Nitartha Digital Library
Tibetan
 
previousདུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་བཤད་ཀྱི་སྐབས་སུ་ཉེ་བར་མཁོ་བ་རྣམས།next

དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་བཤད་ཀྱི་སྐབས་སུ་ཉེ་བར་མཁོ་བ་རྣམས།


MR17_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་བཤད་ཀྱི་སྐབས་སུ་ཉེ་བར་མཁོ་བ་རྣམས་བཞུགས་སོ། །


MR17_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ན་མཿ ཤྲཱི་ཀཱ་ལ་ཙཀྲཱ་ཡ། གང་འདིར་གཉིས་མེད་ཡེ་ཤེས་ཀྱི། །རིགས་བརྒྱ་རྣམ་དག་དམ་པའི་དངོས། །རྒྱལ་བ་དྲུག་འདུས་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་ལ་འདུད་དོ། །འདིར་དུས་འཁོར་ལྷན་སྐྱེས་བསྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བར་བྱ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང་། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོའི་སྙིང་ག་ནས་མནན་པ། རལ་པའི་ཐོར་ཙུག་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གི་པགས་པའི་


MR17_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ཐབས་ཅན། མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེ་ཆུང་ལྗང་གུ། ཕྱག་སོར་རྣམས་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡབ་དང་སྦྱོར་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧོ་སེར་པོ། གཙུག་ཏོར་དུ་ཧྃ་ལྗང་གུ། གསང་བར་ཀྵ་སྔོན་པོ་རྣམས་སུ་གྱུར། ཨོཾ་ཨཱཿ ཧཱུྃ་ཧོ་ཧཾ་ཀྵཿ ཞེས་པའོ། །སྙིང་གར་རྣམ་བཅུ་དབང་ལྡན་བརྩེགས་མར་བསམས་ནས། ཨོཾ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ། ཐུན་མཚམས་སུ་དགེ་བ་བསྔོ། འདི་ལ་གཏོར་བསྔོ་སོགས་མེད་ཀྱང་རུང་ལ། སྤྲོ་ན། ཨོཾ་ཨཱཿ ཧཱུྃ་ཧྲཱི་ཕཊ་ཀྱིས་བསང་།


MR17_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿ ཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབས། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང་། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་མདུན་དུ་སྤྱན་དྲངས། སྙིང་པོའི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་ལ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱི་གསོལ་བ་བཏབ། རྗེས་སྤྱི་དང་མཐུན། གཏོར་མ་རྒྱས་པ་ལ་དགའ་ན། སྒྲུབ་ཐབས་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །འདིའི་རྗེས་གནང་སྤྱི་དང་འདྲ་ལ་ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ཡིན་ནོ། །སྒྲུབ་ཐབས་ཀུན་ལས་ཆེས་བསྡུས་པ། །བློ་དམན་དགའ་བ་བསྐྱེད་པའི་གཞི། །བསྐྱེད་རིམ་སྙིང་པོ་ཉུང་ངུའི་ངག །འདི་ཡང་འགྲོ་ལ་ཕན་ཕྱིར་བརྩམས། །དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ། །རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལགས་སོ།། །།དཔལ་ལྡན་དུས་འཁོར་ཟླ་བཟང་ལྷ་དབང་ཞབས། །གཟི་བརྗིད་ཟླས་བྱིན་ལྷ་དབང་སྣ་ཚོགས་གཟུགས། །ལྷ་ཡི་དབང་ལྡན་རིགས་ལྡན་འཇམ་དཔལ་གྲགས། །པདྨ་དཀར་པོ་རྣམས་ལ་གསོལ་བ་འདེབས། །འཇམ་དབྱངས་སྤྲུལ་པས་རྗེས་བཟུང་ཙི་ལུ་པ། །པི་ཎྜོ་པ་དང་དུས་ཞབས་རྣམ་པ་གཉིས། །འཇམ་དཔལ་གྲགས་པ་ས་མནྟ་ཤྲཱི། །ལོ་ཆེན་ཆོས་རབ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་སེང་གེ་འབུམ་སེང་སྒ་ལོ་ཆེ། །ཤེས་རབ་སེང་གེ་རྡོ་རྗེ་རྒྱལ་མཚན་དཔལ། །རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །ཆོས་ཀྱི་དཔལ་བ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་དཔལ་དང་མཁས་གྲུབ་ཙནྡྲ་ཤྲཱི། །


MR17_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །རིན་ཆེན་རྒྱལ་པོ་དོན་གྲུབ་རྒྱལ་མཚན་དང་། །བཀྲ་ཤིས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་རྒྱལ་མཚན་བསོད་ནམས་མཆོག་གྲུབ་དཔལ། །རིན་ཆེན་ཆོས་ལེགས་བསོད་ནམས་རྒྱ་མཚོའི་སྡེ། །འཇམ་དཔལ་མཁྱེན་རབ་རིན་ཆེན་བསྟན་དར་དང་། །བསྟན་འཛིན་ཕྲིན་ལས་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཛིན་དབང་ཡེ་ཤེས་དཔལ་འབྱོར་དང་།། ཁྱབ་བདག་དང་པོའི་མགོན་པོ་བློ་གསལ་ཞབས། ཞེས་རྗེ་བླ་མའི་གསུང་ལ་འདུག་ཀྱང་འདིར་ཚིག་རྐང་གཉིས་ཁ་བསྐང་བ་ནི། བློ་གསལ་བསྟན་སྐྱོང་འཇམ་དབྱངས་མཁྱེན་བརྩེའི་ཞབས། །གདོད་མའི་མགོན་པོ་བློ་གྲོས་མཐའ་ཡས་སྡེ།། དེ་བཞིན་ཁ་སྐོང་གཞན་འདིར་འཛུད། ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱི་རོལ་འཇིག་རྟེན་ཁམས་ཀྱི་མཚན་ཉིད་དང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ངེས་གསང་རྟོགས། །གཞན་དུ་སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ། །བརྟེན་ནས་དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག །མཐའ་ཡས་རྒྱུད་སྡེ་ཀུན་གྱི་རྡོ་རྗེའི་ཚིག །ཡོངས་སུ་འབྱེད་ལ་མཚུངས་པ་གཞན་མེད་པའི། །དཔལ་ལྡན་དུས་འཁོར་བཤད་སྒྲུབ་སྣང་བ་ཡིས། །འཇིག་རྟེན་གསུམ་ན་རྟག་ཏུ་ཁྱབ་གྱུར་ཅིག །འདི་ཁོ་བོ་མི་ཕམ་པ་ལ་རྒྱུད་བཤད་གནང་ཚེ་བཀའ་དྲིན་མཚུངས་མེད་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་གསུང་མའོ།། །།དུས་འཁོར་རྒྱུད་འཆད་པའི་ཚེ། ཐོག་མར་གྲལ་དུ་འཁོད་ནས། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་སོགས་ཧེ་རུ་ཀའི་ཡིག་བརྒྱ་འམ་རྡོར་སེམས་ཡིག་བརྒྱ་ཅི་རིགས་བཟླས་ནས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །


MR17_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་དུས་འཁོར་ཟླ་བཟང་ལྷ་དབང་ཞབས། །ཞེས་སོགས་བརྒྱུད་འདེབས་མཐར། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་སོགས། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་པར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏ་སོགས། ལྷན་སྐྱེས་བདག་བསྐྱེད། གནས་དྲུག་བྱིན་རླབས་སྔགས་གསུམ། བཟླས་པ་ཅུང་ཟད་བྱ། བཅོམ་ལྡན་འདས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དེ་ནས་གཏོར་མ་བྱིན་རླབས། མགྲོན་བཀུག །འབུལ་བསྟོད། འདོད་གསོལ་བཅས་སྒྲུབ་ཐབས་ལྟར། དྲིལ་བསིལ་མཐར་ཧེ་རུ་ཀའི་ཡིག་བརྒྱས་ནོངས་པ་བཤགས།གཤེགས་གསོལ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། སོགས་ཤིས་བརྗོད་བྱ། གཏོར་འབུལ་སྐབས་འདིར་མ་བྱས་ཀྱང་རུང་སྟེ་ལོགས་སུ་བྱའོ། །དེ་ནས་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿ ཧཱུྃ། གཞི་ཡོངས་སུ་དག་པ་དབང་


MR17_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁེ་ཨཱཿ ཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལོངས་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། གང་ཡང་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་དབྱེར་མ་མཆིས་པའི་དྲུང་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བཤད་ལུང་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་གསོལ་བ་བཏབ་ནས། སློབ་དཔོན་གྱིས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིང་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱབ་བདག་དུས་ཀྱི་འཁོར་ལོའི་གོ་འཕང་རིན་


MR17_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྐུ་ཚེ་འདི་ཉིད་ལ་མངོན་དུ་བྱ་བའི་ཆེད་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་། ཆོས་འཆད་ཉན་གྱི་གནས་སྐབས་སུ་ཀུན་སྤྱོད་ཀྱི་རིམ་པ་སྤྱི་དང་། ཁྱད་པར་དུ་གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྡོ་རྗེ་སྲུང་བའི་འཁོར་ལོ་དང་བཅས་པའི་དབུས་སུ། སློབ་དཔོན་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡབ་ཡུམ་དང་། །རྒྱུད་ཉན་པ་པོ་རྣམས་གསང་བའི་བདག་པོའམ་འཇམ་དཔལ་རྡོ་རྗེ་རྣོན་པོ་གང་མོས་སུ་གསལ་ཞིང་རྒྱུད་ཀྱི་རྒྱལ་པོའི་རྡོ་རྗེའི་ཚིག་རྣམས་གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲ་ལྷང་ལྷང་བསྒྲགས་པས་ཟབ་མོའི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྟོགས་པར་བྱིན་གྱིས་བརླབས་པའི་མོས་འདུན་དང་བཅས་ཏེ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་དེ། སོགས་གཞུང་ལྟར་བཤད་ནས། མཇུག་ཆོས་མཚམས་སུ། དེ་ལྟར་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བ་མཐའ་དག་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུ་འཐོབ་པ་དང་། རྒྱུད་ཀྱི་རྒྱལ་པོ་འདི་ཡང་ཕྱོགས་དུས་ཐམས་ཅད་དུ་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་སྟོབས་ཀྱིས། བསྟན་འགྲོའི་ཕན་བདེ་མ་ལུས་པ་ལྷུན་གྱིས་འགྲུབ་པའི་རྒྱུར་ཡོངས་སུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། དགེ་བ་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དང་། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་


MR17_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་འགྲོ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་དཔོན་སློབ་དར་ཞིང་རྒྱས་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །ཞེས་པ་འདི་ཉིད་མཚུངས་མེད་ཐུགས་རྗེའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གང་གི་ཞལ་སྔ་ནས། རྒྱུད་འདིའི་བཤད་པ་ནོས་པའི་ཚེ་བླ་མའི་ཕྱག་བཞེས་ལྟར་མི་ཕམ་པས་ཟིན་བྲིས་སུ་བྱས་པ་དགེ་ལེགས་འཕེལ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིའི་བཤད་རྒྱུན་བདག་ཅག་གི་འདྲེན་མཆོག་བླ་མ་དམ་པ་གཉིས་ཀྱི་བར་དུ་བརྒྱུད་པ་བར་མ་ཆད་པར་བཞུགས་པ་གསོལ་འདེབས་ལྟར་ལ། ཇོ་ནང་པའི་མཆན་འགྲེལ་གྱི་བཤད་ལུང་ཐོབ་པ་རྣམས་ཀྱིས་ཇོ་ཞལ་རྣམ་གཉིས་ཀྱི་བརྒྱུད་པ་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཡིན་པས་དེའི་བཤད་རྒྱུན་ལྟར་གྱི་བླ་བརྒྱུད་ཀྱང་འདིར་འཛུད་ཆོག་གོ། །འདིའི་རྒྱུད་བཤད་འཆད་ཉན་གྱི་ཚེ་ཐོག་མཐའི་མཚམས་སྦྱོར་འདོན་ཆ་འདི་བཞིན་བྱ་བ་དང་། དེ་ནས་འབྲེལ་པ་སྒྲ་དག་ཅིང་དལ་ལ་ཟུར་ཕྱིན་པ་གསལ་པོར་བཀླགས་དགོས་ཀྱི། དེང་སང་གི་ལུང་


MR17_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འབོགས་པ་ཕལ་ཆེར་ལྟར་བརྗོད་པ་ཤིན་ཏུ་བྲེལ་ཞིང་ཚིག་འབྲུའི་སྒྲ་མི་གོ་བ་ལྟ་བུ་གཏན་ནས་བྱ་མི་རུང་སྟེ། སྒྲ་དལ་ཞིང་གསལ་པོར་བཀླག་ན་རྒྱུད་ཀྱི་དོན་འགྲེལ་ཆེན་གྱིས་བཤད་ཅིང་མཁས་གྲུབ་རྣམས་ཀྱི་ཞལ་ནས་བྱུང་བ་ལྟར་དེར་ཚང་བས་ཐ་མལ་གྱི་ངག་ཉབ་ཉོབ་ཀྱི་བཤད་པ་ཅི་ཡང་མི་དགོས་ཏེ། འཆད་པ་པོ་སུས་བཀླགས་ཀྱང་ཚིག་དེ་ལ་ཁྱད་མེད་པར་ཉན་པ་པོའི་རྣ་བར་ཐོས་པའི་ཕྱིར་བཤད་པའི་རྒྱུན་འདི་ལྟ་བུས་གོ་ཆོད་ངེས་སུ་འགྱུར་ཕྱིར། བླ་མ་གོང་མ་རྣམས་ཀྱིས་ཕྱག་བཞེས་ཀྱང་འདི་ལྟར་མཛད་པས་སྟབས་བདེ་ལ་དུས་ཀྱི་མཐའི་བར་དུ་བཤད་པའི་རྒྱུན་བཞུགས་པར་འགྱུར་གྱི། རྒྱུད་དོན་མཐའ་དག་ཚིག་རེ་རེ་ནས་བཀྲོལ་ཏེ་གཏན་ལ་འབེབས་པའི་འཆད་པ་དང་ཉན་པ་དག་ནུས་ནའང་བཤད་རྒྱུན་འདི་ལྟར་བྱས་ནས་དེའི་རྗེས་སུ་སློབ་དཔོན་གྱིས་སློབ་མ་ལ་རིམ་བཞིན་བསླབ་པས་ཆོག་ལ། སློབ་དཔོན་གྱིས་ཚིག་དོན་མཐའ་དག་གོ་ཞིང་བཤད་ནུས་ཀྱང་མཚམས་མཚམས་སུ་དོན་བསྡུས་ཀྱི་གནད་རེ་ཟུང་ཙམ་དང་དཀའ་གནད་སོགས་ལ་དོགས་པ་གཅོད་པ་རེ་བྱས་ཀྱང་རུང་མོད་ཀྱི་དེ་ལྟར་མ་བྱས་ཀྱང་གཞུང་གི་སྐབས་རྣམས་སུ་གསལ་བ་ལྟར། རྒྱུད་རྩ་བ་གོང་དུ་འདོན་དགོས་པ་དེར་དལ་བུས་སྒྲ་ཟུར་ཐོན་པར་བཀླག་ཅིང་། དེ་ནས་འགྲེལ་པ་གསལ་པོར་གོ་ངེས་སུ་བཀླག་པའི་རིམ་པ་མ་འཆུག་པ་ལེགས་པར་བྱས་པས་ཆོག་གོ། །འདིའི་རྒྱབ་སྐྱོར་དུ་འགྲེལ་ཆེན་དྲི་མེད་འོད་ཀྱི་ལུང་ནོད་པར་བྱས་ན་འགྲེལ་པ་འདིར་དེར་ཁ་འཕང་བའི་སྔགས་ལ་སོགས་པ་དུ་མའང་ཚང་བར་འགྱུར་བ་དང་འགྲེལ་ཆེན་ཉིད་ཆ་ཚང་ཐོབ་པ་དོན་ཆེ་བའི་ཕྱིར་ཤིན་ཏུ་ལེགས་སོ། །རྒྱུད་བཤད་ཀྱི་སྐབས་སུ་ཇི་ལྟར་ཡང་ཞག་བདུན་ལས་ཉུང་བར་མི་བྱ་སྟེ་སྒྲ་ཟུར་ཐོན་པར་དག་ཅིང་དལ་བར་བཀླག་དགོས་པའི་ཕྱིར་རོ། །དེ་ནས་ཞག་བདུན་ནམ་བཅུ་བཞི་སོགས་ནས་ཟླ་བ་གཅིག་དང་ཞག་སོ་དྲུག་ལ་སོགས་པ་ཇི་ལྟར་འདོད་པས་རྒྱུད་རྩ་འགྲེལ་གྱི་འཆད་ཉན་བྱ་ཞིང་། དེ་སྐབས་སུ་ཚེས་བཅུ་དང་བཅོ་ལྔ་ཉེར་ལྔ་ལྟ་བུར་ལྷའི་མངོན་རྟོགས་རྒྱས་བསྡུས་གང་རུང་


MR17_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་མཆོད་ཆོག་དང་ཚོགས་མཆོད་བྱ་ཞིང་། དེའི་སྐབས་གང་བདེར་རྣལ་འབྱོར་མའི་མཆོད་པ་དང་། སྲུང་འཁོར་བསྒོམ་པ་རྣམས་ཅི་རིགས་སུ་བྱ་ལ། ལྷན་སྐྱེས་བདག་བསྐྱེད་ཀྱི་བཟླས་པ་གཏོར་འབུལ་བཅས་དང་། སྡེ་དྲུག་སྲུང་མ་དྲུག་ཅུའི་གཏོར་བསྔོ་རྒྱས་བསྡུས་གང་རུང་ཉིན་བཞིན་བཏང་ན་ལེགས། ཉན་པ་པོ་རྣམས་ཀྱང་དུས་འཁོར་གྱི་དབང་ཐོབ་པ་ཤ་སྟག་དགོས་ལ། རྗེས་སུའང་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱ་བ་དང་། རྒྱུད་བཤད་ཐོབ་པ་རྣམས་ཀྱིས་ཀྱང་ཆོས་འདིར་འབྲེལ་འཇོག་གི་ཚུལ་དུ་ཐ་ནའང་མངོན་རྟོགས་རྒྱས་པའམ་ལྷན་སྐྱེས་ལྟ་བུའི་ཆོ་གའི་སྟེང་ནས་རྣམ་བཅུ་དབང་ལྡན་གྱི་སྙིང་པོ་འབུམ་ཕྲག་བཅུ་ཁ་སྐོང་བཅས་ཀྱི་བསྙེན་པ་བཏང་ནས་སླར་འཆད་དགོས་པ་ཡིན་ལ། རབ་ཏུ་ན་བསྙེན་སྒྲུབ་རྒྱས་པ་དང་། ལམ་འདིའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་མནོས་ནས་ཉམས་མྱོང་གི་དྲོད་ཚད་ཅི་རིགས་རང་རྒྱུད་ལ་སྐྱེད་པ་དང་། དབང་དང་རྒྱུད་འཆད་ཉན་དང་ལམ་འདིའི་སྒོམ་སྒྲུབ་ཀྱི་རྒྱུན་ཇི་སྲིད་བར་དུ་བརྟན་པར་གནས་པའི་ཐབས་ལ་འབད་ན་བསྟན་པའི་འགལ་ཟླ་མུ་སུ་རྨཱ་ནྶ་སོགས་ངང་གིས་ཞི་བ་དང་། རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཟབ་མོའི་བསྟན་པ་རིན་པོ་ཆེ་གནས་པར་འགྱུར་བའི་མཐུས་བསྟན་འགྲོའི་ཕན་བདེ་མ་ལུས་པ་ལྷུན་གྱིས་འགྲུབ་པའི་ཕྱིར་གང་ཟག་སྐལ་བཟང་དམ་པ་རྣམས་ཀྱིས་དེ་ལྟར་ཐུགས་ཀྱི་གོ་ཆ་བགོ་བར་འཚལ་ཞེས་མི་ཕམ་པས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།


previousདུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་བཤད་ཀྱི་སྐབས་སུ་ཉེ་བར་མཁོ་བ་རྣམས།next