣལ་འབྱོར་སྲོག་གི་ཀ་བ་ཡིན་ཏེ་ཤིན་ཏུ་བཟང་། དེ་མཛུབ་མོར་བཀལ་བཏུབ་པ་ཙམ་བྱུང་ན་ངན་པ་དགུ་ཐུབ་ཞེས་བྱ་སྟེ། ས་གནས་མལ་དགུ་པོའི་ངན་པ་ཅི་ཡོད་ཚད་སོགས་སྣའམ་ཁྱུང་མཆུ་འདི་བཟང་ན་ཐུབ་པས། སྐྱོན་བརྒྱ་ཡོན་ཏན་གཅིག་གིས་ཆོམ་པ་ཞེས་ཤིན་ཏུ་བཟང་། ཁྱད་པར་ཐོད་པ་དབྱིབས་ཟླུམ་ཡིད་འོང་དུམ་གཅིག་ལ་བྱུང་ན་ལྷག་པར་བཟང་། ཁྱུང་མཆུ་མཐུག་ན་བསོད་ནམས་མཐུག །རྣོ་ན་ཤེས་རབ་རྣོ། རྒྱུན་རིང་ན་བསོད་ནམས་ཡུན་རིང་། ཁྱུང་མཆུའི་སྟེང་དུ་རི་མོ་དཀར་པོ་ཕྲའུ་བར་མ་ཆད་པ་དོད་པའམ། དེའི་འགྲམ་གཉིས་སུ་གཤོང་བུའམ་རི་མོ་དཀར་པོ་ཁབ་མགོ་ཙམ་འབུར་དོད་དམ། མིན་ཀྱང་རང་མདོག་མངོན་པ་བསྟར་ལེགས་པ་བྱུང་ན་ཚེ་ཡི་ལམ་ཡིན་ཏེ་ཤིན་ཏུ་བཟང་། ཁ་ཅིག་ཏུ་ཁྱུང་མཆུ་སྤུ་གྲིའི་སོ་ལྟར་ཧ་ཅང་མི་རྣོ་ཞིང་འཇམ་ན་ལེགས་ཞེས་གསུངས། རང་སར་ཐིག་ལེ་ཟླུམ་པོ་ཉི་མའི་འོད་ཟེར་ལྟ་བུས་བསྐོར་བ་སྐྱིད་ཀྱི་ཉི་མ་ཞེས་བྱ་སྟེ་བཟང་། ཉི་མ་འཁྱིམ་པ་ལྟ་བུའི་རི་


MR13_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྨུག་པོ་སྣུམ་ཁྱིལ་ལེ་བ་བྱུང་ན་ཞག་གི་ཆུ་མིག་ཡིན་ཏེ་རང་སར་བྱུང་ན་ཆེས་དགེ། གཞན་ཡང་དུང་སོགས་བཀྲ་ཤིས་པའི་རྫས་ཀྱི་རིགས་དང་། ནས་འབྲུ་དང་ཁབ་མགོ་ལྟ་བུ་དང་། ཞི་སོགས་ཀྱི་ལས་མཚུངས་རི་མོ་ཟླུམ་པོ་སོགས་གཤང་ངམ་འབུར་དང་རི་མོ་གང་རིགས་དབྱིབས་ལེགས་སུ་བྱུང་བ་བཟང་ཞིང་ཁྱད་པར་རང་སར་དགེ། བྱེ་བྲག་ཏུ་རྡོ་རྗེ་སློབ་དཔོན་གྱི་ས་རུ་རིགས་ལྔའི་ཕྱག་མཚན་གང་བྱུང་ཡང་ལེགས། སློབ་མའི་སར་མཆོད་པ་ལྔའི་གཟུགས་བརྙན་བཟང་། ཚེ་འདས་སར་གང་དུ་སྐྱེས་པའི་རིགས་དྲུག་གི་ས་བོན་འབྱུང་བར་བཤད། ཡོན་བདག་ས་རུ་གླིང་བཞིའི་རི་མོ་བྱུང་ན་བཟང་། གཟུངས་མའི་སར་བཀྲ་ཤིས་རྟགས་བརྒྱད་གང་བྱུང་བཟང་། དུར་སར་ཚེ་ལམ་བྱུང་ན་བཟང་། རི་མོ་དཀར་པོ་ཁབ་མགོ་ཙམ་འབུར་རམ་རང་དོད་ལ་ཚེ་ལམ་ཟེར། དགྲ་སར་ཁུང་སོགས་ངན་པ་བྱུང་ཡང་བཟང་། མདོར་ན་རང་སར་འཇམ་ལ་བཀྲ་ཤིས་དགེ་བའི་མཚན་མ་དང་ལྡན་པ་དང་། དགྲ་ས་རྩུབ་ལ་རད་རོད་མང་ཀྱང་ལེགས་པ་ཡིན་ནོ། །ཐོད་པ་འཇམ་ན་མི་ཁ་བྱམས། ལྗིད་ཆེན་བསོད་ནམས་འཕེལ། དབྱིབས་ལེགས་ན་ནོར་འདུ། གཏིང་ཟབ་ན་ཟས་འདུ། འཐུག་ཅིང་ཁོད་སྙོམས་པ་ལོངས་སྤྱོད་བརྟན། དྭངས་ཤིང་མཁྲེགས་ན་ཆོས་འཕེལ། ནང་གི་རི་མོ་རྒྱས་ན་སྲིད་དང་ཆོས་འཕེལ། ཚངས་བུག་གསེང་དྲང་མི་བརྒྱུད་ཤེས་རབ་གསལ། འབར་འབུར་ཐམས་ཅད་ཕྱི་ན་ཡོད་ཅིང་། ཀང་ཀོང་ཐམས་ཅད་ནང་ན་ཡོད་པ། རྒྱང་བཀྱེད་དེ་བལྟས་ན་རྩུབ་ཅིང་ངར་ཆེ་བ་འདྲ་བ། བཏུད་དེ་བལྟས་ན་འཇམ་ལ་མཁྲེགས་ཤིང་འོད་ཆེ་བ་བཟང་། དེ་ལྡོག་ངན། མར་ལ་ཡུངས་ཀར་བཏབ་འདྲ་ཁྲ་མེ་རེར་འདུག་པ་ཡང་བཟང་རྟགས་ཡིན། འབར་འབུར་གཤང་གཤོང་ལེགས་པ་རྣམས་


MR13_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རང་སར་བཟང་། ཕྱི་སར་ཡོད་ན་ངན། རྩ་ཡི་རྗེས་དར་སྐུད་ཀྱིས་བཙེམ་པ་འདྲ་བ་ཚེ་རིང་། མདུང་ཤིང་འདྲ་བ་ཚེ་ཐུང་། ཚེ་རིང་ཐུང་གི་མཚན་མ་རང་སར་རང་དང་། དགྲ་སར་དགྲ་ལ་དཔྱད། རྩ་རྗེས་གཡུང་དྲུང་དང་། གདུགས་དང་ཁྲི་སོགས་ཀྱི་དབྱིབས་བྱུང་ན་ལེགས། ཞགས་པ་མདུང་སོ་སོགས་ངན། མདོར་ན་ཕྱི་ནང་གང་དུའང་ངན་སྐྱོན་མེད་ལ་དགེ་མཚན་བཀྲ་བ་མཚན་ཉིད་དང་ལྡན་པའི་ཐོད་པ་དེ་ནི། ཡིད་སྡུག་པའི་ཆུང་མ་བཞིན་དུ་མཐོང་བ་ཙམ་གྱིས་ཡིད་དུ་འོང་བ། རིན་པོ་ཆེའི་རྒྱན་བཟང་པོ་ལྟར་ལག་ཏུ་བླང་ན་ལྗིད་དང་ལྡན་པ། སྙན་པའི་གཏམ་ཐོས་པ་ལྟར་བྲང་ལ་བཀབ་ན། ཡིད་དགའ་སངས་ཀྱིས་འོང་བ་ཡིན་ཏེ། དེ་འདྲའི་ཐོད་པ་བཟང་པོ་མཐོང་བ་ཙམ་དང་རེག་པ་ཙམ་གྱིས་ཀྱང་དེའི་ཉིན་པར་འདོད་པའི་དོན་དང་འཕྲད་པར་ནུས་ན། རྒྱུན་དུ་འཆང་བས་ལྟ་ཅི་སྨྲོས་ཏེ། དངོས་གྲུབ་མཆོག་འགུག་པའི་རྫས་ཁྱད་པར་ཅན་ཡིན་ནོ། །མཚན་ལྡན་ཐོད་པ་ཁྱད་པར་ཅན་རྣམས་ནི། རང་གི་བསོད་ནམས་ཀྱི་སྐྱེ་འབྲི་དང་བསྟན་ནས་འབྲི་དང་བསྟུན་ནས་དུས་གཉན་ཐམས་ཅད་ལ་མདོག་དང་རི་མོ་འགྱུར་བར་བཤད་དོ། །ཡང་ཐོད་པའི་ཕྱི་རྒྱབ་ཀྱི་དཔྲལ་བའི་རྭ་གཉིས་པོའི་རུས་པ་འབུར་དུ་དོད་པ་ཆེར་མངོན་ཤིང་། མཆེ་བའི་རྩེ་མོ་རྒྱབ་དགྲ་སར་ཕྱོགས་པ་བྱུང་ན་གླང་ཆེན་མཆེ་བ་ཞེས་བྱ་སྟེ། འདི་འཆང་བས་དགྲ་ལས་རྣམ་པར་རྒྱལ་བར་བྱེད་དོ། །རྣལ་འབྱོར་པའི་ཚེ་འཕྲང་བརྟག་ན། རང་གི་འཆང་བའི་ཐོད་པ་དེའི་སོག་སྣའི་མཚམས་ནས་གཡས་སྐོར་དུ་ལྟག་པའི་དབུས་བར་མཐེབ་སོར་གྱིས་རིམ་པར་གཞལ་བས་སོར་རེ་མི་ལོ་ལྔ་རེར་བརྩིས་ཏེ་ཁྱོན་མི་ལོ་བརྒྱའི་བར་དུ་དཔྱད། གང་དུ་སྲིན་བུག་ཕོག་པ་དེར་ནད་འབྱུང་བ་སོགས་དཔྱད་དོ། །ད་ནི་བཟུང་དུ་མི་རུང་བའི་མཚན་མ་ངན་པ་བཤད་པ་ལ་བཅུ་དྲུག་ཡོད་དེ། བཟུང་


MR13_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་དོར་བྱ་ནི། །དེ་ཡང་འདི་ལྟར་གོ་རིམ་བཞིན། །དུམ་ངན་གསུམ་གྱིས་ངན་སོང་གསུམ། ༡ །མདོག་ངན་གསུམ་གྱིས་ས་ཡང་ཉམས། ༢ །རི་མོ་ངན་པས་རྒྱུད་ངན་འབྱུང་། ༣ །ཉིས་རིས་གྱིས་ནི་རང་ཉིད་གསོད། ༤ །གླང་པོའི་རྒྱབ་ནི་ནད་དུ་འགྱུར། ༥ །བྱ་རོག་རྗེས་ངན་འཐབ་རྩོད་མང་། ༦ །སྡོང་གཅིག་གིས་ནི་རབ་ཆད་འགྱུར། ༧ །སྲུབ་ཁུང་གིས་ནི་ན་ཚ་འོང་། ༨ །དུར་སོས་རྟ་ཕྱུགས་མེད་པར་བྱེད། ༩ །དུར་ཁུང་ཚེ་ཐུང་ནོར་འཕྲོག་འགྱུར། ༡༠ །སྲིན་ཁུང་འཁོར་ངན་མི་ཁ་སྡང་། ༡༡ །རྩ་རོས་ཆོམ་རྐུན་ཕན་ཚུན་འབྱེད། ༡༢ །སྲིན་རྗེས་འདྲེ་ངན་ཟ་སྣ་འཇུག༡༣ །སྲིབ་ཁུང་གཟུངས་མ་དགྲ་རུ་ལྡང་། ༡༤ །རྣལ་འབྱོར་གྲོང་ཆོག་བྱེད་པར་འགྱུར། །ཕུང་ཤུལ་ཁ་ངན་འབབ་པ་ཡིན། ༡༥ །བུ་ག་ངན་པའི་མཚན་ཉིད་ནི། ༡༦ །བུ་ག་མེད་ན་རང་བློ་རྟུལ། །འཁོར་ངན་བུ་ཚ་གླེན་ལྐུག་འབྱུང་། །སློབ་དཔོན་བློ་ལྡན་འགྱུར་མི་སྲིད། །བུ་ག་མང་ན་དངོས་གྲུབ་ཡལ། །བུད་མེད་མ་ནིང་ཚངས་བུག་མེད། །བུ་ག་མང་རྣམས་དོར་བར་བྱ། །དེ་ཡང་འདི་ལྟར་དུམ་བུ་དྲུག་པ་དང་བདུན་པ་དང་བརྒྱད་པ་གསུམ་ནི་དུམ་ངན་གསུམ་མོ། །མདོག་ངན་གསུམ་ནི་སྔོ་སྐྱ་སྔོ་ནག་གསེར་ནག་གསུམ་མོ། །རི་མོ་ངན་པ་ཞེས་པ་ཕྱི་ནས་ཁ་དོག་དང་དབྱིབས་གླིང་རྣམས་ངན་ལ། ནང་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དབྱུག་ཐོ་རལ་གྲི་དགྲ་སཏྭ་སྟེ་སྐྱོན་ཅན་གྱི་རི་མོ་དྲུག་དང་། གཞན་ཡང་རྩེ་གསུམ་དང་ཁྲོ་བོའི་དབྱིབས་འདྲ་བའམ། ཡ་མ་རཱ་ཛའི་ཡི་གེ་དོད་པ་སོགས་དེ་འདྲའི་ཐོད་ངན་སུས་འཆང་བ་དེ་འཆི་བདག་གི་དྲུང་དུ་ཉེ་བར་གནས་སོ། །གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་བཞག་པའམ། འཆི་བདག་ཞལ་དབྱེ་སོགས་ཀྱི་དྲག་རྫས་ལ་མཁོའོ། །གཞན་ཡང་། སྦྲུལ་རིས་བྱ་རྗེས་ཁྱི་རྗེས་འབུ་རྗེས་སོགས་ཚེ་འདས་དང་དགྲ་ས་མིན་པ་གོང་དུ་བྱུང་ཡང་མི་དགེ་བའི་མཚན་མའོ། །སྡོམ་སྡིག་སྦྲུལ་དང་སྦལ་ལྕོང་


MR13_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཝ་དང་ཅེ་སྤྱང་སོགས་སྲོག་ཆགས་མི་ཤིས་པའི་གཟུགས་དང་མ་ཏྲཾ་གྱི་གཟུགས་ཀྱི་རི་མོ་དོད་པའི་ཐོད་པ་དེ་ནི་ལྷ་འདྲེས་བདག་ཏུ་བཟུང་བར་ངེས་ཏེ། དེ་འཆང་བའི་མི་ལ་འདྲེ་གདོན་གྱིས་གནོད་པར་འགྱུར་རོ། །གཞན་ཡང་ལྗོན་ཤིང་གི་རི་མོའི་རྩེ་མོ་གུག་ཅིང་ཆད་པ་ཐུང་བས་ཚངས་བུག་ཏུ་མ་སླེབ་པ། སྡོང་པོ་མདོག་ནག་ཡལ་ག་མེད་ཅིང་། རི་མོ་འཛིང་པ་དང་ཀྱོག་པོ་འཕྲེད་ཉལ་མེ་ཏོག་ལོ་འབྲས་བྲལ་བ་དང་། རྩུབ་ཅིང་མི་སྡུག་པ་དུར་ཁྲོད་ཀྱི་གཟུགས་སྣང་འདྲ་བ་རྣམས་གང་གིས་འཆང་བའི་གང་ཟག་དེ་གླིང་བཞི་ལ་དབང་བ་ཡིན་ཀྱང་ཐ་མ་ལྟོག་གྲིར་འཆི་བས་དེས་མཚོན་རི་མོ་ངན་པ་ཀུན་སྤང་བར་བྱའོ། །ཉིས་རིམ་ཞེས་པ་རང་སའི་དགུ་ཐུབ་ཀྱི་སྟེང་གི་ཁ་ཁྱེར་དེར་ལྷ་བ་སྟོང་པའི་བུ་ག་བྱུང་ན་ཚེ་ལ་གནོད་པ་སོགས་མི་ཤིས་པ་སྣ་ཚོགས་འབྱུང་། ཐོད་པ་དཀྱིལ་མཐུག་མཐའ་སྲབ་ལ་རྒྱབ་ཕྱོགས་སུ་གཉེར་མ་ཐག་ཐུག་བྱུང་ན་གླང་རྒྱབ་ཟེར། གཞན་གྱིས་ཐུབ་ཆོད་བྱེད་ནད་འབྱུང་། རྩ་བ་གཅིག་ལ་ཡལ་ག་གསུམ་མམ། །རྩ་བ་གཉིས་ཁ་དབྲག་ཅན་གྱི་རི་མོ་ལ་བྱ་རོག་གི་རྗེས་ཞེས་བྱའོ། །རང་ལ་མགོ་གསུམ་སྟོང་ཅིག་ཡིན་ཟེར། སླར་བརྟག །བྷ་གའི་དབྱིབས་འདྲ་བའི་ཁུང་བུ་ཐག་ཐུག་ཅན་རྩུབ་མོ་ནི་སྲུབ་ཁུང་ཞེས་བྱ་བ་ཡིན། རི་མོ་སྦྲུལ་འཁྱིལ་བ་ཐག་ཐུག་ཅན་ནི་དུར་ལམ་མམ་དུར་ས་ཞེས་བྱ། ཁ་ཆུང་གཏིང་ཟབ་ཀྱི་བུག་པ་དུར་ཁུང་ཡིན་རོ་དོང་ཡང་ཟེར། རྩ་རྣམས་འཁོར་ཞིང་ཁུང་བུ་ཆུང་དུ་ཁབ་ཤུབ་འདྲ་བ་མང་པོ་ཁ་ཁུང་འབྲེལ་བ་ཅན་སྲིན་ཁུང་ཡིན། གཏིང་ཟབ་ཐག་ཐུག་མང་བའི་ཁུང་བུ་རིང་ཐུང་ནས་ཙམ་བྱུང་ན་རྩ་རོག་ཡིན། རིང་ཐུང་མ་ངེས་ལ་གཏིང་མི་ཟབ་པའི་རྩ་རེས་གྱེན་ཐུར་འཕྲེད་སོགས་གར་ཡང་སོང་ན། སྲིན་ཐབ་སྲིན་རྗེས་སྲིན་བུས་ཟོས་རྗེས་ཡིན། ཞེས་བྱར་


MR13_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། ཐག་ཐུག་མང་ལ་ཁ་དོག་ནག་པོ། དབྱིབས་ཟླ་གམ་འདྲ་བ་སྲིབ་ཁུང་ཡིན། གླང་ཆེན་མཆེ་བའི་རྩེ་གཉིས་ཀྱི་ཐད་ཀ་སོགས་སུ་བུ་ག་ཟུར་གསུམ་བྱུང་ན་ཕུང་ཤུལ་ཡིན། ཚངས་བུག་མེད་དམ་བུ་ག་མང་བ་ནི་བུ་ག་ངན་པ་སྟེ། འདི་རྣམས་ཐོད་ངན་ཡིན་པས། དགྲ་བོ་ཆམ་ལ་ཕབ་པར་ཤིས། །གླིང་དྲུག་མཚན་ཉིད་ངན་པ་ནི། །སྲིན་པོའི་ཟ་ལམ་ཡིན་ཞེས་གྲགས། །དེ་རུ་དགྲ་བཅུག་མྱུར་དུ་འཆི། །གླིང་བདུན་རྒྱལ་པོའི་ཧོམ་ཁུང་ཡིན། །དེར་བཅུག་དགྲ་ལ་སྨྱོ་འབོག་འོང་། །གླིང་བརྒྱད་མཚན་ཉིད་ངན་པ་ནི། །བདུན་ཀྱི་རང་འཐག་ཞེས་བྱ་སྟེ། །དེར་བཅུག་མ་བསྒྲུབ་ཀྱང་དགྲ་འཆི། །དེ་སོགས་ཐོད་ངན་འཆང་མི་རུང་། །གལ་ཏེ་ཅིས་ཀྱང་འཆང་འདོད་ན། །ཐོད་མཁར་འཆང་སྲུང་རུས་སྦལ་གྱི། །ཐོད་པ་བཅང་ན་འཆང་དུ་རུང་། །རུས་མི་གཅིག་པའི་ཐོད་པ་དགུ་ལྷན་ཅིག་ཡོད་ན་གནས་དེ་དུར་ཁྲོད་ཀྱི་ར་བར་འགྱུར་བས་ངན་པ་རེ་རེ་ཡོད་ཀྱང་སྐྱོན་དུ་མི་འགྱུར་ཞེས་དགོངས་འདུས་ཐོད་བརྟག་ལས་གསུངས་སོ། །མཆན། ཐོད་ངན་མཐོང་རེག་མི་དགེ་འབྱུང་། །ཤིན་ཏུ་ངན་པའི་ཐོད་པ་རུ། །དགྲ་བོའི་མིང་བཅུག་ཙམ་གྱིས་གནོད། །ཐོད་དཔྱད་ངན་པའི་འབྲས་བུ་རྣམས། །མནན་ཐོད་བྱས་ན་དགྲ་ལ་འབྱུང་། །གཞན་ཡང་ངན་པའི་མཚན་མ་ནི། །རྒང་ལུང་མཆི་རྗེས་ཁྲག་རིས་ཅན། །སྐྱོང་འབུར་ཅན་ལས་བདེ་མི་སྲིད། །ཁྱད་པར་ངུ་མཆི་མའི་རྗེས་རྗེས་མྱ་ངན་མང་། །ཡོ་བའི་དབྱིབས་ཅན་ཡིད་མི་བདེ། །ཤིང་སྡོང་ལོག་ན་ཟས་ནོར་འཛད། །ལྟག་པའི་ནང་ངོས་ཟུག་སྣ་རྣོ་ནའོ་དགྲ་མཆུ་རྣོ་ན་དགྲ་ངོ་ཆེ། །ཤིན་ཏུ་མཁྲེགས་ཀྱང་སྲབ་ཆེས་ན། །འཚེ་བ་མང་ཞིང་ཚེ་ཐུང་འགྱུར། །མཐུག་ཀྱང་བུ་ག་མང་པོ་ཅན། །ནོར་གོད་ཆེ་ཞིང་གང་སྟོང་འགྱུར། །རུས་ལྷག་མཐེ་བོང་ཙམ་བྱུང་ཞིང་། །བུག་རྡོལ་ཅན་བྱུང་གྲི་རུ་འཆི། །ནང་གི་གཞོང་བུ་མེད་པ་དང་། །


MR13_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་རྩུབ་ཅིང་སྒྲོས་ངན་ལ། །ཟ་ལམ་མེད་དང་སྲུབ་ཀྱིས་ཆོད། །འཚོ་བའི་ཟས་ཀྱིས་ཐོང་བར་འགྱུར། །དེ་སོགས་ངན་རིགས་ཅེས་ཀྱང་སྤང་། །སྤྱིར་ན་དུར་ཁྲོད་ཐོད་པ་ལ། །བཟང་ངན་འདྲེས་མ་འབྱུང་བ་མང་། །བཟང་ངན་འདྲེས་མ་བཅད་དུ་རུང་། །ངན་པ་ཤས་ཆེ་དོར་བར་བྱ། །མཚན་ལྡན་རྙེད་ན་དངོས་གྲུབ་འབྱུང་། །དུམ་གཅིག་པ་བྱུང་ན་དཔྱད་གཞན་ཅུང་ཟད་ངན་ཀྱང་མི་སྐྱོན། ཤིན་ཏུ་མཁྲིགས་པ་དང་ལྗིད་ཆེ་བ་སེམས་ལ་བབ་པ་གསུམ་འཛོམ་ན་འཆང་བས་དངོས་གྲུབ་སྟེར། དེ་ཡང་གསོན་དུས་གཟུགས་མཛེས་སྐད་སྙན་སྤྱོད་ལམ་དལ་སྐྲ་མཚམས་ཕྱེད་ལ་གནག་ཅིང་འཚེར་བ་ཡ་རབས་ཀྱི་བརྒྱུད་པ་རྣམས་ལ་རུས་རྒྱུ་ལེགས་ཤིང་ཐོད་པ་བཟང་པོ་འོང་། ཡང་མགོ་ཆེ་ཞིང་མིག་ཤེལ་མིག །སོ་འཛིང་པ། སྣ་གོང་ཉག་པ། སྐྲ་སེར་བ། སྤུ་འདྲིལ་བ། རྐང་ལག་མ་ཁྱོགས་འགྲོས་བྱེད་པ་ཤིན་ཏུ་དབུལ་བའི་ཐོད་པ་ནོར་བུར་འགྱུར། ཡང་ཕོ་མོ་གང་ཡིན་ཀྱང་མདོག་ལྔ་ཚང་ངམ། ཡང་ན་སྔོའམ་ནག་པ། མིག་ཕུག་ཟབ་ལ་སེར་བ། སོ་སྐྱ་བ། སྐྲ་ཚན་ཆེ་ལ་རྩུབ་པ། སྣ་ཆེ་ཞིང་རྣོ་བ། མཚོག་མ་འཕུར་བ། སྐེ་ཕྲ་བ། སྨིན་མ་ནག་ལ་རིང་བ། སྨིན་མཚམས་འབྲེལ་བ་རྣམས་ལ་ཐོད་པ་ལེགས་པ་འོང་། ཡང་ན་མིག་དཀར་ལ་ཤེལ་བ། མཁུར་ཚོས་མཐོ་བ། སོ་བཟུར་བ། མཆེ་བ་རིང་བ། མཆུ་ཡོར་ལ་ཆེ་བ། བསོད་ནམས་ཟ་ཐང་དཔལ་ཁ་ཆུང་བ། ལྐུག་པ་མིན་པ་སྟེ་དེ་རྣམས་ཚང་བ་ལ་ཐོད་པ་བཟང་པོ་འོང་། ཡང་གསོན་དུས་གྲུབ་ཐོབ་དང་སྤྲུལ་པ་རིགས་བཟང་དགེ་བཤེས་སོགས་དང་གསོན་དུས་མིག་བཀྲ་གཞན་པ། མིག་ནག་པོ། གདོང་ཆེ་བ། མཆེ་བ་རྣོ་ཞིང་། རྣ་བ་ཆེ་བ་ལ་ཐོད་པ་མཁྲེགས་པོ་འོང་། མདུན་སོ་གཉིས་ཀྱི་བར་དུ་སོ་


MR13_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཡོད་པ། ཚེ་གང་དབུལ་བ་ལ་ནོར་ཐོད་འབྱུང་། སྣ་ཉག་ལ་སྣ་རྡོག་ཆེ་བ་ལ་ཁྱུང་མཆུ་བཟང་པོ་འོང་། དཔྲལ་ཟུག་རྒྱས་འབུར་ཅན་ལ་གླང་ཆེན་མཆེ་བ་ཡོད། དབང་པོ་རྣོ་ཞིང་སྐད་བདེ་བའི་རིགས་ལ་ཚངས་བུག་བཟང་པོ་ཡོང་། སྤྱི་བོ་འབུར་བ་ལ་འདོད་འཇོའི་བའི་ནུ་རྗེས་ཡོད། སྐྲ་རྩུབ་པ་ལ་མར་དཀར་མཐེབ་རྗེས་ལྟ་བུའི་གཤོང་བུ་ཡོད། ཕོ་མོ་གང་ཡིན་ཡང་ཡ་རྐན་དབུས་སུ་སོ་སྐྱེས་པ་ལ་ཐོད་པ་མཆོག་འབྱུང་ངོ་། །དེ་ལྟར་ཤེས་ནས་ཐོད་པ་བཟང་པོ་ལེན་པའི་ཉེར་བསྡོག་ལ་འབད་པར་བྱའོ། །ཐོད་པ་ཆེ་ཆུང་གི་ཚད་ནི། མཐོ་གང་ལས་ཆེ་བའི་ཐོད་པ་བྱུང་ན་ཚད་འདས་ཏེ་དཀོན། མཐོ་གང་རབ། མཛུབ་གང་འབྲིང་། མཁྱིད་གང་ཐ་མ་སྟེ། དེ་གསུམ་གང་ཡང་མཚན་ཉིད་དང་ལྡན་ན་དངོས་གྲུབ་འབྱུང་། མཚན་ལྡན་ཐོད་པར་ཆུར་སོར་བཅུ་བཞི། ཞེང་སོར་བདུན་ཡོད། དེ་ལས་གཞུང་དང་འཕྲེད་དུ་སོར་གང་ཕ་མའི་ས་སོགས་ཆ་ཕྱེ་ལུགས་མང་པོར་ཡང་བཤད་ཀྱང་གཙོ་བོ་གཞུང་འདིར་བསྟན་པ་བཞིན་དུ་དཔྱད་དོ། །ཐོད་པ་བཟང་ཡང་བྲེག་མ་ཤེས་པས་ཉམས་ཤིང་ཡ་ཡོར་གྱུར་པ་དང་ཁོང་བུ་དབུག་པ་དང་། ནང་བརྡར་ཏེ་ར་རི་མེད་པར་བྱས་པ་དང་། གས་ཆག་ཚིག་སོགས་སྐྱོན་བྱུང་།བ་སོགས་ཕྲལ་རྐྱེན་ལས་གྱུར་པ་དག་ཀྱང་སྤང་ངོ་། །ཐོད་པ་དང་ཐོག་མར་འཕྲད་དུས་ཀྱི་ལ་ཉེ་ནི་རོ་ལ་བརྟགས་ན། རང་ལ་སྤྱི་བོ་བསྟན་ན་དུམ་གཅིག་སོགས་ཆོས་ཐོད་ཡོད། མདུན་དང་གཡས་གཡོན་བསྟན་པ་རིམ་བཞིན་དུམ་གྲངས་སོགས་བཟང་པོ་འོང་། ལྟག་པ་བསྟན་པ་དུམ་ངན་ཡོད་པའམ་ལེན་མི་རུང་ངོ་། །ཐོད་པ་བཀོལ་ཟིན་ཡིན་ན་རང་དང་དང་པོར་འཕྲད་དུས་ཁ་གྱེན་བསྟན་ཆུས་བཀང་ནས་རང་ལ་མདུན་བསྟན་པ་དེ་བླངས་ན་རང་ལ་ཕན་ལེགས་དཔྱད་མི་ལེགས་ཀྱང་དངོས་གྲུབ་འབྱུང་། ཡང་ན་སའམ་སྲོག་ཆགས་ཀྱིས་གང་བའང་བཟང་། རྙེད་དུས་ལྟས་དགེ་


MR13_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བཅས་ཏེ་རྙེད་ན་ཕན་ཐོག །ཁ་སྦུབ་ནས་ལྟག་པ་བསྟན་པ་བླང་ཀྱང་ཕན་པ་མི་འབྱུང་། གཡས་གཡོན་བསྟན་པ་འབྲིང་དུ་ཤེས། ཐོད་པ་བྲེག་ནས་གསོལ་བཏབ་བདེན་པ་བརྡར་ཏེ་ལན་གསུམ་གཡས་སུ་བསྐོར་བས་མདུན་རང་ལ་བསྟན་ན་ཅིས་ཀྱང་བཟང་། ལྟག་པ་བསྟན་ན་ངན། གཞན་འབྲིང་པོ་ཙམ་མོ། །ཐོད་པ་མཆོག་རྣམས་ལ་ས་སྤར་ཏེ་འགྲོ་བ་དང་། ཏོག་ཏོག་གི་སྒྲ་གྲགས་པ། མཚན་མོ་མེ་འོད་འཕྲོ་བ་སོགས་འབྱུང་། ཐོད་པ་ལེགས་པོ་རྙེད་ན་མིག་འབོར་གྱི་སྟེང་དང་། ལྟག་རུས་འབུར་པོའི་རྩེ། རྣ་ལྟག་སྟེང་དུ་ཐིག་བཏབ་ལ་མ་ཆེ་མ་ཆུང་བར་ཚད་ལྡན་དུ་དྲས་སྣུམ་དབྱུང་སོགས་བྱི་དོར་ལེགས་པར་བྱས། ཕྱི་ནང་དག་པར་བཀྲུས་ལ། སྲང་ལ་གཞལ་བའི་ཚད་ངེས་པར་བྱས་ནས། སླར་དྲི་བཟང་བྱུག །ཟས་སྣ་འབྲུ་སྣ་རིན་ཆེན་ལྔ་དྲི་བཟང་སོགས་ཀྱིས་ནང་བཀང་། ན་བཟའ་གསོལ་ནས་རིན་པོ་ཆེའི་བུམ་པ་མགུལ་ཆིངས་དཀར་པོ་ཅན་བཅུད་ལྡན་ལ་གཟུངས་གང་རུང་བཟླས་པ་དེའི་སྟེང་དུ་བཞག་མཆོད་པས་བསྐོར་ལ་མཚམས་བཅད། བུམ་པའི་གཟུངས་ཐག་བཟུང་ལ། ཐོད་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་ཡི་དམ་གང་རུང་དང་རྩ་གསུམ་ནོར་ལྷ་གསལ། ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི་དཔལ་དང་དྭངས་བཅུད་བསྡུས་ཏེ་ཐོད་པར་ཐིམ་པར་བསམས་ལ། སྔགས་འདི་འབུམ་ཕྲག་དགུ་བཟླ་བར་བྱ། ཨོཾ་ཀ་པཱ་ལ་བོ་དྷི་ཙིཏྟ་ཨོཾ་ཨཱཿཧཱུྃ། ཞེས་བཟླ་ཞིང་ཉིན་རེ་ལན་གསུམ་མམ་དགུ་རེར་ཐོད་པ་ནམ་མཁར་ལན་དགུ་རེ་སྦར་ཏེ། སངས་རྒྱས་ཐོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཐོད་ལ་ཕྱག་འཚལ་ལོ། །གཞལ་ཡས་ཐོད་ལ་ཕྱག་འཚལ་ལོ། །ནོར་བུ་ཐོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་དུས་གསུམ་བྱས་ནས་དངོས་གྲུབ་ཞུ་བར་བསམ། དེ་ལྟར་བསྙེན་གྲངས་རྫོགས་པ་དང་། ཐོད་པ་སྲང་ལ་གཞལ་བས་སྔར་ལས་ལྗི་


MR13_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བར་སོང་འདུག་ན་རིན་པོ་ཆེའི་གཞལ་ཡས་ཁང་ངམ། ནོར་བུ་རིན་པོ་ཆེ་ཞེས་བྱ་སྟེ། དངོས་གྲུབ་འབྱུང་བར་ངེས་པའི་རྫས་ཡིན་པས་གཞན་ལ་མི་བསྟན་པར་མཛོད་ཕུག་སོགས་སུ་སྦ། དུས་ཚེས་བཟང་པོ་ལ་དྲི་བཟང་གིས་བྱུག་ཅིང་ན་བཟའ་གསོལ་ལ། གོང་བཞིན་སྔགས་བཟླས་ཏེ་ནམ་མཁའ་ལ་སྦར་ཞིང་བསྟོད་པ་བྱ། ཡི་དམ་སྔགས་དང་། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿབྷྲཱུྃ་རཏྣ་ཀ་པཱ་ལ་སརྦ་སིདྡྷི་བ་ར་དེ་སྭཱ་ཧཱ། ཞེས་བརྗོད་ཅིང་དངོས་གྲུབ་ཞུས་པས་འདོད་དགུ་ཆར་དུ་འབེབ་པར་འགྱུར་རོ། །གཞན་ཡང་ཐོད་སྒྲུབ་ཟབ་མོ། བླ་མ་དགོངས་འདུས་སོགས་གཏེར་ཁ་དུ་མས་འབྱུང་བ་བཞིན་ཉམས་སུ་བླང་། བསྡུ་ན་ཐོད་པའི་ནང་དུ་རྩ་གསུམ་དམ་ཅན་གང་འདོད་ཀྱི་སྲོག་འཁོར་ནོར་སྒྲུབ་ཀྱི་ཁ་བསྒྱུར་ལྡན་པའི་ཙཀྲ་སོགས་བཅུག་ལ་རིན་ཆེན་འབྲུ་སྣ་སྨན་སྣ་སོགས་གཡང་ཅན་གྱི་རྫས་སྣ་ཚོགས་པས་བཀང་སྟེ་གོང་བཞིན་སྒྲུབ་པར་བྱའོ། །ཐོད་པ་བཟང་པོ་རྙེད་པས་དཔལ་འཕེལ་བའི་གཏམ་རྒྱུད་ཁུངས་དག་གླེང་བ་ཡང་མང་དུ་སྣང་ངོ་། །དངོས་གྲུབ་འབྱུང་བའི་རྫས་མཆོག་ཀ་པཱ་ལ། །བརྟག་པའི་ཚུལ་གྱི་གདམས་ངག་དུ་མ་ལས། །སྙིང་པོའི་མན་ངག་གསལ་ཞིང་དོན་འདུས་པ། །མི་ཕམ་པས་བཀོད་གཞན་ལ་ཕན་གྱུར་ཅིག །ཤིང་འབྲུག་ཟླ་བ་གཅིག་པའི་ཚེས་བཅུ་བཞི་ལའོ། །མངྒ་ལཾ།། ༈ །། ཐོད་བརྟག་ཁུངས་ཆེ་བ་ལྷ་མོ་གནས་མཁར་དང་། བམ་རིལ་ཐོད་མཁར་ཞེས་པ་ཡོད། འདི་སྔོན་ཧཱུྃ་ཀ་ར་སོགས་ཀྱི་ལུགས་དེ་ཡིན་ནམ་སྙམ། ས་སྐྱའི་རྗེ་བཙུན་པས་བམ་རིལ་ཐོད་མཁར་དང་འཇིགས་བྱེད་རྐང་གཅིག་སོགས་ཁུངས་མེད་བློ་བརྟག་ཡིན་གསུངས། ཡང་མཁས་པ་ས་པཎ་དག་བམ་རི་ཐོད་མཁར་སོགས་མུ་སྟེགས་ཀྱི་རྒྱུད་ཡིན་གསུངས་ཀྱང་ངེས་པ་མི་སྣང་། ཐོད་བརྟག་རཏྣའི་དཔེ་ཁྲིད་གསལ་སྒྲོན་ཞེས་པ་ཐོད་བརྟག་མང་པོའི་དོན་བསྡུས་པ་དེ་ལེགས། གཞན་


MR13_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཚོས་མཛད་པ་རྒྱས་བསྡུས་སྣ་ཚོགས་སྣང་། གཏེར་མ་ལས་ཐོད་པ་བརྟག་བསྒྲུབ་དུ་མ་ཡོད། རྗེ་བཙུན་གྲགས་རྒྱལ་༢དཔེ་ཁྲིད་གསལ་སྒྲོན། ༡ སྨན་རྒྱས་ཀུན་གྲགས། ཧཱུྃ་ཆེན་པ་རྣམས་ཀྱིས་མཛད་པ་དང་དགོངས་འདུས་ཐོད་བརྟག་སོགས་བརྟག་པ་མང་པོའི་དོན་གནད་ཐམས་ཅད་གཞུང་འདིར་བསྡུས་པས་འདི་འདྲ་རྙེད་དཀའ་ཤིན་ཏུ་ལེགས་སོ།།


previousབརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་།next