Nitartha Digital Library
Tibetan
གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་།


 
previousརྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་།no next

རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་།


MR13_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །


MR13_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་ཅེས་བྱ་བ། དངོས་ཀུན་སྟོང་ཆེན་ཐིག་ལེར་མཉམ་བརྡལ་བ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ཡངས་པའི་གཙོ། །གང་འདུལ་ཕྲིན་ལས་དཔལ་མོའི་སྐུར་སྣང་བ། །རྡོ་རྗེ་གཡུ་ཡི་སྒྲོན་མས་དགེ་ལེགས་མཛོད། །དེ་ལ་འདིར་སྨན་བཙུན་ཆེན་མོའི་ཐུགས་ཀྱི་སྒོ་ནས་རྣོ་མཐོང་པྲ་དབབ་པའི་ཆོ་ག་ལ་བསྙེན་བསྒྲུབ་ལས་གསུམ་གྱི་དང་པོ། ས་གཙང་བཀྲ་ཤིས་དབེན་གནས་སུ་ལེབ་ཕྱིང་དཀར་པོ་གཙང་མའི་སྟེང་དུ་དབུས་སུ་རིན་པོ་ཆེའི་སྣོད་འབྲུ་དཀར་གྱིས་བཀང་བའི་སྟེང་དུ་མེ་ལོང་དྲི་བྲལ་ལ་ལི་ཁྲི་སིནྡྷུ་ར་ཆང་སྦྱར་བས་རྩ་སྔགས་བཟླ་ཞིང་མཁའ་འགྲོ་ལྔར་མོས་པའི་ཐིག་ལེ་ལྔ་ཚོམ་བཀོད། དེའི་མདུན་དུ་ཤེལ་གྱི་མཆོད་རྟེན་ནམ་རང་བྱུང་གི་ཤེལ་རྡོ་བཞག །རྒྱབ་དུ་མདའ་ལ་དར་ཚོན་སྣ་ལྔ་བཏགས་པ་བཤམས། མདུན་དུ་མར་གྱི་ལྷ་གཡག །གཡས་སུ་དཀར་གསུམ་ལས་སྤྲུལ་པའི་གཏོར་ཟླུམ། གཡོན་དུ་བཀའ་སྲུང་གི་དམར་གཏོར། མཐར་ཉེར་སྤྱོད། ཕྱེ་མར། སྐྱེམས་ཕུད། བསང་མཆོད། འབུལ་གཏོར། ཤིང་སྣ་སྤོས་དཀར་བཅས་ཇི་འབྱོར་བའི་མཆོད་པ་བཤམས། རང་གི་མདུན་དུ་རྡོར་དྲིལ་ཌཱ་རུ་འཐོར་ནས།


MR13_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་འབྲུ། ཆང་ལ་སྦྱར་རྒྱུའི་སིནྡྷུར་སོགས་དགོས་པའི་ཡོ་བྱད་དང་མདའ་ལ་དར་དཀར་བཏགས་པ་བཞག །རང་ཡི་དམ་གང་རུང་ངམ། རྗེ་བཙུན་སྒྲོལ་མའི་ལས་གཞུང་བསྲངས། བཀའ་བགེགས་མཚམས་གཅོད་སོགས་ཐམས་ཅད་གྲུབ་རྗེས་བཟླས་པ་དང་། རྗེས་སུ་མཆོད་བསྟོད་བྱས་ལ། མཆོད་པ་བྱིན་གྱིས་བརླབ་ནས། རང་གི་མདུན་མཁར་སྣང་སྲིད་ཐམས་ཅད་སྲིད་པ་མ་མོའི་དཀྱིལ་འཁོར་ཡངས་པ་ཆེན་པོའི་དབུས་སུ་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཚུལ་དུ། མདུན་གྱི་ནམ་མཁར་འཆི་མེད་དགའ་བའི་ཚལ། །གངས་རི་མཐོ་བརྗིད་རིན་ཆེན་བྲག་རིས་གཏམས། །འཇའ་འོད་ཆུ་འཛིན་སྤྲིན་འཁྲིགས་འབྲུག་སྒྲ་སྒྲོགས། །གདུང་སེལ་ལྷ་ཡི་བདུད་རྩིའི་ཆར་ཟིམ་འབབ། །དཔག་བསམ་ཤིང་དང་བདུད་རྩིའི་ཆུ་ཀླུང་དང་། །ཨུཏྤལ་མནྡ་ར་སོགས་མེ་ཏོག་བཀྲ། །ཡིད་འོང་ལྷ་ཀླུ་དྲི་ཟ་གནོད་སྦྱིན་དང་། །གྲུབ་དང་རིག་འཛིན་དུ་མ་ཀུན་ནས་རྩེ། །མཛེས་པའི་རི་དྭགས་སྙན་པའི་སྒྲ་འབྱིན་


MR13_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བྱ་ཚོགས་འཕུར་ལྡིང་བག་ཕེབ་དལ་བུར་རྒྱུ། །བཟའ་བཏུང་གོས་རྒྱན་ལྷ་ཡི་རོལ་མོ་སོགས། །འདོད་རྒུའི་འབྱོར་བ་བསམ་མི་ཁྱབ་པའི་དབུས། །རིན་ཆེན་བདུན་གྱིས་སྤྲས་པའི་ཁང་བཟང་མཆོག །ནོར་བུའི་བ་གམ་བཀྲ་བའི་ལྟེ་བའི་ཆར། །ལྷ་མིའི་གོས་ཀྱིས་ཀླུབ་པའི་རཏྣའི་ཁྲིར། །བོད་སྐྱོང་བརྟན་མའི་གཙོ་མོ་གཡུ་ཡི་སྒྲོན། །དཀར་གསལ་མདངས་མཚར་ལྷ་ཡི་བུ་མོའི་ཚུལ། །མཛེས་སྡུག་མཚན་དཔེའི་རི་མོ་ཅིར་ཡང་འགྱེད། །ཕྱག་གཡས་ལྔ་ལྡན་མདའ་དར་ཕྱོགས་བཅུར་གཡབ། །མཁའ་འགྲོ་དམ་ཅན་བྲན་འགྱེད་སྲིད་བཅུད་སྡུད། །གཡོན་པ་དངུལ་དཀར་ལྷ་ཡི་མེ་ལོང་འཛིན། །སྲིད་གསུམ་ཀུན་སྣང་འཕྲུལ་གྱི་རིག་པ་སྟོན། །དར་ཟབ་རིན་ཆེན་སྣ་ཚོགས་རྒྱན་ཆས་སྒེག། འོད་ཕྲེང་ཀློང་ན་ཕྱེད་སྐྱིལ་རོལ་བས་བཞུགས། །འཁོར་དུ་ཡེ་ཤེས་ཌཱ་ཀི་སྡེ་ལྔ་དང་། །བརྟན་སྐྱོང་མ་མོ་སྨན་བཙུན་འབུམ་གྱིས་བསྐོར། །གནས་གསུམ་འབྲུ་གསུམ་མཚན་དང་བདག་ཉིད་ལྷའི། །ཐུགས་ཀའི་ས་བོན་འོད་ཀྱིས་དག་པའི་ཞིང་། །རྔ་ཡབ་གླིང་དང་ཨོ་རྒྱན་སྤྲུལ་པའི་གནས། །ཡོངས་འདུའི་དྲུང་དང་ཚངས་པའི་འཇིག་རྟེན་སོགས། །ངོ་མཚར་གནས་ཡུལ་མ་ངེས་ཞིང་ཁམས་ནས། །སྐད་ཅིག་མདུན་གྱི་ནམ་མཁར་བྱོན་པར་གྱུར། །ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། པཉྩ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿསྤོས་དཀར་དང་ཤིང་སྣའི་བསང་དུད་བྱ། ཌཱ་དྲིལ་དང་རྔ་རོལ་རྦ་གླིང་གི་འགྱུར་བ་དང་བཅས་སྙན་པའི་དབྱངས་ཀྱིས་འབོད་ཅིང་མདའ་དར་གཡབས་ཏེ། ཀྱེཿ གླིང་མཆོག་ལྷོ་ཡི་སོགས་ནས། བཞེས་སུ་གསོལ༔ ཅེས་པས་སྤྱན་དྲངས་ནས་བཞུགས་སུ་གསོལ་ཞིང་མཆོད་བསྟོད་མངའ་གསོལ་རྣམས་གང་འོས་རྒྱས་པར་བྱ། བསྡུ་ན།


MR13_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེཿ ཀུན་ཁྱབ་ཆོས་སྐུ་སྤྲོས་དང་བྲལ་བའི་ཀློང་། །ཀུན་སྣང་མ་འགགས་རིགས་ལྔ་དབྱིངས་ཀྱི་ཡུམ། །རྣམ་སྤྲུལ་ཌཱ་ཀིའི་གཙོ་བོ་ཝཱ་ར་ཧི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོའི་སྐུར་བཞེངས་པ། །རིག་འཛིན་དཔའ་བོ་རྣམས་ཀྱི་གྲོགས་གཅིག་མ། །དགོངས་ཤིག་རྡོ་རྗེ་གསང་བའི་དམ་ལ་འདུས། །འཆི་མེད་རིག་འཛིན་པདྨ་རྒྱལ་པོ་ཡིས། །དཀྱིལ་འཁོར་ཆེན་པོར་གསང་བའི་དབང་བསྐུར་ནས། །སྤྱི་བོར་རྡོ་རྗེ་གཞག་ནས་རྡོ་རྗེའི་ཆུ། །ལྗགས་ཀྱི་དབང་པོར་བསྟིམས་ཤིང་མ་འོང་དུས། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ་བ་དང་། །འཆི་མེད་ཚེ་གཡང་འདོད་རྒུའི་དཔལ་དང་ནི། །ས་ལམ་ཉམས་རྟོགས་སྤེལ་བའི་ཐབས་མཁས་དང་། །གསང་སྔགས་བསྟན་པ་སྐྱོང་བའི་རྡོ་རྗེའི་དམ། །མ་ཅིག་ཁྱོད་ཀྱི་སྙིང་ལ་བྲིས་པ་དགོངས། །དེང་འདིར་སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གིས། །བསྟེན་མཆོད་བསྐང་བའི་དམ་རྫས་ཚོགས་བྱས་ཤིང་། །ཏིང་འཛིན་སྙིང་པོ་སྔགས་ཀྱིས་གནད་ནས་དྲངས། །གསང་བའི་མཚན་ནས་འབོད་ཅིང་སྤྱན་དྲང་ན། །བརྟན་གཡོའི་དྭངས་བཅུད་བསྡུས་པའི་ཡིད་འོང་སྐུ། །སྣ་ཚོགས་རྫུ་འཕྲུལ་འདོད་རྒུའི་རོལ་པ་ཡིས། །གནམ་ས་བར་སྣང་ཁྱབ་པའི་གར་བྱེད་ཅིང་། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་ནས་སུ། །གསང་བའི་དམ་རྫས་འདི་ལ་རྟེན་མཛོད་ལ། །བདག་ཅག་རྣམས་ཀྱི་སྙིང་ལ་ཞུགས་ནས་ནི། །སྣང་གསལ་བསླུ་མེད་པྲ་ཡི་དངོས་གྲུབ་སྩོལ། །ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་དུ་འཁྲིག །ནང་མཆོད་སྨན་གཏོར་རཀྟ་དྭངས་རེ་སྤྲོ། །གསང་མཆོད་བདེ་སྟོང་


MR13_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་འབྱམས་སུ་ཀླས། །མ་ཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཀུན་གསལ་གསང་བའི་རྫས་མཆོག་ཨཱ་དརྴ། །དྲི་མེད་ཤེལ་གྱི་མཆོད་སྡོང་འོད་དུ་འབར། །རྣམ་བཀྲ་ལྔ་ལྡན་དར་གྱི་འཇའ་རིས་འཁྱིལ། །མ་ཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །སྐྱེ་མཆེད་དྲུག་ལྡན་གཙང་མའི་པྲ་རྟེན་མཛེས། །བཟླས་བརྗོད་སྙིང་པོ་སྔགས་ཀྱི་སྒྲ་གདངས་སྒྲོགས། །རོ་མཉམ་བདེ་སྟོང་རྡོ་རྗེའི་ཏིང་འཛིན་བརྟན། །མ་ཅིག་ལྷ་མོ་འཁོར༴ །ཕྱི་དང་ནང་དང་གསང་བའི་མཆོད་པའི་སྤྲིན། །ལྷ་དང་སྔགས་དང་རྣལ་འབྱོར་སྒྲུབ་པ་པོ། །དུ་མ་རོ་མཉམ་ཡེ་ཤེས་ཆེན་པོའི་ངང་། །མ་ཅིག་ལྷ་མོ་འཁོར༴ །དོན་དམ་འདུ་འབྲལ་མེད་པའི་དམ་ཚིག་དང་། །ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་ཡིས། །མ་ཅིག་ལྷ་མོ་ཁྱོད་ཉིད་རྟག་བསྟེན་ན། །རྡོ་རྗེའི་དམ་དགོངས་བདག་གི་ཕྲིན་ལས་མཛོད། །འཆི་མེད་ཚེ་གཡང་འདོད་རྒུའི་དཔལ་འབར་ཞིང་། །འཁོར་འདས་ལམ་གྱི་དྭངས་བཅུད་དབང་དུ་བསྡུས། །ས་ལམ་ཉམས་རྟོགས་ཡར་ངོའི་ཟླ་བཞིན་སྤེལ། །མཆོག་ཐུན་དངོས་གྲུབ་རེ་བ་ལྷུན་གྲུབ་མཛོད། །དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་སྨན་བཙུན་མའི་ཐུགས་རྒྱུད་བསྐུལ་ཞིང་དགྱེས་པ་བསྐྱེད། ཅི་འདོད་པའི་ཕྲིན་ལས་རྣམ་པ་བཞི་དང་ཁྱད་པར་སྣང་སྲིད་ཀྱི་ལེགས་ཉེས་ཐམས་ཅད་གསལ་པོར་སྟོན་པའི་སྣང་གསལ་བསླུ་མེད་པྲ་ཡི་དངོས་གྲུབ་སྩོལ་བར་བསམ་ལ། ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་ཧྲིང་ཧྲིང་སརྦ་སིདྡྷི་ཙཀྵུ་པྲ་བེ་ཤ་ཡ་ཕཊ་སྭཱ་ཧཱཿ ཞེས་རྩ་སྔགས་འབྲུ་བཅུ་དགུ་པའི་སྭཱ་ཧཱའི་གོང་དུ་མདེའུ་སྔགས་འབྲུ་བདུན་པ་བཏགས་ཏེ་འབུམ་ཕྲག་གཅིག་བཟླ། འདིའི་དུས་ཀྱང་མཐོང་ཐོས་


MR13_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་རྟགས་ཇི་རིགས་འབྱུང་ངོ་། །སྐབས་སུ་མཆོད་བསྟོད་བསྐང་བ་ལ་འབད། ཐུན་མཐར་ལྷ་རྟེན་ལ་བསྟིམ། ཡི་དམ་གྱི་ལས་གཞུང་བསྡུའོ། །གཉིས་པ་བསྒྲུབ་པ་ནི། རང་ཉིད་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྨན་བཙུན་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ། ཡེ་ཤེས་ཀྱི་རྣོ་མཐོང་མཁྱེན་པའི་འོད་ཟེར་བྱུང་བརྟེན་དང་བདག་གི་སྙིང་གར་ཐིམ་པས་སྣང་སྲིད་ས་ལེར་གསལ་བའི་མཐུ་དང་ལྡན་པར་བསམ་ལ། རྩ་སྔགས་ལ་གོང་གི་མདེའུ་སྔགས ཀྱི་ཚབས་སུ། ཀ་ར་ཀ་ར་དྭངས་ར་དྭངས་ར་ཐེ་སེ་ཐེ་སེ། སྒྲུབ་སྔགས་འབྲུ་བཅུ་གཉིས་པ་བཏགས་པ་ཁྲི་ཕྲག་གཅིག་བཟླས་ལ་མེ་ལོང་ལ་བཏབས། སྐབས་སུ་བཟང་ཤིང་སྤོས་མེར་བསྲེག །ཀྱེཿ འབོད་དོ་རྡོ་རྗེ་གཡུ་སྒྲོན་མ༔ བསྐུལ་ལོ་རྣོ་མཐོང་པྲ་ཡི་བདག༔ མིང་བོས་འབོད་པའི་དུས་བྱུང་ན༔ སྲིང་གཅིག་འོང་བར་མ་ཆད་དམ༔རྟེན་ལ་འབེབས་པར་མ་ཆད་དམ༔ རྣོ་མཐོང་སྟོན་པར་མ་ཆད་དམ༔ དྲི་མེད་དཀར་གསལ་མཛེས་འཛུམ་སྐུ༔ མངོན་སུམ་ཉིད་དུ་འདིར་གཤེགས་ཤིག༔ ཕྱག་གཡས་མདའ་དར་གཡབ་པ་ཡིས༔ སྣང་གསལ་པྲ་ཡི་དངོས་གྲུབ་བསྡུས༔ གཡོན་པ་དངུལ་དཀར་མེ་ལོང་གིས༔ སྲིད་པ་གསུམ་གྱི་ལེགས་ཉེས་སྟོན༔ སྒེག་མཛེས་ཆགས་པའི་ཉམས་འགྱུར་གྱིས༔ པྲ་རྟེན་འདི་ཡི་སྙིང་ལ་ཞུགས༔ རང་གིས་སྒྲུབ་ན་རྣལ་འབྱོར་བདག་གི་ཞེས་བསྒྱུར། གསལ་གསལ་སྟོན་ལ་ཐོལ་ཐོལ་སྨྲོས༔ལྷང་ལྷང་མངོན་ཤེས་ཚུལ་བཞིན་སྒྲུབས༔ རྒྱུད་གསུམ་བླ་མའི་སྤྱན་སྔ་རུ༔ དམ་བཅའ་དགོངས་ལ་ཕྲིན་ལས་མཛོད༔ ཞེས་བསྐུལ་ཞིང་རྦ་གླིང་གི་འགྱུར་བ་སོགས་ཀྱིས་དབབ། དེ་ལྟར་བསྒྲུབས་པས་རྟགས་དངོས་ཉམས་རྨི་ལམ་ལ་ཇི་རིགས་འབྱུང་བར་འགྱུར། དེ་ནས་མེ་


MR13_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་གི་ངོས་ཀྱི་སིནྡྷུ་ར་རང་གི་སྨིན་མཚམས་བྱུགས་ལ་དངོས་གྲུབ་བླང་ངོ་། །སྐབས་སུ་གཏོར་མཆོད་བསང་ཁྲུས་ལ་བརྩོན་པར་བྱའོ། །ཤིན་ཏུ་གསང་ཞིང་གྲིབ་རིགས་ལ་འཛེམ་པ་གལ་ཆེའོ། །སྤྱིར་གསང་སྔགས་བསྒྲུབ་པ་ལ་དངོས་གྲུབ་ཀྱི་མདེ་ཁ་མཁའ་འགྲོ་ཡིན་ལ། འདི་ནི་གནས་གསུམ་གྱི་མཁའ་འགྲོ་མའི་སྙིང་པོ་རྡོ་རྗེ་ཕག་མོ་ཉིད་འཇིག་རྟེན་གྱི་ཚུལ་བཟུང་བས་ཕྲལ་འགྲུབ་ཐག་ཉེ། ཕུག་བྱིན་རླབས་ཆེ། འདི་ལ་བརྟེན་ནས་དངོས་གྲུབ་གཉིས་ཀྱི་སྣ་མྱུར་དུ་དྲངས་པའི་གནད་ཁྱད་པར་ཅན་ཡོད། བཀྲ་ཤིས་ཤིང་ཚེ་གཡང་སྙན་པ་འཕེལ་བའི་ལྷ་མོ་འདི་བདེ་ཆེན་ཡེ་ཤེས་མཚོ་རྒྱལ་དང་ངོ་བོ་གཅིག་པར་གསུངས་པས་གུ་རུའི་རྒྱུད་འཛིན་དང་ཟབ་གཏེར་ལ་སྤྱོད་པ་རྣམས་ཀྱི་རང་བཞིན་གྱི་ལྷ་ཁྱད་པར་ཅན་ཡིན་ཅིང་། བོད་ཡུལ་གྱི་ལྷན་ཅིག་སྐྱེས་མ་དངོས་འདི་ཡིན་པས་བོད་དུ་སྔགས་ཀྱི་དངོས་གྲུབ་ཆེ་ཕྲ་ཅི་ཐོབ་པ་འདི་ཡི་བྱིན་རླབས་ཡིན་པས་ཡིད་ཆེས་པར་བྱའོ། ༈ གསུམ་པ་ལས་སྦྱོར་ལ་གནས་གཙང་མར་གཞི་གཙང་སྟེང་ཆོད་པ་བཤམས། མེ་ལོང་བཞག་ལ་ལས་གཞུང་རྒྱས་བསྡུས་གང་འཚམ་བསྲང་། འོག་གི་སྔགས་རྣམས་སོ་སོར་ཅི་རིགས་བཟླས་ཟིན་ནས། པྲ་རྟེན་ཁྱེའུའམ་བུ་མོ་གཙང་མ་གྲོང་ཆོས་ཀྱི་མ་གོས་པ་ལོ་བཅུ་གཉིས་སམ་བཅོ་ལྔ་ཡན་ཆོད་རིགས་རྒྱུད་བཟང་བ། སྐྱེ་མཆེད་གཙང་བ། ཕ་མ་ཚང་བ། མིང་བཀྲ་ལེགས་པ་སོགས་བཀྲ་ཤིས་པ་ཞིག་ཁྲུས་བྱས་གོས་གཙང་གྱོན། ལུས་དྲི་བཟང་ཆི་ལེ་བ་བྱས། ཁོ་རང་གི་ཡིད་ལ་འཐད་པའི་རྡོ་ཞིག་ལེན་བཅུག་སྟེ་དར་དམར་གྱིས་དྲིལ་ལ་པྲ་མཁན་གྱི་པུས་མོའི་འོག་ཏུ་བཅུག །ལི་ཁྲི་འམ་སིནྡྷུ་རའི་ཞུར་འཐེན། མཁུར་ཚོས་སུ་ཐིག་ལེ་བྱ། སྟན་དཀར་པོ་གཙང་མ་ལ་ནས་ཀྱི་གཡུང་དྲུང་རིས་བཀྲམ་པ་ལ་འདུག་བཅུག །ཆང་ཕུད་གཙང་མ་རྒྱུ་ལེགས་ལ་སྔགས་ཀྱིས་བསྒྲུབས་པའི་སིནྡྷུ་ར་བཏབ་ལ་སྤྱིན། ཁྱད་པར་སྔགས་ཀྱིས་བསྒྲུབས་པའི་འབྲུ་ཚོམ་སྤྱི་བོར་བཞག་དར་དཀར་པོའི་ཐོད་གཡོག །མེ་ལོང་གསལ་པོར་ཕྱིས་ལ། དེའི་མདུན་དུ་མར་མེ་གཙང་མ་གསལ་བོར་སྦར། དེར་ཕྱོགས་པའི་མར་གྱི་བསང་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ་བཀོད། བདག་ལྷའི་རྣལ་འབྱོར་གྱིས་བསང་ཁྲུས་


MR13_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་བགེགས་བསྐྲད་མཚམས་གཅོད་མཆོད་རྫས་རླབས་པ་དང་། རྟེན་བསྐྱེད་ནས་སྤྱན་འདྲེན་པར་བྱ། རྟེན་དང་བྱིས་པ་སོགས་སྨན་བཙུན་མའི་རོལ་བར་གསལ་ལ་གཙང་མའི་གནས་ནས་ཡེ་ཤེས་པ་ཆར་ལྟར་དབབ་ལ་བསྟིམ། བསྔགས་པའི་ཆང་སིནྡྷུ་ར་བཏབ་པ་བླུད། རྩ་སྔགས་འབྲུ་བདུན་བཏགས་པ་དང་། ཀམ་ཁོ་ལེ་འབྲུ་དྲུག་བཏགས་པ་བཟླས་པའི་སྔགས་ནས་བྱིས་པ་ལ་གཏོར། བྷི་ལུག་བཟླས་ལ་མེ་ལོང་ལ་གཏོར། རྩ་སྔགས་དང་ཀ་ར་སྦྲེལ་བ་མིག་ལ་གདབ། ལས་སྦྱོར་བཅོ་ལྔ་པ་བཟླས་ལ་ལྟག་པར་བཏབ། བཅིང་སྔགས་བཟླས་པའི་མེ་ཏོག་གཏོར་བས་འོད་ཟེར་གྱི་དྲྭ་བས་སྦྲེལ་ཏེ་བཞན་དུ་གཡེལ་བའི་དབང་མེད་པར་བསམ། སྔགས་རྣམས་པྲ་རྟེན་སོགས་ཀྱིས་མ་ཚོར་བར་བཟླའོ། །པྲ་རྟེན་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ། མེ་ལོང་རྒྱ་མཚོར་དམིགས་ལ་མ་ཡེངས་བར་བལྟ། གལ་ཏེ་རྣལ་འབྱོར་བ་ནུས་ལྡན་ཏིང་འཛིན་བརྟན་ཅིང་བཟླས་གྲངས་ཚད་དུ་སོན་ན་རང་ལ་ཕབ་ཀྱང་རུང་ལ། རིགས་བཟང་དང་ཁམས་ཀྱི་ཁྱད་པར་ལས་པྲ་རྟེན་ལོ་རྒན་ཡང་མཐོང་བར་འདུག་གོ། དེ་ལྟར་བྱས་པས་པྲ་རྟེན་ཤེས་པ་འགྱུར། ཉམས་སྤྲོ་མཆོད་རྫས་རྣམས་བཀྲག་ཆེར་གྱུར་ནས་ཕེབ་ན་གཏོར་མ་སོགས་མཆོད་པ་ཕུལ་ལ། ཁྱེད་ལ་དེ་རིང་སོགས་འདོན་ཆ་ལྟར་རམ་གང་འདོད་སྟོན་པའི་ཕྲིན་ལས་བཅོལ་ལ། ཅི་དང་ཇི་འདོད་པ་གསལ་ངེས་པར་དུ་དྲི། ཁ་མང་བློ་མང་དང་ཙབ་ཙུབ་མི་བྱ་ཕྱོགས་རེ་རེ་ནས་དྲི་རེ་རེ་ལེགས་པར་ཚར་བ་དང་གཞན་དྲི་བར་བྱའོ། །དེ་ལ་སྔགས་བྱང་ནི། ཆང་དང་སིནྡྷུ་ར་ལ་འདེབས་པའི་སྔགས། ཨོཾ་འཕང་གྭ་པ་ཡེ་སྭཱ་ཧཱ། ཚེགས་བར་བདུན་པའོ། །ཨྃ་ཀཾ་ཁོ་ལེ་ཀཾ་ཁོ་ལེ། ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ། ཁེ་ས་དྷ་རེ་ཁེ་ས་དྷ་རེ་ཤ་ས་ཧཾ་ཨཿ ཆུ་བུར་མིག་གི་སྒོ་སོལཿ རྩ་སྔགས་ཉེར་བདུན་པ་དང་མདེའུ་འབྲུ་དྲུག་བཏགས་ལ་བཟླས། ཨོཾ་བྷི་ལུག་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱ་ཧཱཿ བསྙེན་སྔགས་བཅུ་གཉིས་པ་མེ་ལོང་ལ་བཏབ། ཨོཾ་བྷི་ལི་བྷི་ལི། ཀྵི་ལི་ཀྵི་ལི།


MR13_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལོ་ཀྵ་ཡེ་སྭཱ་ཧཱ༔ ལས་སྦྱོར་བཅོ་ལྔ་བ་ལྟག་ཁུང་ལ་གདབ། གོང་གི་རྩ་སྔགས་དང་སྒྲུབ་སྔགས་ཀ་ར་སོགས་བཅུ་གཉིས་པ་སྦྲེལ་བ་མིག་ལ་བཏབ། ཨོཾ་བྲུཾ་བྲུཾ་བཅིང་བཅིང་ན་ག་ཕོབ། སྤྱན་རས་གཟིགས་ཀྱིས་མོ་སྟོན། སིན་འདུ་ར་ཕང་སྭཱ་ཧཱ། པྲ་མོ་ཆུ་བུར་མིག་གི་སྒོ་སོལ། རྣོ་བའི་ཕྱོག་སྟོན་ཅིག །ཕྲ་ཕེབ་ནས་བཅིང་སྔགས་སོ་གསུམ་པའོ། །སྔགས་བྱང་འདི་རྣམས་ལ་མང་ཉུང་ཅི་རིགས་འདུག་ཀྱང་འདི་དཔེ་དག་པ་དང་བརྒྱུད་པ་འདིའི་ལུགས་ལྟར་ཡིན་ཐེམས་སུ་མནན་ཕྱིན་ཆད་སྔགས་བྱང་ཡང་འདི་ལྟར་ཡི་གེ་དབུ་ཅན་ཁོ་ནར་དཔེ་བཅད་དགོས་སོ། །ཀཾ་ཁོ་ལེ་མན་གྱི་སྔགས་བྱང་འདི་རྣམས་ཚན་པ་རེ་རེས་ཀྱང་པྲ་ཕེབས་ནུས་ཏེ་འདིར་ཐམས་ཅད་ཇི་འགྲུབ་རེ་བཟླ་བ། རྒྱལ་སྲས་གཏེར་ཁའི་ལུགས་ཡིན་ལ། གཙོ་བོར་རྩ་སྔགས་དང་ཀ་ར་བཏགས་པ་བཟླའོ། །དེས་ལེགས་པར་ཕེབ་པར་འགྱུར་རོ། །གལ་ཏེ་གྲིབ་དང་མི་གཙང་བ་སོགས་ཀྱིས་མ་ཕེབས་ན་རང་དབང་ཕྱུག་ཆེན་པོ་མཐིང་ནག་དབུ་སྐྲ་ཁམ་ནག་འཁྱིལ་བ་གཡས་ཞགས་དམར་གཡོན་ལྕགས་ཀྱུ་རལ་གྲི་འཛིན་པས་ལྷ་འདྲེ་ཆོམ་རྐུན་སོགས་གང་ཡིན་པྲ་མོའི་མེ་ལོང་འདིར་བཀུག་པར་བསམ་ལ། ཨོཾ་པྲ་མ་ཚག་ཚག་ཡེར་ཡེར་འདུས་འདུས་སྭཱ་ཧཱཿ སྔགས་འབྲུ་བཅུ་གཅིག་པ་བཟླས་ཕྱོགས་བཞིར་མདའ་དར་གཡབ་པས་གསལ་ལོ། །མཐོང་དཀའ་བ་ལ་དམིགས་པ་ནི་ཐང་ཆེ་བ་ཞིག་གི་དཀྱིལ་དུ་མཆོད་རྟེན་དཀར་པོ་ཆོས་འཁོར་བཅུ་གསུམ་ལྡན་པར་བསམ། དེ་ལ་ཨ་ཙ་ར་འབོག་ཁྲེས་དཀར་པོ་ཁུར་བ་བཅུ་གསུམ་དང་། གཞོན་ནུ་མ་བཅུ་གསུམ་འཚབ་སྟེ་བསྐོར་བ་བྱེད་པར་མོས། རང་ཡང་ཨ་ཙ་རའི་ཆ་བྱད་ཀྱིས་དེའི་ཁྲོད་དུ་བསྒོམས་ཏེ་ཇེ་མཐོ་ཇེ་མཐོར་བསྐོར་བ་བྱས་པས་ཆོས་འཁོར་བཅུ་གསུམ་དུ་སླེབ་པ་དང་། ལྷུང་ལ་ཁད་བྱུང་བར་བསམ་ཞིང་སྔགས་བཟླས་ཁྱེའུའི་ལྟག་པར་བཏབ་དེས་མཐོང་ངོ་། །གལ་ཏེ་མ་མཐོང་ན་ཐང་དེའི་དཀྱིལ་དུ་ཙན་དན་གྱི་ཤིང་ཡལ་ག་གསུམ་དུ་གྱེས་པའི་དབུས་མར་རང་ཉིད་ལྷ་མོའི་ཆ་བྱད་ཀྱིས་བསྡད་གཡས་གཡོན་གྱི་ཡལ་ག་


MR13_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཡང་ལྷ་མོ་རེ་རེ་བསྒོམས་ཞིང་གསུམ་གས་རྦ་གླིང་འབུད་པར་བསྒོམས་ནས་སྔགས་བཟླའོ། །དེས་ཀྱང་མ་ཕེབ་ན་ཐང་ཆེན་དབུས་སུ་མཚོ་ཤིན་ཏུ་དྭངས་པ་ཞིག་བསམ་མཚོ་དེའི་དཀྱིལ་དུ་གཞུའི་མཆོག་མའི་སྟེང་དུ་རང་ཉིད་བསྡད་གཞུ་རྒྱུད་ལ་འཆང་། མཆོག་གཞོན་རླུང་གིས་བསྐྱོད་པས་རང་ཉིད་མཚོར་ལྷུང་ལ་ཁད་དུ་བསམ་ཞིང་སྔགས་བཟླའོ། །ཡང་པྲ་ཕེབ་པ་འགོར་ན་ཕྱེ་ཕུད་གཏོར་སྤོས་དཀར་གྱི་དུད་པ་གཏོང་ཞིང་། ཀྱེ། ཕྱོགས་ཕྱོགས་སོགས་སམ་བསྐུལ་བ་གང་ཤེས་འདོན། ཅེས་ཀྱང་མ་ཕེབ་ན་ཁྲོ་བོའི་ལྟ་སྟངས་ལྡན་པས་ནས་ལྕགས་ཀྱིས་བྲབས་ཏེ། ཀྱེ། བྱང་ཤར་བུ་མོ་སོགས་དང་། ཡི་དམ་ཁྲོ་བོའི་སྔགས་ཤམ་བུ་རྩ་སྔགས་དང་སྒྲུབ་སྔགས་སྦྲེལ་མ་བཟླས་པས་ཕེབ་པར་ངེས་སོ། །པྲ་ཕེབས་མྱུར་བ་དང་གསལ་ན་ལོག་ནོན་འདི་རྣམས་མི་དགོས་སོ། ༈ །མཐོང་བའི་ལེགས་ཉེས་ལ་དཔྱད་པ་ནི། ཁྱིམ་ཕྱ་ལ་མཆོད་རྟེན་པད་སྤུངས་དཀར། མཚོ་རྫིང་བུ་ཆུ་མིག་དང་། ར་བ་མ་ཞིག་པ་སྒོ་གསར་དུ་མ་དོད་པ་དཀར་ཞིང་གསལ་ན་ལེགས། ཁྱིམ་ལྡིབ་ཀ་བ་འཆུས་འཁྱོགས་ཁ་དོག་ནག་མུན་པར་མཐོང་ན་ངན། སྲོག་ཕྱྭ་ལ་ལྗོན་ཤིང་རྒྱས་པ། སྐྱེས་པ་ཆས་བཟང་། དབང་པོ་ཚང་བ་ལོ་བདག་གསལ་ལ་ནག་པོས་མ་གོས་པ་བཟང་། དེ་ལྡོག་མགོ་སོགས་མི་ཚང་བ་ཤིང་ཆག་པ་སོགས་ངན། སྟག་ཤར་ལ་མདའ་སྒྲོ་མ་ཉམས་པ ། དྲི་བཟང་། གོ་མཚོན། དཔལ་བཤོས་མདའ་དར་དཀར་པོ། མདུང་དང་མདུང་དར་བཟུང་བ་སོགས་བཟང་། བུད་མེད་ལ། འཕང་རིན་ཆེན་རྒྱན་སོགས་བཟང་། དགེ་བཤེས་ལ། རྡོར་དྲིལ། མཆོད་རྟེན་དཀར་པོ་ལྔ། པོ་ཏི། དུང་། ཆོས་གོས་སོགས་བཟང་། སྔགས་པ་ལ་ཕུར་བྷན་ཞྭ་ནག་བགྲང་འཕྲེང་སོགས་དང་། བོན་པོ་ལ་རྔ་གཤང་རྨ་བྱ་ནེ་ཙོ་སིལ་སྙན་སོགས་བཟང་། ཀུན་ལ་བླ་རེ་ཕན་བཀྲ་ཤིས་རྫས་བརྒྱད་རིན་པོ་ཆེའི་རིགས། ཡི་གེ་སྐུ་གཟུགས་མཆོད་ཆའི་རིགས། རྒྱལ་སྲིད་བདུན་སོགས་དངོས་པོ་དང་མིང་གི་པྲ་ལེགས་པ་ཡིད་དུ་འོང་བའི་རིགས་བཟང་ཞིང་


MR13_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དགེ་བཤེས་རིགས་ལ་བཟང་འགྲོ་དོན་འབྱུང་། བྲག་རི་ལྷུན་ཆགས་ལྗོན་ཤིང་འབྲས་ལྡན། ཆུ་བོ་རྒྱུན་བཟང་། གངས་རི་གསལ་འཚེར། ལོ་འབྲས་རྒྱས་པ་སྤུང་བ། ཐང་རྒྱ་ཆེར་སོང་བ་སོགས་ཕྱིས་བཟང་། མདོར་ན་སོ་སོའི་ཡོ་བྱད་སོགས་བརྡའ་རྟགས་དེ་མགོ་མཇུག་མ་ལོག་པ། ཕུག་རལ་འཁྱོགས་པ་སོགས་ཀྱི་སྐྱོན་མེད་པ་གསལ་བ་ནག་པོས་མ་གོས་པ་བཟང་། དེ་ལས་ལྡོག་ན་ངན། རྒྱ་ཇེ་ཆེར་ཇེ་གསལ་ལ་སོང་ན་བཟང་། དེ་ལས་ལྡོག་ན་ངན། གཟུགས་གང་ཡང་དབྱིབས་ཉམས་པ། ལྷུང་བ་ཆུས་ཁྱེར་བ། བྱི་བ་སོགས་སེམས་ཅན་ཁར་འཛིན་པའི་རིགས། རི་དང་མཆོད་རྟེན་ནག་པོ་ལ་ཐིམ་པ་མགོ་མཇུག་ལྡོག་སོགས་བྱུང་ན་ངན་པས་རིམ་གྲོ་བཅོས་ཐབས་དྲིའོ། །མི་ཁའི་རྫས། ཤིང་སྐམ་ལ་བྱ་ཚང་བཅས་པ་ཐང་ལ་བྲ་བོ་སྒོག་བཙོང་སྦལ་སྦྲུལ་དང་སྲོག་ཆགས་དམན་པའི་རྫས་ངན། དར་ཡུག་སྔོ་ནར་བྱུང་ན་མི་ཁ་དང་ཁ་མཆུའི་ངོ་། གྲི་མདུང་སྔོ་ཟིང་བྱུང་ན་ཁ་མཆུའི་ངོ་། ཟངས་གོག་པོ་བྱུང་ན་གོད་ཁ་དང་དགྲ་ངོ་། སྨན་གཞོང་སྨན་བཅས་ལྷ་རྗེ་བོས་ཤིག་ནད་འོང་གི་ཞེས་པའི་བརྡའ། བྱའི་རིགས་ལོ་བདག་མིན་པའི་ཁང་ཐོག་བྱུང་ན་བྱད་ཡིན་པས་འབུམ་འུར་ཁྲོ་རོལ་གཏོར་བཟློག་བྱ། ལྷག་པར་མི་རུང་བའི་ལྟས་ཐང་ཆེན་ལ་བྲ་བོ་སྐྱེས་ཤིང་དཀྱིལ་དུ་ཤིང་སྡོང་མི་རོ་རེང་འདྲའི་ཁར་དུར་བྱ་བབ་པ་དང་། ཤེལ་ཐམས་ཅད་སྡིག་ནག་གིས་གང་བ་དང་། ལྷག་པར་སྡིག་ནག་ཤིན་ཏུ་ཆེ་བས་མི་རོ་ཟ་བ་བྱུང་ན་པྲ་མཁན་རང་ལ་མི་རུང་བས་པྲ་ཆས་ཡོན་བདག་ལ་གཏད་དེ་པྲ་མཁན་རང་གི་ནང་དུ་འོང་ནས་རིམ་གྲོ་ཆེར་བྱའོ། །ནད་པ་ཉ་བྱུང་ན་འཆིའོ། སྡིག་སྦྲུལ་སྦལ་ལྕོང་ཀླུ་རྟགས་ཡིན་པས་ཀླུ་བཅོས་བྱ། མཆོད་རྟེན་ནག་པོ་ལ་ཐིམ་པ། བྱ་གཅན་གྱིས་ཟོས་པ། བཅིང་བ། རྒྱབ་པ།བཤིག་པ་བསད་པ་ངན། མི་མགོ་བོ་དང་སྐྲ་མེད་ན་འཚོ་དཀའ། སྲིན་ལག་མ་ཚང་ན་འཚོ་ཐུབ་ཙམ་འོང་། འབྲང་རྒྱས་མཆོད་རྟེན་མདའ་དར་སོགས་བཟང་། ༈ སྲིད་ཆ་ལ། མདའ་དང་ཆུ་མཚོ་ལུག་དཀར་བུའི་ངོ་། འཕང་ལུག་ནག་ཕག་བུ་མོ་ཡིན། ཆུ་མིག་དང་མཚོ་བྱུང་ན་ཆུང་མ་དང་སྲིད་ཀྱི་ངོ་། །སྦང་མ་


MR13_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦང་མའི་ཐང་དཀྱིལ་ལ་འདུག་ན་མཐར་རབ་ཆད། ༈ གདོན་ཕྱྭ་ལ། བུ་ཆུང་རི་བོང་བྱི་བ་སྤྲ་རྣམས་འགོང་པོ། རྟ་གཡག་མི་ཁྱི་ལུག་སྦྲུལ་བྱ་རྣམས་ནག་པོར་བྱུང་ན་བདུད། ཆུ་མིག་ཞིང་ནེའུ་གསིང་སྦལ་སྦྲུལ་མཚོ་ས་བདག་ཀླུ་གཉན། བྱ་གཅན་གཟན། བྲག་རི་སྐྱ་བོ་མི་རེང་རིང་དམར་པོ་སོགས་བཙན། ཁྲག་མཚོ་དུག་མཚོ་ཐོད་ཕོར། བུད་མེད་མི་སྡུག་པ་སྣ་ཚོགས་མ་མོ། མགོན་པོ་ལ་བ་དན། ཤུག་པ་ཡུ ལ་ལྷ། རྩིག་ཁུང་ཉི་ཤར་བཙན། མདའ་འཕང་གྲི་ཕོ་མོ། བནྡྷེ་མི་སྡུག་པའི་གཟུགས་སྣ་ཚོགས། ལྷ་ཁང་མཆོད་ཆ་དཀོར་བདག་སོགས་སོ། །གཞན་ཡང་བྱིས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་མཐོང་། ལྷ་ཡིན་ན་གཟི་བརྗིད་ཆེ། རྒྱན་ཚང་བ་མཐོང་། འདྲེ་ཡིན་ན་རང་འདོད་པའི་མདོས་གཏོར་སོགས་ལ་སྟོན་མོ་བྱས་པ་འོང་། དེ་རྣམས་ཀྱིས་གཏམས་ལབ་པ་བྱིས་པས་ཚོར། གལ་ཏེ་མ་ཚོར་ན་གསལ་པོར་སྟོན་བྱས་ནས་ནས་གཏོར་བས་ཐོས་པར་འགྱུར་རོ། ༈ །ཆོས་ཆ་ལ་ལྷ་རྟེན་མཁར་ཁང་སོ་མ་བྲག་དཀར་པོ། རོལ་མོ་སྒྲ་སྙན་ཅན་སོགས་བཟང་། ༈ དགྲ་ཆ་ལ་མི་རིང་གོ་མཚོན་ཐོགས་པ། གཡག་དང་ཁྱིས་དེད་པ། ཟངས་གོག་བཅོམ་པ། མདའ་ཆག་གཞུ་ཆག་གོ་མཚོན་དམག་ཆས་དགྲ་ངོ་། ༈ ལམ་ཕྱ་ལ་ཆུར་བྱིང་འདམ་ཟུག །ཐང་ཆེན་དང་རི་དང་མཆོད་རྟེན་ཆེན་པོ་ལ་གནས་བཅས་སྙལ་སྙེལ་བྱས་པ་རི་དང་མཆོད་རྟེན་ནག་པོའི་གྲིབ་ཀྱིས་གནོན་པ། འཐིབ་གྱིས་བསྒྲིབ་པ་མི་གསལ་བ་ཡུན་རིང་པོར་མ་ཤར་བ་ཕྱི་དལ་ཡིན། ལམ་ཞུགས་ངོ་མདོག་དཀར་འགྲོ་འོང་བྱེད་པ་ལམ་ངོ་མྱུར་དུ་འོང་། གྲོགས་ཕྱྭ་དང་དོན་ཕྱྭ་ལ་སྣོད་སྟོང་གའུ་ཐང་སོགས་ངན། འབྲུའི་ཕུང་པོ་ལོངས་སྤྱད་པ། རྩི་ཐོག་རྒྱས། སྣོད་བཟང་རིན་པོ་ཆེས་གང་བ། རིན་ཆེན་སྣ་ལྔ། ཤིང་འབྲས་ལྡན། ཤིང་འདབ་རྒྱས། ལོ་འབྲས་རྒྱས་སོགས་ལེགས། གྲངས་དུས་སོགས་ཚད་ལ་མཛུབ་མོ་དང་ཕྲེང་བ་སོགས་ཀྱི་བརྡའ་སྟོན། དེ་རྣམས་ནི་མཚོན་བྱེད་ཙམ་སྟེ་རྒྱས་པར་ཤེས་བྱའི་རྣམ་པ་བཞིན་དུ་བརྡའ་ཡང་ཚད་མེད་པས་རང་གི་རིག་པས་ལེགས་པར་


MR13_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ཤེས་པར་བྱའོ། །མེ་ལོང་གི་ཁ་ཚུར་བསྟན་པའི་གཡོན་དང་བལྟ་མཁན་གྱི་གཡས་རང་ས་ཡིན། ཅིག་ཤོས་ཕྱི་སའོ། །འཆར་མྱུར་བ་གསལ་བ་ཇེ་ཆེར་སོང་བ་ལེགས། དེ་ལས་ལྡོག་པ་ངན། དཀར་པོའི་རིགས་བཟང་། ཁྲ་བོ་འབྲིང་། ནག་པོ་ངན། ཞིབ་པར་ཞལ་ལས་དང་མྱོང་བས་དཔྱོད་པ་བསྡེབས་ཏེ་ཤེས་པར་བྱ་ཡི་བརྗོད་ལས་འདས་སོ། །ལ་ལར་གསལ་ཞིང་ཤན་ཕྱེད་པ་འོང་། །ལ་ལར་དེ་ལས་ལྡོག་སྟེ་བརྡར་དཀའ་བ་འོང་། བར་སྐབས་སུ་ཐམས་ཅད་ཉུང་དུ་སོང་བ་དང་ཐིབ་ཀྱིས་ནོན་ནས་མི་གསལ་ན་གཞན་གྱི་གྲིབ་ལ་བརྟེན་པས་པྲའི་ལྷ་མོ་བྲོས་པ་ཡིན་པས་བསང་ཁྲུས་བྱ། བཟང་འདྲ་ལ་ངན་པ། ངན་འདྲ་ལ་བཟང་པོ་སོགས་ངེས་དཀའ་བའང་འོང་། གདོན་དང་རྐུན་མ་རྫས་སྟོར་བ་སོགས་ཀྱིས་མཚོན་དངོས་སུ་ཇི་བཞིན་ཤར་བའམ། མིང་ཐོག་ཡི་གེའམ། ཡོ་བྱད་དམ་བླ་རྟགས་ལོ་རྟ་སོགས་ཅི་རིགས་འཆར་ཕ ལ་ཆེར་དཔྱད་དཀའ། ལར་པྲ་རབ་ཞིག་ཕབ་ན་དུས་གསུམ་གྱི་བརྟག་བྱ་ཡིད་ལ་ས་ལེར་འཆར། འབྲིང་ལྷ་མོས་དངོས་སུ་སྨྲ་བ་འབྱུང་བའམ། ལུང་བསྟན་གྱི་ཡིག་གཟུགས་གསལ་པོར་འཆར། ཐ་མ་བརྡའ་ཡི་རྣམ་པ་འཆར། དེ་ལའང་གསལ་མི་གསལ་ཤན་ཕྱེད་མི་ཕྱེད་ཅི་རིགས་ཡོད་པས་གསལ་པོར་སྟོན་ཅེས་ནན་ཏན་དམོད་པར་བྱའོ། །པྲ་རྟེན་ལ་མེ་ལོང་ནང་དུ་བལྟས་ཚེ་རེས་གཟུགས་མཐོང་བ་དང་། རེས་ཐོས་མཐོང་གཉིས་ཀ །རེས་ཐོས་མཐོང་ཤེས་པ་གསུམ་ཀའི་མངོན་ཤེས་ཡང་འོང་ངོ་། །དོན་གང་ཡིན་པ་དེ་ལ་ལྟོས་ཤིག་བྱས་ལ་བལྟར་བཅུག །གལ་ཏེ་ཤིན་ཏུ་གསང་རྒྱུའི་རིགས་ལ་ཡིད་ཀྱིས་གསོལ་བ་བཏབ་ནས་དྲིས་ཏེ་ད་ཇི་འདུག་ལྟོས་ཤིག་ཅེས་བྱའོ། །དེ་ལྟར་བྱས་པས་དོན་གྲུབ་པ་དང་མཆོད་ཅིང་བསྟོད་ལ་ཡིག་བརྒྱ་བཟླ་ཞིང་ཡེ་ཤེས་པ་གཤེགས།དམ་ཚིག་པ་རྟེན་ལ་ཐིམ་པར་བསམ། པྲ་རྟེན་གྱི་མགོར་སེ་གོལ་བརྡབ་གཏང་རག་དང་བཀྲ་ཤིས་བྱ། པྲ་རྟེན་དང་པྲ་མཁན་ལ་བཀྲ་ཤིས་པའི་ཟས་ཀྱི་སྟོན་མོ་དང་ཡིད་དུ་འོང་བའི་དངོས་འབུལ་གྱིས་མགུ་བར་བྱ། འདིར་སྨྲས་པ། ཟག་བཅས་བསམ་གཏན་ལྡན་པའང་དཀའ་བས་ན། །ཟག་མེད་མངོན་པར་ཤེས་པ་ལྟ་ཅི་


MR13_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲོས། །དེས་ན་བླང་དོར་དཔྱོད་པའི་བློ་གྲོས་ནི། །འོལ་ཚོད་མུན་པའི་ལམ་དུ་འཕྱན་གྱུར་པས། །ཕལ་ཆེར་མི་ཤེས་བཞིན་དུ་གྱི་ནར་གནས། །ལ་ལས་སྤྱི་བརྟོལ་ལོག་པའི་ལུང་སྟོན་པ། །དེ་དག་རྣམས་ལ་རིན་ཆེན་སྒྲོན་འདྲ་བར། །ཤིན་ཏུ་ཕན་པ་འདི་ལས་གཞན་གང་ཞིག །བདག་གིས་མི་ཤེས་ལྐོག་ཏུ་གྱུར་པའི་ཆོས། །ལྷ་དང་སྔགས་ཀྱི་མཐུ་ལ་བརྟེན་ནས་ནི། །ཕན་པའི་སེམས་ཀྱིས་གཞན་ལ་ལུང་སྟོན་པ། །འདི་ཡང་རྒྱལ་བའི་སྲས་ཀྱི་ཚུལ་མིན་ནམ། །ཀུན་མཁྱེན་རྡོ་རྗེ་འཆང་དབང་སྟོན་པ་དེས། །རབ་འབྱམས་རྒྱུད་སྡེར་སྔགས་ཀྱི་ཕྲིན་ལས་སུ། །རྣོ་གསལ་པྲ་ཡི་གདམས་པ་གང་གསུངས་པའི། །ཚུལ་འདི་རྗེས་འཇུག་རྣམས་ཀྱི་མིག་བཟང་ཡིན། །དེ་ཕྱིར་འདི་ལ་འབད་པའི་དགེ་ཚོགས་ནི། །སྟོན་ཀའི་ཟླ་བ་ལྟ་བུར་རབ་དཀར་བས། །འགྲོ་བ་ཀུན་ལ་བླང་དོར་གསལ་བ་ཡི། །སྣང་བ་བླ་ན་མེད་པ་སྦྱིན་པར་ཤོག །དེ་ཡང་བསྒྲུབ་འབྲས་ལ་བསླུ་བ་མེད་པར་རྣོ་ཞིང་མྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པར་མངོན་སུམ་ཚད་མས་མཐོང་བ་ནི་ཟབ་མོ་གཏེར་གྱི་ཕྱོགས་ཡིན་ལ། གཏེར་ཁ་དེ་ལའང་མཆོག་དང་ཐུན་མོང་བསྒྲུབས་པའི་ཐབས་ཚུལ་ནམ་མཁའི་ཁམས་ལྟར་མཐའ་ཡས་པ་ཞིག་བཞུགས་པ་ལས་སྐབས་འདིར་སྣང་གསལ་པྲ་ཡི་སྒྲུབ་པ་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་གཡུ་ཡི་སྒྲོན་མ་ལ་བརྟེན་པ་འདི་ནི། ཤོ་རྒྱལ་སྲས་ལེགས་པའི་གཏེར་ཁ་དང་། མཆོག་གྱུར་གླིང་པའི་གཏེར་བྱོན་སོགས་གཏེར་ཁ་གོང་འོག་གི་བཅུད་དྲིལ་ལ་ཡིག་ཆ་གྱིས་ཤིག་ཅེས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་གསུང་གིས་རྗེས་སུ་གནང་བ་དང་བཀའ་ལུང་ཞལ་ཁྲིད་བཅས་བསྩལ་པ་ལ་བརྟེན་ནས། རྒྱལ་སྲས་གྱི་གཏེར་གཞུང་རྩ་བ། དེའི་གསལ་བྱེད་དགེ་སྦྱོང་བློ་གསལ་རྒྱ་མཚོ་དང་། ཞྭ་དམར་པས་མཛད་པ་སོགས་དང་། ཕྱིས་གྱི་གཏེར་ཁ་དུ་མའི་གནད་དྲིལ་ཏེ་བརྩམ་ཐོ་ཙམ་གྲུབ་པ་ལ། སླར་ཡང་སྒྲུབ་པ་ལག་ལེན་དང་འབྲེལ་བར་མྱོང་ཁྲིད་དང་ཞལ་ཤེས་ཟབ་གནད་ཀྱིས་བརྒྱན་ཏེ་རབ་ཚེས་མེ་གླང་ཁྲུམ་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་མི་ཕམ་རྒྱ་མཚོ་ཞེས་བྱ་བས་བཀྲ་


MR13_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ལྷ་རྩེར་རང་གནས་གྲགས་པའི་ཁང་བུར་གྲུབ་པར་བགྱིས་པ་འདིས་ཀྱང་དད་དམ་ལྡན་པའི་རྣལ་འབྱོར་པ་རྣམས་ལ་དགེ་ལེགས་གྱི་སྣང་བ་མི་ཟད་པའི་དཔལ་ཀུན་ནས་སྩོལ་བར་གྱུར་ཅིག །དགེའོ་དགེའོ་མངྒ་ལཾ། ༈ །ཀྱེ། གླིང་མཆོག་ལྷོ་ཡི་འཛམ་བུའི་གླིང་༔ འཛམ་གླིང་ཉི་མ་བྱང་ཤར་ན༔ གཡའ་དང་སྤང་གི་མཚམས་ཤེད་ན༔ སྤྲིན་དང་ན་བུན་ཐིབས་སེ་ཐིབ༔ འོད་དང་གློག་དམར་ཁྱུགས་སེ་ཁྱུག༔ འབྲུག་སྒྲ་རི་སྒྲ་དི་རི་རི༔ བདུད་རྩིའི་སྦྲང་ཆར་སི་ལི་ལི༔ ཤེལ་གྱི་མཁར་པོ་ལྡེམས་སེ་ལྡེམ༔ གཡུ་ཡི་ཁ་བད་ཐིབས་སེ་ཐིབ༔ དུང་གི་སྒོ་མོ་ཁྲིགས་སེ་ཁྲིག༔ མུ་མེན་སྒོ་ལྕགས་ཁྲོ་ལོ་ལོ༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ དར་དཀར་གུར་ཆེན་ལིངས་སེ་ལིང༔ དུང་གི་ཚུགས་ཤིང་ལྡེམ་སེ་ལྡེམ༔ མུ་ཏིག་ཆོན་ཐག་རྒྱངས་སེ་རྒྱང་༔ བྱུ་རུས་ཆོན་ཕུར་ཐམས་སེ་ཐམ༔ གསེར་གྱི་གཉྫིན་ལྷགས་སེ་ལྷག༔ མཁའ་འགྲོའི་གསུང་སྙན་ཀྱུ་རུ་རུ༔ སྨན་མོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ གནས་མཆོག་དེ་ནི་ངོ་མཚར་ཆེ༔ གཞལ་ཡས་དེ་ནི་ཉམས་རེ་དགའ༔ གུར་དཀར་དེ་ནི་བག་རེ་བྲོ༔ གུར་ཆེན་དེ་ཡི་ནང་ཤེད་ན༔ རིན་ཆེན་ཤེལ་གྱི་ཁྲི་སྟེང་ན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ མ་ཅིག་རྡོ་རྗེ་གཡུ་སྒྲོན་མ༔ སྔོ་ལྗང་མདངས་མཚེར་འགྱིང་བག་ཆགས༔ ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ཅན༔ ཕྱག་གཡས་མདའ་དར་སྣ་ལྔ་བསྣམས༔ ཕྱག་གཡོན་དངུལ་དཀར་མེ་ལོང་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དར་ཚོན་སྣ་ལྔའི་ན་བཟའ་གསོལ༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས༔ གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་


MR13_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པུ་རུ་རུ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ སྤྱན་རས་གཟིགས་ཀྱི་སྲིང་གཅིག་མ༔ ཆོས་མཛད་ཡོངས་ཀྱི་མ་ཅིག་མ༔ ཨོ་རྒྱན་པདྨའི་བཀའ་ཉན་མ༔ སེམས་ཅན་ཀུན་གྱི་དོན་མཛད་མ༔ འཁོར་དུ་མཁའ་འགྲོ་སྡེ་ལྔ་དང་༔ སྨན་བཙུན་འབུམ་ཕྲག་གཅིག་གིས་བསྐོར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བོས་པའི་དུས་སུ་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་བརྟུལ༔ སྒྲུབ་པའི་ཚེ་ན་རྒྱང་མ་རིང་༔ བརྟེན་པའི་ཚེ་ན་གཞན་མ་གཡལ༔ འགྲོགས་པའི་ཚེ་ན་ཕྲག་མ་དོག༔ འདྲི་བའི་ཚེ་ན་རྫུན་མ་རྒྱག༔ བརྩེ་དང་དུང་བའི་སེམས་ཀྱི་སུ༔ མིང་བོས་འབོད་དོ་གནས་འདིར་བྱོན༔ གང་བུ་དེ་ནི་མཐོ་མཐོ་ནས༔ མདའ་དར་སྣ་ལྔ་གཡབ་ཅིང་བྱོན༔ གཤོང་བུ་དེ་ནི་དམའ་དམའ་ནས༔ སྤོས་དཀར་དུད་པ་འཐུལ་ཞིང་བྱོན༔ གནས་མཆོག་དམ་པ་འདི་ན་ནི༔ ཁྱོད་ཀྱི་དམ་རྫས་ཚོགས་ལེགས་ཀྱི༔ པྲ་གདན་དྲི་མེད་དཀར་པོའི་སྟེང་༔ ནས་བཟང་དཀར་མོ་བྲེ་གང་འདི༔ སྨན་བཙུན་ཁྱོད་ཉིད་བཞུགས་པའི་གདན༔ དྲི་མེད་ཤེལ་གྱི་མཆོད་རྟེན་འདི༔ སྨན་བཙུན་ཁྱོད་ཉིད་དགྱེས་པའི་རྟེན༔ དངུལ་དཀར་མེ་ལོང་གཡའ་དག་འདི༔ ཁམས་གསུམ་གསལ་པའི་རྟེན་དུ་འཛུགས༔ མདའ་བཟང་དེ་ནི་བྱ་རྒོད་མ༔ མདེའུ་གཞུང་དང་བཅས་པ་འདི༔ སྨན་བཙུན་ཁྱོད་ཀྱི་སྲོག་གི་རྟེན༔ དཀར་གཏོར་མངར་གསུམ་བརྒྱན་པ་འདི༔ དཀོན་མཆོག་བླ་མ་ཡི་དམ་དང་༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔ དམར་གཏོར་ཤ་ཁྲག་བརྒྱན་པ་འདི༔ མཁའ་འགྲོ་ཆོས་སྐྱོང་གཞི་བདག་དང་༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔ འབྲང་རྒྱས་ཞལ་དཀར་


MR13_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ལྡན་དང་༔ ཕྱེ་མར་གྲོ་ཡོས་སྡེར་གང་བཅས༔ སྨན་བཙུན་ཁྱོད་ལ་གསོས་སུ་འབུལ༔ བསེ་ལྡེར་ཤ་གཟུགས་རྒྱན་པ་འདི༔ སྨན་བཙུན་ཁྱོད་ལ་ཚོགས་སུ་འབུལ༔ མགྲོན་བུ་མོན་ལུག་གླ་སྒང་འདི༔ སྨན་བཙུན་དགྱེས་པའི་རྟེན་དུ་འབུལ༔ སྨན་ལེབ་རྒྱན་གྱི་བརྒྱན་པ་འདི༔ སྨན་འཁོར་རྣམས་ལ་ཚོགས་སུ་འབུལ༔ དམ་རྫས་གཏོར་མ་འདི་རྣམས་ནི༔ འདིར་བྱོན་དགྱེས་པར་བཞེས་སུ་གསོལ༔ ཞེས་པས་སྤྱན་དྲངས། ༈ པྲ་དབབ་ཁར་ཞུ་བ་ནི། ཁྱེད་ལ་དེ་རིང་ཞུ་བ་ནི༔ པྲ་གདན་དཀར་པོ་དྲི་མེད་ལ༔ འབྲུ་མཆོག་གཙང་མ་གཡུང་དྲུང་རིས༔ བཀྲ་ཤིས་ཁྱེའུའམ་བུ་མོ་གཙང་མ་འདི༔ རྣལ་འབྱོར་བདག་ཆགས་ཡོན་མཆོད་ཀྱིས༔ ཡིད་ལ་བསམ་པའི་དོན་འདི་དང་༔ འདས་དང་མ་འོང་ད་ལྟ་དང ༔ ཁམས་གསུམ་མ་ལུས་གསལ་བར་སྟོན༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་བྱེད་གནོད་བྱེད་གསལ་བར་སྟོན༔ གཞན་གྱིས་མ་ཤེས་ངེད་ལ་འདྲི༔ ང་ཡི་མི་ཤེས་ཁྱོད་ལ་དྲི༔ མ་ཅིག་རྡོ་རྗེ་གཡུ་སྒྲོན་མ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ གནས་མཆོག་འདི་རུ་པྲ་ཕོབ་ཅིག༔ གདན་ཁ་འདི་རུ་ཕྱྭ་ཅིག་སྟོན༔ རྫུ་འཕྲུལ་སྲིད་པའི་ཕྱྭ་རུ་མ༔ སྨྲོས་ཅིག་སྟོན་ཅིག་གསལ་བར་སྟོན༔ ཨོཾ་མ་ཎི་བཛྲ་ཙནྡྲ་མ་ཧཱ་ཊ་ཐ་ག་ཡ་སྭཱ་ཧཱ༔ ཞེས་འདོད་དོན་རྩེ་གཅིག་ཏུ་གསོལ། ༢ ཡང་བར་བར་དུ་ཕྱེ་གསུར་སྤོས་དཀར་དུད་པ་གཏོང་།ཀྱེ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ དུང་རི་དཀར་པོའི་རྩེ་མོ་ན༔ དུང་གི་མཚོ་མོ་འཁྱིལ་ལི་ལི༔ ཤེལ་གུར་དཀར་པོ་ཟངས་སེ་ཟང་༔ ཤེལ་གུར་དེ་ཡི་ནང་ཤེད་ན༔ རྫུ་འཕྲུལ་སྲིད་པའི་ཆ་རུ་ནི༔ སྐུ་མདོག་དཀར་པོ་


MR13_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་འབར༔ སྐུ་ལ་རས་སྐུ་དཀར་པོ་གསོལ༔ ཕྱག་ན་རྦ་མཁར་གླིང་བུ་བསྣམས༔ སྲིད་གསུམ་སྟོན་ཆེད་ད་ཚུར་བྱོན༔ གོང་བུ་མདའ་དོང་ཙམ་ཞིག་ལ༔ ངལ་བསོ་མི་དགོས་ད་ཚུར་བྱོན༔ ལུང་བ་ཕུ་ཐུང་ཙམ་ཞིག་ལ༔ སྙེལ་བསོ་མི་དགོས་ད་ཚུར་བྱོན༔ ཤིང་བདུད་རྩི་ཅན་གྱི་དུད་པས་བསང་༔ སྲིད་པ་གསུམ་གྱི་གནས་ཀྱང་སྟོན༔ གདོན་དང་རྐུན་མའི་མིང་ཀྱང་ཤོད༔ མ་ཐོགས་མྱུར་དུ་ད་ཚུར་བྱོན༔ མ་འདའ་དྲག་དུ་ད་ཚུར་བྱོན༔ ཞེས་བྱ་ཞིང་དེས་ཀྱང་མ་ཕེབས་ན། ཁྲོ་བོའི་ལྟ་སྟངས་དང་ལྡན་པས་ནས་ལྕག་གིས་བྲབ་ཅིང་། ཀྱེ༔ བྱང་ཤར་བུ་མོ་དམ་མེད་མ༔ མཁའ་འགྲོ་གཡུ་ཡི་རལ་པ་ཅན༔ ཡབ་ཡུམ་གཉིས་པོ་གྲོས་བྱས་ནས༔ གཡམ་པའི་སྒྲོམ་བུར་བཅུག་ནས་ནི༔ ཤེལ་སྤང་མཚམས་སུ་བོར་བའི་ཚེ༔ ཕ་བས་བྱམས་པ་ང་ཡིས་བྱས༔ མ་བས་བྱམས་པ་ང་ཡིས་བྱས༔ སྔོན་ཚེ་དེ་ཡི་དུས་ཙམ་ན༔ འོ་སྐོལ་ལྕམ་སྲིང་གཉིས་པོ་ཡིས༔ དམ་བཅས་ཁས་བླངས་མི་དྲན་ནམ༔ བོས་པའི་དུས་སུ་འོང་བ་དང་༔ ཤེལ་དཀར་མཆོད་རྟེན་འདིའི་ནང་དུ༔ འདས་དང་མ་འོང་ད་ལྟ་དང་༔ ཁམས་གསུམ་སྟོན་པར་མ་ཆད་དམ༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་གནོད་སྟོན་པར་མ་ཆད་དམ༔ མིང་བོས་དྲིས་པའི་ལན་འདི་རྣམས༔ ཁྱོད་ཀྱིས་སྨྲ་བར་མ་ཆད་དམ༔ དམ་ཚིག་མི་བསམ་དམ་ཉམས་ཡིན༔ དམ་ཚིག་གཉན་པོ་བསྲུང་ན་ནི༔ མིང་པོས་བོས་ནས་དྲིས་དུས་འདིར༔ འོང་ནས་དགོས་པའི་དོན་རྣམས་སྨྲོས༔ བལྟ་བའི་མིག་ཡང་ང་ལ་ཡོད༔ ཉན་པའི་རྣ་བ་ང་ལ་ཡོད༔ སྣོམ་པའི་སྣ་ཡང་ང་ལ་ཡོད༔ སྨྲ་བའི་ལྕེ་


MR13_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ང་ལ་ཡོད༔ བསམ་པའི་སེམས་ཀྱང་ང་ལ་ཡོད༔ དམ་རྫས་གཏོར་མ་འདི་ལོངས་ལ༔ བསྒྱུར་རོ་ཆེ་གེ་མོ་འདི་ལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་གྱི་བཙན་དང་འདྲེ་ལ་སོགས༔ ཕན་གནོད་མ་ལུས་གསལ་བར་སྟོན༔ ཅེས་བརྗོད་པས་སྟོན་པར་ངེས་སོ། །མངྒ་ལཾ། །སྙིང་ཐིག་ལས། ཏིང་ཏིང་ཤག་གིས་མ་བོས་ན། །ལྷ་མོ་འོངས་སུ་མི་འདོད་པས། །འབོད་དུས་འདི་ལྟར་བྱ་སྟེ། བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ༔ ཏིང་ཏིང་ཤག༔ ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ འདི་བཟླས་པས་ལྕགས་ཀྱུས་དྲངས་པ་འདྲ་གསུངས། མངྒ་ལཾ། ། ༈ རྡོ་རྗེ་གཡུ་སྒྲོན་མའི་གསོལ་བྱང་ཕྲིན་ལས་མྱུར་འགྲུབ་ཞེས་བྱ་བ་བཞུགས་སོ། །ཇི་འབྱོར་བའི་མཆོད་ཚོགས་གཙང་མར་བཤམས་ནས་བྱིན་གྱིས་བརླབས་ལ་འདི་སྐད་དོ།། ཧཱུྃ། སྣང་སྲིད་མ་མོའི་དཀྱིལ་འཁོར་ཡངས་པའི་གཙོ། །བདེ་སྟོང་དགུང་སྨན་དབྱིངས་ཀྱི་དབང་ཕྱུག་མ། །གེ་སར་སྐྱེས་བུའི་གསང་འཛིན་ཌཱ་ཀི་ནི། །འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །ལྷན་སྐྱེས་བདེ་བ་ཆེན་པོའི་རང་མདངས་ལས། །རྗེས་ཆགས་རྨད་བྱུང་རྡོ་རྗེའི་ལང་ཚོ་གང་། །སྨན་བཙུན་གཡུ་ཡི་སྒྲོན་མར་ཤར་བའི་དཔྱིད། །མི་འབྲལ་སྙིང་གི་ཐིག་ལེར་མངའ་གསོལ་ཏེ། །མཆོད་བསྟོད་རོ་མཉམ་རྡོ་རྗེའི་དམ་བསྲེ་ན། །འདུ་འབྲལ་མེད་པར་བརྩེ་དགས་རྟག་ཏུ་སྐྱོངས། །འཆི་མེད་ཚེ་དང་འཛད་མེད་ནོར་གྱི་མཛོད། །འགྲན་མེད་སྟོབས་དཔལ་སྙན་གྲགས་གཟི་འབར་ཞིང་། །སྣང་སྲིད་སྒྲིབ་མེད་གསལ་བའི་པྲ་དང་ནི། །ཕུན་ཚོགས་བདེ་སྐྱིད་དགའ་བའི་མཆོག་རྣམས་སྩོལ། །བདེ་སྟོང་དབྱེར་མེད་རྡོ་རྗེའི་ལམ་མཆོག་ནས། །ཟུང་འཇུག་ཡེ་ཤེས་མྱུར་དུ་འགྲུབ་པར་མཛོད། །ཅེས་པའང་ལྷ་མོ་དགྱེས་པའི་དགེ་ལེགས་ཀྱི་སྣང་བ་དཀར་པོས་ཁྱབ་པའི། དུས་ཀྱི་


MR13_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་སུ་ཟིལ་གནོན་དགྱེས་པ་རྩལ་གྱིས་བྲིས་པ་བཀྲ་ཤིས་མཆོག་ཏུ་གྲུབ་བོ།། ༈ གཏེར་སྲུང་ཀླུ་བཙན་གྱི་གསོལ་མཆོད་ནོར་བུའི་ཕྲེང་བ་བཞུགས་སོ།། །རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་ཀྱི་གཏེར་སྲུང་ཀླུ་བཙན་རྡོ་རྗེ་འབར་བ་ལ་མཆོད་གསོལ་སྤྲོ་ན། གཏོར་མ་ཟུར་གསུམ་སྦྲུལ་དཀྲིས་ཅན་ཐེབ་རིལ་ཇི་མང་གིས་བསྐོར་བ་དང་། གསེར་སྐྱེམས་སོགས་མཆོད་ཚོགས་ཇི་འབྱོར་བཤམས་ནས་འདི་སྐད་དོ།། ཀྱེ། ཀ་དག་ལྷུན་གྲུབ་པདྨ་རྒྱལ་པོ་ཡིས། །ཁ་བའི་ལྗོངས་འདིར་ཟབ་མོ་གཏེར་གྱི་མཛོད། །ག་ལ་བ་དེར་གཏད་པའི་མཐུ་བོ་ཆེ། །ང་ཡིས་འབོད་དོ་རྡོ་རྗེ་ཁྱུང་དྲག་སྩལ། །ཅ་ཅོ་སྣ་ཚོགས་སྙན་པའི་སྒྲ་དབྱངས་སྒྲོགས། །ཆ་བྱད་ཡིད་འོང་གཟུགས་སོགས་བཀོད་པ་མཛེས། །ཇ་ཆང་ལ་སོགས་བཟའ་བཏུང་གཅལ་བཀྲམ་ནས། །ཉ་རྒྱས་ཟླ་འདྲའི་ཐུགས་མངའ་ཀླུ་བཙན་ཆེ། །ཏ་ཐཱ་ག་ཏའི་བསྟན་སྲུང་དེང་འབོད་ན། །ཐ་ཚིག་གཉན་པོ་ཡལ་བར་མ་དོར་བར། །ད་ལྟ་སྐད་ཅིག་ཉིད་དུ་འདིར་བྱོན་ནས། །ན་ཚོད་གཞོན་ནུའི་ཞལ་རས་པདྨའི་སྦུབས། །པ་སངས་ལྟར་དཀར་འཛུམ་པའི་ཚེམ་ཕྲེང་གིས། །ཕ་རོལ་ཕུན་ཚོགས་རང་གིར་བགྱིད་པ་ཡིས། །པ་མཆོག་དཔག་བསམ་གཏེར་བུམ་ནོར་བུ་བཞིན། །མ་ལུས་འདོད་དགུ་འཇོ་བའི་གྲོགས་སུ་བཞུགས། །ཙ་མ་ར་ལྟར་ཁེངས་ཤིང་སྡང་བའི་དགྲ། །ཚ་ཟེར་བརྒྱ་པས་མུན་པ་བཞིན་འཇོམས་པ། །ཛ་ཡའི་བསྟན་སྲུང་རྡོ་རྗེ་འབར་བ་རྩལ། །ཝ་ལེར་དྲན་ཅིང་མཆོད་བསྟོད་མངའ་གསོལ་ན། །ཞྭ་བཞིན་གཙུག་ཏུ་བཀུར་འོས་གསང་སྔགས་ཚུལ། །ཟྭ་ལྟར་དམན་པར་སེམས་བགྱིད་སྡིག་ལྡན་དགྲ། །འ་འོལ་བཏང་སྙོམས་ངང་དུ་མ་བཞག་པར། །ཡ་ང་ཆོ་འཕྲུལ་གདུག་པས་དཔའ་བཀོང་


MR13_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ར་རི་དང་བྲལ་ལྐོག་གྱུར་མཁྱེན་པའི་སྤྱན། །ལ་འུར་འབྱེད་པའི་ཐབས་མཆོག་པྲ་སེ་ནའི། །ཤ་ས་ན་འདི་ཉི་ཟླའི་དཀྱིལ་འཁོར་བཞིན། །ས་སྟེང་ཀུན་ཏུ་གསལ་ཞིང་རྒྱས་པར་མཛོད། །ཧ་ཅང་དགྱེས་འཛུམ་བཞད་པའི་རྣམ་འགྱུར་གྱིས། །རྟག་ཏུ་ཡིད་བཞིན་འདོད་དགུར་སྐྱོང་བ་དང་། །ཨ་ལ་ལ་ཞེས་ངོ་མཚར་དབྱངས་དང་བཅས། །གང་བཅོལ་ཕྲིན་ལས་ཐོགས་མེད་གྲུབ་པར་མཛོད། །ཅེས་པའང་རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་ཀྱི་ཡིག་ཆ་བྲི་སྤེལ་མང་དུ་བགྱིས་པའི་ཚེ་ཉེ་གནས་ལ་གཏེར་བདག་ཀླུ་བཙན་གྱི་འཚུབས་རྨི་ལམ་དུ་བྱུང་བའི་རྐྱེན་ལ་བརྟེན་མི་ཕམ་པས་ལྕགས་འབྲུག་ཟླ་བ་༡༡བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་བྲིས་པ་དགེ་ལེགས་འཕེལ།། ༈ །།པྲ་ལ་སྨོད་པ་འགོག་པའི་གཏམ་དྲང་སྲོང་རྣ་རྒྱན་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་བཛྲ་ཏཱཀྵྞི་ཡ། ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །མ་ལུས་འགྲོ་བའི་ཕན་བདེ་བསྒྲུབ་མཛད་པ། །བྱང་ཆུབ་སེམས་ཀྱི་བདག་ཉིད་རྒྱལ་བའི་སྲས། །སྣ་ཚོགས་མཛད་པའི་ཁུར་ཆེན་བསྣམས་ལ་འདུད། །གང་ཞིག་རྒྱལ་བའི་བཀའ་དང་མཐུན་པའམ། །དེ་ལས་ཕྱི་རོལ་གྱུར་པ་གང་ཡིན་ཞེས། །ལེགས་པར་དཔྱོད་པའི་བློ་གྲོས་མིག་བགྲད་པ། །སྐལ་བཟང་སྐྱེ་བོ་རྣམས་ཀྱི་ཚུལ་ཡིན་ཀྱང་། །དེང་སང་བཀའ་དང་དགོངས་པ་འགྲེལ་བའི་གཞུང་། །མ་རྟོགས་བཞིན་དུ་རྟོགས་པར་རློམ་པ་ཡི། །རང་འདོད་རྟོག་གེ་ངན་པའི་གཏམ་གྱིས་ནི། །རྒྱལ་དང་འཕགས་པའི་དགོངས་པ་རྙོགས་མར་བྱེད། །དེ་ཕྱིར་ཀུན་སློང་དག་པའི་སེམས་ཀྱིས་ནི། །རྒྱལ་བའི་བཀའ་བཞིན་དྲི་མེད་རིགས་པས་ཀྱང་། །ལེགས་པར་གྲུབ་པའི་གཏམ་གྱི་ཚུལ་ཅུང་ཟད། །འདི་རུ་སྤྲོས་པས་མཁས་རྣམས་དགྱེས་པར་མཛོད། །


MR13_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདིར་རང་དང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་འབྱོར་པ་ལ་དབང་བསྒྱུར་བར་འདོད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་མཐུ་ཕུན་སུམ་ཚོགས་པ་མངོན་པར་ཤེས་པ་དྲུག་གི་སྒོ་ནས་གཞན་དོན་མཛད་པ་ཡིན་ལ། དེ་ལྟར་འཕགས་ལམ་མ་ཐོབ་པའི་གང་ཟག་རྣམས་ཀྱིས་ཀྱང་རང་དང་གཞན་གྱི་དོན་སྒྲུབ་པ་ལ་རྒྱུའི་གཙོ་བོ་ནི་བླང་དོར་ཤེས་པ་ཡིན་པར་གྲུབ་ལ། དེ་ལའང་མཐར་ཐུག་ཐར་པ་མཆོག་གི་ལམ་གྱི་སྤང་བླང་ཤེས་པ་བསྒྲུབ་བྱའི་གཙོ་བོ་ཡིན་མོད་ཀྱི། དེའི་ཡན་ལག་ཏུ་གནས་སྐབས་ཀྱི་དོན་བསྒྲུབ་ཕྱིར་ཐུན་མོང་དངོས་གྲུབ་སྒྲུབ་ཚུལ་དུ་མ་ཞིག །མདོ་དང་རྒྱུད་སྡེ་དུ་མ་ནས་ཡང་ནས་ཡང་དུ་གསལ་པོར་གསུངས་པ་དེ་ཀུན་ཀྱང་དགོས་པ་ཁྱད་པར་ཅན་ཡིན་པ་གཞིར་བཅས་མོད། ཁྱད་པར་དུ་མངོན་ཤེས་མ་ཐོབ་པའི་གང་ཟག་གིས། རང་དང་ལྷག་པར་གཞན་དོན་སྒྲུབ་པ་ལ་མེད་དུ་མི་རུང་བ་ནི་ལྐོག་གྱུར་གསལ་བའི་ཚུལ་ཡིན་པར་གྲུབ་སྟེ། གང་བགྱིས་ན་དོན་དུ་འགྱུར་བ་དང་། གང་བྱས་ན་དོན་དུ་མི་འགྱུར་བ་སོགས་ཤེས་པ་དེ་ལ་རག་ལས་པའི་ཕྱིར་རོ། །དེས་ན་དམུས་ལོང་ལག་ནོམ་ལྟ་བུའི་གང་ཟག་རྣམས་ཀྱིས། རང་ལ་ལྐོག་གྱུར་ཤེས་པའི་མཐུ་ནི་མེད། ན་ཚ་དང་རྐྱེན་ངན་ཕྲ་མོ་བྱུང་ཚེ་ལམ་དུ་ནི་སློང་མི་ནུས་པར་གྲོང་མཐའི་སྤྲང་པོ་ཡན་ཆོད་ལ་ཅི་དྲག་ཇི་འདྲ་རེད་འགྲོ་ཟེར། མོ་ལྟ་ཞིང་བྲེལ་ཚུབ་ཚུབ་མི་བྱེད་མཁན་ནི་སུ་ཡང་ཡོད་དཀའ་འདྲ་ལ། རང་གར་སོས་དལ་གྱི་ཁ་གཏམ་ལ་པྲ་སྒྲུབ་ལ་སོགས་པ་འདི་དག་དོན་ཆུང་བར་མ་ཟད་བྱེད་ཀྱང་མི་རུང་བ་ལྟ་བུར་སྨྲ་བ་དུ་མ་འདུག་པ་ཁྱེད་ཅག་ལུང་ལ་ཐོས་པ་ཆུང་བ་དང་། རིགས་པ་ལ་འདྲིས་གོམས་མེད་པར་ཟད་


MR13_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེས་ན་ཁོ་བོས་ཁྱེད་ཅག་ལ་ཅུང་ཟད་ཕྱེ་སྟེ་བཤད་ན། སྤྱིར་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ནི་དོན་དུ་གཉེར་བྱའི་གཙོ་བོ་ཡིན་མོད། པྲ་ལ་སོགས་པ་སྒྲུབ་པའང་དེ་དང་འགལ་བ་ནི་མིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚེ་འདི་ཉིད་ལ་སྟེར་བའི་སྔགས་ཀྱི་རྒྱུད་སྡེ་དུ་མ་ནས་ལས་ཕྲ་མོ་སྒྲུབ་པའི་གཙོ་བོར་པྲ་ཕབ་པའི་ཐབས་མང་དུ་གསུངས་པ་དང་། རིགས་པས་དཔྱད་ནའང་འགལ་བ་མེད་པར་མ་ཟད་ཕན་པའི་ཡན་ལག་ཏུ་མཐོང་བའི་ཕྱིར་རོ། །དེ་ལ་མདོ་དང་རྒྱུད་སྡེ་དགོངས་འགྲེལ་དང་བཅས་པ་ལས་ཇི་ལྟར་གསུངས་ཚུལ། སྤྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔས་ཤེས་བྱ་ཀུན་ལ་སློབ་པ་ཡིན་ཏེ། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་བྱ་མཐའ་དག་གི་ཡུལ་ཅན་ཡིན་པས་ལམ་དུས་སུ་ཡང་ཤེས་བྱ་ཉི་ཙེ་བ་ཙམ་མིན་པར་ཀུན་ལ་སློབ་པ་དང་། ཁྱད་པར་གཞན་ཕན་གྱི་ཆ་ལག་ཏུ་འགྱུར་རུང་ཀུན་ལ་མཁས་པར་བྱ་བ་ཡིན་ཏེ། དཀོན་མཆོག་ཏ་ལ་ལས། དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན། །དགའ་ཞིང་དད་པར་བྱེད་པ་རྣམས་ལ་རྒྱུ། །དེ་དག་སྙན་ངག་མཁན་རྒྱལ་སྙན་ངག་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང་། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོས་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་


MR13_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། །ཡིད་བཞིན་ནོར་བུ་འདོད་འབྱིན་སྡོང་པོ་དང་། །ལམ་གོལ་དོགས་པ་རྣམས་ལ་ལམ་སྟོན་འགྱུར། །འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིང་། །སེམས་ཅན་ལས་ཀྱི་ཚུལ་རྣམས་མི་ཤེས་པ། །དེ་དག་ཀུན་ལ་རྨོས་ཆོས་ཚོང་ཐབས་དང་། །སྣ་ཚོགས་བཟོ་རྣམས་འཇིག་རྟེན་བརྗོད་པར་བྱེད། །འཚེ་མེད་གནོད་པ་མེད་པའི་སྦྱོར་བ་གང་། །སེམས་ཅན་བདེ་བྱེད་མཁས་པས་རབ་བསྔགས་པ། །རིག་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན། །དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །ཅེས་སོགས་གསུངས་པས་མཚོན་ཏེ་མདོ་དུ་མ་ནས་གསུངས་པ་དང་། སྤྱོད་འཇུག་ལས་ཀྱང་། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མ་ཡིན། །ཞེས་སོགས་བཀའ་དགོངས་འགྲེལ་དུ་མ་ལས་ཤེས་བྱ་ཀུན་ལ་བསླབ་པར་གསུངས་པ་དང་། ཁྱད་པར་དུ་པྲ་དབབ་པ་ནི་རྒྱུད་སྡེ་དུ་མ་ནས་གསུངས་པ་ཡིན་ཏེ། ཀྱེ་རྡོ་རྗེའི་རྒྱུད་ཀྱི་སྔགས་ཀྱི་ལེའུ་ལས། ཨོཾ་ན་གྲྭ་ན་གྲྭ་ཞེས་པའི་སྔགས་ཀྱི་མཐེ་བོང་ལ་པྲ་ཕབ་ནས་རྫས་སོགས་སུས་ཁྱེར་ཤེས་པ་དང་།དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་ལས་ཀྱང་། རལ་གྲི་མེ་ལོང་མདའ་གཞུ་དང་། །ཤིང་དང་ཆུ་དང་འབབ་ཆུ་བྲག །གཟུགས་བརྙན་འབྱུང་བའི་ཁྱིམ་དག་ལས། །བྱ་དང་དེ་བཞིན་མི་བྱ་དང་། །སྟོར་བ་དང་ནི་མ་སྟོར་དང་། །འཕྲོག་པ་དང་ནི་མ་འཕྲོག་དང་། །དེ་བཞིན་རྙེད་དང་མི་རྙེད་དང་། །གསོན་པ་དང་ནི་ཤི་བ་དང་། །དེ་བཞིན་རྒྱལ་དང་ཕམ་པ་དང་། །དོན་ཡོད་དང་ནི་དོན་མེད་དང་། །དེ་བཞིན་གྲུབ་དང་མི་གྲུབ་དང་། །


MR13_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དང་མི་བདེ་ཆོ་ག་བཞིན། །ལྷ་ཡུལ་དག་གི་དོན་རྣམས་དང་། །སངས་རྒྱས་ཞིང་གི་དོན་རྣམས་ཀྱང་། །ཀུན་ནས་ཀུན་དུ་ཐམས་ཅད་ནི། །བསམ་པ་མཐོང་ཞིང་ཐོས་པར་བྱེད། །ཅེས་པ་ལ་སོགས་པ་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། །དེ་བཞིན་སྔགས་བཟླས་རལ་གྲི་ཆུ། །མཐེ་བོང་མར་མེ་མེ་ལོང་ལ། །སྔགས་པ་བདག་ཉིད་རྟག་རྣལ་འབྱོར། །པྲ་སེ་ན་ནི་འབེབ་པར་བྱེད། །ཅེས་དང་། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་ཀྱང་། ལྷའི་བུ་དྲི་མ་མེད་པ་དང་། ལྷ་མོ་ཙུནྡ་ཤྲ་བ་ཎ། ཤ་ཟ་རྣ་སྒྲོགས་སོགས་ཀྱི་སྒོ་ནས་མངོན་ཤེས་དང་པྲ་དང་རྨི་ལམ་སྒྲུབ་པའི་ཆོ་ག་སྣ་ཚོགས་གསུངས་པས་མཚོན། བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེ་ན་ལས་ཕྲན་ཚེག་གི་གཙོ་བོར་པྲ་སྒྲུབ་པ་ཡང་ནས་ཡང་དུ་གསུངས་པ་ཡིན་ལ། དེ་དག་ཀྱང་རྫས་སྔགས་ཏིང་འཛིན་ཅི་རིགས་ལ་བརྟེན་པ་ཡིན་ལ། དེ་ཡང་ལྷ་ཡེ་ཤེས་པ་ལ་བརྟེན་པ་ནི། ཡེ་ཤེས་དབབ་པ་དང་ཕྱོགས་མཐུན་ཏེ། དུས་འཁོར་ལས་ཡེ་ཤེས་ཕེབས་པའི་སྐབས་སུ། ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་བྱུང་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར། ཞེས་སོགས་གསུངས་པ་དང་འདྲ་ཞིང་། །གསང་བ་འདུས་པ་ལས་ཀྱང་། །བུ་མོ་ལོ་གྲངས་བཅུ་གཉིས་མའམ། །ཁྱེའུ་ལོ་གྲངས་བཅུ་གཉིས་པ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །བཟུང་ནས་དབབ་པ་རབ་ཏུ་བརྟགས། །ཆོ་ག་ཐམས་ཅད་བྱས་ནས་ནི། །ལས་རྣམས་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་པ་རྣམས་དང་དོན་འདྲ་ཞིང་། དཔུང་བཟང་གི་ཞུས་པའི་རྒྱུད་ལས། མཐེ་བོང་མེ་ལོང་རལ་གྲི་ཆུ་


MR13_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེལ། །མར་མེ་ས་གཞི་ལྕགས་དང་ནམ་མཁའ་དང་། །ལྷུང་བཟེད་ནོར་བུ་དག་དང་མེ་འབར་བ། །འདི་ལ་གསལ་པོར་སྟོན་པ་དྲག་ཏུ་འབྱུང་། །ཞེས་པ་ནས། སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུར་རོ། །ཞེས་པའི་བར་གྱིས་གསལ་བར་བསྟན་ཅིང་། གཞན་ཡང་དུས་ཀྱི་འཁོར་ལོ་སོགས་ལས་ས་འོག་གི་གཏེར་མཐོང་པ་དང་། གསང་འདུས་ལས་རྡོ་རྗེ་ཨཉྫ་ན་དབབ་པའི་ཆོ་ག་སོགས་ཀྱིས་མཚོན། མི་སྣང་བ་དང་། མིག་སྨན་དང་། ཞི་བ་དང་། རྒྱས་པ་དང་།དྲག་པོའི་ལས་དང་། དབུགས་པ་དང་། མིག་མཐོང་དང་། རྣ་བ་མིག་ཡིད་ཀྱི་མངོན་པར་ཤེས་པ་སྒྲུབ་པ་དང་། རྨི་ལམ་དང་། མེ་ཆུ་མེ་ལོང་སེན་མོ་མཐེ་བོང་རལ་གྲི་མར་མེ་ལ་སོགས་པའི་དངོས་པོ་ལ་པྲ་སེན་དབབ་པའི་ཆོ་ག་སོགས་ལས་ཕྲན་ཚེགས་ཤིན་ཏུ་མང་པོ་ཞིག །མདོ་དང་ཁྱད་པར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། ལྷ་དང་སྔགས་དང་། རྫས་དང་། ཏིང་འཛིན་གྱི་འཁྲུལ་འཁོར་མི་འདྲ་བ་ལ་བརྟེན་པ་ཅི་རིགས་གསུངས་པ་དེ་ཀུན་ཀྱང་སྨད་པར་བྱ་བ་མ་ཡིན་ཏེ། སངས་རྒྱས་ཀྱི་གསུང་དགོས་པ་ཁྱད་པར་ཅན་ནོ། །དེའི་མན་ངག་ཀྱང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཙུནྡའི་པྲ་ཕབ་ཀྱི་གཞུང་ལ་སོགས་པ་རྒྱ་བོད་ཀྱི་མཁས་པས་བརྩམས་པའི་ཡིག་ཆ་མང་དུ་བཞུགས་བཞིན་པ་རྣམས་ནི་ལུང་ལས་ཇི་ལྟར་གསུངས་ཚུལ་མདོ་ཙམ་ཡིན་ལ། རིགས་པས་བརྟག་ནའང་པྲ་ནི་ཐམས་ཅད་མཁྱེན་པའི་ལམ་དང་འགལ་བ་མིན་ཏེ། ལྷག་པའི་ལྷ་ཞིག་ལ་བརྟེན་ནས་རྫས་སྔགས་ཏིང་ངེ་འཛིན་གྱི་སྟོབས་ལས་བརྟག་བྱའི་བླང་དོར་དངོས་སམ་བརྡའི་ཚུལ་དུ་མཐོང་བ་ཙམ་པྲའི་ངོ་བོ་ཡིན་ན། བླང་དོར་མཐོང་བ་ཙམ་ནི་རྣམ་མཁྱེན་གྱི་ལམ་དང་འགལ་


MR13_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུང་རིགས་གང་ཡང་མེད་པས་སོ། །གལ་ཏེ་བླང་དོར་མཐོང་བ་ཙམ་ལམ་གྱི་གེགས་ཡིན་ན། ཟག་མེད་ཀྱི་མངོན་ཤེས་ནས་ཕྲེང་མོ་ཐིག་པོ་ཡན་ཆོད་དང་། ལམ་གང་དུ་འཇུག་ལྡོག་གི་སྐྱོན་ཡོན་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་ཚུན་ཆད་ཀྱང་།ཁྱོད་ལ་རྣམ་མཁྱེན་གྱི་གེགས་སུ་འགྱུར་བར་ཐལ་བའི་ཕྱིར། ཁྱོད་ཀྱི་རྣམ་མཁྱེན་དེ་ནམ་ཡང་ཐོབ་པར་མི་འགྱུར་རོ། །ཁོ་ན་རེ། དེ་ཙམ་གྱིས་མིན་ཀྱང་། པྲ་འདི་ལ་ཀུན་སློང་ངན་པ་སོགས་འབྱུང་སྲིད་པས་གེགས་གོལ་ས་ཆེ་བས་ཡང་དག་པའི་ལམ་དང་མི་མཐུན་ཟེར་ན། འོ་ན་པྲ་ཡིན་ན་ཀུན་སློང་ངན་པས་ཁྱབ་པ་ཁྱོད་ཀྱིས་ཁས་ལེན་པ་ཡིན་ནམ་མིན། དེ་མིན་ན་དེ་ལྟར་སྨྲས་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དེ། སྤྱིར་ཀུན་སློང་ངན་ན་པྲ་ཙམ་དུ་མ་ཟད་ཁྲོ་བོའི་བསྒོམ་བཟླས་སོགས་ཀྱང་ཡང་དག་པའི་ལམ་དུ་མི་རུང་སྟེ། སྦྲུལ་ལ་བཟུང་ཉེས་དང་། རིག་སྔགས་ལོག་པར་བསྒྲུབ་པ་ཞེས་གྲགས་པ་ལྟར། གཤིན་རྗེའི་སྔགས་ལོག་པར་བཟླས་པའི་ལོ་རྒྱུས་བཞིན་ནོ། །དེས་ན་ཁྱོད་ཀྱིས་དགག་བྱ་ཀུན་སློང་ངན་པ་ཡིན་ན་རུང་གི་པྲ་ལ་སྨོད་པ་དོན་མེད་དོ། །གེགས་གོལ་སའང་ཆེ་བ་མིན་ཏེ། ཇི་ལྟར་ན་སྔགས་ལམ་གྱི་ཕྲིན་ལས་ཀྱི་གཙོ་བོ་སྒྲོལ་བ་དང་སྦྱོར་བ་ལྟ་བུ་ཐབས་ཀྱིས་ཟིན་ན་ཆེས་མཆོག་གི། མ་ཟིན་ན་གོལ་ས་ཆེ་ཡང་། འདི་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཡང་དག་པའི་ལམ་དུ་འགྱུར་བ་ལྟ་ཅི་སྨྲོས་ཀྱི་མ་ཟིན་ཀྱང་། རང་གཞན་གྱི་བླང་དོར་མཐོང་ནས་དོན་ལ་འཇུག་པ་ཙམ་ཡིན་པས། ཕན་འདོགས་ཀྱི་བྱ་བ་ཡིན་གྱི་མི་དགེ་བ་ཅུང་ཟད་ཀྱང་མ་ཡིན་ནོ། །གལ་ཏེ་གང་ཟག་དམན་པ་ཁ་ཅིག་གི་བླང་དོར་ཅུང་ཟད་ཤེས་ན་དེ་ལ་བརྟེན་ནས་མངོན་རློམ་དང་གྲུབ་


MR13_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུ་འབྱུང་སྲིད་ཀྱང་། དེ་འདྲ་བ་ནི་ལམ་གྱི་ཡོན་ཏན་ཕྲ་མོ་ཐམས་ཅད་ལ་གེགས་སུ་འབྱུང་སྲིད་པ་ཡིན་པས་པྲ་ཁོ་ནའི་སྒེར་སྐྱོན་མ་ཡིན་ཅིང་། ཡེ་ཤེས་ཀྱི་ལྷ་ལ་བརྟེན་པའི་པྲ་ལེགས་པོ་ཞིག་ཡིན་ན། གཞན་སྐྱོན་བརྗོད་པ་དང་། རྫུན་བཏགས་པས་མི་གསལ་བར་འགྱུར་བ་ཉིད་ཀྱིས་སྐྱོན་དེ་ཁེགས་པ་ཡིན་ཅིང་། གཞན་ཕན་དང་བདེན་པའི་ལམ་ལ་གནས་པ། ཁྲིམས་གཙང་ཞིང་རིམ་གཉིས་ལ་བརྟན་པ་ཇི་ཙམ་ཐོབ་པ་དེ་ཙམ་པྲ་ཡང་ཆེས་གསལ་བས་རང་གི་སྐྱོན་ཡོན་རྟོགས་པའི་མེ་ལོང་དང་འདྲ་བས་གོལ་ས་འགོག་པའི་ཐབས་ཡིན་བྱས་ན་རུང་གི་བཟློག་ནས་སྨྲ་བ་ཁྱོད་ནི་རིགས་ལམ་མི་ཤེས་པའི་རང་རྟགས་ངོམ་པ་ཞིག་གོ། །ཡང་ཁོ་ན་རེ། དེ་ལྟ་ནའང་། རྣམ་མཁྱེན་གྱི་ལམ་གྱི་གཙོ་བོ་མིན་པས་དོན་དུ་གཉེར་བྱ་མིན་ནོ་ཞེ་ན། རྣམ་མཁྱེན་དང་ཐར་ལམ་གྱི་གཙོ་བོ་པྲ་མིན་ཅིང་། པྲ་བསྒྲུབ་ཁོ་ནས་ཐར་བ་ཐོབ་པ་ངེད་ཀྱིས་ཀྱང་མི་འདོད་མོད་ཀྱི། འོན་ཀྱང་ཐར་ལམ་གྱི་གཙོ་བོ་མིན་ཚད་སྤང་བྱ་ཡིན་ན་ཧ་ཅང་ཐལ་ཏེ། རིག་བྱེད་བཟོ་གནས་སོགས་ཤེས་བྱ་གཞན་དང་། ཐ་ན་ཟས་གོས་གནས་མལ་ཚུན་ཆོད་ཀྱང་ཁྱོད་ཀྱིས་སྤང་དགོས་པར་ཐལ་ཏེ། དེ་རྣམས་ལམ་གྱི་གཙོ་བོ་མིན་པའི་ཕྱིར། དེ་རྣམས་བརྒྱུད་ནས་ཐར་ལམ་ལ་ཕན་པའི་ཡན་ལག་ཡིན་ཟེར་ན། འདི་ཡང་དེ་ལྟར་ཅིས་མིན་ཏེ། གནས་སྐབས་ལུས་བསྲུང་བ་སོགས་ཀྱི་སྒོ་ནས་ཐར་པ་ལ་ཆེས་ཕན་པ་ཡིན་པས་སོ། །ཡང་ཁོ་ན་རེ། དེ་ལྟར་ཡིན་སྲིད་ཀྱི། འོན་ཀྱང་པྲ་སོགས་སྒྲུབ་པ་འདི་ནི་འདུལ་བའི་རྣམ་ཐར་གཙང་མ་སྐྱོང་བ་དང་མི་མཐུན་པས་སྤང་དགོས་སྙམ་ན། བླུན་པོ་ཁྱོད་ནི་རྣམ་ཐར་གཙང་མ་དང་མི་གཙང་


MR13_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྱད་མི་ཤེས་པ་ཞིག་སྟེ། དེ་གང་གི་ཕྱིར་ན། དེང་སང་སྙིགས་མའི་དུས་འདིར་ཟག་མེད་ཀྱི་བསམ་གཏན་ཐོབ་པ་གཞུང་ལས་བཤད་པ་བཞིན་འབྱུང་བས་ལུང་སྟོན་པའི་གང་ཟག་ནི་དཀའ་སྟེ། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་འགྲོ་བའི་ཁམས་ན་བཞུགས་པ་ལྟ་ཅི་སྨྲོས་ཀྱང་། རང་ཅག་རྣམས་ཀྱི་ངོར་ཇི་བཞིན་སྣང་དཀའ་སྟེ། གལ་སྟེ་སྣང་ན་ཟག་མེད་ཕར་ཞོག་ཟག་བཅས་ཀྱི་བསམ་གཏན་མཚན་ཉིད་པ་ཞིག་གྲུབ་ནས། ལྷའི་རྣ་བ་དང་མིག་གི་མངོན་ཤེས་གྲུབ་པའང་། །རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་སྒྲ་སོགས་སྤྱོད་ཡུལ་ཅན། །ཞེས་བཤད་པ་ལྟར་གྱི་ཤིན་ཏུ་རྒྱང་རིང་པོ་དང་། བར་ཆོད་པའི་སྒྲ་དང་གཟུགས་ཀྱང་ཤེས་དགོས་ན། རང་གི་སྤྱད་ཆ་ཕྲ་མོ་ཙམ་ཞིག་མཚན་མོ་སོགས་སུ་སྟོར་ན། གར་བབ་ལག་པས་ཉུག་ཅིང་མི་ཚོལ་བར་ཐད་ཀ་ནས་ལེན་པ་མཐོང་དཀའ་བར་སྣང་། དེ་ཡི་ཕྱིར་ན་རང་རེ་ལྟ་བུ་ཕལ་པ་རྣམས་ལ་བླང་དོར་ལྐོག་ཏུ་གྱུར་པའི་དབང་གིས་བྱ་སྤྱོད་ཕལ་ཆེ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ལ། དེ་ལྟ་བུའི་སྐབས་སུ་རང་གིས་མ་ཤེས་པ་གཞན་ལ་དྲིས་ནའང་། ལ་ལས་ནི་མིག་བར་སྣང་ལ་གཏད་ནས་ཅི་དྲན་ཁ་ནས་འདོན། ལ་ལས་ནི་ལུང་ལས་གྲགས་པའི་མོ་ཕྱྭ་ཅི་ཡང་མིན་པར་གལ་ཐོད་དུ་བརྟག་པ་བྱེད། དེ་དག་ཀྱང་བླང་དོར་མངོན་སུམ་གསལ་བའི་དགོངས་པའི་རྩལ་དང་། སྣང་བ་རྟེན་འབྲེལ་དུ་ཤར་བ་ཡིན་ན་ཆོག་སྟེ། དེ་མིན་པའི་རང་རྟགས་སུ་བྱིས་པས་ཕྲེང་བརྐུང་གི་གྲངས་བཟུང་བ་ལྟར་ཕྱེད་ཐིག་ཕྱེད་མ་ཐིག་སུ་སོང་། ལ་ལས་ནི་སྤྱི་བརྟོལ་བསྐྱེད་དེ་ང་རོ་དང་ཚམ་རྔམས་ཆེ་ཆེ་སྐད་ཀྱིས་ལྷ་ཆེ་གེ་མོ་ཡིན་ཟེར། འདྲ་འདྲ་མང་པོ་ལབ། ལ་ལ་ནི་དངོས་སུ་ཤི་འདྲེས་རྒྱུད་བརླམས་ཏེ་འཕྲལ་གྱི་རྫུ་


MR13_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དང་རྣོ་ཐིག་ཕྲ་མོས་ཡིད་བསླུས་ནས་མཐར་རང་གཞན་ཕུང་ལ་སྦྱར། ལ་ལས་ནི་ཤི་གསོན་གྱི་དད་རྫས་རི་ཙམ་ཟ་བ་ལ་སྤོབས་པ་ཆེ་བཞིན་དུ། ཕྲེང་མོ་ཙམ་ཡང་མི་ཤེས་མདོག་དང་མི་བལྟ་མདོག་བྱས་ཏེ། ལུང་སྟོན་པ་ལ་སྤོབ་པ་ཞུམ་པའི་ཟོལ་གྱིས་ཐོབ་བྱ་གཉིས་ཡིད་ལ་གཅགས་པ་སྟེ། གཉིས་པོ་གང་ཞེ་ན། ཀུན་མཁྱེན་པར་གྲགས་པའི་མཚང་བརྡོལ་རྒྱུ་མེད་པ་དང་། ཤེས་ཀྱང་སྦས་པའི་རྣམ་ཐར་གྱི་ཆེ་བ་ཞིག་ཐོབ་འདོད་གཉིས་པོ་ཡིད་ལ་གཅགས་པ་ནི། གཡོ་སྒྱུའི་ནང་ན་གཡོ་སྒྱུ་ཆེ་སྟེ། གཞན་དད་གནས་བྱེད་པའི་སྤོབས་པ་བྱུང་བཞིན་ཕྲེང་མོ་ཙམ་ཞིག་མི་ཤེས་པ་དང་མི་སྤོབས་པ་ནི་འགལ་བའི་རང་མཚང་ཡིན་ནོ། །དེས་ན་དེ་དང་དེ་འདྲ་བ་དུ་མས་གཞན་མགོ་བསྐོར་ན་མི་ཆོས་བླ་མའི་རྫུན་འབྱུང་ཉེ་བས་འདུལ་བ་དང་འགལ་བ་ཡིན་གྱི།དེ་འདྲ་བའི་བླང་དོར་བ་ལ་ཛ་བཞིན་འཛིངས་པའི་དུས་ན། རྡོ་རྗེ་འཆང་གི་བཀའ་བཞིན་དུ་ལྷག་པའི་ལྷ་ལ་བརྟེན་ནས་རྫས་སྔགས་ཏིང་འཛིན་གྱི་ནུས་པའི་བླང་དོར་གསལ་བའི་པྲ་ཕབ་སྟེ། དེ་ལ་ཇི་ལྟར་ཤར་བ་ལྟར་བསྟན་པ་ནི། སངས་རྒྱས་ཀྱི་མངོན་ཤེས་མེད་པའི་གང་ཟག་རྣམས་ལ་ཆེད་དུ་གནང་བ་ཡིན་པས། རྒྱལ་བའི་བཀའ་བཞིན་རྣམ་ཐར་གཙང་མ་བསྐྱང་བ་ཡིན་གྱི་བཀའ་དང་འགལ་བ་ནི་མ་ཡིན་ནོ། །གལ་ཏེ་རང་གིས་དཔྱད་མ་ཤེས་པ་སོགས་ཀྱིས་བླང་དོར་ཇི་བཞིན་མ་ཐིག་ཀྱང་། རྫུན་གྱི་ཉེས་པ་ཅུང་ཟད་ཀྱང་མིན་ལ། སྤྱིར་རྒྱལ་བ་དང་མངོན་ཤེས་མངའ་བའི་དྲང་སྲོང་གིས་བརྩེ་བས་བཤད་པའི་བཀའ་བསྟན་རྣམས་ན་བླང་དོར་གསལ་བ་དུ་མ་ཡོད་ཀྱང་། གཙོ་ཆེ་བ་དཔལ་ལྡན་དུས་ཀྱི་འཁོར་ལོའི་གཟའ་སྐར་དང་རླུང་རྩིས། འཇམ་པའི་དབྱངས་


MR13_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲུལ་པས་བསྟན་པ་སྤོར་ཐང་། སྤྱན་རས་གཟིགས་དང་སྒྲོལ་མ་དབང་ཕྱུག་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་གསུངས་པའི་དབྱངས་འཆར་དང་གཞན་ཡང་བདེན་ཚིག་གྲུབ་པའི་གང་ཟག་གིས་བྱས་པའི་མོ་ལ་སོགས་པ་རྣམས་ནི་མངོན་ཤེས་མེད་པའི་གང་ཟག་གིས་ཆེས་དོན་དུ་གཉེར་བྱ་ཡིན་ཀྱང་། དེ་རྣམས་ལས་བླང་དོར་སོ་སོར་ཆེས་གསལ་བ་ནི་པྲ་ཡིན་པས་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལས་མི་འདྲ་བའི་ཁྱད་པར་དུ་མ་གསུངས་པ་རྣམས་ནི་སངས་རྒྱས་ཀྱི་བརྒྱུད་འཛིན་རྣམས་ཀྱི་མིག་ལྟ་བུ་ཡིན་ན། ཀྱེ་མ་བླུན་པོ་དག་གིས་དེ་ལ་སྨོད་པ་ནི་ངོ་ཚའོ། །དེ་ལྟར་རྣམ་མཁྱེན་སྒྲུབ་པའི་ལམ་དང་འགལ་བ་མེད་པ་ཙམ་དུ་མ་ཟད། ལམ་གྱི་ཡན་ལག་མཆོག་ཅིག་ཡིན་པར་ཡང་གྲུབ་སྟེ། རྒྱུ་མཚན་གང་གིས་ན། ལམ་གྱི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ཡང་རང་གི་ལུས་རྣལ་མར་འཚོ་ཞིང་ཡུལ་དུས་གྲོགས་ལ་སོགས་པ་མཐུན་པའི་རྐྱེན་ལ་ལྟོས་པ་ཅན་ཡིན་ཅིང་། དེ་དག་གི་བླང་དོར་ལྐོག་ཏུ་གྱུར་པ་རྣམས་རང་ལ་གསལ་བའི་མཐུ་མེད་པའི་དབང་གིས། ཕལ་ཆེར་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་ཐབས་གཞན་བྲལ་བའི་ཚེ་ན་བླང་དོར་གསལ་བའི་ཐབས་སུ་འདི་ལྟ་བུའི་མན་ངག་རྒྱལ་བ་རྡོ་རྗེ་འཆང་གི་བརྩེ་བས་གནང་བ་དེ་ལས་ཕན་པའི་ཐབས་མཆོག་ཞིག་དཀའ་བར་སྣང་བའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་དུ་དབང་ཞིག་བསྐུར་བའི་སྔ་རོལ་དུ་ཡང་། སོར་ཤིང་དང་རྨི་ལམ་བརྟགས་པ་སོགས་ཀྱིས་དངོས་གྲུབ་འགྲུབ་པའི་ཚུལ་བརྟག་པ་ཡོད་བཞིན་དུ། འདི་ལྟ་བུའི་ཚུལ་འགོག་པ་ནི་རྡོ་རྗེ་འཆང་གི་ཕྲིན་ལས་ལ་བར་དུ་གཅོད་པའི་བདུད་ཀྱི་ཚིག་ཡིན་པར་ཤེས་པར་བྱའོ། །དེས་ན་པྲ་རབ་ཞིག་ཕེབས་ན་བླང་དོར་མངོན་སུམ་དུ་ཡིད་ལ་གསལ་བ་དང་།


MR13_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཕེབས་ན་ལྷས་དངོས་སུ་ལུང་སྟོན་པ་དང་། ཐ་མའང་བརྡའ་དང་གཟུགས་བརྙན་གྱི་ཚུལ་དུ་འཆར་བས་རང་དོན་དུ་ཆོས་དང་སྲིད་ཀྱི་བྱ་བ་ལྐོག་གྱུར་གྱི་གནས་ལ་འཇུག་ལྡོག་གི་མིག་ཕྱེ་བ་དང་། ལྷག་པར་གཞན་དོན་དུ་མཁོ་བ་ཡིན་ཏེ། བཀའ་གདམས་གོང་མ་རྣམས་ཀྱི་གསུང་ལས། གཞན་དོན་དུ་ཆོས་འཆད་པ་སོགས་ལ་མངོན་པར་ཤེས་པ་ཐོབ་དགོས། དེ་མེད་ཀྱང་བླང་དོར་ཤེས་པའི་པྲ་གསལ་པོ་ལྟ་བུ་ཞིག་ཤིན་ཏུ་དགོས་ཀྱང་། གལ་ཏེ་མེད་ན་ཐ་ན་ཡི་དམ་ལྷག་པའི་ལྷ་ལ་གསོལ་བ་བཏབ་སྟེ་འཇུག་ལྡོག་གི་རྨི་ལམ་གསལ་པོ་ཙམ་ཅིས་ཀྱང་དགོས་པར་གསུངས་པའི་གསུང་རྒྱུན་དེང་སང་གི་བར་དུ་ཡོད་པ་ལྟ་བུ་ཡིན་པས། ལམ་གྱི་ཡན་ལག་ཡིན་གྱི་ལམ་གྱི་སྤང་བྱ་མིན་ནོ། །དེས་ན་སྤང་བླང་ཕྱིན་ཅི་ལོག་ཏུ་འགོག་པ་ཁྱོད་ནི་ནང་པ་སངས་རྒྱས་པའི་གསུང་ལས་རིང་དུ་བརྒལ་བ་ཞིག་གོ། །དེ་ལ་ཁོང་ན་རེ། འོ་ན་པྲ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་མེད་ཐབས་མེད་པ་ལྟ་བུར་ཁྱོད་ཀྱིས་བཤད་པ་དེ་ཡིན་ན། སྡུད་པ་ལས་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་སུ། དྲག་ཤུལ་སྤྱོད་སྔགས་མི་བྱེད་བུ་མེད་སྦྱོར་སྔགས་མིན། །འདོད་པའི་ལས་ཅན་ཕོ་མོར་འགྱུར་ཞེས་སྟོན་མི་བྱེད། ཞེས་དང་། གཞན་ཡང་བཀའ་དགོངས་འགྲེལ་གྱི་གཞུང་ཚད་ཐུབ་དུ་མ་ནས། དེ་འདྲའི་རིགས་ཅན་མི་བྱེད་པར་གསུངས་པ་ཅི་ཡིན་ཟེར་ན། དེ་འདྲ་བའི་ལུང་དེས་མཐའ་གཅིག་ཏུ་པྲ་སོགས་བཀག་པ་མིན་སྟེ། དེ་ལ་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་ཡོད། དགོངས་གཞི་ནི་ཀུན་སློང་ངན་པས་རང་འདོད་ཁོ་ནས་ཕྱིན་ཅི་ལོག་ཏུ་སྤྱོད་པའི་སྔགས་དང་བྱ་


MR13_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ལ་དགོངས། དགོས་པ་ལ་ལྟོས་ས་ལྟོས་འཇོག་དང་། ཡུལ་དུས་ལ་ལྟོས་པའི་དགོས་པ་གཉིས། དང་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཕར་བཞག་ནས། ཐུན་མོང་ཙམ་དོན་དུ་གཉེར་བ་ནི་ཡིད་བཞིན་གྱི་ནོར་བུ་དོར་ནས་མཆིང་བུ་ལེན་པ་དང་འདྲ་བས་མཆོག་ལ་ལྟོས་ནས་ཕལ་པ་སྨད་པའི་སྐབས་དང་། ཡང་སྙིགས་མའི་དུས་སུ་ཡུལ་འགའ་ཞིག་ཏུ་འཕྲལ་གྱི་ལུང་སྟོན་ཐིག་པ་དང་། རྫུ་འཕྲུལ་ཙམ་ལ་ཡིད་བརྟན་ཆེས་བྱེད་པ། དེ་ཡི་ཚེ་ན་རང་འདོད་མཁན་ཕལ་གྱིས་པྲ་སོགས་ལ་བརྟེན་ནས་དོན་ཅུང་ཟད་ཤེས་པ་ལམ་རྟགས་ཡིན་ཟོལ་དང་། གཞན་ཡང་རྫས་སྔགས་དང་མི་མ་ཡིན་ཕལ་གྱི་མཐུ་བྱིན་པའི་གྲུབ་པའི་མཚན་མ་ཕྲ་མོ་ལམ་ཆེན་པོར་སོན་པའི་འབྲས་རྟགས་སུ་ངོམ་པས། གང་ཟག་སྐལ་པ་དམན་པ་རྣམས་དེ་ལ་དད་ཅིང་བསླབ་གསུམ་དག་པའི་རྣམ་ཐར་གཙང་མ་སྐྱོང་བ་རྣམས་ལ་རྩིས་མེད་པར་གྱུར་ནས། རང་འདོད་སྒྱུ་ཐབས་མཁན་དེ་ལོག་འཚོ་བསྒྲུབ་པ་ལ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་བ་སོགས་ཡུལ་དུས་ལ་ལྟོས་ཏེ་བླ་མ་སྐྱེས་ཆེན་དམ་པ་འགས་མི་བཞེད་པའི་ཚུལ་གནང་བའང་དགོས་པའི་དབང་གིས་ཡིན་གྱི། སྤྱིར་རྡོ་རྗེ་འཆང་གི་རྗེས་སུ་གནང་བ་པྲ་སོགས་འགོག་པ་ནི་མིན་ནོ། །དེ་ཡིན་ན་དངོས་ལ་གནོད་བྱེད་ལུང་དང་རིགས་པ་སྔར་ཇི་སྐད་སྨྲོས་པའི་ཚུལ་ལས་བརྩམས་ཏེ་གནོད་པ་དུ་མ་འབབ་པ་ཤེས་པར་བྱའོ། །དེ་ལྟར་ཤན་ཕྱེ་མ་ཤེས་པར། མཐའ་ཅིག་དུ་པྲ་ལ་སོགས་པ་འདི་དག་མི་ལེགས་ཞེས་སྨྲ་ན་ཚིག་དེས་ཆོས་དང་གང་ཟག་གཉིས་ཆར་ལ་བསྐུར་བ་བཏབ་པར་འགྱུར་ཏེ། ཆོས་ལ་བསྐུར་པ་ཇི་ལྟར་བཏབ་ན། རྒྱལ་བའི་མདོ་རྒྱུད་དུ་མ་ནས་


MR13_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དོར་གསལ་པོར་རྟོགས་ཕྱིར་པྲ་ཕབ་པར་གསུངས་པའི་གསུངས་དེ་ཀུན་སྤངས་པ་ཡིན་ཏེ། ཆོས་སྤང་བ་ནི་ཤིན་ཏུ་ཕྲ་བར་གསུངས་པས་ན། དེ་ཙམ་གྱིས་ཀྱང་ཆོས་དེ་སྤང་བར་འགྱུར་བའི་ཕྱིར་རོ། །དེ་ཡང་མདོ་ལས། དེ་བཞིན་གཤེགས་པའི་བཀའ་ལ་ལ་ནི་བཟང་པོར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན། དེ་ཡང་ཆོས་སྤང་བའོ། །ཞེས་གསུངས་ཏེ། རྒྱལ་བའི་བཀའ་ཐམས་ཅད་ཐམས་ཅད་མཁྱེན་པའི་ལམ་ལ་དངོས་སམ་བརྒྱུད་ནས་ཕན་པ་ཡིན་ན། དེའི་ནང་ན་སྤང་བྱ་ཞིག་ཅུང་ཟད་ཀྱང་ཡོད་པ་མིན་ནོ། །དེ་ལྟར་ཤོ་ལོ་ཀ་གཅིག་སྙིང་ནས་སྤངས་ཀྱང་ཆོས་སྤང་བའི་ཉེས་པར་འགྱུར་བ་ཡིན་ལ། ཆོས་སྤང་བ་ནི་མཚམས་མེད་ལས་ཀྱང་ཆེས་ཤིན་ཏུ་ལྕི་བར་མདོ་རྒྱུད་དུ་མ་ནས་ཡང་ཡང་གསུངས་པས་ན། ཀྱེ་མ་རྟོག་གེ་ངན་པ། ཆོས་ཀྱི་ནང་གི་འབྲས་བུའི་རོ་ལྟ་བུ་ནི་མྱོང་མ་ནུས། ཚིག་འཁྲི་དང་ཡི་གེའི་དོན་ཤུན་པ་ལྟ་བུའི་རོས་མྱོས་ཤིང་དྲེགས་པ་རྣམས་ལ་ས་མཚམས་འདི་ན་གཡང་ས་ཆེན་པོ་ཞིག་ཡོད་ངེས་པ་ཡིན་ནོ། །གཉིས་པ་གང་ཟག་ལ་ཇི་ལྟར་བསྐུར་ན། ངེས་པ་དོན་གྱི་དབང་དུ་བྱས་ན་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཡིན་པར་གདོད་མི་ཟ་ཡང་ཐུན་མོང་གི་སྣང་ངོར་ཡང་མཁྱེན་བརྩེ་མཚུངས་པ་མེད་པའི་མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ལ་རྩོད་པ་མེད་པ། སློབ་དཔོན་པདྨ་དང་། དཔལ་ལྡན་ཨ་ཏི་ཤ་ལྟ་བུས་ཀྱང་གདུལ་བྱ་གཞན་སྣང་གི་ངོར། དགོས་པའི་དབང་གིས་པྲ་ཕབས་མཛད་པ་ཡིན་ཏེ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝས། བོད་གངས་ཅན་གྱི་བསྟན་པའི་སྒྲོན་མེ་སྦར་བའི་དང་པོར། མ་རུངས་པའི་དྲེགས་པ་བརྟུལ་བའི་དུས་


MR13_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སུ། འོད་ཟེར་ཅན་གྱི་པྲ་ཕབས་ནས་ཁྱེའུ་རྣམས་ལ་བསྟན་པས། ལྷ་འདྲེ་རྣམས་ཀྱི་གྲོས་དང་འདུན་མ་ཇི་ལྟ་བར་ཤེས་ནས་གདུལ་བའི་ཐབས་དེ་ལྟར་མཛད་པས་བོད་གངས་ཅན་དུ་སངས་རྒྱས་ཀྱི་བསྟན་པ་ཚུགས་པའི་ཕྲིན་ལས་བྱུང་བའི་ཚུལ། དེབ་ཐེར་རྙིང་པ་དག་ལས་གསལ་བ་དང་། ལྷ་ཅིག་ཇོ་བོ་ཆེན་པོ་ནས་ཀྱང་། ཙུནྡ་ལ་བརྟེན་པའི་པྲ་ཕབས་པའི་ལོ་རྒྱུས་བཀའ་གདམས་ཕ་ཆོས་སོགས་སུ་གསལ་བ་དང་། དེ་དག་གི་བརྒྱུད་པའང་བཞུགས་པ་ལྟ་བུས་མཚོན། བོད་འདིར་ཡང་དངོས་སུ་གསལ་མ་གསལ་ཇི་རིགས་ལས། ཕྲིན་ལས་ཀྱི་འགྲོ་དོན་ཆེ་བ། གཞན་ཕན་བྱང་ཆུབ་ཀྱི་སེམས་འབྱོང་བའི་མཁས་གྲུབ་ཐམས་ཅད་ཀྱང་ཚུལ་འདི་ལ་ཕྱག་བཞེས་མཛད་པ་ཕལ་ཆེར་རང་གི་རྣམ་ཐར་བཀའ་འབུམ་ལོ་རྒྱུས་གཞན་ཇི་རིགས་ན་གསལ་བ་དེ་འདྲ་ཡིན་པས། དེ་དག་ཕལ་ཆེ་བའང་རང་གི་ཇི་བཞིན་དགོངས་ཀྱང་། རྒྱལ་བའི་བཀའ་བཞིན་དུ་པྲ་ཕབས་སོགས་ཀྱི་མཐུས། གཞན་ཡིད་ཆེས་པར་མཛད་ན། ཅི་ཡང་མི་ཤེས་པ་རང་རེ་ལྟ་བུས་སྨྲོས་ཅི་དགོས། དེས་ན་གང་ཟག་ཁྱད་པར་ཅན་དེ་དག་ལ་ཡང་ཁྱོད་ཀྱི་ཚིག་དེས་སྐྱེས་བུ་དམ་པ་མིན་པར་དོན་གྱིས་བསྐུར་བར་འགྱུར་ཞིང་། གསུང་པ་པོ་རྡོ་རྗེ་འཆང་ཡང་སྐྱབས་གནས་ཡང་དག་ཏུ་མི་རུང་བར་དོན་གྱིས་ཁས་བླང་བ་ཡིན་པས། ཁྱོད་ཀྱི་གང་བྱུང་གི་ཚིག་འདི་ཅུང་ཟད་བསྐྱུང་ན་ལེགས་ཞེས། ལྷག་བསམ་དག་པས་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན་ལ། གལ་ཏེ་ད་རུང་སྨྲ་ན་ཡང་། ཚེར་མའི་རྩེ་མོ་བྲག་ལ་བསྣུན་པ་ལྟར། རང་གི་བློ་གྲོས་རྒུད་པའི་རྐྱེན་དུ་འབབ་པར་འགྱུར་གྱི། དོན་གྱི་ལུང་དང་རིགས་པ་འདི་ལས་བརྒལ་ཏེ་སྨྲ་བ་བཟང་པོ་ཞིག་ནི་སྲིད་པ་


MR13_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པས་བག་ཡོད་པར་བྱོས་ཤིག །ཀ་ཡེ་གསོན་དང་པྲ་སོགས་འགོག་པ་ཁྱོད། །ཁ་ནས་ཇི་ལྟར་བརྗོད་ཀྱང་ན་ཚ་སོགས། །ག་ལེར་རང་གི་སྟེང་དུ་བྱུང་ཙ་ན། །ངན་ནམ་བཟང་པོ་ཅི་ཡིན་དེ་ན་གསལ། །ཅ་ཅོ་སྣ་ཚོགས་དོན་མེད་འཆལ་པོའི་ངག །ཆོས་སྤང་ལས་ལ་ཤིན་ཏུ་ཉེ་འགྱུར་བའི། །ཇི་ནུས་རང་གི་རྒྱུད་ལ་བརྟགས་བྱས་ཏེ། །ཉི་མ་རེ་བཞིན་དོན་མེད་གཏམ་སྤངས་ཤིག །ཏ་ཐཱ་ག་ཏས་ལེགས་པར་གསུངས་པའི་ཆོས། །ཐ་ན་ཡི་གེ་འབྲུ་གཅིག་ཚུན་ཆད་ཀྱང་། །དུས་ཀུན་འགྲོ་ལ་ཕན་པ་ཁོ་ནའི་ཕྱིར། །ནམ་ཡང་སྤང་བར་བྱ་བ་ཅུང་ཟད་མེད། །པ་ཝ་སངས་ལྟར་དཀར་བའི་ལྷག་བསམ་གྱིས། །ཕ་རོལ་དོན་མིན་སྨྲ་བའི་ཕྲག་དོགས་ཚིག །བ་མོར་ཉི་ཟེར་ཇི་བཞིན་གཞོམ་སླད་དུ། །མ་བཅོས་དྲང་པོའི་གཏམ་གྱི་རོལ་མོ་འཁྲོལ། །ཙབ་ཙུབ་བློ་སྣ་མང་པོའི་འཆལ་ངག་འདིས། །ཚེ་རབས་དུ་མའི་ཕུང་ཁྲོལ་ཁུར་ལེན་པས། །ཛ་ཡའི་གསུང་ལ་གཤེ་བ་སྤང་བའི་ཕྱིར། །ཝཱ་གི་ཤྭ་རིའི་བཙུན་པ་བདག་གིས་ཀྱང་། །ཞི་བའི་ཡིད་ཀྱིས་འདི་ན་གང་སྨྲས་པ། །ཟས་མཆོག་བཞིན་དུ་ཁྱོད་ཀྱིས་དང་བླང་ནས། །འ་འུར་བྲེ་མོའི་གཏམ་ངན་རྒྱུན་བཅད་དེ། །ཡ་མཚན་ཚུལ་བཟང་གནས་ལ་བསྔགས་པར་གྱིས། །རང་གཞན་བླང་དོར་མ་འདྲེས་མཐོང་བའི་ཕྱིར། །ལས་ཀྱི་མེ་ལོང་དང་འདྲ་རྣམ་གསལ་པྲ། །ཤིན་ཏུ་གཅེས་པར་བཟུང་ནས་ཟོལ་མེད་པར། །སེམས་ཅན་གཞན་ལ་ཕན་པ་ལྷུར་ལོངས་ཤིག །ཧ་ཅང་གཞན་དོན་ཁུར་ཆེན་ཁྱེར་མིན་ཡང་། །གནས་སྐབས་རང་དང་གཞན་གྱི་དགོས་དོན་ལ། །ཨེ་ཡིན་མི་ཡིན་


MR13_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་ཐེ་ཚོམ་རྒྱ། །ཅུང་ཟད་གྲོལ་ཀྱང་བཟང་པོ་མ་ལགས་སམ། །འདི་ནི་ལེགས་གསུང་དབྱར་གྱི་རྔ་བོ་ཆེ། །གཙུག་རོལ་ཉི་ཟླའི་ལམ་ནས་སྒྲགས་པའི་མོད། །རྣམ་དཔྱོད་རིགས་པའི་སྒྲོ་ཐིག་མ་ཉམས་པ། །བློ་བཟང་གཙུག་ཕུད་མཛེས་པའི་མགྲིན་དབྱངས་སོ། །ཞེས་པའང་ལབ་སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀས་བསྐུལ་བ་བཞིན་དུ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་མངྒ་ལཾ།། ༈ །། གླིང་གེ་སར་སྐྱེས་བུས་མཛད་པའི་མདའ་མོའི་བདར་བ་ནི། བསྭོ། གཅིག་པ། གསེར་ས་གཞི་ གཉིས་པ། ཉི་མ་ཟླ་བ། གསུམ་པ། སྲིད་པ་གསུམ། བཞི་པ། གླིང་བཞི། ལྔ་པ། མཁའ་འགྲོ་སྡེ་ལྔ། དྲུག་པ། འགྲོ་བ་རིགས་དྲུག །བདུན་པ། གཟའ་བདུན། བརྒྱད་པ། གླིང་ཕྲན་བརྒྱད། སྤར་ཁ་བརྒྱད། དགུ་པ། སྨེ་བ་དགུའམ་ཕྱོགས་སྐྱོང་དགུ། བཅུ་པ། ས་བཅུ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ཕོ་ལྷ་དགྲ་བླ་མ་ལྷ་ཞང་ལྷ། མཐོ་བ་གནམ་ལ་ལ་གནས་པ། དམའ་བ་ས་ལ་གནས་པ། རླུང་དང་མཁའ་ལ་གནས་པ། དེ་རིང་གི་གཟའ་དང་ཚེས་ལ་སོགས་པར་གནས་པ། བསྭོ། བཅུ་གཅིག་བཅུ་གཉིས་བཅུ་གསུམ་གོང་། །བཅུ་གསུམ་གོང་གི་ཡང་སྟེང་ན། །རྣམ་པར་རྒྱལ་བའི་ཁང་བཟང་ནས། །ལྷ་གནས་སྟོང་དང་རྩ་གཉིས་ནས། །མ་ནེ་ནེ་གནམ་སྨན་དཀར་མོ། ཕོ་བོ་དུང་ཁྱུང་དཀར་པོ། ནུ་བོ་ཀླུ་སྦྲུལ་འོད་ཆུང་། སྲིང་མོ་ཐ་ལེ་འོད་འཕྲོ། དགྲ་བླ་གཉན་སྟག་དམར་པོ། མ་སང་སྐྱེས་བུ་དོན་གྲུབ་ལ་སོགས་པ། འཇིག་རྟེན་གསུམ་ན་གནས་པའི་མཐུ་སྟོབས་རྫུ་འཕྲུལ་ཕུན་སུམ་ཚོགས་པ་རྣམས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་


MR13_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །མོ་རྟེན་རྫས་དང་མཆོད་པ་བཞེས། །བཞེས་ནས་ཕྱྭ་གཡང་མོ་ཕོབ་ཅིག །དཀར་གསུམ་མངར་གསུམ་མཆོད་པ་བཞེས། །འབྲུ་སྣ་ལྔ་ཡི་གདན་སྟེང་དུ། །ཕྱེ་མར་ཕུད་ལྔ་བཤམས་པ་འདི། །མངོན་ཤེས་ལེགས་ཉེས་སྟོན་པའི་ཡོན། །ཡོན་བདག་འཁོར་དང་བཅས་ཀྱིས་འབུལ། །འབུལ་བ་གཙང་མ་འདི་བཞེས་ལ། །བདེན་རྫུན་ལེགས་ཉེས་མི་བསྲེ་བར། །བཟང་ངན་སོ་སོར་སྟོན་པར་ཞུ། །ཚིལ་ཆེན་གསུར་གྱི་དུད་པ་འདི། །གསུར་འདྲེ་གསུར་ལ་དགྱེས་རྣམས་ལ། །མོ་དང་ཕྱྭ་ཡི་དོན་དུ་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཕྲེང་སྐོར་རམ་བདུན་ཕྲག་གསུམ་གཉིས་གང་ཐོན་བྱ། བསྭོ། དང་པོ་གཅིག་པ་མི་འབོད་རྒྱུས། །སྨེ་བ་གཅིག་དཀར་ལྷ་ཡི་བུ། །ལྷ་ཡི་ལུང་བསྟན་ཡེ་ཤེས་སྤྱན། །ཡེ་ཤེས་སྤྱན་གྱིས་མོ་འདི་སྟོན། །དེ་ནས་གཉིས་པ་སྨོད་པ་འདི། །སྨེ་བ་གཉིས་ནག་ལ་སོགས་པ། །ནག་པོ་འདྲེ་མདའ་བརྩམ་པ་ཡིན། །ལྷ་འདྲེས་བཟང་ངན་ཤན་ཕྱེད་མཛོད། །དམར་པོ་ལྷ་མདའ་གས་མེད་ལ། །ལྟོང་ཁ་མར་གྱིས་བརྒྱན་པ་འདི། །ལྷ་ཡི་གསོལ་གདན་དཀར་པོ་ཡིན། །ལྷ་མདའ་རྐན་སྒྲ་མ་རྡེབ་པར། །ཞེས་པ་ལྟོང་ཁ་ཚག་སྒྲ་ཅན་ལ་བྱ། དེ་རིང་ཕྱྭ་གཡང་མོ་ཕོབ་ལ། །འདྲེ་མདའ་ནག་པོ་ཐུར་དུ་དེད། །སྲིད་པའི་དིང་དིང་བརྒལ་ཉེར་གྱིས། །གཞིའི་གཡུང་དྲུང་གི་ཟུར་བརྒལ་ཉེ་བ་ཙམ་དུ་དེད་ཅེས་པའོ། །གཞི་ཡི་འབྲུ་ནས་མ་བསྡུ་བར། །འདྲེ་མདའ་ནག་པོ་སོ་སོར་བྱེར། །སྨེ་བ་དགུ་ཡི་སྐོར་མགོའི་སྟེང་། །ལྷ་འདྲེའི་དམོད་མདའ་ལྟོང་སྤྲད་ནས། །འཇིག་རྟེན་གསུམ་གནས་འབོད་པ་འདི། །ལྷ་འདྲེ་རྣམས་ཀྱི་གབ་ཙེ་ཡིན། །གབ་ཙེ་འདི་ཡིས་


MR13_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐིག་མེད། །ལྷ་འདྲེ་རྣམས་ཀྱིས་མི་མཁྱེན་མེད། །མངོན་མཁྱེན་ཅན་གྱིས་བཟང་ངན་སྟོན། །དམག་ཇག་ཐེབས་སམ་མི་ཐེབས་ཀྱི། །ཕམ་རྒྱལ་ཤན་དབྲག་ད་ཕྱེས་ཤིག །ཐེབས་ན་ལྷ་མདའ་ཡ་ཡཱ་ཡཱ། །མི་ཐེབས་འདྲེ་མདའ་ཡ་ཡཱ་ཡཱ། །བཟང་པོ་ཕུན་སུམ་ཚོགས་པ་དང་། །ལུས་ལ་ན་ཚ་མི་འོང་ཞིང་། །ཅི་བསམ་དོན་ཆེན་འགྲུབ་པ་ན། །ལྷ་མདའ་ལྷ་ཡི་ཕོ་ཉ་ཆེ། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །མཐོ་བའི་གནམ་འཕང་ད་ཆོད་ལ། །ཉམས་ང་མི་འཚལ་འདྲེ་མདའ་འདི། །ཐེང་གསུམ་ཧར་གྱིས་ནོན་པར་གྱིས། །འདྲེ་མདའ་ནག་པོའི་ལྟོང་གཤོག་ལ། །ཆག་གྲུམ་གས་འདར་བྱེད་པ་དང་། །སྒྲོ་མོ་ཡུག་གསུམ་ཆོད་པར་གྱིས། །ཕོ་བྲང་ཐོག་གིས་མ་གཏོར་ཅིག །མདའ་བཞི་ཀ་གྱེན་དུ་འཕར་ནས་ལྟོང་ཆག་འཐོར་དུ་འོང་བ། དིང་དིང་གུར་ཁང་མ་བརྒལ་ཞིག །གཡུང་དྲུང་གི་ཟུར་ལས་བརྒལ་ནས་སྟོང་ཁ་བྲལ་ན། བསྐལ་པ་ཆགས་འཇིག་གི་སྐབས་སུ་བབ་པ་ཡིན་པས་གཉན་ནོ། །འདྲེ་མདའ་ནག་པོར་མ་སྒྲག་ཅིག །དེད་མི་ནུས་པར་འདར་བ་དང་འབྲོས་པ། སྔངས་ནས་ཕྱི་ནུད་མ་བྱེད་ཡཱ། །ཚུར་ནུར་བ་དང་ཆང་མཇུག་ཏུ་ཤུད་ལ། ཕྱེ་མར་ཁ་ན་མ་འབོ་ཡ། ལྷ་མདའི་མར་འདྲེ་མདའ་ལ་འགོས་པ། རྐན་སྒྲ་ཏག་ཏག་མ་རྡེབ་ཡ། །ལྟོང་ཁ་འཚག་པ། ལྟོང་ལ་ཆག་གས་མ་རྒྱུག་ཡ། །རྒོད་པོ་སྒྲོག་རུས་མ་ཆག་ནས། །སྒྲོ་ཕྱི་བ། སེང་དཀར་གཡུ་རལ་སྤྲུགས་པ་བཞིན། །ལྷ་མདའ་དམར་པོ་ངར་བསྐྱེད་ལ། །བཟང་ངན་མ་བསྲེ་སོ་སོར་ཕྱེས། །བཟང་ན་ངན་ལ་མ་སློང་ཞིག །ངན་ན་བཟང་ལ་མ་སྟོན་ཡཱ། །འདྲེ་མདའ་ནག་པོ་བྱུར་ཆེན་འདི། །ཆུ་བོའི་གཞུང་ལ་ད་དེད་ཅིག །འདྲེ་མདའི་འོག་ལ་མ་འཛུལ་ཅིག །སྒྲོ་མོ་བསྣོལ་འཛོལ་མ་བྱེད་ཅིག །


MR13_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་ཤན་དབྲག་ད་ཕྱེས་ཤིག །ཅེས་འདོད་དོན་གང་ཡིན་ལེགས་པར་སྨོས། འདི་གལ་ཆེ་བས་ནམ་ཐོད་ཐོད་མི་གདབ། གལ་ཆེ་དུས་གདབ། སྔགས་ནི། ཨ་ཀ་ཡ་མ་ར་ཙ་པྲ་ཕོབ། ཅེས་སམ། ཡང་ན། ཡ་ས་ཀར་ཤ་ཡ་པྲ་ཕོབ། ཅེས་བཟླའོ། །མཇུག་ཏུ། ཐེའུ་རང་བྲག་ཕུག་ནང་དུ་དེངས། །གདུག་རྩུབ་ཕྲག་དོག་ཞི་བར་ཤོག །འདྲེ་མོ་ལུང་གསུམ་མདོ་རུ་སོང་། །ཀོ་ལོང་ཕྲག་དོག་མ་བྱེད་ཅིག །ཕུག་གི་ལྷ་ལ་བཀྲ་ཤིས་ཤོག །བར་གྱི་མི་ལ་བཀྲ་ཤིས་ཤོག །སྒོ་ཡི་ནོར་ལ་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་བཀྲ་ཤིས་ཤོག །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཤོག །ཞེས་སོ། །ཞལ་དྲོ་བཀྲ་ཤིས་དགེ་ལེགས་འཕེལ།། ༈ །།གེ་སར་མདའ་མོའི་དཔྱད་དོན་རིན་ཆེན་མེ་ལོང་བཞུགས་སོ། །རིག་གསུམ་པདྨའི་སྒྱུ་འཕྲུལ་གར། །གེ་སར་སྐྱེས་བུ་དོན་གྲུབ་ལ། །བཏུད་ནས་དེ་ཡི་མདའ་མོ་ཡི། །དཔྱད་དོན་རིན་ཆེན་མེ་ལོང་འགོད། །དེ་ཡང་གནས་གཙང་མར་ལྷ་གཞི་དཀར་པོའི་སྟེང་དུ་ནས་ཀྱི་གཡུང་དྲུང་གཡས་སྐོར་ལྟེ་བ་ནས་མགོའི་བར་མཐོ་གང་དང་སོར་དྲུག་ཡོད་པ་བཀོད། གཡུང་དྲུང་གི་ཁུག་བཞི་དང་ལྟེ་བར་འབྲུ་ཡི་ལྔ་ཚོམ་བཀོད་ལ། ལྷ་མདའ་མཚལ་མ་ལེགས་པ་སྐྱོན་མེད་གཉིས་དང་། འདྲེ་མདའ་མདའ་སྐྱ་སྐྱོན་མེད་གཉིས་སོ་སོར་ལྟོང་སྤྲད་ལ་གཡུང་དྲུང་གི་ལྟེ་བར་བཞག །ལྷ་མདའི་མགུལ་དུ་སྲུང་སྐུད་དཀར་པོའམ་དར་དཀར་བཏགས། འདྲེ་མདའི་མགུལ་དུ་ནག་པོ་བཏགས། མཆོད་སྟེགས་སུ་མདའ་དར་བཙུག་ཕྱེ་མར་སྐྱེམས་ཕུད་མར་མེ་སྤོས་སོགས་མཆོད་པ་ཅི་འབྱོར་དང་། རང་མདུན་བསང་དང་དམོད་ནས་འདུ་བྱས་ལ། གཙང་སྦྲ་དང་ལྡན་པར་བདེ་བའི་


MR13_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལ་འདུག་ནས་སྐྱབས་སེམས་བྱས་ལ། རང་སྤྱན་རས་གཟིགས་སུ་བསྒོམ་སྟེ་མ་ཎི་བརྒྱ་སྐོར་བཟླ། མདུན་དུ་གེ་སར་རྒྱལ་པོ་ལང་ཚོ་དར་ལ་བབ་པ་ཆ་བྱད་མཛེས་པ་སྤྱན་གསུམ་པ་ཕྱག་གཡས་པདྨ་དཀར་པོ། གཡོན་མེ་ལོང་བསྣམས་པ། དཔའ་བོ་མཁའ་འགྲོ་དགྲ་བླ་ཝེར་མས་བསྐོར་བ་གསལ་ལ་སྤྱན་དྲངས་ནས་བསྟིམ། བསང་དང་གསེར་སྐྱེམས་སོགས་མཆོད་པ་གང་རིགས་བཏོན། གེ་སར་རྒྱལ་པོ་ཁྱེད་ཀྱིས་བདག་གི་བརྟག་བྱ་འདི་བསླུ་མེད་དུ་སྟོན་པར་མཛད་དུ་གསོལ་སྙམ་པའི་ཡིད་ཀྱིས། ཨ་ཀརྵཱ་ཡ་རལ་གྲི་ནག་པོ་ཤིག་ཤིག་ཨ་ཀ་ཡ་མ་ར་ཙ་པྲ་ཕོབ། ཅེས་བརྒྱའམ་རྒྱས་པར་སྟོང་ཙམ་བཟླས་ནས་མདའ་ལྟོང་དུ་བཏབ། ཡང་། ས་མ་ཡ་ཌཱཀྐི་ནཱི་པྲ་མོ་ཤག །པྲ་མོ་ཕྱེ། རྣོ་མཐོང་གསལ་བའི་སྒྲོན་མེ་སྟོན། ཞེས་བརྒྱ་བཟླས་ལ་འབྲུ་ལ་བསྔགས་ནས་མདའ་ལ་གཏོར། གསུར་བཏང་། དེ་ནས་བསམ་པ་རྩེ་གཅིག་པས་བདར་བ་གེ་སར་ཞལ་གསུང་དང་གཞན་ཡང་རྩ་གསུམ་དམ་ཅན་བསྐུལ་ཞིང་བདེན་མཐུ་བདར་བ་རྒྱས་བསྡུས་གང་རིགས་གཏོང་ཞིང་། མོ་མའི་གཡས་སུ་ལྷ་མདའ་གཡོན་དུ་འདྲེ་མདའ། གཞན་ཁ་ཅིག་གིས་གཡས་སུ་འདྲེ་མདའ་གཡོན་དུ་ལྷ་མདའ་བཟུང་བ་ལྟོང་སྤྲད། ལྷ་མདའི་ལྟོང་ཁ་མར་གྱིས་བརྒྱན། མདའ་གཉིས་པོའི་མདེའུ་ཆ་མཇུག་ཏུ་གཏད་ལ་ཤེད་ཅུང་ཟད་བརྟེན་ཏེ་དམ་པར་བཟུང་། འདོད་དོན་གང་ཡིན་འདི་ལེགས་ན་ལྷ་མདའ་རྒྱལ་བ་དང་འདྲེ་མདའ་ཕམ་པ། མི་ལེགས་ན་འདྲེ་མདའ་རྒྱལ་ཞིང་ལྷ་མདའ་ཕམ་པའི་བརྡ་རྟགས་གསལ་བར་ཡང་ཡང་གསོལ་བ་བཏབ་པས་མདའ་འཕར་བར་འགྱུར་ཏེ། མདའ་གང་ལྟར་འཕར་ཀྱང་ཤད་བརྟེན་བཞིན་དེ་གར་མངག་ལ་བརྟག་གོ །


MR13_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མི་གཙང་མ་གཞན་གཉིས་ལ་མདའ་འཇུ་བཅུག་ནས་མོ་མས་སྔགས་བཏབ་འབྲུ་གཏོར་ཀྱང་རུང་། འཛིན་མཁན་གཙང་མ་གལ་ཆེའོ། །མདའ་ཤེད་ཆེར་འཕར་ན་དོན་དམོད། ཆུང་ན་སྔགས་བསྐྱར། བརྟག་པ་དངོས་ནི།དང་པོར་མདའ་སྙུག་དང་སྒྲོ་མདེའུ་བཅས་ལ་སྐྱོན་མེད་ཅིང་མདངས་ལེགས་པ་ཅི་ལའང་བཟང་། མདའ་ཆག་པ་དང་ལྟོང་སོགས་གས་ན་ན་ཚ་ཤི་ཆད་འོང་། དེ་ཡང་མདའ་ལྟོང་ཕྱོགས་སྟོད་ཕོ་ས་བར་བུད་མེད་སྨད་ནོར་སར་དཔྱད། དེ་བཞིན་རྒན་རིམ་ནས་རིམ་པར་དཔྱད། སྒྲོ་གོག་ཅིང་ཕྱི་ན་ཡང་ངན་ཏེ་ཁྱད་པར་རྟ་ནོར་ལ་ངན། ཡང་ན་གློ་བུར་ན་ཚ་བྲེད་སྔངས་ངོ་། །མདེའུ་བཙའ་བ་ནང་འཁྲུག་གམ་གྲིར་ཤི་སོགས་ཀྱི་ངོ་ཡིན་ངན། མདེའུ་བུད་པ་བྱེ་བྲལ་སོགས་མི་བདེ་བའི་ངོ་། །མདའ་ལ་ཁྲག་འགོས་ན་དམར་ངོ་། །ནག་དྲི་སོགས་མི་གཙང་བའི་ངོ་སོགས་ཀྱི་ལ་ཉེ་སྣ་ཚོགས་དཔྱད་པར་བྱའོ། །ལྷ་མདའ་ལངས་ནས་གྱེན་དུ་བསྒྲེངས་ཞིང་འདྲེ་མདའ་གཏན་མ་འཕར་ན་ཅི་ལའང་བཟང་། འདྲེ་མདའ་གྱེན་ལངས་ལྷ་མདའ་མ་འཕར་ན་ཅི་ལའང་ངན། ལྷ་མདའ་འདྲེ་མདའ་གཉིས་ཀ་འཕར་ཀྱང་ལྷ་མདའ་སྟེང་དུ་སོང་སྟེ་འདྲེ་མདའ་ཞབས་སུ་བཅུག་ན་རང་གི་དགྲ་བླ་དར། དེ་ལས་གོ་ལྡོག་དགྲ་བོའི་དགྲ་བླ་དར་བས་ངན། ལྟོང་ཁ་དང་སྒྲོ་རྩ་ནས་ཚག་སྒྲ་བྱུང་ན་ཁ་འགྱོད། ལྷ་མདའ་འདར་ན་བྲེད་སྔངས་ཁ་སྨྲས་འོང་། ལྷ་མདའ་སྐེད་པ་ནས་ལྡེམ་ལྡེམ་བྱེད་ན་ནད་པ་ཡིན་ན་ནད་ཡུན་རིང་། གཞན་ལ་ཁ་མ ཆུ་ཤོར་གོད་ཀྱི་ངོ་ཡིན། གདོན་ཆེ། དགྲ་ཕྱར་འབྲིང་། ལྷ་མདའ་ཕྱིར་ནུད་བྱས་ན་སྡར་ངོ་སྟེ་བྱེ་བྲལ་དང་ལབ་བརྗོད་སོགས་བློ་མི་བདེ་བའི་ངོ་། ངན་པ་དེ་རྣམས་འདྲེ་མདའ་ལ་བྱུང་ན་


MR13_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྟོ་ལེགས་པར་བཤད། མདའ་བཞིའི་ཁ་ནས་ཙག་ཙག་ཟེར་ན་ཕོ་གདོན་རྒྱལ་པོས་གནོད། །ཙིག་ཙིག་ཟེར་ན་མོ་གདོན་འདྲེ་མོ། ཀྲོག་ཀྲོག་ཟེར་ན་ཐེའུ་རང་། ཀྲིག་ཀྲིག་ཟེར་ན་འགོང་པོ། ཤོག་ཤོག་ཟེར་ན་གོད་ངོ་ཡིན། ལྷ་མདའ་ལངས་སྔ་ན་ལེགས་ཏེ་ཁ་གསལ་ངོ་། །འདྲེ་མདའ་སྔོན་དུ་ལངས་བཅུད་མི་ལེགས་ཀྱང་། རྔོན་པ་ཁྱི་ཁྲིད་དང་རྐུན་བུ་ཐག་བཟུང་གི་མོ་ལ་ཤ་བ་སོད། ནོར་ཐོང་། མདའ་གཉིས་ལངས་ནས་ལྷ་མདས་འདྲེ་མདའ་དེད་ན་ལེགས། དེ་ལྡོག་ངན། ལྷ་མདའ་ཤེད་ཆེ་འདྲེ་མདའ་ཤེད་ཆུང་བ་ལེགས། དེ་ལྡོག་ངན། མདའ་གཉིས་ལངས་ནས་འཐབ་ཅིང་རྒྱལ་ཕམ་རེས་མོས་བྱེད་ན། བདག་དང་དགྲ་བོ། རྒྱལ་ཕམ་རེས་མོས་བྱེད་པའི་ངོ་། ཁྱིམ་བདག་ཕོ་མོར་གྲི་བཙན་རྒྱལ་པོ་སོགས་ཀྱིས་གདོན། ནད་པ་ལ་ལྷ་འདྲེ་འཐབ་ཅིང་གྲིབ་གདོན་གྱི་ངོ་ཆེ། ན་ཚ་དྲག་པོ་འོང་། མཐར་ཡང་རྒྱལ་ཕམ་བྱེད་པ་མ་བྱུང་ན་ན་ངོ་དང་འཚུབ་ཡོད་པས། ལྷ་མཆོད་འདྲེ་བཀར། གླུད་འབོར་བ་སོགས་དང་དཀར་ཆོས་རིམ་གྲོར་འབད་དགོས། རིམ་གྲོ་ཅི་དགོས་དམོད་པས་ལྷ་མདའ་རྒྱལ་བའི་བརྡ་རྟགས་བྱུང་ན་དེ་གར་འབད་པ་གལ་ཆེ། དེ་ལྟར་སྐབས་ཀུན་ཏུ་ཤེས་པར་བྱའོ། །ལྷ་མདས་འདྲེ་མདའ་དེད་འཕྲོ་ལ་ཤུགས་ཞན་དུ་སོང་ན་བདག་དང་ལྷ་སྟོབས་མ་སྨིན་པས་དགྲ་བླ་དང་ཝེར་མ་དྲག་ཏུ་མཆོད་བསྟོད་བྱའོ། །ཤུགས་ཇེ་དྲག་སོང་ན་བཟང་། འདྲེ་མདའ་མཐོ་ཞིང་ལྟོང་ཁ་བྲལ་ན་ཁ་འགྱོད་ངོ་། ནད་པར་གཞོག་སྐམ་ངོ་། གཟའ་ཀླུ་གནོད། འདྲེ་མདའ་མཐོ་ཞིང་ཁ་ནས་ཚག་ཚག་ཟེར་ན་འདྲེ་གདོན་གྱི་ངོ་ཆེ་བས། རྒྱལ་མདོས་དང་ཐེའུ་རང་སོགས་འདྲེ་བཀར་བྱ། མདའ་བཞི་ག་གྱེན་དུ་ལངས་ཡང་ལྷ་མདའ་


MR13_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་ན་བཟང་། མདའ་བཞིའི་ལྷ་མདའ་སྟེང་དུ་བྱས་ཏེ་འདྲེ་མདས་ཡར་བཏེགས་ཚུལ་གྱིས་མདའ་བཞི་བསྣོལ་མར་གྱེན་བསྒྲེང་ལྟོང་ཁ་མ་བྲལ་བར་གུར་ཕུབ་འདྲ་ན་ཅི་ལའང་བཟང་རབ་ཡིན། འདྲེ་མདས་ཞབས་ནས་ཕུལ་ཏེ་ལྷ་མདའ་ལྟོང་ཁ་ཕྲལ་ན་ཅུང་མི་ལེགས། ལྷ་མདའ་སྟེང་དང་འདྲེ་མདའ་ཞབས་སུ་བྱས་ཏེ་ཕན་ཚུན་འཕྲེད་དུ་བསྣོལ་བ་འུར་མཐིལ་འདྲ་ན་གྲོགས་ཕྱར་མཆོག་ཏུ་བཟང་། ཁ་མཆུ་རྒྱལ་ནད་པར་མི་སྐྱོན། དེ་ལྡོག་འདྲེ་མདའ་སྟེང་སོང་འུར་མཐིལ་འདྲ་ན་གྲོགས་ཕྱར་ངན།གཏམ་བསྣོལ་དང་བྱེ་བྲལ་འོང་། ཁ་མཆུ་ཕམ། ནད་པར་ནད་གཞི་ཆེ། གྲིབ་རྩོག་ངོ་ཆེ་བས་བསང་ཁྲུས་འདྲེ་བཀར་སོགས་བྱ། ལྷ་མདའ་དང་འདྲེ་མདའ་མ་འཕྲད་པར་རང་ཕྱོགས་སུ་སོ་སོར་གྱེས་ན་ནད་པ་ཡིན་ན་འདྲེ་དང་བྲལ། ལྷ་མཆོད་བྱ། ཁ་མཆུ་རང་ཞི་སྟེ་མི་སྐྱོན། དགྲ་བོར་འཁྲུགས་པ་མི་འབྱུང་། མགྲོན་པོར་འགོར་གཞི་ཆེ། འདྲེ་མདའ་ཕྱིར་རང་སར་བྱེར་ཞིང་ལྷ་མདའ་གྱེན་དུ་ལངས་ན་ལྷ་ངོ་མཐོ། གདོན་མེད། དེ་ལྡོག་ལྷ་ཤུལ་གདོན་བཟུང་ངན། མདའ་བཞིའི་སྒྲོ་མོ་བསྣོལ་འཛོལ་སག་སག་གི་སྒྲ་བཅས་བརྡར་རེས་བྱེད་ན། ཕྱི་ཡི་དགྲ་ལས་ནང་གི་ཐིགས་པ་ཐུ། ཕར་ལ་མ་གནོད་ས་ནས་ཚུར་གནོད་འབྱུང་། མི་ཁ་སྡང་བ་དང་ཡིད་འཁྲུགས་ཀྱི་ངོ་ཡིན། ལྷ་མདའ་གཞི་ལས་ཅུང་ཟད་སྟེང་དུ་སྤག་སྟེ་འདྲེ་མདའི་ཕྱོགས་སུ་རྒྱུག་པ་དང་འདྲེ་མདའ་ཡང་དེ་མཚུངས་ཕར་ཕར་བྲོས་པ་ལྷ་རྒྱལ་ཏེ་བཟང་། དེ་ལྡོག་ངན། གཉིས་ཀ་གཞི་སྟེང་ནས་མ་སྤག་པར་ལྷ་མདས་འདྲེ་མདའ་དེད་ཀྱང་སྤྱིར་བཟང་མོད། སྒྲོ་འཚག་ཅིང་འཐབ་ལུགས་ཞན་པས་བློ་འགྱོད་ཁ་འཚག་གཞན་ཡང་འབྱུང་། ལྷ་མདའ་


MR13_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་སོང་འདྲེ་མདའ་མ་འཕར་ན་ཡང་བཟང་། གཡུང་དྲུང་གི་སྟེང་ནས་ཕྱི་རོལ་དུ་བརྒལ་ནས་ཕྱི་སར་སོང་སྟེ་ལྟོང་ཁ་ཕྲལ་ན་ཐག་རིང་འགྲོ་དགོས་སོགས་འབྱུང་སྟེ་ཅུང་ཞན། ཧ་ཅང་ཕྱི་རོལ་དུ་བརྒལ་ཆེས་ན་བསྐལ་བ་ཆགས་འཇིག་གི་སྐབས་སུ་བབ་པས་ངན་པར་བཤད། ལག་སྟབས་མིན་ཡང་ལྟོང་ཁ་ཕྲལ་བ་མང་ན་ཁ་འགྱོད་དང་ཕྱི་དལ་གྱི་ངོ་ཙམ་ཡིན། གཡུང་དྲུང་གི་རི་མོ་ལས་མ་བརྒལ་བར་ལྷ་མདའ་འགུལ་ཁ་ཡང་ཤེད་ཆེ་སྟེང་དུ་མཐོ་ཞིང་ལྟོང་ཁ་མི་ཕྲལ་བར་དན་ནེར་བརྟན་ན་མཆོག་ཏུ་བཟང་། དེ་ལྡོག་ངན།ལྷ་མདའི་ཁ་ཡི་མར་འདྲེ་མདའ་ལ་འགོས་པ་དང་། གཞི་སྟེང་གི་ནས་འབྲུ་རྣམས་འདྲེ་མདའི་སྒྲོས་ཁྱེར་ན་རྒྱུ་ཤོར་དང་གཡང་ཉམས་ཀྱི་ངོ་ཡིན། འདྲེ་མདས་གཞི་ཡི་ནས་བསྡུས་ཏེ་ལྷ་མདའི་ཕྱོགས་སུ་ཕུལ་ན་དགྲ་ལས་ནོར་ཐོབ། དེ་ལྡོག་རང་ནོར་དགྲ་ལ་འཆོར། མདའ་གཉིས་ཀས་འབྲུ་སོ་སོར་རང་ཕྱོགས་ཁྱེར་ན་ནོར་བགོ་ངོ་དང་འབྲུ་ཕྱོགས་སུ་གཏོར་ན་ནོར་ལ་ངན། གཞི་ནས་སྟེང་དུ་སྒྲོ་ཁ་འཐབ་ན་ནོར་ལ་འཐབ་ངོ་དང་ནད་པར་ལྷ་འདྲེ་རྩོད་ངོ་ཡིན། མདའ་གཡས་གཡོན་གཅུ་ཞིང་འཁོར་ན་ལྟོང་ཁ་འཚག་གས་སོགས་བྱེད་དེ་འཚུབ་ཆེ་བའི་ངོ་ཡིན། རིམ་འགྲོ་འབད། ལྷ་མདས་འདྲེ་མདའ་མར་བརྡབ་ཚུལ་བྱེད་ན་ལེགས། དེ་ལྡོག་ངན། མདའ་གློ་བུར་ཆག་ན་ཤི་ཆད་ངོ་། བར་ཆད་ཤིན་ཏུ་ཆེ། སྒྲོ་ཕྱི་བ་སྟོང་ཁ་གས་པ་སོགས་དེ་དང་ཆ་འདྲའོ། །ལྷ་མདས་འདྲེ་མདའ་ཕྱིར་དེད་ནས་འདྲེ་མདའ་མི་འཕར་བར་དེ་གར་འདུག་ལ་ལྷ་མདའ་རང་ཉིད་གྱེན་དུ་དྲང་པོར་ལངས་ཏེ་བརྟན་པར་འགྲེང་སྟེ་འདུག་ན་བར་ཆད་དང་བྲལ་ཏེ་ཅི་བསམ་འགྲུབ། རེས་འགའ་སྔགས་དང་བདར་བ་མེད་པར་མདའ་ལངས་ན་མི་ལེགས་ཏེ་དམུ་གབ་


MR13_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའམ། ཡང་ན་ཡུལ་ལྷའི་ཆོ་འཕྲུལ་ཡིན། ཡིག་བརྒྱ་བཏོན་ནས་རེ་ཤིག་མཚམས་བཞག་དགོས། ཡང་དམོད་ལོང་མེད་པར་འཕར་སྔ་བ་ཡང་དེ་དང་ཆ་འདྲ་ལ། མདའ་ལ་ཁོང་ཤེད་ཅི་ཡང་མེད་པར་འགུལ་ཁ་ཡང་བ་ཡང་དེ་དང་ཆ་འདྲ་སྟེ་ཡིད་བརྟན་མེད། མདའ་བཞི་གཏན་ནས་མི་འཕར་ན་གདོན་ངོ་དང་ཕྱི་དལ་གྱི་ངོ་ཡིན། ནད་པར་གཞི་ཚེ། མདའ་བཞི་ཚོམ་དུ་ལངས་ན་མོ་རབ་ཡིན་ཅེས་འདུག །འདྲེ་མདའ་ལྷ་མདའ་བསྣོལ་ལུགས་ཧོམ་ཁུང་འདྲ་ན་ནད་མོར་ངན།ཨེ་འོང་མོ་ལ་ལང་སྔ་བུལ་རྟགས་ཡིན། སྔོན་མ་མ་ཚར་པར་ཕྱི་མས་དོན་ན་འབྲིང་ཙམ་མོ་ཡིག་ནོར་འདྲ་དཔྱད་ཟེར་དཔྱད། ལྷ་མདའ་ལངས་ཀྱང་གྱེན་དུ་དྲང་པོར་མི་འགྲོ་བར་གཡས་གཡོན་དུ་ཡོ་འཁྱོགས་བྱེད་ན་ལྷ་མ་དགའ་བའི་ངོ་ཡིན། རྒྱལ་གཤེད་གདོན། ལྷ་མདའ་འགུལ་ཙམ་ལས་ལྡངས་མི་ནུས་པར། འདྲེ་མདའ་ལངས་ན་ནོར་ཕྱིར་འབྲང་བའི་གདོན་དང་། ཐབས་ཁོ་ན་སོགས་ཀྱིས་ལྷ་ལ་ཉེས་པ་སོང་པས་ལན། དེ་ལྡོག་བཟང་། མདོར་ན་ལྷ་མདའ་འདྲེ་མདའ་གང་ལངས་སྔ། ཤེད་སུ་ཆེ། སྟེང་དུ་སུ་མཐོ། སུས་སུ་དེད་ཀྱི་རྒྱལ་ཕམ་ཤེས་པར་བྱ། མདའ་བཞི་མ་འཛོམ་ན་ལྷ་མདའ་འདྲེ་མདའ་གཉིས་ཀྱིས་ཀྱང་ཆོག་པར་བཤད། གལ་ཆེན་མདའ་མོ་ཐེང་གསུམ་བཏབ་པས་གསུམ་གར་ལྷ་མདའ་རྒྱལ་ན་ལེགས། དང་པོ་རྒྱལ་ཡང་ཕྱི་མ་གཉིས་སུ་འདྲེ་མདའ་རྒྱལ་ན་ལྷ་ངོ་དམའ། ཁྱིམ་ལྷ་སོགས་ཁྲོས་པས་ཅི་ལའང་ངན། དེ་ལྡོག་ཕུག་བཟང་། དེ་ལྟར་ཕྲལ་དང་བར་དང་ཕུག་གི་བཟང་ངན་དཔྱད། ཕར་ཆེར་ལ་ལན་དུ་བཏབ་ཀྱང་དམོད་དོན་གཅིག་པ་ལ་འཕར་ཚུལ་གཅིག་པར་འོང་ངོ་། །མདའ་


MR13_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འདི་ནི་སྔགས་དང་བདར་བ་མཆོད་པ་རྣམས་ནན་ཏན་བྱས་ཏེ། དུས་བཟང་དང་གནས་དགེ་བར་བརྟག་བྱ་གལ་ཆེན་ལ། ཐེ་ཚོམ་མེད་པར་སྐྱེས་བུ་སེང་ཆེན་རྒྱལ་པོར་ཡིད་ཆེས་པས། གསོལ་བ་བཏབ་སྟེ་བརྟག་ན་དོན་གང་ལའང་མི་བསླུ་ཞིང་ཁྱད་པར་དགྲ་ཕྱྭ་དང་རྒྱལ་ཕམ་རྩོད་པ་ལ་བསྔགས་སོ། །ཁུངས་ཐུབ་མོ་དཔྱད་གསུམ་སོགས་ཀྱི། །གཞུང་དོན་ཕྱོགས་གཅིག་མི་ཕམ་པས། །བྲིས་འདིས་བླང་དོར་རབ་གསལ་ཞིང་། །འདོད་པའི་དོན་ཀུན་གྲུབ་གྱུར་ཅིག །མངྒ་ལཾ། །༈ ཀྱེ། ཀུན་གསལ་ཝེར་མའི་གསས་མཁར་ཆེན་པོ་ན། །སྣང་གསལ་ཨ་དཀར་འོད་ཀྱི་ཝེར་མ་མཆོག །སེང་ཆེན་ཡིད་བཞིན་ནོར་བུ་བསམ་འཕེལ་ནི། །ཁྱེའུ་བཅུ་དྲུག་ལང་ཚོ་མཛེས་སྡུག་འབར། །དར་དང་རིན་ཆེན་མེ་ཏོག་རྒྱན་གྱིས་མཛེས། །ཡིད་འཕྲོག་འཁོར་ལོས་བསྒྱུར་བའི་ཆས་སུ་བཞུགས། །ཕྱག་གཡས་པདྨ་དཀར་པོའི་ཟེ་འུ་འབྲུར། །ཡིད་བཞིན་ནོར་བུ་མཐོན་མཐིང་འོད་ལྔ་འབར། །གཡོན་ན་རྫུ་འཕྲུལ་རྣོ་གསལ་མདའ་གཞུ་བསྣམ། །དགྱེས་འཛུམ་རྣམ་ལྔ་སྣ་ཚོགས་ཝེར་མའི་དཔུང་། །དགྱེས་པའི་བྲོ་གར་བརྡའ་རྟགས་ལུང་བསྟན་ངོམ། །ཕྱི་ནང་གསང་བ་བདེ་སྟོང་རྡོ་རྗེའི་སྤྲིན། །མཆོད་པར་འབུལ་ལོ་ཐུགས་རྗེས་བརྩེར་དགོངས་ལ། །རྫུ་འཕྲུལ་མདའ་མོ་འདི་ལ་བྱིན་ཆེན་ཕོབ། །ལེགས་ཉེས་བླང་དོར་མ་ནོར་སྒྲིབ་མེད་སྟོན། །སྔོན་ཚེ་ཞལ་བཞེས་ཐུགས་དམ་དགོངས་མཛོད་ལ། །ཝེར་མའི་རྡོ་རྗེའི་གླུ་བྲོ་ད་བསྒྱུར་ཅིག །བསྭོ་ཨོཾ་ཨ་དཀར་ཝེར་མ་ཨ་ཨཱ་ཀརྴ་ཡ་པྲ་ཕོབ། འབྲུ་དཀར་སྟེང་དུ་ལྷ་ཡི་མདའ། །དར་དཀར་བཏགས་ལ་ནག་པོ་ཡང་། །


MR13_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བཞག་བསང་སྐྱེམས་མཆོད་བདེན་བདར། །སྔགས་པའི་འབྲུ་འཐོར་ཤར་གསེར་སྐྱེམ། །རྒྱབ་ཏུ་བསང་ཕུད་སྔགས་ཉེར་གཅིག །ཡང་ན་བརྒྱ་རྩ་བརྒྱད་དུ་བཟླས། །མདའ་མོ་འཕར་འཁྲབ་ངོ་མཚར་ཆེ། །ཟླ་དྲུག་ཚེས་གསུམ་ལའོ།། །།༈ གེ་སར་སྐྱེས་བུ་དོན་འགྲུབ་ཀྱི་མདའ་མོ་ཟུར་རྒྱན་སྣང་གསལ་མེ་ལོང་ཁྱད་འཕགས་བཞུགས་སོ། །ན་མོ་པདྨ་ཀ་རཱ་ཡེ། སྐྱེས་བུ་ཆེན་པོའི་མདའ་མོ་ལ། །རྣོ་མཐོང་རྟིང་གཅོད་སྤྲོས་བྱ་ན། །གཞི་དཀར་སྟེང་ལ་མདའ་དར་དང་། །མར་མེ་ཕྱེ་མར་སྐྱེམས་ཕུད་བསངས། །རིམ་བཞིན་བཤམས་ལ་བརྡར་ཡང་བྱ། །དང་པོ་མཆོད་རྫས་བྱིན་གྱིས་རླབས། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོས་རླབས། མཆོད་པའི་སྤྲིན་ཕུང་མཐའ་ཡས་པས། །དགྲ་བླ་ཝེར་མ་དགྱེས་པའི་རྫས། །ཀུན་བཟང་མཆོད་སྤྲིན་རབ་འབྱམས་ཀྱིས། །དཔག་ཡས་ནམ་མཁའ་གང་བར་གྱུར། །དེ་ནས་མངོན་རྟོགས་བསྒོམ་པ་ནི། མདུན་དུ་འཇའ་འོད་སྤྲིན་ཕུང་དབུས། །ཨ་དཀར་འོད་ཀྱི་ཝེར་མ་ནི། །གཞོན་མཛེས་ཡིད་འཕྲོག་ཉམས་དང་ལྡན། །དཀར་གསལ་དག་པའི་ཤེལ་ལྟ་བུ། །ཕྱག་གཡས་རིན་ཆེན་སྒྲོན་མེ་བསྣམས། །སྲིད་པ་གསུམ་པོ་ས་ལེར་གསལ། །གཡོན་ན་རཏྣའི་མེ་ལོང་གིས། །དུས་གསུམ་མ་སྒྲིབ་ལྷང་ངེར་སྟོན། །དར་དཀར་རལ་ཀ་མེ་ཏོག་བརྒྱན། །འཇའ་སྤྲིན་སྤོས་བསུང་ཐིབས་སེ་ཐིབ། །དགྱེས་ཡུམ་རྣམ་ལྔ་མདའ་དར་དང་། །བུམ་པ་འཛིན་ཅིང་འོད་ལྔ་འབར། །འཁོར་དུ་ཀུན་གསལ་ཝེར་མ་འབུམ། །རྣམ་འགྱུར་ཆ་ལུགས་མ་ངེས་གཟུགས། །རྡོ་རྗེའི་བྲོ་གར་བརྡའ་གླུ་བསྒྱུར། །བདེ་དྲོད་བྱིན་ཕུང་ཡ་ལ་ལ། །བསྒོམ་པ་ཙམ་གྱིས་རྣོ་མཐོང་འབེབས། །སྤྱན་འདྲེན་དང་བརྡར་བ་ནི།


MR13_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ། རིག་གསུམ་པདྨའི་སྒྱུ་འཕྲུལ་གཅིག་བསྡུས་པ། །ནག་ཕྱོགས་བདུད་དགྲ་འདུལ་བའི་མཐུ་བོ་ཆེ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས་པ་ཡི། །སེང་ཆེན་དོན་འགྲུབ་ནོར་བུའི་ལྷ་ཚོགས་རྣམས། །ཐུགས་དམ་བསྐུལ་ལོ་ཐུགས་རྗེས་མ་གཡེལ་དགོངས། །ཁྱད་པར་ཉིད་ཀྱི་ཡེ་ཤེས་རོལ་མོ་ལས། །ཨཱ་དཀར་འོད་ཀྱི་ཝེར་མ་རྣོ་མཐོང་བདག །དགྱེས་ཡུམ་བཀའ་འཁོར་དཔུང་གི་ཚོགས་དང་བཅས། །འཇའ་འོད་སྤྲིན་འཁྲིགས་མེ་ཏོག་ཆར་འབེབ་ཅིང་། །རྡོ་རྗེའི་གླུ་དང་གར་གྱི་སྟངས་སྟབས་ཀྱིས། །ཐོགས་པ་མེད་པར་གནས་འདིར་གཤེགས་ནས་སུ། །མོས་ལྡན་བདག་གི་སྙིང་ལ་བྱིན་རློབ་ཅིང་། །རྣོ་མཐོང་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །མདའ་དར་མེ་ལོང་དར་སྣའི་མཆོད་པ་བཞེས། །འོད་གསལ་སྣང་བྱེད་སྒྲོན་མེའི་མཆོད་པ་བཞེས། །ཞལ་ཟས་བཟའ་བཏུང་སྣ་ཚོགས་མཆོད་པ་བཞེས། །བདུད་རྩི་དྲི་ཞིམ་བསང་གི་མཆོད་པ་བཞེས། །ཚེ་སྲོག་ནོར་བུའི་རྒྱལ་མཚན་བརྟན་མི་བརྟན། །ལུས་ཁམས་དཔག་བསམ་ལྗོན་པ་རྒྱས་མི་རྒྱས། །དབང་ཐང་ནོར་བུའི་བང་མཛོད་གང་མི་གང་། །རླུང་རྟ་སྙན་པའི་བ་དན་བསྒྲེང་མི་བསྒྲེང་། །རྟེན་འབྲེལ་རྫས་མཆོག་རྣམས་ལ་བརྡ་རུ་སྟོན། །ལེགས་ཉེས་མ་འདྲེས་ཐིགས་སུ་འདེབས་པར་མཛོད། །ཀྱེ། ལྷ་དང་གཡང་དང་དཀར་ཕྱོགས་བཟང་པོ་དང་། །འདྲེ་དང་བྱུར་དང་ནག་ཕྱོགས་ངན་པའི་སྡེ། །གཉིས་གཉིས་ཟུར་དུ་བསྒྲིགས་པའི་མདའ་མཆོག་བཞི། །རྒྱལ་ཕམ་དབང་པོས་མཐོང་བའི་བརྡའ་དག་ལས། །འགྱུར་མེད་སེང་ཆེན་ལྷ་ཡི་བདེན་ཚིག་མཐུ། །རྣལ་འབྱོར་ཡིད་ཀྱི་


MR13_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་སུ་དེང་ལེན་ན། །མཁྱེན་དང་བརྩེ་བ་བྱང་ཆུབ་ཆེན་པོ་ཡིས། །བཟང་ངན་ཤན་འབྱེད་མཛོད་ཅིག་ཝེར་མའི་རྗེ། །ཀྱེ། ཡེ་ནས་སྟོང་ཀྱང་འཆར་སྒོ་མ་འགགས་པ། །ཀུན་གསལ་ཤེས་པ་ནོར་བུའི་མེ་ལོང་ལ། །དུས་གསུམ་ལྐོག་གྱུར་གསལ་བའི་རི་མོ་རྣམས། །མ་འདྲེས་ས་ལེར་བྲིས་ཤིག་ཆོས་སྐྱོང་གཙོ། །ཁྱེད་ནི་འཇིག་རྟེན་འདས་དང་མ་འདས་པའི། །དགྲ་བླ་ཝེར་མ་ཡོངས་ཀྱི་རྒྱལ་པོ་ཡིན། །སྙིགས་མའི་སྐྱེ་བོ་སྐྱོབས་པའི་ཞལ་བཞེས་དང་། །ཕྲིན་ལས་གློག་ལྟར་མྱུར་བའི་ཐུགས་བ སྐྱེད་དགོངས། །མཁའ་ལ་དཔང་མཛད་རྩ་གསུམ་རྒྱལ་བ་དང་། །བར་སྣང་རྟིང་གཅོད་སྣང་སྲིད་དྲེགས་པའི་དཔུང་། །ས་ལ་རྣལ་འབྱོར་མི་ཡི་ཚོགས་དབུས་འདིར། །ཡིད་ཆེས་དད་པས་ཁྱེད་ལ་རེ་བ་ཡི། །རྣལ་འབྱོར་ཁྲེལ་ལ་བསྐུར་བ་མ་མཛད་པར། །བསླུ་མེད་བརྡ་རྟགས་ད་ལྟ་ཉིད་དུ་ཕོབ། །ཅེས་བྱས་ལ་མདའ་མོའི་སྔགས་ཐུན་མིན་ཕྲིན་ལས་རོལ་པ་རྩལ་གྱི་དག་སྣང་གི་ལུགས། སྔགས་སྒྲུབ་ལས་འབུམ་གཅིག་གསུངས། མཆན། ཨ་ཀ་ཀྵ་ཡ་རལ་གྲི་ནག་པོ་ཤིག་ཤིག༔ ཨ་ཀ་ཡ་མ་ར་ཙ་ཕོབ༔ ཅེས་པ་འདི་ཉིད་བརྒྱ་རྩ་ཙམ་བཟླས་ནས་སྔགས་པའི་འབྲུ་མདའ་ལ་འཐོར་ཞིང་གཞུང་ལྟར་བརྟགས། དེའི་ཚེ་སྲོག་དང་མི་རྒྱུད་ཀྱི་ལེགས་ཉེས་མདའ་དར་ལ་བརྟགས། མདའི་སྟོད་མི་ས། བར་ནོར་ས། མདིལ་དགྲ་ས། སྒྲོ་ནག་ན་མི་རྒྱུད་བཟང་། མདངས་ངན་ན་ཅུང་ཞན། སྒྲོ་ཁ་མ་ཕྱེ་ན་བཟང་། སྟོད་དཀར་ན་ལྷ་ངོ་མཐོ། སྨད་དཀར་ན་ལྷ་བྱད་དུ་བབ། སྒྲོ་མེད་ན་བུ་ཚ་དཀོན། ལྟོང་གས་ན་མི་རྒྱུད་དར་ཤི་ཡོད། མདའ་ཆག་ཉམས་ཅན་ཤི་ཆད་ཀྱི་ངོ་ཡིན། མཚལ་


MR13_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་མི་ཁ་གནོད་སོགས་ངན། མདོག་ཁ་དོག་ལེགས་ན་མི་བཀྲག་རྒྱས། མདིལ་ཆེན་དགྲ་ཟོན་དགོས། ཆུང་ན་བཟང་། མདིལ་མེད་ན་ངན། རྣོ་ན་དགྲ་ཐུབ། རྟུལ་དང་ཉམས་པ་ངན། བཙའ་ན་ནོར་གོད་དམ་མི་ཁ་སོགས་གནོད། མདའ་མདང་དང་ལྡན་པ་ལེགས། ཡོ་འཁྱོག་སོགས་མཁར་ལ་ངན་པས་ན་ངོ་ཡིན་ཞིབ་དུ་དཔྱད་ཅིང་རིགས་པར་ཁ་དམར་གདབ། ༈ མར་མེ་ལུས་ཀྱི་ས་ལ་བརྟགས། འོད་གསལ་ན་ནད་མེད། མི་གསལ་ན་ནད་ངོ་དང་གྲིབ་ངོ་ཡིན། རླུང་དང་རྐྱེན་མེད་སར་མར་མེ་ཤི་ན་ངེས་པར་ཤི་ཆད་འོང་། ཆུ་སོང་བ་ལྟར་ཚགས་སྒྲ་དང་བཅས་འབར་དཀའ་ན་བར་ཆད་ཆེ། ཕྱོགས་སུ་རླུང་དྲག་པོས་བཏབས་པ་ལྟར་མེ་ལྕེ་ཆད་ཅིང་བསྐྱོད་ན། འཚུབས་ཆེ་བས་རིམ་གྲོ་འབད། འུར་ཟིང་གི་ངོ་ཡང་ཡིན། རྩེ་མོ་བཅད་པ་ལྟ་བུ་མི་གསལ་ཞིང་ཐུང་ན་ཕོ་ལྷ་མནོལ་བས་ངོ་སོ་དམའ། དབྱིབས་རྩེ་རྣོ་ཞིང་རིང་ལ་མཛེས་པ་དང་། རྒྱལ་མཚན་དང་བཀྲ་ཤིས་པའི་རྫས་འདྲ་ན་ཤིན་ཏུ་བཟང་། དཀར་པོ་སོགས་ཀྱི་མདངས་ལྡན་གསལ་ན་ཞི་སོགས་ལས་འགྲུབ། འབར་ཡུན་རིང་ན་སྲིས་སྨེ་ཞིང་བཟང་། དཀྱིལ་སྔོ་ནག་ལ་སྡོང་བུ་རྩེ་མོ་དམར་བར་ནག་ཐིང་ངེ་འདུག་ན་བློ་འགྱོད་ཆེ། མེ་རྟགས་དམར་ཚུག་གེ་བ་མི་གསལ་ན་ན་ངོ་དང་གྱོད་ངོ་ཡིན། རྩེ་མོ་ཐུར་དུ་འགུགས་པའི་ཉམས་ལྟར་མི་གསལ་ན་མནན་པ་སོགས་གཉའ་ནོན་ཡོད། སྟབ་སྟབ་ཟེར་ཞིང་འོད་ཤིན་ཏུ་བཟང་ལ་ཡིད་དུ་འོང་བར་འབར་ན་བཀྲ་ཤིས་པ་འཕེལ། དེ་ལ་མེ་ཏོག་ཆགས་ཤིང་འོད་གསལ་ན་དགེ་མཚན་གྱི་ངོ་ཡིན། དེ་ལ་སོགས་པ་ཞིབ་པར་ཞལ་ལས་ཤེས་པར་བྱའོ། ༈ །དེ་ནས་མཆོད་རྫས་ཕྱེ་མར་དང་འབྲུ་


MR13_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་སྐྱེམས་ཕུད་རྣམས་དབང་ཐང་ལོངས་སྤྱོད་ཀྱི་བརྟགས་གཞི་ཡིན་པས་ན། སྣོད་ཆག་ཉམས་ནི་གཡང་ཉམས་ཤིང་བཅུད་མི་ཆགས་པས་གསེར་འོད་སོགས་འདོན། འབྲུ་དང་ཕྱེ་མར་ཁ་དོག་དྲི་རོ་ལྡན་ན་བཟང་པོར་འཕེལ། དེ་ལྡོག་ངན་ཞིང་བཅུད་མི་འཕེལ། ལྷད་འདྲེས་པ་གོད་སོགས་ཀྱི་ངོ་། །སྣོད་མ་གང་བ་ཟ་ཐང་ཆུང་། གང་ཆེ་ནས་ཕྱིར་ཟག་པ་དེ་ཕྱོགས་སུ་གཡང་ཉམས་པའི་ངོ་། གློ་བུར་འཐོར་ཞིག་བྱུང་ན་ནོར་ལ་བར་ཆད་ཆེ། ༈ དཀར་མོ་ལག་གཡས་ཀྱང་མ་ཉམས་ཆེ་ཚོ་ལྡན་པ་བཟང་བ་སོགས་མཆོད་རྫས་རིགས་ཀུན་ལ་རིགས་འགྲེས་དེ་སོགས་རིག་པས་དཔྱད། ༈ བསང་རླུང་རྟའི་སྐྲ་ལ་དཔྱད། དེ་ཡང་བསང་ཕོར་གི་ནང་དུ་བདུད་རྩི་ཅན་གྱི་ཤིང་གསུམ་ཧ་ཅང་མི་མང་ཧ་ཅང་མི་ཉུང་བ་དང་འོ་སྐོལ་བསྲེགས་ལ་ཆབ་བྲན་ནས་བཞག་པས། དུ་བ་ལེགས་པར་འཐུལ་ཞིང་འབར་སྐྱེན་ན་རླུང་རྟ་དར་དོན་འགྲུབ་པ་ལ་ཚེགས་མེད། ཤིན་ཏུ་འབར་དཀའ་ན་དོན་མི་འགྲུབ། དུ་བ་གྱེན་དུ་དྲང་ཐ་ལེ་འགྲོ་བ་རླུང་རྟ་དར་བའི་རྟགས་གཡས་སུ་འཁྱིལ་ཞིང་ཕྱུར་ཕྱུར་འགྲོ་ན་ཕོ་ལྷ་དར། གཡོན་དུ་འཁྱིལ་ཞིང་དལ་བ་མཛེས་ན་ཕུག་ལྷ་ལྷ་མོ་དགྱེས། ཁ་དོག་དཀར་ན་ལྷ་ལ་མནོལ་བག་མེད་པས་ངོ་སོ་མཐོ། སྔོན་པོ་མཐིང་འོད་འཚེར་ན་བཟང་། སྡོ་དམར་བྱུང་ན་ལྷ་འཁྲུགས་ཀྱི་ངོ་། །ནག་པོ་བྱུང་ན་ལྷ་མནོལ་ཞིང་མི་བདེ་བའི་ངོ་། དབྱིབས་བཀྲ་ཤིས་པའི་རྫས་དང་དཔག་བསམ་ཤིང་སྤྲིན་རིས། འབྲུག་ལྟ་བུ་བཟང་། ཚུབ་ཚུབ་པོ་ཧོར་ཆོད་ཅན་བར་ཆད་ཆེ། གནམ་རྡོ་ལྷུང་པ་དང་། རྦབ་འདྲིལ་བ་དང་། ཕད་རྩེ་ནག་པོ་དང་། བ་ལང་གི་མགོ་དང་། སྲིན་པོའི་གདོང་ལྟ་བུ་སོགས་


MR13_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུ་མི་འོང་བ་བཀྲ་མི་ཤིས་པའི་ངོ་། །དྲི་ཞིམ་ཞིང་གཙང་ལ་མདོག་དབྱིབས་ཡིད་དུ་འོང་ན་དོན་འགྲུབ། དེ་ལས་ལྡོག་ན་མི་དགེ་ཞིང་ངན། ཕྱིས་བཟང་དུ་བྱུང་ན། རིམ་འགྲོས་འགྱུར་ཏེ། དང་པོ་བཟང་ཕྱིས་ངན་དུ་སོང་ན་བར་ཆད་ཆེ་བས་གཟབ། དུ་བ་ལྷ་གཞི་དང་རྣལ་འབྱོར་ལ་འཁྱིལ་ཞིང་གྱེན་དུ་འགྲོ་ན་ལྷས་མགོན་པས་བཟང་། ༈ སྤོས་ཀྱི་དུད་པའང་འདི་དང་སྡེ་ཚན་གཅིག་ཏུ་བརྟགས། དེ་སོགས་ཞིབ་ཏུ་དཔྱད་ལ། གཞི་ལ་ཁང་གཞི་གནས་མལ་དཔྱད་དེ། བུག་རལ་ཟག་གསུམ་ངན། ཁ་དོག་དཀར་ཞིང་སྲ་ལ་འཐུག་ན་བཟང་། དེ་ལ་སོགས་པ་ཞིབ་དུ་དཔྱད་དེ། ༈ དེ་ཡང་དང་པོ་རྣལ་འབྱོར་པ་མོ་འདེབས་པའི་སླད་དུ་འབོད་པར་ཆས་པ་ན། གེ་སར་ཝེར་མའི་བསང་མཆོད་དང་ཐུགས་དམ་བསྐུལ་བ་བྱས་ནས་བརྡར་བ་ཡེ་དྷར་བཟླས་རྟེན་འབྲེལ་བརྟགས་པའི་འདུན་པས་སྦྱིན་བདག་གི་གམ་དུ་འགྲོ་བར་བྱའོ། ༈ །མདའ་དར་མེད་ན་ཤུག་པ་སོགས་ཤིང་ལོ་རྒྱས་པ་ལ་བལ་གྱིས་དཀྲིས་ནས་ཁྱེར་ཤོག་བྱས་ལ། དེ་ཡང་མདའ་པྲ་དང་འདྲ་བར་དཔྱད་ཅིང་། ལོ་འདབ་རྒྱས་ཤིང་མ་ཉམས་མ་ཆག་བཟང་། བལ་སྟེང་སྲེང་འོག་ཀུན་ཏུ་ཁྱབ་ཅིང་ལྷུན་སྡུག་ན་བཟང་། གལ་ཆེ་རིགས་ལ་མཆོད་པ་འདི་བཞི་མ་ཚང་བར་ཁ་ཙམ་གྱིས་མོ་འདེབས་པ་དེས་ཝེར་མ་མི་མཉེས་ལ་ཁ་དམར་ཀྱང་མི་ཐིག་གོ། མཆོད་རྫས་འདི་རྣམས་དངོས་བཟང་ཞིང་གཙང་བ་རྒྱ་ཇི་ཙམ་ཆེ་བར་འབྱོར་ཚད་བྱ། དགོས་པ་མེད་ཀྱང་མོ་ཡི་ཟ་ཐང་གི་ཚུལ་དུ་བླངས་བར་བྱ་སྟེ། མོ་ལྷ་དགྱེས་ནས་ཕྱིན་ཆད་རྣོ་ཐིག་དང་སྦྱིན་བདག་ལ་ཕན་ཐོག་པའི་རྟེན་འབྲེལ་ཡིན་ནོ། །ཚུལ་བཞིན་དུ་བྱས་ནས་པྲ་རྟགས་ཐམས་ཅད་ལ་ཞིབ་ཏུ་བརྟགས་པས་ཐམས་


MR13_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཚུངས་ན་ཐེ་ཚོམ་མེད་ཅིང་པྲ་རྟགས་འདི་རྣམས་ཁྱད་པར་དུ་ཡང་བདེན་ངེས་པ་ཡིན་ཏེ་ལག་ཏུ་བླང་བས་ཤེས་སོ། །སྔར་ཞིག་སྐྱེས་བུའི་མདའ་མོ་ལ། །རྒྱས་སྤྲོས་འདི་འདྲ་ཞིག་བྲིས་ཀྱང་། །ཡི་གེ་གོས་དཀར་ཀློང་དུ་གཟིམ། །སླར་ཡང་བཟོ་དཔོན་བསོད་མིང་གིས། །བསྐུལ་ཚེ་མདའ་མོའི་རྟགས་དཔྱད་དོན། །ཆ་ལག་པྲ་རྟགས་མདོར་བསྡུས་ཙམ། །ཕྲལ་དུ་བྲིས་སོ་འདི་རྣམས་ཀྱང་། །རང་བློ་ཁོ་ན་མ་ཡིན་ཏེ། །ནག་རྩིས་ལ་སོགས་གཞུང་ཆེན་དང་། །དམ་པའི་མན་ངག་གིས་ཀྱང་བརྒྱན། །དེ་ཕྱིར་ལག་ཏུ་བླང་བའི་ཚེ། །རང་རྟགས་གསལ་ཕྱིར་བཤད་རྒྱ་སྐྱུང་། །ཨྠིཿ། མི་ཕམ་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག་ཉིད་ཀྱི་ངོ་མི་ལྡོག་སླད་དུ་བྲིས། གཞན་ལ་འདི་འདྲ་ཅི་མཁོ་མ་སྟོན་ཅིག །༈ གེ་སར་མདའ་མོའི་དཔྱད་དོན་གསེར་གྱི་ལྡེ་མིག་བཞུགས་སོ། །འདིར་མདའ་མོ་འཕྲུལ་གྱི་མངོན་ཤེས་འདི་ཡི་དཔྱད་དོན་ལ་བསྡུས་པ་ལྷ་མདའ་དང་འདྲེ་མདའ་གང་འཕར་བྱུང་ཞིང་ལྡངས་ཆེ་ལ་རྒྱལ་བ་དེས་ཁ་དམར་ཐམས་ཅད་རྟིར་གཅོད་བྱ། ༈ཅུང་ཟད་རྒྱས་པའི་བརྟག་པ་བྱེད་པ་ན། དང་པོ་ལྷ་མདའ་འཕར་ན། ལྷ་ངོ་མཐོ། དང་པོ་འདྲེ་མདའ་འཕར་ན་ལྷ་ངོ་དམའ། འདྲེ་མདའ་འཕར་ཞིང་ཤུག་དྲག་ལ་ལྷ་མདའ་གཏན་མ་འཕར་ན་ཤིན་ཏུ་ངན། འདྲེ་མདའ་འཕར་སྡང་མེད་ལྷ་མདའ་འཕར་ན་ལེགས།ལྷ་མདའ་འཕར་མགྱོགས་ན་ལེགས་འཕར་དཀའ་ན་ཕྱི་དལ་དང་ཐེ་ཚོམ་གྱི་ངོ་ཡིན། མདའ་གཉིས་ཀ་འཕར་རང་ཕྱོགས་སོ་སོར་སོང་ན་ལྷ་འདྲེ་ཕྱེས་པས་འཁྲུགས་རྩོད་མི་འབྱུང་། རང་ས་རང་གནས་ཟིན་པས་བཟང་། ལྷ་མདའ་འདྲེ་མདའི་སྟེང་ནས་མར་བརྡུང་ན་


MR13_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། དེ་ལས་ལྡོག་ན་ངན། ལྷ་མདའ་གྱེན་དུ་སོང་ན་ལྷ་ངོ་མཐོ། འདྲེ་མདའ་གྱེན་དུ་ལྡང་ན་བར་ཆད་ཆེ། མདའ་འདར་བ་ན་ཁ་མཆུ་དང་འཇིགས་ངོ་ཆེ། ལྷ་མདའ་སྟེང་དུ་སོང་ན་ལྷ་ངོ་མཐོ། དེ་ལས་ལྡོག་ན་ངན། ལྷ་མདའ་སྟེང་དང་འདྲེ་མདའ་འོག་ཏུ་བྱས་ནས་འུར་མཐིལ་ལྟ་བུ་བྱུང་ན་གྲོགས་ངོ་ཡིན། དོན་ཕྱྭ་ཕྱོགས་ཙམ་འགྲུབ་ངོ་ཡིན། ལྷ་མདས་འབྲུ་རང་ཕྱོགས་སུ་དེད་ན་རྙེད་པའི་ངོ་ཡིན། འདྲེ་མདའི་སྒྲོ་ཡིས་འབྲུ་བསྡུས་ནས་ལྷ་མདའི་ཕྱོགས་སུ་ཕུལ་ན་ཕ་རོལ་པོ་ལས་ནོར་ཐོབ་ངོ་ཡིན། མདའ་གཉིས་ཀྱིས་འབྲུ་ཕྱོགས་སུ་ཆེར་གཏོར་ན་ནོར་ལ་གཟབ། འདྲེ་མདས་རང་གི་ཕྱོགས་སུ་འབྲུ་ཁྱེར་ན་ནོར་ལ་དགྲ་ངོ་ཡོད། མདའ་ཁ་ཚག་སྒྲ་བྱེད་ན་ཁ་འགྱོད་ངོ་ཡིན། སྟོད་ནས་གས་ན་མི་ལ་ངན། སྒྲོ་གསར་དུ་བྱི་ན་རྟ་ལ་ངན། རྐེད་ནས་ཆག་ན་བུད་མེད་ལ་ངན། སྨད་ནས་ཆག་ན་ནོར་ལ་ངན། མདའ་གཉིས་གཞི་ལས་རྒལ་གྲགས་ན་ཐག་རིང་འགྲོ་དགོས་སོགས་ཅུང་མི་ལེགས། ཕར་ཚུར་དེད་རེས་དང་མདའ་འཕར་སྡེབ་བྱས་ན་འཐབ་ངོ་ཡིན། མཐར་སུ་རྒྱལ་ལ་བལྟ་དགོས། ལྷ་མདའ་ལངས་ཤིང་འདྲེ་མདའ་ཕུལ་མནན་བྱས་ཤིང་། མདའ་ཁ་བྲལ་ན་བཟང་། དེ་ལས་ལྡོག་ན་ངན། སྟེང་འོག་གཅུ་ཞིང་འཁོར་ན་བྱ་རར་སྒྲིམ་དགོས་ཏེ་རིམ་གྲོ་བྱ་བ་ལ་འབད། ནས་ཀྱི་གཡུང་དྲུང་གི་ལྟེ་བར་ལྷ་མདས་འབྲུ་སྒྲོ་ཡིས་བཟུང་གྱེན་དུ་ལང་ན་དོན་ཆེན་པོའི་ངོ་ཡིན།འདྲེ་མདའ་ཕྱིར་རང་སར་བྱེར་ལྷ་མདའ་ལང་ན་ལྷ་ངོ་མཐོ། གདོན་ཕྱིར་བུད་ཀྱི་ངོ་ཡིན། དེ་ལས་གོ་ལྡོག་ན་ལྷ་ཤུལ་གདོན་གྱིས་བཟུང་ཞིང་གདོན་ངོ་དྲག་པོ་ཡོད། ལྷ་མདའ་འདྲེ་མདའི་འོག་ཏུ་སྐྱུག་གི་སོང་ན་ལྷ་ལ་གྲིབ་མནོལ་དང་གཞན་གྱིས་མགོ་སྐོར་གྱི་ངོ་ཡོད། འདྲེ་


MR13_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དེ་ལྟར་སོང་ན་གཞན་རང་འོག་ཏུ་འདུས་པས་བཟང་། ལྷ་མདའ་འདྲེ་མདའི་སྟེང་ནས་མར་མནན་པ་དང་། ཟུར་ནས་ཕར་ཤུགས་ཀྱིས་དེད་ན་རང་ཕྱོགས་རྒྱལ། ཞབས་ནས་ཡར་འདེགས་ནས་སྟོང་ཁ་བྲལ་ན། ལྷ་བསང་དང་དགྲ་བླ་མནོལ་བསང་དགོས་ཏེ་ལྷ་སར་གྲིབ་ངོ་ཡོད་པའི་བརྡའ། འདྲེ་མདའ་དེ་ལས་ལྡོག་ཏེ་དཔྱད། ལྷ་མདའ་གྱེན་དུ་སོང་ན་ཆེར་བཟང་། སྟེང་ནས་འོག་ཏུ་འཛུལ་ན་ཅུང་ཟད་ཞན། ཕྲེད་ལ་འདྲེ་མདའ་ཕྱོགས་སུ་རྒྱུ་ན་སྟེང་འོག་གང་དུ་འགྲོ་དཔྱད། ཚུར་རང་ཕྱོགས་སུ་ཤད་ཀྱིས་འོང་ན་ཉེས་མེད་ཙམ་ཡིན། གྱེན་དུ་འཕར་འཕྲོ་དང་འདྲེ་མདའ་དེད་འཕྲོ་ཤུགས་ཆེར་མེད་ན། བདག་དང་ལྷ་སྟོབས་ཆེ་བ་མ་སྨིན་པས། དགྲ་བླ་མཆོད་ཅིང་གསོལ་བསྐང་དྲག་པོ་བྱ། རིམ་འགྲོ་སོགས་འདི་བྱས་ན་ལེགས་སམ་བྱས་ནས་ཕྲལ་དམོད་བོར་ལ་ནས་གཏོར་བས་སྔ་མ་ལས་ལྡོག་གོ་བརྡའ་བསྟན་འོང་། ལྷ་མདའ་མྱུར་དུ་ལྡང་ཡང་ཁང་ཤེད་ཅི་ཡང་མེད་པར་བྱིན་བྱིན་ལ་ཆག་ན་འཕར་ལེགས་ཀྱང་མི་བཟང་སྟེ་ཞིབ་ཏུ་དཔྱད་དོ། །སྔགས་དང་བདེན་པ་དྲག་ཏུ་བརྡར་བར་བྱའོ། །དང་པོ་ལྷ་མདའ་ལྡང་ནས་རང་གནས་གྱེས། དེ་ནས་འདྲེ་མདའ་ལྡངས་ནས་རང་གནས་གྱེས་པའི། ལྷ་མདའ་སྟེང་དུ་ཕྱིན་པའི་ར་འཐིབ་པ་ལྟར་གྱི་དེད་ནས་རང་སར་སོ་སོར་བབ་ན་མགྲོན་ཕྱར་སྐད་ཆ་གསར་དུ་ཐོས་པའི་ངོ་། ལྷ་མདའ་དལ་བུས་ལྡང་བས་མཐོ་བ་དང་། འདྲེ་མདའ་ལངས་ཞིང་རང་མལ་བྱུང་བ་ན། མགྲོན་པོས་རང་སར་ནོན་པའི་ངོ་ཡིན། མདོར་ན་ལྷ་མདའ་དང་འདྲེ་མདའ་གཉིས་ལ་ཤེད་ཆེ་ཆུང་ཕན་ཚུན་འདེགས་ཚུལ་སྟེང་འོག་སུ་མཐོ། བྱིན་སུ་ཆགས་ལས་དཔྱད་དོན་ཐམས་ཅད་ཚུལ་བཞིན་བརྗོད་པའི་ཁ་


MR13_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལྟ་བུར་ལེན་པར་བྱའོ། །བཟོ་གནས་པུཎྱེ་རཱ་ཛའི་གསུངས་བསྐུལ་ངོར་རྫོང་གསར་དུ་མི་ཕམ་པས་འཕྲལ་བྲིས་མངྒ་ལཾ།། །


previousརྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་།no next