Nitartha Digital Library
Tibetan
 
previousཡིག་བསྐུར་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་མེ་ཏོག་ནོར་བུའི་ཕྲེང་བ།no next

ཡིག་བསྐུར་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་མེ་ཏོག་ནོར་བུའི་ཕྲེང་བ།


MR14_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བསྐུར་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་མེ་ཏོག་ནོར་བུའི་ཕྲེང་བ་ཞེས་པ་བཞུགས། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵཱ་ཡ། འདིར་ཡིག་བསྐུར་གྱི་རྣམ་བཞག་ཅུང་ཟད་བཤད་ན། བྲི་གཞི་ཤོག་བུ་ལ་ལྟོས་པའི་རྣམ་བཞག །བྲི་བྱ་ཡི་གེའི་གཟུགས་བརྙན། ཚིག་གིས་བརྗོད་ཚུལ། མི་ནོར་བའི་ཕྱག་རྒྱ་འདེབས་ཚུལ། བལྟེབ་ལུགས། རྟེན་བཅས་འགོད་ཚུལ། དམ་རྒྱ་བྱ་ཚུལ་སྟེ་རྒྱལ་སྲིད་རིན་པོ་ཆེའི་གྲངས་སུ་ཡོད་པ་ལས། དང་པོ་བྲི་གཞི་རྒྱུ་ཅི་ཙམ་བཟང་བ་ཞེ་སའམ་དོན་ཆེ་བ་ཡིན་ཀྱང་ཐམས་ཅད་དུ་དེང་སང་གྲགས་པ་ཤོག་དཀར་སྤུས་ལྡན་ལ། སྟོད་མི་ས། སྨད་རང་ས་བྱས་པའི་གོ་བས། ཞུ་ཡུལ་ཅི་ཙམ་ཆེ་བ་དེ་ཙམ་སྟོད་ཆེ། སྨད་ཆུང་། བཀའ་ཤོག་སོགས་ལ་སྨད་ཡངས་པོར་བྱ། ཞེ་ས་རབ་ལ་ཡི་གེ་མཐོ་གང་གིས་འཐུས་ན་སྟོད་དུ་མཐོ་གང་། འབེབས་ལ་མཐོ་གང་སྟེ་མཐོ་གསུམ་པ་ལྟ་བུའམ། སྟོད་ཕྱོགས་དེ་ལས་ཆེ་ཡང་མི་སྐྱོན། དབུ་འཛིན། འདི་ལྟ་བུའམ། ༄༅། །ལྟ་བུ་གང་རིགས་པའི་རྗེས་ཆེ་བརྗོད་ཇི་ཙམ་སྤེལ་བ་ཤོག་བུའི་སུམ་གཉིས་ལས་མ་བརྒལ་བ་ཙམ་བྱུང་ན་བདེ། མིན་ཀྱང་དེ་འོག་ཞུ་གསོལ་ཞེས་པའི་བར་ཕྲེང་གཅིག་ལ་ཤོང་ཙམ་བྱ། ཆེ་བརྗོད་མང་པོ་དང་ཚིགས་བཅད་ལྟ་བུ་ཕྲེང་གཉིས་གསུམ་བྱས་ནས་མཐའ་ཡི་འོག་ཏུ། ཞུ་གསོལ་དང་འབེབས་བྱས་ཀྱང་ཆོག །ཡིག་མགོ་ངོས་སོར་བཞི་ཙབ་བྱས་ན་མཇུག་སོར་གཅིག་གམ་གཉིས་སམ་ཕྱེད་གཉིས་ལྟ་བུ་ཡོད་པར་བྱ། ཡིག་ཕྲེང་གི་བར་དོགས་པ་ཞེ་ས། ཡངས་པ་ཞེ་ས་མ་སྦྱར་བ་ཡིན། མདོར་ན་སྟོད་ཀྱི་ས་སྟོང་དང་འབེབས་མིས། སྨད་ཀྱི་ས་སྟོང་དང་ཡི་གེ་རང་གིས་ཡིན་པས་དེ་ལུགས་ཀྱིས་དཔྱད། ཁྲི་དྲུང་དུ། ཞེས་པ་ལྟ་བུ་ལ་


MR14_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པའི་ཞུ་གསོལ་ལྟ་བུའི་ཡིག་མགོ། །ཁྲི་ཡི་འོག་ཏུ་བཞག་ན་ཞེ་ས་ཆེ། དྲུང་འོག་འབྲིང་། ཏུ་ཡོག་ཐ་མ་ལྟ་བུའི་རིགས་བསྒྲེས་ནས། ཡིག་ཕྲེང་ལྟག་འོག་བསྣོལ་བ་རང་གི་དབང་སོགས་ཐོབ་པའི་བླ་མའམ། མགོ་བདག་གི་དཔོན་ཆེན་ལྟ་བུའི་མཚོན་པས་ཞེ་ས་ཆེ། མ་བསྣོལ་བ་དེ་ལས་ལྡོག །ཕྱག་ཏུ། ཟེར་རིགས་དང་། རང་ལས་དམན་གྲས་ལ་བཀྱག་ཕབས་མི་དགོས་པས་དཀྱུས་མར་བྲིས་པས་ཆོག་གོ། ༈ །གཉིས་པ་ཡི་གེ་རྫབ་དང་། འབྲུ་ཚ། ཡིག་ཆེན་ནི་བཀའ་ཤོག་ལྟ་བུ་དང་གཏན་འཇག་གི་ཡི་གེ་ལ་སྦྱར། དེ་མིན་འབྲུ་ཆུང་སྒྲོས་ལེགས་པས་བྲི་བར་བྱའོ། །གསུམ་པ། ཡུལ་ཆེས་མཆོག་མཆོག་དང་། དེའི་གཤམ་དང་། འབྲིང་དང་། ཆེན་པོ་ཙམ་དང་། རང་དང་མཉམ་པ་དང་། རང་ལས་དམན་པ་ལ་རང་བཞིན་བསྐུར་བ་དང་། རང་ལས་དམན་པ་ལ་བཀའ་བགོ་བ་ལྟ་བུའི་བཙན་ཡིག་གི་སྐབས་དང་བདུན་ལས། དང་པོ་བཞི་ལ། ཐོག་མར་གང་ལ་བསྐུར་ཡུལ་གྱི་ཆེ་བ་བརྗོད་པ། གཉིས་པ་འདུད་པ་དང་བཅས་པའི་རྣམ་འགྱུར་གྱི་ཚིག །གསུམ་པ་ཁམས་བདེ་སྟོན་པ་ལ་ཆེ་བ་བརྗོད་པའི་ཚིག་བཞི་པ་རང་གི་གནས་ཚུལ་མཚོན་པ་ལ་གོང་གི་བཀའ་དྲིན་དྲན་སྟབས་སུ་གྱུར་པ། ལྔ་པ་སྐབས་ཀྱི་དངོས་དོན་ལ་གསོལ་བ་འདེབས་པ། དྲུག་པ་སླད་ཆར་དགེ་བའི་རྟེན་འབྲེལ་ཞུ་བ། བདུན་པ་དེའི་ཞུ་མཚོན་གྱི་རྟེན་མིང་སྤེལ་བ་སྟེ་བདུན་ལས། དང་པོ་ཡུལ་མཆོག་གི་ཡང་རང་ས་དེའང་ཆོས་སྲིད་ཀྱི་ལུགས་གཉིས་ཀྱི་མངོན་པར་མཐོ་བ་གཉིས་ཡོད་པའི། དང་པོ་ལ་དཔེར་ན། ཆེ་བརྗོད་ཀྱི་མཐར། ཞབས་པད་ལྷ་བརྒྱའི་གཙུག་གི་ནོར་བུས་གཏེགས་པའི་ཁྲི་འཕང་མཐོན་པོའི་ཉེ་དྲུང་དུ།


MR14_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟ་བུ། ཞབས་པད་དེ་ཁྲི་འཕང་མཐོན་པོར་བཀོད་ནས། སླར་དེ་ཡང་ལྷ་བརྒྱའི་གཙུག་གིས་བརྙེན་པ་དང་། དེའི་ཡང་ཉེ་དྲུང་ངམ་དམའ་ཤོས་སུ་ཞེས་པ་ལྟ་བུའི། ཞེ་ས་བཞི་བཏུད་འདྲ་བའོ། །དེའི་གཤམ་ལ། ཞབས་པད་ལྷ་བརྒྱའི་གཙུག་གིས་མཆོད་པའི་ཉེ་དྲུང་དུ། ཞེས་པ་ལྟ་བུ། ཞབས་པད་རྐྱང་བ་ལ་མི་ཐུག་པར་ཆེ་བརྗོད་བྱས་པ་དང་། དེའི་ཡང་ཉེ་དྲུང་ལྟ་བུའི་ཞེ་ས་སུམ་བཏུད་འདྲ་བའོ། །འབྲིང་ལ། ཞབས་ཀྱི་པདྨོ་མངོན་པར་མཐོ་བའི་དྲུང་དུ། ཞེས་སོགས་དང་། ཐ་མ་ལ་ཞབས་དྲུང་དུ། ཞེས་པ་རྐྱང་པས་ཆོག་ཅིང་། དེས་རིགས་འགྲེས་ཏེ་སྲིད་ཀྱི་ས་མངོན་པར་མཐོ་བ་ལའང་། ཆེན་པོ་མཆོག་ཏུ་གྱུར་པ་ལ། ཆེ་བརྗོད་མཐར། ཞབས་སེན་ཕྱོགས་ཀྱི་རྒྱལ་ཕྲན་དྲེགས་པའི་སྤྱི་བོར་མཛེས་པའི་ཁྲི་འཕང་མཐོན་པོའི་དམའ་ཤོས་སུ། ཞེས་པ་ལ་སོགས་པས་མཚོན་ཏེ་ཤེས་པར་བྱའོ། །གཉིས་པ་དད་བརྒྱའི་ཕྱག་འཚལ་བ་དང་བཅས་ཏེ་གུས་པས་ཞུ་གསོལ་སོགས། གང་དང་བསྟུན་པའི་ཇི་འོས་དང་། ཞེ་ས་ཆེར་མི་དགོས་ན་ཕྱག་མེད་པར་གུས་ཞུས་དང་། ཞུ་གསོལ་ཙམ་གྱིས་ཆོག །སྔར་ནས་རྒྱུས་མེད་རིགས་ལ་གུས་ཞབས་སྐྱབས་འོག་པ་ཆེ་གེ་མོ་ནས་དད་ཕྱག་དང་བཅས་ཏེ་ཞུ་བ་ལྟ་བུ་བྱ། གསུམ་པ་སྐུ་ཁམས་དྭངས་པ་དང་མཛད་ཕྲིན་གང་ལ་དབང་བདེ་བ་དེ་རྒྱས་པའི་ཚུལ་ལ་གཟུགས་ཅན་གྱི་རྒྱན་ལྟ་བུ་ཇི་མཛེས་ཀྱི་ལམ་ནས་དྲངས་ཏེ་དེ་ལྟ་བུ་བཀའ་དྲིན་ཆེ་ཞེའམ། ཡི་རང་པའི་ཚུལ་བརྗོད། རང་ལ་ཡིག་བསྐུར་སོགས་ཀྱི་ལན་ཡིན་ན། ལེགས་པར་འཕྲོད་ཚུལ་དང་། ཡི་གེའི་དོན་དང་མཐུན་པའི་ལན་བཅས་ཇི་འོས་བྱ། བཞི་པ་རང་གི་གནས་ཚུལ་ཇི་འོས་དང་


MR14_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་བཀའ་དྲིན་ལ་བརྟེན་ཚུལ། དཔེར་ན་ཕྲན་གྱི་ན་བའང་། དམ་པ་གོང་གི་ཐུགས་རྗེ་ཚད་མེད་པའི་གྲིབ་བསིལ་ལ་བདེ་བར་འཚོ་ཞིང་གནས་ལྟ་བུའམ། རྒྱལ་པོ་དང་བླ་མ་དེ་ཙམ་ཞེ་ས་མི་དགོས་རིགས་ལ། སྐྱབས་གསུམ་གྱི་བྱིན་མཐུས་འབྱུང་ལུས་རྣལ་མར་གནས་ཤིང་དགེ་བློ་མ་བོར་ཙམ་དུ་མཆིས། ཞེས་པ་ལྟ་བུ་དང་། འགྲིས་ཆེ་ན། ནང་ལུགས་ཀྱིས་སྐབས་ཀྱི་བདེ་དོགས་སྨྲོས་འོས་ཀུན་འབྲི། ལྔ་པ་སྐབས་ཀྱི་ཞུ་དོན་ལ། ཆེད་དུ་ཞུ་བ་ལྟ་བུའི་མུར་ཞུ་དོན་བཅུག་ལ། ཐུགས་རྗེས་མ་འདོར་བར་སྐུ་མཁྱེན་མཁྱེན་སོགས་གསོལ་བ་འདེབས། དྲུག་པ་སླད་མའི་ཆར་ཡང་ཞེས་པ་ལྟ་བུའི་མུར་སྐུ་ཁམས་བཟང་ཞིང་མཛད་ཕྲིན་རྒྱས་པའི་ཚུལ་རྒྱན་གྱི་ལམ་ནས་དྲངས་ཏེ། མཇུག་ཏུ་དེ་ལྟར་འགྱུར་བར་གསོལ་བ་འདེབས་པ་ལགས་ན་ཐུགས་རྗེས་རེ་འབྲས་དོན་སྨིན་དུ་མཛད་པར་འཚལ། ཞེས་པ་ལྟ་བུ་སོགས་སྐྱབས་ཞུས་དང་ཤིས་བརྗོད་ཇི་མཛེས་བྱ། ཡིག་ལན་ལྟ་བུ་ཡིན་ན་སྐུ་ཁམས་བཟང་བའི་ངོས་ནས་གསུང་བྲིས་ཀྱི་རྒྱུན་མི་ཆད་པར་རྩོལ་བ་རྒྱན་གྱི་ལམ་ནས་དྲངས་ཏེ་བྱ། བདུན་པ་སྔ་མ་དང་སྦྲེལ་ཏེ་ཐུགས་བརྩེས་རྗེས་སུ་སྐྱོང་བའི་རྟེན་འབྲེལ་ཞུ་མཚོན་དུ་བཀྲ་ཤིས་པའི་ལྷ་རེག་སོགས་རྣམ་གྲངས་བྲིས་ཏེ་གུས་ཕུལ་ལམ། ས་གནས་ཆེ་གེ་མོ་ནས་ཟླ་ཚེས་འདི་ལ་ཕུལ་ཞེས་པ་ཙམ་ལས། ཞེ་ས་ཆེ་བ་དགོས་གྲས་ལ་འབུལ་མཁན་གྱི་མིང་མི་བྲི། གལ་ཏེ་བྲིས་ན་ཕྱི་རུ་བྲི་བར་བྱའོ། །དེ་ལ་ཕུལ་ཞེས་པ་ལྟ་བུ་ལ། གོང་གི་མགོ་རྒྱན་དང་འཚམས་པར་གུས་པར་ཕུལ་ལྟ་བུ་རྣམས་མས་རིམས་སུ་བསེགས་ནས་བརྩེགས་སྟེ་བཞི་ཕབས་པ་རབ། ཐ་ནའང་དཀྱུས་མར་བྲིས་པའི་ཕུལ་གྱི་ཕྱི་ཚགས་མར་གྱུ་བ་ཙམ་བྱ། འདིར་ཞུ་ཁྲ་ལྟ་བུ་ལ་དང་པོ་དང་


MR14_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཡན་སྔར་ལྟར་ལ། དེ་ནས་སྐབས་ཀྱི་ཞུ་བ་བགྱིས་ཏེ། དེའི་དོན་ལ་གསོལ་བ་བཏབ་པ་སྟེ་གསུམ་པོ་ཁོ་ནས་ཆོག་གོ། གཞན་བླ་དཔོན་དངོས་མཇལ་གྱི་ཁྲི་སྟོན་དང་། དབང་ཡོན་ལྟ་བུ་ལ། དང་པོ་གཉིས་འདྲ་ལ། དེ་ནས་སྐབས་ཀྱི་དོན་བཅུག་ཅིང་མཐར་དངོས་རྫས་སྤེལ་ཏེ་ཤིས་པ་བརྗོད་པར་བྱའོ། །ཡང་ན་ཁྲི་འབུལ་སོགས་ལ་ཐོག་མཐའ་ཚིགས་བཅད་དང་། བར་དུ་ཞུ་འོས་དང་། འབུལ་ལམ་བྲི། མ་ཡག་སོགས་སྔ་མ་གཉིས་ཀྱི་རྗེས་སུ། སྐབས་ཀྱི་ཞུ་བྱ་དང་།བསྐུར་རྒྱུ་རྣམས་བྲི་བ་ལས་གཞན་མི་ཐོབ་པ་སོགས་རིག་པས་དཔྱད། དགེ་ལས་དགའ་སྟོན་གྱི་རིགས་དེ་དག་གི་ཐོག་མཐའ་བར་གསུམ་ཀུན་ཏུ་རྒྱན་གྱི་ལམ་ལས་དྲངས་པའི ཚིག་ཇི་འོས་སུ་ཇི་མཛེས་མཛེས་སྦྱར་ཞིང་། སྙིང་གཏམ་དང་མ་ཡག་ལྟ་བུ་སོགས་སྐབས་དོན་ཕལ་ལ་བརྗོད་དོན་རྗེན་ཅེར་ལས་སྐབས་སུ་མ་བབ་པའི་ཚིག་སྒྲོས་མཛེས་པ་ལྷུར་ལེན་པ་མི་ལེགས་པས། གནད་ཀྱི་ཉམས་ལ་མཁས་པ་གལ་ཆེ། མདོར་ན་ཡུལ་དུས་གནས་སྐབས་ལ་ལྟོས་ཏེ་ཚིག་དོན་བསྡེབ་ཚུལ་རྣ་བར་སྙན་ཅིང་ཡིད་ལ་འཐད་པ་ཁོ་ནར་བྱ་ཞིང་། དེ་དག་གི་དཔེར་རགས་པ་ཡིག་བསྐུར་གྱི་དཔེར་བརྗོད་སྤྱི་ལས་གྲགས་པ་ལྟར་ཤེས་དགོས་ཤིང་། ཞིབ་པར་ནི་རྣམ་རྟོག་གི་འཇུག་པ་མ་ཟད་ཀྱི་བར་དུ་མཐའ་མི་མངོན་ནོ། །དེ་ལྟར་མདོར་ན་དགའ་སྟོན་དགེ་ལས་ལ་བརྗོད་ན་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟ་བུ་ཡིད་སྤྲོ་བ་འཕེལ་ནུས་པ་དང་། སྐབས་དོན་སོ་སོར་ཤན་ཕྱེས་ནས་བརྡ་འཕྲོད་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་དང་། སྙིང་གཏམ་དང་དབུགས་འབྱིན་པ་སོགས་ལ་ཚད་ནད་ལ་ག་བུར་ཐེབས་པ་ལྟ་བུ་དང་། སྙིང་ཉེ་བ་ལ་བསྐུར་ན་མ་བུ་


MR14_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཐའ་ནས་ཕྲད་པ་ལྟ་བུ་སོགས། སྐབས་སུ་བབས་པ། གནད་དུ་སོང་བ། ཉམས་ཕུན་སུམ་ཚོགས་པར་བྱའོ། ༈ །ལྔ་པ་རང་མཉམ་ལ་དབུ་འཇུག་ལ། འདི་ལྟ་བུ་དཀྱུས་མའི་མཐར། བརྩེ་ལྡན་དང་། ཤེས་ལྡན་སོགས་གང་འོས་ཀྱི་ཕྱག་ཏུའམ། དྲུང་དུའམ། ག་ལ་བར་ཞེས་པའི་མཐར་འབེབས་མེད་པར་ཕུལ་དོན་ལྟ་བུའི་མུར་། དེ་གར། ཁམས་འཚོ་བ་སོགས་དགའ་ཚུལ་དང་། རང་གི་གནས་ཚུལ། སྐབས་དོན། སླད་ཆ་རྟེན་བཅས་ཆེ་གེ་མོ་ནས་ཕུལ། ཞེས་དོན་ཚན་སྔ་མ་ལྟར་ལ། ཞེས་ཧ་ཅང་མི་དགོས་པའི་ཁྱད་པར་རོ། །ཕྲལ་དོན་ལ་ཡུལ་དང་། སྐབས་དོན་སྨྲོས་པས་ཆོག་པ་སོགས་དུས་དང་སྦྱར། ༈ དྲུག་པ་རང་ལས་དམན་གྲས་ལའང་། ཤེས་ལྡན་སོགས་བཤད་མ་ཐག་པ་ལྟར་ལ་ཚིག་རྩ་རྐྱང་པ་བྲི། ཡོན་ཏན་ཅུང་ཟད་ཡོད་པའམ། ཡུལ་བླ་སེར་སོགས་མཆོད་གནས་ཀྱི་རིགས་ལ་རང་ལས་དམན་པ་ལའང་འདུད་པ་དང་། ཞེ་ས་སྦྱར་བ་ལ་སྐྱོན་མེད་པར་མ་ཟད་ལེགས་པ་ཡིན་ནོ། ༈ །།བདུན་པ་ལ་དང་པོ་གང་གི་བཀའ་བསྒོ་བ་པོའི་གཏམ། གཉིས་པ་གང་ལ་བསྐུར་བྱའི་ཡུལ་སྨྲོས་པ། གསུམ་པ་སྐབས་དོན་དངོས། བཞི་པ་ཁྲིམས་བསྒྲག་པ། ལྔ་པ་ཡུལ་དུས་གང་དུ་བྲིས་པ་གོ་བར་བྱ་བ་ལས། དང་པོ་ལ་དབུ་འཛུག་གང་བདེས་ཆོག་ཀྱང་། དེང་སང་ཁམས་དབུས་ཀྱི་ཕྲལ་བསྐུར་གྱི་ཕྱག་བཞེས་ལ། ༊ ལྟ་བུའི་རྩེ་ཇི་ཙམ་རིང་པོར་བྱས་ནས་ཤོག་བུའི་མཐའ་ཇི་ཙམ་ནོན་པ་དེ་ཙམ་ཁེབ་རྒྱ་ཆེ་བར་བརྟགས། གང་ལྟར་ཡང་། རྒྱ་བོད་ཀྱི་རྒྱལ་པོ་ཆེ་གྲས་ཀྱིས། རང་རང་གི་ཐོབ་ཐང་དང་བསྟུན་པའི་གཏམ་རྔམ་ཟིལ་དང་བཅས་ཏེ།


MR14_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་མོ་ནས་ཟློ་བ་ཞེས་སམ། ཆེ་གེ་མོའི་གཏམ་ཞེས་པ་ལྟ་བུའི་འོག་དུ་བཀྱག་ཐབས་བྱས་ནས། གཉིས་པ་ཡུལ་སྡེ་མི་རིས་ཆེ་གེ་མོ་ལ་ཞེས་སམ། དེ་དག་ལ་བཟློ་བ། ༡ སྤྲིང་པ། ༢ བསྐུར་བ་༣རྣམས་ཐོབ་ཐང་དང་ཆེ་༡ཆུ༢དང་རིམ་པས་སྦྱར་ཏེ་བྲི་བ་སོགས་བྱ། དཔེར་ན། གནམ་བསྐོས་གོང་མ་ཆེན་པོའི་བཀའ་ལུང་གིས་བོད་ཁམས་ཡོངས་ཀྱི་རྗེ་བོར་མངའ་གསོལ་བ་འཇམ་དབྱངས་བདེ་བའི་རྡོ་རྗེར་འབོད་པའི་གཏམ། ཞེས་པ་ལྟ་བུའི་འོག་ཏུ་བཀྱག་ཕབ་དང་བསྣོལ་ཚུལ་སྔར་ཡུལ་དང་པོ་དང་ཕྱོགས་འདྲ་བར་བྱས་ལ། དབུས་གཙང་ཁམས་གསུམ་གྱི་མི་སྡེ་མཐའ་དག་ལ་ཟློ་བའམ། ཀུན་ནས་ངེས་པར་བྱ་རྒྱུར་སོགས་ནས་སྐབས་དོན་སྦྱར་ཞིང་། གསུམ་པ་དོན་ཚན་དུ་ཡོད་པ་བྲི། བཞི་པ་དོན་ཚན་གྱི་རྣམ་པ་དུ་ཡོད་པ་དེ་དག་ལས་ཉེས་འགལ་ཕྲ་མོ་ཙམ་ཤར་ཚེ་རྒྱལ་ཁྲིམས་འདི་འདྲ་བ་ལ་སྦྱར་ཞེས་པ་དང་། ལྔ་པ་ཞེ་ས་གོ་བོར་བྱ་བའི་ཡི་གེ་ཡུལ་དུས་ཆེ་གེ་མོ་ལ་བྲིས་ཞེས་པ་ལྟ་བུས་མཚོན་ཏེ་ཤེས་པར་བྱ་ཞིང་། རྒྱལ་ཕྲན་ཕལ་བ་རྣམས་ཀྱིས་དང་པོ་ནས་བསྐུར་ཡུལ་གྱི་མིང་སྨྲོས་ལ་དོན་ཚན་བསྒྲགས་ནས་སྔ་མ་བཞིན་ནམ། ཡུལ་དུས་ལ་ལྟོས་ནས་ཁྲིམས་བསྒྲགས་དགོས་མི་དགོས་ཚིག་རྩ་གནད་དུ་ཕབ་ལུགས་སོགས་ཇི་རིགས་ཡོད་པ་ཤེས་པར་བྱ་ཞིང་། ཆོད་ཁྲ་སོགས་ཕལ་ལ། གཏན་ཚིག་བཞག་དོན་ཞེས་སམ། ཀུན་ནས་ངེས་དགོས་རྒྱུར་སོགས་ཚིག་གི་བབས་སྣ་ཚོགས་ཡོད་པ་ཡིན་ནོ།། ༈ །།ལྔ་པ་མི་ནོར་བའི་ཕྱག་རྒྱ་འདེབས་ཚུལ་ལ། གདབ་བྱ་རྒྱ་ནི། རང་དང་ལྷའི་མིང་དང་ཕྱག་མཚན་བཀྲ་ཤིས་པའི་རྫས་ལ་སོགས་པའི་ཐེའུ་འམ། བླ་དཔོན་ཆེན་པོ་དག་གིས་ལས་


MR14_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་རྟགས་སུ་གནང་བའམ། འདུལ་བ་དང་མཐུན་པར་མི་སྡུག་པའི་འདུ་ཤེས་གསོ་བ་ཀེང་རུས་ཀྱི་གཟུགས་ལ་སོགས་པ་ཇི་འོས་པ། དེ་ཡང་ཤོང་འཕུར་གྱི་ཁྱད་པར་གྱི་ལ་ཆ་དང་སྣག་སྤར་ལ་བསྔགས་པ་གང་རིགས། ཁ་དོག་ཀྱང་བླ་དཔོན་ཆེན་པོ་དག་གིས་མཚལ། དེ་ལས་གཞན་པའི་སྣག་གིས་བྱའོ། །གདབ་ལུགས་ཞེ་ས་བྱེད་ན་ཁམས་འདིར་ནང་ཐིལ་བྱ་སྲོལ་མེད། ཕྱི་རུ་ཕུལ་ལྟ་བུའི་ཚགས་དང་འབྲེལ་བར་ཡང་རྒུ་ཉམས་སུ་གདབས། ཞུ་ཁྲ་སོགས་ལ་ཐེལ་མི་དགོས། རང་དང་མཉམ་པ་སོགས་ལ་ཇི་བདེར་བྱ། བཀའ་ཤོག་ལ་ནང་གི་དང་པོར་གཏམ་ཟེར་བ་ལྟ་བུའི་རྗེས་སུ་བཀའ་རྟགས་བཞག་པའམ། སྟོད་ཀྱི་ས་སྟོང་དུ་ཡི་གེ་ཕྲེང་དང་པོ། ཆེ་གེ་མོའི་གཏམ་ཞེས་པའི་འོག་ཏུ་གང་བ་ལ་ཁྱུང་འབྲུག་སོགས་ཆེ་རྒུའི་ལག་པར་ནོར་གཞོང་སོགས་སུ་མཆོད་སྟབས་བྱ། དེས་ཆེ་བ་མཚོན་པར་བྱེད། འཇུག་ཐིལ་གདབ་ནའང་མར་རྒུ་ཉམས་ཀྱི་ཐ་མའི་འབྲུ་རེ་གཉིས་ནོན་པར་གདབ། མཐར་གདབ་པ་ཚགས་དང་འབྲེལ་བ་དེས་ཚིག་རྟིང་དོན་གྱིས་ནོན་པ་མཚོན་ཅིང་། ཁྱད་པར་འབྲུ་རེ་གཉིས་ནོན་པས་ཚེ་དྲུག་ཡོད་པར་མཚོན། སྤྱིར་མཇུག་ཐེལ་ཡོད་རིགས་དོན་དེ་རྣག་པར་མཚོན་ནོ། །ཕྱག་རྒྱ་འདི་ནི་མི་ནོར་བར་རང་གི་རྟགས་ཏེ་གདབ་བྱའི་དོན་དེ་ལས་མི་འདའ་བར་མཚོན་པ་ཡིན་ནོ།། ༈ །།ལྔ་པ་བལྟེབས་ལུགས་ལ། ཞེ་ས་ཐོབ་པ་རྣམས་ལ་སྨད་ནས་ཡར་དྲིལ། དེ་ཡང་གཉིས་ལྟེབ་ཆེན་པོ་མེད་པར་སྣེ་ནས་དྲིལ། དེ་མིན་ལ་ཡི་གེའི་མཇུག་ནས་ཡར་ཕྱེད་དུ་དྲིལ། བཀའ་ཤོག་ལ་མཇུག་གི་ལྡེབ་རེ་གཉིས་པར་ཉིས་ལྟེབ་བྱ། ཞེས་ཅི་ཙམ་ཆེ་བ་དེ་ཙམ་ཤོག་དྲིལ་ལྟེབས་ཆུང་། བཀའ་ཤོག་ལྟ་བུ་


MR14_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟེབས་ཞེང་ཆེ། དེ་ལྟར་བྲིས་ཟིན་པའི་ཤོག་དྲིལ་དེ་ཡང་། ཞེ་ས་ཆེ་བ་ལ་སུམ་བལྟབ་སྣེ་བཀུག་པའི་སྣེ་ཇི་ཙམ་རིང་བ། ཞེས་དང་། ཞེས་ཙམ་ལ་སུམ་བལྟེབས། དེ་ནས་རིམ་པས་ཆུང་བ་དང་། མཉམ་པ་བཞི་བལྟབ་སོགས་ཇི་བདེ། བཀའ་ཤོག་ལ་ཉིས་བལྟབ་མཇུག་ངོས་ཐུང་བ་བྱ། དེ་ལྟར་བལྟབ་པའི་ཤོག་བུ་སྣེ་གཉིས་སོ་སོར་མཉམ་པར་གྲས་ལ། ཤོག་བུའི་ཡ་མཐའ་ཡོད་ངོས་རྒྱབ་ཏུ་བྱས་ཏེ་ཕྱི་ལོགས་སུ་བཀུག །དེ་ལ་སུམ་ལྟེབས་ལྟ་བུ་ལ། དང་པོར་རང་གི་མིང་བྲིས་ནས། དེས་ཕུལ་བའི་ཞུ་ཡིག་གམ་གུས་ཕུལ་སོགས་བྲི། སྤྱིར་ཞེ་ས་དགོས་གྲས་ལ། རང་གི་མིང་གར་དགོས་ཀྱི་གནས་སུ་ཕྲན་དང་། ཕྲན་ཆུང་ལྟ་བུར་སྦྱར། ཞེ་ས་མི་དགོས་ན་ངོས་དང་། བདག་ལ་སོགས་ཟེར། བཀའ་ཤོག་སོགས་ལ་ངེད་ནས་དང་། འདི་ནས་སོགས་བརྗོད། ཆོད་ཁྲ་སོགས་ལ། ཆོད་ཁྲ་དང་། ལམ་ཡིག་ལྟ་བུ་མིང་ཙམ་བྲི་བའམ། ཕྱི་ཐེལ་བྱེད་ན་བཀའ་ཤོག་སོགས་བཙན་ཡིག་ལ། འཕྲལ་དུ་སྤྲོད་ལྟ་བུའི་མཐར་བརྡེག །བར་པ་ལ། ཞེ་ས་དགོས་གྲས་ལ་ནང་གི་མགོ་རྒྱང་ལྟར་ཞབས་དྲུང་དང་སྐུ་དྲུང་སོགས་གང་རིགས་མདོར་བསྡུས་སྦྱར། གསུམ་ལྟེ་བ་ཐ་མ་ནང་མ་བྱས་ཏེ་སྣེ་བཀུག་པ་སོགས་བྱ། བཀའ་ཤོག་སོགས་ལ་ལྟེབ་དང་པོར་ཆེ་གེ་མོ་ལ་སྤྲོད་སོགས་བྲི། སྐབས་འདིར་ཧུང་ཐག་དཀྲི་ལུགས་ཀྱི་རྣམ་བཞག་ཡོད་ཀྱང་ཁམས་འདིར་མི་དར་བས་བཞག། ༈ །།དྲུག་པ་རྟེན་བཅས་བཀོད་ཚུལ་ལ། དར་དང་ཊ་མག་ལྟ་བུ་ནང་ཚུད་རིགས་མིན་པ་གཞན་དུ་རྟགས་ལྡན་བཅས་ཏེ་བཞག །དེ་ཡང་དར་ལྟ་བུ་ལ། རི་མོ་མགོ་མཇུག་མ་ལོག་


MR14_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡི་གེ་ལྟར་བྱ། དེ་ཡང་ཉིས་ལྟེབ་དང་བཞི་ལྟེབ་པ་ཡི་གེའི་ཆེ་ཆུང་དང་འཚམས་པར་བྱས་ལ། ཡི་གེ་དྲིལ་བར་བྱའོ།། ༈ །།བདུན་པ་དམ་རྒྱ་བཏབ་ལུགས་ནི་ཡོངས་གྲགས་ལྟར་ལ། དེ་ཡང་ཞེ་ས་ཆེ་བ་ལ། ནང་གི་ཡི་གེ་རྟེན་བཅས་ཀྱི་དཀྱུས་ཞེང་གསུམ་ཙམ་བྱ། ཡ་ཁེབས་ཆེ་བ་ཞེས། དེ་ལ་ཡ་ཁེབས་ཀྱི་ངོས་ལ་ནང་གི་མགོ་རྒྱང་ལྟར་བརྗོད་པའི་ཞབས་དྲུང་ཏུ། ཞེས་པ་ལྟ་བུའི་མཐའ་དཀྱིལ་དུ་འགྲིགས་ན་བཟང་། དཀྱིལ་དུ་ལ་ཆ་ཐིལ་མཐའ་སྒང་པོར་འཁོར་བའི་རྟགས་གདབ། དེ་འོག་མཐོ་ལ་འབུལ་མཁན་གྱིས་གུས་པར་ཕུལ་བའི་ཞུ་ཡིག་ལྟ་བུ་བྱ། ཞེ་ས་མི་དགོས་པ་ལ། ཕུལ་མཁན་གྱི་མིང་ཡང་གོང་གི་ཡིག་ཕྲེང་དཀྱུས་མར་བྲི་ཆོག །ཁ་ཅིག་ནང་གི་མགོ་རྒྱང་དང་ཕྱིའི་ཤོག་རྒྱ་ལ་བྲི་རྒྱུ་གཅིག་དགོས་ཟེར་ཀྱང་སྐབས་དང་བསྟུན། རྟེན་བཅས་གཞན་ཡོད་རྣམས། མ་ཁའི་མགོ་ངོས་སུ་སྤྱད་ཆ་ཆེ་གེ་མོ་རྟགས་ལྡན་ཡོད་ཅེས་བྲི། ཡིག་རྒྱ་མང་པོ་ལྷན་དུ་ཡོད་པས་ནོར་དོགས་ན། ཤོག་རྒྱ་འོག་ངོས་མགོ་ཕྱོགས་ལ་ཕྲེད་དུ་གར་འབུལ་བྲིས་ཀྱང་རུང་། ལྟེབས་དགོས་པ་ཕྱིར་སྣེ་གཉིས་བཀུག་པ་སྔར་ཡི་གེ་བཀུག་ལུགས་ལྟ་བུས་ཚགས་བདེའོ། །སྨྲས་པ། སྲིད་པའི་ཆོས་ཚུལ་རྒྱ་མཚོ་ཆེན་པོའི་ཆར། །ཀུན་རྟོག་རླུང་གིས་བྲིས་པའི་རི་མོའི་གྲངས། །འདི་ཙམ་ཁོ་ནར་གནས་ཞེས་རྣམ་འཇོག་པ། །དེ་དག་ཤིན་ཏུ་མི་མཁས་ཀྱི་ནར་འཁྱམས། །དེ་ཕྱིར་བསྐུར་ཡུལ་དུས་དང་དགོས་དོན་ལ། །ལྟོས་པའི་རྣམ་བཞག་ཚིག་གི་ཕྲེང་བ་ཡང་། །ཤིན་ཏུ་རྣམ་མང་ཉམས་ཀྱི་ཁྱད་པར་ནི། །རྩོམ་པོ་ཉིད་ཀྱི་བློ་ཡིས་དུ་མར་འགྱུར། །གང་ལ་བདག་དང་གཞན་དུ་རྣམ་བརྟགས་པས། །ཤེད་ཀྱིས་


MR14_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་པའི་དུད་འགྲོ་ལ་དམིགས་ནས། །ཆགས་སྡང་སྤེལ་མར་འཕེལ་བའི་བློ་བཞིན་དུ། །སྐྱེ་བོ་ཡུལ་གྱི་གྲགས་པའི་རྗེས་སུ་འབྲངས། །དེ་ཕྱིར་ཀུན་བརྟག་སྤྲིང་ཡིག་རྣམ་བཞག་ནི། །ཡུལ་གྲུ་འདི་ལ་གྲགས་པའི་རྗེས་འབྲང་ནས། །ཅུང་ཟད་སྨྲས་པ་མེ་ཏོག་ཕྲེང་བ་འདི། །བྱིས་པའི་སྐྱེ་བོ་དགའ་བའི་སླད་དུ་བྱས། །ཞེས་ཡིག་བསྐུར་གྱི་རྣམ་བཞག་ལ་ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་དུས་ཀྱི་རྒྱ་ནག་གི་ཧུང་ལེའི་སྲོལ་སོགས་དང་། བོད་དུའང་མཁས་དང་མཁས་མིན་དུ་མའི་རང་འདོད་དུ་བྱས་པའི་རྣམ་བཞག་ཤིན་ཏུ་མང་བར་མཆིས་པ་ལས། རེ་ཞིག་བརྗོད་སྒྲོས་ཀྱི་ངལ་བ་སྤངས་ཏེ་སྤྱི་བབས་མདོར་བསྡུས་པ་ཙམ་ཡུལ་འདིར་གྲགས་པ་ལྟར་བྲིས་པ་འདི་ནི་སྒང་སྣ་ཆོས་རྗེའི་གསུང་གིས་བསྐུལ་ངོར་ལྔ་རིག་སྨྲ་བ་མི་ཕམ་རྣམ་པར་རྒྱལ་བས་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །


previousཡིག་བསྐུར་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་མེ་ཏོག་ནོར་བུའི་ཕྲེང་བ།no next