Nitartha Digital Library
Tibetan
 
previousདཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ།next

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ།


MR17_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ སཱུ ཪྻ བྷཱ ས ནཱ མ ཤྲཱི ཀཱ ལ ཙ ཀྲ སྱ ཏནྟྲཱ ཎཱཾ ཝཱ ག རྠ པྲ ཀཱ ཤ ཀ ར བི ཧ ར ཏི སྨ། །
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


MR17_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རཱ་ཡ། གང་གིས་བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་མཆོག་ཏུ་མི་འགྱུར་ཡེ་ཤེས་བརྙེས། །བདུད་ཀྱི་སྡེ་ཆེན་རབ་བཅོམ་འཇིག་རྟེན་གསུམ་ན་མཆོད་འོས་མཚུངས་མེད་སྙན་པར་གྲགས། །ཤཱཀྱའི་རིགས་འཁྲུངས་ཤཱཀྱ་སེང་གེ་དཔལ་ལྡན་རྡོ་རྗེ་སེང་གེའི་ཁྲིར་བཞུགས་པ། །རྡོ་རྗེའི་རྣལ་འབྱོར་དང་པོའི་སངས་རྒྱས་རྒྱུད་མཆོག་སྟོན་མཛད་དེ་ལ་གུས་ཕྱག་འཚལ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོ་རྡོ་རྗེའི་སྐུ་ནི་འཕོ་བའི་སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱ་ཆེན་མོས་ཀུན་ནས་ལེགས་འཁྱུད་གཉིས་


MR17_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པའི་མཐའ་དང་བྲལ། །སྐུ་བཞི་བྱང་ཆུབ་བཞི་དང་རྡོ་རྗེ་བཞི་ལྡན་དེ་ཉིད་བཅུ་དྲུག་བདེན་དོན་བཅུ་གཉིས་མཐར་སོན་པ། །རིགས་རྣམས་ཀུན་གྱི་ཁྱབ་བདག་མཆོག་གི་དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་དེ་ལ་འདུད། །རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་རྡོ་རྗེ་འཛིན་རྒྱལ་ཞུ་ཞིང་གསོལ་བ་འདེབས་པ་པོ། །འཇམ་དཔལ་དཔལ་ལྡན་གྲགས་པ་མཆོག་ཉིད་རྡོ་རྗེའི་རྒྱུད་ཆེན་ལེགས་པར་བསྡུ་མཛད་རིགས་ལྡན་གཙོ། །དགོངས་འགྲེལ་དྲི་མེད་འོད་ཀྱི་སྣང་བ་ཕྱོགས་ཀུན་རབ་བཀྱེ་འཇིག་རྟེན་མགོན་པོ་པད་དཀར་འཆང་། །རྣམ་གསུམ་དབྱེར་མེད་སྙིང་དབུས་པདྨོར་རྡོ་རྗེ་སེམས་མཆོག་ལྷག་པའི་ལྷ་ཡི་ངོ་བོར་མཆོད། །ཙི་ལུ་པ་དང་དུས་ཞབས་འབྲོ་སྟོན་སོགས། །རྒྱ་བོད་མཁས་གྲུབ་ལམ་འདི་གསལ་བྱེད་པའི། །བརྒྱུད་པའི་བླ་མ་རྣམས་དང་དུས་འཁོར་གྱི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་


MR17_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཟླ་ཉིའི་བགྲོད་པ་དྷུ་ཏིར་རབ་ཐིམ་འཕོ་བའི་སྒྲིབ་བྲལ་ཡེ་ཤེས་ཀྱི། །སྐུ་མཆོག་འགྱུར་མེད་འཇིག་རྟེན་གསུམ་ན་དཔལ་དང་ཕུན་ཚོགས་ཀུན་གྱི་གཞི། །དྲན་པའི་མོད་ལ་འཇིགས་པ་ཀུན་སེལ་ཇི་ལྟར་འདོད་པའི་འབྲས་སྩོལ་པ། །དཔལ་ལྡན་རྣལ་འབྱོར་མ་རྣམས་དགྱེས་པས་འཆད་ཉན་རྩོམ་ལ་གེགས་མེད་མཛོད། །རྒྱུད་དོན་རྒྱ་མཚོ་མཆོག་ཏུ་རབ་ཟབ་རྒྱ་ཆེ་བའི། །གནས་འདི་བྱིས་པ་བདག་འདྲའི་བློ་ཡི་ཡུལ་མིན་ཡང་། །བྱང་ཆུབ་སེམས་དཔས་རྗེས་བསྟན་དམ་པའི་ལེགས་བཤད་ལ། །བརྟེན་ནས་གཞན་ཕན་སེམས་ཀྱིས་རྒྱུད་ཀྱི་རྣམ་བཤད་བརྩམས། །ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ། །འཇམ་དཔལ་ཉིན་མོར་བྱེད་པའི་སྣང་བ་ནི། །སྙིང་གི་ཆུ་སྐྱེས་བཞད་པའི་གེ་སར་ལ། །འབྲལ་མེད་བསྟེན་ནོ་ཡབ་གཅིག་ཐུགས་རྗེ་ཅན། །འདི་ན་ལུས་སེམས་ཟུག་རྔུའི་བཅིང་བ་ལྔས། །དམ་པོར་བཅིངས་ཞིང་འཁོར་བའི་མཚོ་ཀློང་གི། ཉེས་པ་མཐོང་བཞིན་ཞུམ་པའི་ཉམས་ཆུང་བདག །རྒྱུད་དོན་རྒྱ་མཚོར་འཇུག་ལ་ཐུགས་བརྩེར་མཛོད། །གལ་ཏེ་མཐར་ཕྱིན་གྱུར་ན་ཁྱོད་ཀྱི་དྲིན། །ལེགས་བརྩམ་དེས་ཀྱང་ལམ་འདི་དོན་གཉེར་ལ། །བློ་སྣང་རྒྱ་ཆེ་མཆོག་ཏུ་རབ་སྦྱིན་ཞིང་། །ཆོས་འདི་ཕྱོགས་ཀྱི་ཐ་གྲུར་རྒྱས་པར་མཛོད། །དེ་ལྟར་མཆོད་པར་བརྗོད་ཅིང་གསོལ་བ་གདབ་པའི་ཚིག་གི་མེ་ཏོག་གིས་མདུན་བསུས་ཏེ། གང་ཞིག་བཤད་པར་བྱ་བའི་ཆོས་དེ་གང་ཞེ་ན། བདག་ཅག་གི་སྟོན་པ་མཚུངས་པ་མེད་པ་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས་བསྐལ་པ་གྲངས་མེད་པ་རྣམས་ཀྱི་སྔོན་ནས་བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། ལྷག་པར་རྩོད་ལྡན་སྙིགས་མ་ལྔ་བདོའི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་ཐུགས་རྗེ་ཆེན་པོས་བདག་གིར་བཟུང་སྟེ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་ཇི་ལྟར་སྨོན་པ་དེ་ལྟར་འགྲུབ་པའི་རྒྱུ་


MR17_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཉིས་ཡོངས་སུ་རྫོགས་པའི་སྟོབས་ཀྱིས། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་འཛམ་གླིང་ལས་ཀྱི་ས་པའི་ཡུལ་དབུས་སུ་རྡོ་རྗེ་གདན་ལ་བྱང་ཆུབ་ཤིང་གི་དབང་པོའི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡེ་སྣོད་གསུམ་དང་སྔགས་ཕྱི་ནང་གི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་ནས་གདུལ་བྱ་རྣམས་རྣམ་གྲོལ་གྱི་ལམ་ལ་བཀོད་པར་མཛད་ཅིང་། སླར་ཡང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་སྟོན་པའི་སླད་དུ། དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་ཆེན་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། རྒྱལ་བ་དང་རྒྱལ་སྲས་ཁྲོ་བོ་ལྷ་དང་ལྷ་མོའི་ཚོགས་འདུས་པའི་དབུས་སུ། ནག་པའི་ཉ་ལ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་ཚེ། རྡོ་རྗེ་སེང་གེའི་ཁྲི་ལ་ཞལ་ཤར་དུ་ཕྱོགས་པས་བཞུགས་ཏེ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་བཞིན། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད། ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་ཚིགས་བཅད་སྟོང་ཕྲག་བཅུ་གཉིས་པ་བསྟན་པར་མཛད་ཅིང་དེ་ལ་ཡི་གེའི་གྲངས་སུམ་འབུམ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །རྒྱུད་དེ་ཉིད་དུ་བསྡུས་པའི་རྒྱུད་བྱེད་པ་པོ་རིགས་ལྡན་འཇམ་དཔལ་གྲགས་པ་དང་། དེ་ལ་འགྲེལ་པ་མཛད་པ་པདྨ་དཀར་པོ་དང་། རྒྱུད་ཀྱི་རྒྱལ་པོ་འཛིན་པའི་ཆོས་རྒྱལ་དང་རིགས་ལྡན་བརྒྱུད་པ་རྣམས་རིམ་པར་ལུང་བསྟན་པར་ཡང་མཛད་པ་ནི་འདི་ལྟར་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་པ། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །འདི་ཡི་སྒྲོལ་མ་ལྷ་མོ་ཆེ། །སྲས་ནི་པད་འཛིན་འཇིག་རྟེན་དབང་། །བདག་གི་ཤཱཀྱའི་རིགས་རྒྱུད་ལས། །བྱུང་བ་ཟླ་༡བཟང་ཁྱོད་རིགས་ལའོ། །སྨྲ་མཁས་རྡོ་རྗེའི་


MR17_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་ལྡན། །རིགས་བཞི་རིགས་གཅིག་བྱས་གང་དེས། །རིགས་ལྡན། ཞེས་བྱ་སྟེ། ཚངས་པའི་རིགས་དང་ལྡན་པ་ཉིད་ཀྱིས་མིན། །ནོ། འདི་སྐད་བདག་གིས་ཐོས་པ་འདིས། །དྲང་སྲོང་རྣམས་ལ་ཆོས་བསྟན་ན། །གཞན་ལས་ཐོས་ཕྱིར་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་བར་འགྱུར། །རྣམ་པ་གང་དང་གང་དག་གིས། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །རྣམ་པ་དེ་དང་དེ་དག་གིས། །ཆོས་ནི་བསྟན་པར་བྱ་བ་ཡིན། །སྒྲ་དང་སྒྲ་ཉམས་དག་གི་ཆོས། །རྣལ་འབྱོར་པས་ནི་འབད་པས་འཛིན། །ཡུལ་གྱི་སྒྲ་ཡིས་དོན་རྙེད་པ། །དེ་ལ་བསྟན་བཅོས་སྒྲ་ཡིས་ཅི། །ཇི་ལྟར་ས་ལ་རིན་ཆེན་མིང་། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགར་ཡང་མེད། །དེ་བཞིན་བདག་གི་དག་པའི་ཆོས། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས། །སེམས་ཅན་བསམ་པའི་དབང་གིས་མིང་། །སྣ་ཚོགས་ཐ་དད་ཐ་དད་བརྗོད། །དེས་ན་སྙིང་པོའི་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དོ། །ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་སྟེ་སྟོང་ཕྲག་གཅིག་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །རིགས་ལྡན་གྲགས་པ་སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །འགྲེལ་བཤད་བྱེད་པ་པད་དཀར་འཛིན། །རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །ཟླ་བ་༢ལྷ་དབང་༣གཟི་བརྗིད་༤ཅན་། ཟླ་བས་༥བྱིན་དང་ལྷ་དབང་ཕྱུག་༦། སྣ་ཚོགས་གཟུགས་༧དང་ལྷ་དབང་༨ལྡན། །གྲགས་པ་པད་དཀར་རིམ་པས་སོ། །འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་མཐར་བྱེད་དང་། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། །རྨུགས་བྱེད་ཁེངས་བྱེད་རིམ་པ་སྟེ། །ནམ་མཁའི་སྙིང་པོ་འཇམ་དབྱངས་དང་། །འཇི་རྟེན་མགོན་པོ་གོ་


MR17_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་དག་རིམ་པ་ཡིས། །རིགས་ལྡན་རིགས་ལ་འབྱུང་བར་འགྱུར། །གྲགས་པ་རིགས་ལྡན་༡རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་༢དཀར། །བཟང་པོ་རིགས་ལྡན་༣གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་༤རྒྱལ་ལོ། །བཤེས་༥གཉེན་བཟང་པོ་ཕྱག་དམར་༦དང་། །རིན་ཕྱག་ཀྱང་། །བདུན་པ་ཁྱབ་འཇུག་༧སྦས་པའོ། །ཉི་མ་གྲགས་༨དང་ཤིན་ཏུ་༩བཟང་། །རྒྱ་མཚོ་རྣམ་རྒྱལ་༡༠རྒྱལ་དཀའ་༡༡དང་། །རིགས་ལྡན་ཉི་མ་༡༢བཅུ་གཉིས་པ། །སྣ་ཚོགས་གཟུགས་༡༣དང་ཟླ་བའི་༡༤འོད། །མཐའ་ཡས་༡༥དང་ནི་ས་སྐྱོང་༡༦དང་། །དཔལ་༡༧སྐྱོང་སེང་གེ་༡༨རྣམ་པར་༡༩གནོན། །སྟོབས་པོ་༢༠ཆེ་དང་མ་འགགས་༢༡པ། །མི་ཡི་སེང་གེ་༢༢དབང་ཕྱུག་༢༣ཆེ། །མཐའ་ཡས་༢༤རྣམ་རྒྱལ་རིགས་ལྡན་དང་། །གྲགས་པ་རིགས་ལྡན་ཉིད་དེ་ནས་སླར། །མཐའ་ཡས་རྣམ་རྒྱལ་དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་༢༥འབྱུང་འགྱུར་ཏེ། །ཆོས་མཛོད་སྨྲ་ལ་མཁས་ཤིང་རྡོ་རྗེ་རྟ་མཆོག་གི་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཉི་མའི་ཤིང་རྟ་ལ་སོགས་ཀྱི། །སྨྲ་མཁས་རྣམས་ཀྱི་སྟོན་པ་རྒྱུད་སྡུད་པ་པོ་འབྱུང་འགྱུར་གང་། །དེ་ཡིས་ཟླ་བཟང་གིས་ཞུས་པའི་རྩ་རྒྱུད་ལ། །ཁྱོད་གྲགས་པ་ནི་སྡུད་པར་བྱེད་པ་སྟེ། །འདིར་ནི་སེམས་ཅན་ཡོངས་སྨིན་བྱེད། །ཟླ་བཟང་ཁྱོད་ཉིད་རྩ་རྒྱུད་ལ་འགྲེལ་བཤད་བྱེད་པའོ། །འཇམ་པའི་རྡོ་རྗེས་བསྡུས་པའི་རྒྱུད་ལ། འགྲེལ་བཤད་བྱེད་པ་ནི་པད་འཛིན་རང་། །ཞེས་གསུངས་པ་ལྟར། རྩ་བའི་རྒྱུད་དང་རྩ་རྒྱུད་དེ་ལ་ཆོས་རྒྱལ་ཟླ་བ་བཟང་པོས་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད་པ་ཤམ་བྷ་ལ་ལ་སོགས་པའི་སྐད་དུ་མས་གླེགས་བམ་ལ་བྲིས་ནས་ཡུལ་དེའི་གྲོང་བྱེ་བ་ཕྲག་དགུ་བཅུ་གོ་དྲུག་ན་གནས་པ་རྣམས་ལ་བསྟན་ཅིང་། དེ་དག་གིས་ཀྱང་འཆད་ཉན་བསྒོམ་པ་སོགས་ཀྱི་རིམ་པས་རྒྱ་ཆེར་བཟུང་ངོ་། །རྩ་རྒྱུད་བསྟན་པའི་


MR17_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་ནས་ལོ་གཉིས་པ་ལ་རྒྱལ་པོ་ཟླ་བ་བཟང་པོས་གྲོང་ཁྱེར་ཀཱ་ལཱ་པར་མ་ལ་ཡའི་སྐྱེད་ཚལ་དུ་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བསྐྲུན་པར་མཛད་ཅིང་རྫུ་འཕྲུལ་ཀྱང་བསྟན་ཏེ་སྤྲུལ་པའི་སྐུ་གང་ནས་བྱོན་པ་དེ་ཉིད་དུ་ལོངས་སྤྱོད་རྫོགས་སྐུས་གཤེགས་སོ། །དེ་ནས་དེའི་སྲས་རྒྱུད་དུ་རིམ་པར་ལྷ་དབང་དང་། གཟི་བརྗིད་ཅན་དང་། ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། །ལྷའི་དབང་ལྡན་ཏེ་ཆོས་རྒྱལ་དྲུག་པོས་ཀྱང་རིམ་བཞིན་ལོ་བརྒྱ་རེ་བརྒྱ་རེར་ཆོས་བསྟན་ཏོ། །ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན་དེའི་དགའ་མའམ། ལྷ་མོ་སྣ་ཚོགས་ཡུམ་གྱི་སྲས་སུ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་གྲགས་པ་ཉིད་བལྟམས་པ་སེང་གེའི་ཁྲི་ལ་བཞུགས་ནས་ལོ་བརྒྱར་ཆོས་བསྟན་པར་མཛད་དེ། ལོ་བརྒྱ་པོ་རྫོགས་པ་ན་དེ་བཞིན་གཤེགས་པས་ལུང་བསྟན་པའི་བྱིན་གྱིས་བརླབས་པའི་སྟོབས་ཀྱིས། དྲང་སྲོང་རྣམས་ཡོངས་སུ་སྨིན་ཅིང་ཡང་དག་པའི་ལམ་ཐོབ་པར་མངོན་ཤེས་ཀྱིས་གཟིགས་ནས་ཀཱ་ལཱ་པའི་གྲོང་གི་ལྷོ་ཕྱོགས་སུ་མ་ལ་ཡའི་སྐྱེད་ཚལ་རྒྱར་དཔག་ཚད་བཅུ་གཉིས་པ་ཀཱ་ལཱ་པའི་གྲོང་དང་མཉམ་པ། སྐྱེད་ཚལ་དེའི་ཤར་ཕྱོགས་ན་ཉེ་བའི་ཡིད་ཀྱི་མཚོ་དང་། ནུབ་ཕྱོགས་སུ་པདྨ་དཀར་པོའི་མཚོ་གཉིས་ཀའང་རྒྱ་ཚད་དཔག་ཚད་བཅུ་གཉིས་ཡོད་པ། མ་ལ་ཡའི་སྐྱེད་མོས་ཚལ་དེའི་དབུས་ན་རྒྱལ་པོ་ཟླ་བ་བཟང་པོས་བསྐྲུན་པར་མཛད་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་དང་ལྷ་མོར་བཅས་པ་རིན་པོ་ཆེ་ལྔའི་རང་བཞིན་གྲུ་བཞི་པ་རྒྱར་ཁྲུ་བཞི་བརྒྱ་ཡོད་པ། སྐུ་དཀྱིལ་གྱི་ནང་དུ་སྟེ་དེའི་ཕྱི་རོལ་དུ་ཕྱི་མར་སྐུའི་དཀྱིལ་འཁོར། གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ། ར་བ་ལྔས་བསྐོར་བའི་ཕྱི་རོལ་དུ་ས་སོགས་དཀྱིལ་འཁོར་བཞི་དང་རྡོ་རྗེ་ཕྲེང་བས་བརྒྱན་པ་སྟེ། རྡོ་རྗེ་ཕྲེང་བའི་མཐར་ཐུག་


MR17_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱར་ཁྲུ་བརྒྱད་བརྒྱ་ཡོད་པའོ། །སྐུ་དཀྱིལ་དེའི་ནང་དུ་ཕྱེད་ཀྱི་ཚད་ཀྱི་གསུང་དཀྱིལ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལྡན་ར་བ་ལྔས་བསྐོར་བ། །གསུང་དཀྱིལ་གྱི་ཕྱེད་ཚད་དུ་ཐུགས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལྡན་ར་བ་གསུམ་གྱིས་བསྐོར་བ། དེའི་ནང་དུ་དེའི་ཕྱེད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀ་བ་བཅུ་དྲུག་པ་མཛེས་པ། ཡེ་ཤེས་འཁོར་ལོ་དེའི་ཕྱེད་ཀྱི་པདྨ་འདབ་བརྒྱད། ལྟེ་བ་རང་གི་སུམ་ཆ་ཅན་ཏེ་དེ་ལྟར་ཐུགས་གསུང་སྐུའི་དཀྱིལ་འཁོར་གསུམ་ཀ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། དོ་ཤལ་དང་དོ་ཤལ་ཕྱེད་པ། རིན་པོ་ཆེའི་སྣམ་བུ་དང་། ཁ་ཁྱེར་དང་། བ་ཀུ་ལཱི་དང་བཅས་པ། མེ་ལོང་དང་ཟླ་ཕྱེད་དང་དྲིལ་བུས་མཛེས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་ཁང་པ་དེར། དབོ་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ། རྒྱལ་པོ་གྲགས་པས་གསུངས་པ། ནག་པའི་ཉ་འདི་ལ་རིག་བྱེད་ཀྱི་གཞུང་འཛིན་པ་ཁྱེད་རྣམས་ལ་བདག་གིས་བསྟན་པ་སྦྱིན་པར་བྱ་སྟེ། དེ་ལ་ཁྱེད་ཀྱི་ཡུལ་སྣ་ཚོགས་ན་རིགས་དང་ལྡན་པའི་བྲམ་ཟེ་གང་ཡིན་པ་དེ་དག་གི་སྤྱོད་པ་རྣམས་བདག་ལ་བསྟན་པར་གྱིས་ཞེས་བཀའ་སྩལ་བ་དང་། དེ་དག་གིས་དེ་ལྟར་བསྟན་པའི་ཚིག་ལས། ཡུལ་སྣ་ཚོགས་པ་སོ་སོའི་སྤྱོད་པ། ཐོད་པར་ཟ་བ་དང་། བ་ལང་དང་མ་ཧེའི་ཤ་ཟ་བ། ཆང་འཐུང་བ། མ་ལ་སོགས་པ་ཆུང་མར་ལེན་པའི་ཐ་སྙད་ཕན་ཚུན་འགལ་བ་ཅན། རྣམ་པར་དཔྱད་མི་བཟོད་པར་གཟིགས་ནས་རྒྱལ་པོ་གྲགས་པས་དེ་དག་ལ་གསུངས་པ། འདིར་ཁྱེད་རྣམས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་འདིར་བདག་གིས་གཞུག་པར་བྱ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པར་བྱའོ། །བདག་གི་བཀས་ཁྱེད་རྣམས་ཀྱིས་རྡོ་རྗེའི་རིགས་དང་ལྷན་ཅིག་ཏུ་


MR17_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བ་དང་བཏུང་བ་བྱ་བ་དང་། བག་མ་བླང་བའི་འབྲེལ་པ་དག་ཀྱང་བྱའོ། །ཅི་སྟེ་ཁྱེད་རྣམས་དེ་ལྟར་མི་བྱེད་ན། །བདག་གི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོར་ལ་གང་དུ་མོས་པ་དེར་སོངས་ཤིག །དེ་ཅིའི་ཕྱིར་ན། འདི་ནས་ལོ་བརྒྱད་བརྒྱ་འདས་པའི་རྗེས་སུ་ཁྱེད་ཀྱི་བུ་དང་ཚ་བོ་ལ་སོགས་པས་ཀླ་ཀློའི་ཆོས་དར་བར་བྱས་ནས་ཤམ་བྷ་ལ་ལ་སོགས་པའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་ཀླ་ཀློའི་ཆོས་དར་བར་བྱེད་པར་འགྱུར་རོ། །ཀླ་ཀློའི་ལྷ་བི་ཥི་མིལླཱའི་སྔགས་ཀྱིས་ཕྱུགས་ཀྱི་སྐེ་གྲི་གུག་གིས་བཅད་དེ་ལྷའི་སྔགས་ཀྱིས་བསད་པའི་ཕྱུགས་དེ་དག་གི་ཤ་ཟ་བར་བྱེད་ཅིང་། རང་གི་ལས་ཀྱིས་ཤི་བ་རྣམས་ཀྱི་ཤ་ཟ་བར་མི་བྱེད་པར་འགྱུར་རོ། །དེ་འདྲའི་ཆོས་དེ་ཡང་ཁྱེད་ལ་ཚད་མར་འགྱུར་ཏེ། ཁྱེད་ཀྱི་གཞུང་ལས། མཆོད་སྦྱིན་དོན་དུ་ཕྱུགས་དག་སྤྲོས། །ཞེས་པའི་ཚིག་གིས་སོ། །དེས་ན་རིག་བྱེད་ཀྱི་ཆོས་དང་། ཀླ་ཀློའི་ཆོས་དག་ལ་ཁྱད་མེད་དེ་སྲོག་གཅོད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཀྱི་རིགས་བརྒྱུད་རྣམས་ཀྱིས་ཀླ་ཀློ་རྣམས་ཀྱི་གཟི་བྱིན་དང་། གཡུལ་དུ་བདུད་ཀྱི་ལྷ་འཇུག་པ་ཡང་མཐོང་ནས་ལོ་བརྒྱད་བརྒྱ་འདས་པ་ན་ཀླ་ཀློར་འགྱུར་རོ། །དེ་དག་ཀླ་ཀློར་གྱུར་པ་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་རིགས་བཞི་སོགས་ཐམས་ཅད་ཀྱང་ཀླ་ཀློར་འགྱུར་ཏེ། སྔར་སྐྱེ་བོ་ཆེན་པོས་བགྲོད་པ་དེ་ནི་ལམ་མོ་ཞེས་ཚངས་པའི་དྲང་སྲོང་གིས་སྨྲས་པའི་ཕྱིར་རོ། །འདིར་ཀླ་ཀློ་དང་རིག་བྱེད་ཀྱི་ཆོས་ལས་ལྷ་དང་ཕ་མེས་ཀྱི་དོན་དུ་སྲོག་གཅོད་པ་ཡིན་ལ། རྒྱལ་རིགས་ཀྱི་ཆོས་ལ་ཡང་དེ་ལྟར་འདོད་དེ། ལྷ་དང་ཕ་མེས་ཚིམ་བྱས་ནས། །ཤ་ཟོས་སྐྱོན་གྱི་ཆ་ཡོད་མིན། །ཞེས་དང་། གང་ཞིག་གདུག་ལ་གདུག་སྤྱོད་པ། །དེ་ལ་སྐྱོན་ནི་མ་མཐོང་ངོ་། །ཞེས་བྲམ་ཟེའི་གཞུང་ལས་སྨྲས་པའི་ཕྱིར་རོ། །དེ་ལྟར་རིག་བྱེད་ཀྱི་ཆོས་ཚད་མར་བྱས་ན་ཀླ་ཀློའི་ཆོས་འཛིན་པར་འགྱུར་


MR17_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱུ་དེས་མ་འོངས་པ་ན་ཀླ་ཀློ་མི་འཇུག་པར་བྱ་བའི་ཕྱིར་ཁྱེད་རྣམས་ལ་བདག་གི་ངེས་པ་སྦྱིན་ནོ། །དེ་བས་ཁྱེད་རྣམས་ཀྱིས་བདག་གི་བཀའ་བཞིན་བྱའོ། །ཞེས་རྒྱལ་པོ་གྲགས་པའི་གསུང་ཆད་པས་བསྡིགས་པ་དང་། བཅས་པ་མགོ་བོར་ཐོག་ལྷུང་བ་བཞིན་བབ་པས། ཚངས་པའི་དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཀྱེ། ཉི་མའི་ཤིང་རྟ་ཁྱོད་ཀྱིས་མིའི་དབང་པོ་གྲགས་པ་ལ། བདག་ཅག་རིག་བྱེད་ལས་བཤད་པའི་རིགས་ཀྱི་ཆོས་དོར་ནས་རྡོ་རྗེའི་རིགས་ཀྱིས་དབང་བསྐུར་བའི་ཆོས་ལ་མི་འཇུག་སྟེ། དེ་བས་བདག་ཅག་ཁྱོད་ཀྱི་བཀས། ཤཱི་ཏ་དང་ཁ་བ་ཅན་གྱི་ལྷོ་ལིངྐའི་གླིང་གི་བྱང་འཕགས་པའི་ཡུལ་དུ་འགྲོ་བ་མཆོག་གོ་ཞེས་ཞུ་བ་མཛོད་ཅིག ཅེས་སྨྲས་སོ། །དེ་ནས་ཉི་མའི་ཤིང་རྟས།ཀྱེ། རྒྱལ་པོ་ཆེན་པོ་མཆོག་གི་དབང་ཕྱུག་དམ་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། དཔལ་ཤཱཀྱའི་རིགས་ཀྱི་ཐིག་ལེ་མཆོག་གི་ཐུགས་རྗེ་ཅན། རང་རང་གི་རིགས་ཀྱི་ཆོས་ལ་ཞུགས་པ། ཚངས་པའི་དྲང་སྲོང་རྣམས་ལ་སྙིང་རྗེར་མཛོད་ཅིག ཅི་སྟེ་ཁྱོད་ཀྱི་བཀའ་བཞིན་བྱ་བ་ཡིན་པ་དེ་ལྟ་ནའང་། བདག་ཅག་རྡོ་རྗེའི་རགས་ལ་འཇུག་པར་མི་བྱའི། ཁྱོད་ཀྱི་བཀས་ཆུ་བོ་ཤཱི་ཏའི་ལྷོ། ཁ་བ་ཅན་དང་ལིངྐའི་གླིང་གི་བར་འཕགས་པའི་ཡུལ་དུ་འགྲོ་བ་མཆོག་གོ་ཞེས་ཞུས་སོ། །དེ་ནས་རྒྱལ་པོ་གྲགས་པས། ཁྱེད་རྣམས་མྱུར་དུ་ཤམ་བྷ་ལའི་ཡུལ་ནས་ཕྱུངས་ལ་སོངས་ཤིག་ཅེས་གསུངས་པ་ལྟར། ཚངས་པའི་དྲང་སྲོང་དེ་ཐམས་ཅད་ཀཱ་ལཱ་པའི་གྲོང་ནས་ངེས་པར་བྱུང་ཞིང་སོང་བ། ཉི་མ་བཅུ་པ་ལ་ནགས་ཚལ་གྱི་ནང་དུ་རབ་ཏུ་ཞུགས་སོ། །དེ་རྣམས་རྒྱལ་པོ་གྲགས་པས་མངོན་ཤེས་ཀྱིས་གཟིགས་ཏེ་འདི་རྣམས་འཕགས་ཡུལ་དུ་སོང་ན། ཤམ་བྷ་ལ་ལ་སོགས་པ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་མི་བཟད་པའི་སེམས་དང་ལྡན་


MR17_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། གང་ཞིག་རྡོ་རྗེ་ཐེག་པར་གསུངས་པ་དེ་ནི་ཡང་དག་ཡེ་ཤེས་ཀྱི་ལམ་མ་ཡིན་པའི་རྒྱུ་དེས། དྲང་སྲོང་ཐར་པ་དོན་གཉེར་འདི་ཐམས་ཅད་རྒྱལ་པོ་གྲགས་པའི་བཀས་འཇིགས་པས་རང་རང་གི་གནས་བཏང་སྟེ་གཉེན་བཤེས་རྣམས་བསྡུས་ནས་འཕགས་ཡུལ་དུ་སོང་ངོ་ཞེས། རིགས་བཞིའི་སྐྱེ་བོ་རྣམས་སེམས་སྐལ་བ་ངན་པར་གྱུར་ཏེ། ཟབ་པ་དང་རྒྱ་ཆེ་བའི་སྣོད་དུ་གྱུར་པའི་སེམས་ལེགས་པར་མི་ལྡན་པའི་ཕྱིར་རོ་ཞེས་དེ་ལྟར་སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་པ། མིའི་དབང་པོ་གྲགས་པས། ཁྱབ་འཇུག་དང་ཚངས་པ་དྲག་པོའི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་དང་ལྷའི་བྱིན་གྱི་བརླབས་ཀྱི་སྟོབས་ཀྱིས། དྲང་སྲོང་དེ་དག་ཐམས་ཅད་ནགས་ཚལ་དེ་ཉིད་དུ་རྨོངས་པར་གྱུར་པས། ནགས་ཚལ་དེ་ན་གནས་པའི་རི་ཁྲོད་པ་ལ་སོགས་པ་རྣམས་ཀྱིས་བཅིང་པས་སླར་དཀྱིལ་འཁོར་གྱི་ཁང་པ་དེར་ཁྱེར་ཏེ་འོངས་ནས་མིའི་དབང་པོ་གྲགས་པའི་ཞབས་དྲུང་དུ་དོར་བ་དང་། དེ་རྣམས་རབ་ཏུ་སད་དེ་མིའི་དབང་པོ་གྲགས་པ་དང་དཀྱིལ་འཁོར་གྱི་ཁང་པ་མ་ལ་ཡའི་ཚལ་དང་བཅས་པ་མཐོང་བས། ཡ་མཚན་སྐྱེས་ནས། ཨེ་མ་ཧོ། འདི་ནི་ངོ་མཚར་ཆེ་སྟེ། བདག་ཅག་རབ་ཏུ་མ་སད་པར་ནགས་ཚལ་ཆེན་པོ་ནས་དཀྱིལ་འཁོར་གྱི་ཁང་པ་ཆེན་པོར་སུས་ཁྱེར་ཏེ་འོངས་ཞེས་པའི་ཚིག་དེ་སྐད་སྨྲས་པ། རྒྱལ་པོ་འཇམ་དཔལ་གྲགས་པའི་བློན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས་སྨྲས་པ། ཀྱེ། ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་རྣམས་ཡ་མཚན་པར་མ་བྱེད་ཅིག །རྒྱལ་པོ་གྲགས་པ་འདི་ནི་ཕྱོགས་གཅིག་པ་མ་ཡིན་ཏེ། ཁྱེད་རྣམས་རྗེས་སུ་བཟུང་བའི་དོན་དུ་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གོ། དེའི་ཕྱིར་འདིའི་ཞབས་ལ་སྐྱབས་སུ་སོང་ལ། རྒྱུད་ཀྱི་རྒྱལ་པོ་དང་


MR17_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སངས་རྒྱས་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་དབང་བསྐུར་བར་གསོལ་བ་ཐོབ་ཅིག ཅེས་སྨྲས་པའི་ཚིག་དེ་དང་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་རྣམས་བློ་རབ་ཏུ་སད་པར་གྱུར་ཏེ་སྨྲས་པ། ལེགས་སོ་ལེགས་སོ་རྒྱ་མཚོའི་བློ་གྲོས་ཁྱོད་ཀྱི་ཚིག་གང་གིས་བདག་ཅག་གི་སེམས་རབ་ཏུ་སད་པར་གྱུར་ཏོ། །དེའི་ཕྱིར་ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། སེམས་ཅན་མཐའ་དག་གིས་སྐྱེ་བ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ལམ་དབང་བསྐུར་བར་གསོལ་བ་གདབ་པར་བགྱིའོ། །ཞེས་དེ་སྐད་སྨྲས་ནས། དྲང་སྲོང་དེ་རྣམས་ཀྱིས་ཚངས་པའི་རིགས་ཀྱི་རྒྱལ་པོ་ཉི་མའི་ཤིང་རྟ་ལ་བོས་ཏེ། ཀྱེ ། ཉི་མའི་ཤིང་རྟ་ཁྱོད་ནི་རིག་བྱེད་ལ་སོགས་པའི་བསྟན་བཅོས་ཀྱི་གླེགས་བམ་གཅིག་པུར་གྱུར་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ཀྱི་གཞལ་བྱ་འཛིན་པའི་ཐུགས་ཅན་ནོ། །དེས་ན་བདག་ཅག་གི་གསོལ་བ་འདེབས་པའི་ཚིག་གིས། རྒྱལ་པོ་གྲགས་པ་ལ་གསོལ་བ་གདབ་པར་བྱོས་ཤིག བདག་ཅག་ཀྱང་མཎྜལ་སྔོན་དུ་འགྲོ་བ་ཅན་གྱིས་སྐྱབས་སུ་སོང་སྟེ་ཐམས་ཅད་ཀྱིས་གསོལ་བ་གདབ་པར་བགྱིའོ། །དེ་ནས་ཚངས་པའི་དྲང་སྲོང་རྣམས་ཀྱི་ཚིག་དེས་ཉི་མའི་ཤིང་རྟས། རིན་པོ་ཆེ་གསེར་གྱི་རང་བཞིན་གྱི་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ནས། མིའི་དབང་པོ་གྲགས་པའི་ཞབས་ཀྱི་དྲུང་དུ་རིན་པོ་ཆེའི་མེ་ཏོག་གི་སྙིམ་པ་གཏོར་ཏེ། པུས་མོ་གཉིས་ས་ལ་བཙུགས་ཤིང་ལག་པ་གཉིས་ཐལ་མོ་སྦྱར་བ་སྤྱི་བོར་སོན་པས་ཚངས་པའི་དྲང་སྲོང་རྣམས་དང་ཐབས་ཅིག་ཏུ་རྒྱལ་པོ་གྲགས་པའི་ཞབས་ལ་ཕྱག་འཚལ་ནས།


MR17_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་བ་དཔྲལ་བར་བཀོད་དེ། མིའི་དབང་པོ་གྲགས་པ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱིས་གང་དུ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་འཐོབ་པར་ལུང་བསྟན་ཅིང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་བདེ་བས་ཡང་དག་པར་བསྡུས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ལུང་སྟོན་པ། རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་བསྟན་དུ་གསོལ། དེ་བཞིན་གཤེགས་པས་རྒྱལ་པོ་ཟླ་བ་བཟང་པོ་ལ་བསྟན་པའི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་གང་ཡིན་པ་དེ་ཉིད་གཞུང་ཉུང་ངུས། དང་པོའི་སངས་རྒྱས་རྒྱུད་ཀྱི་རྒྱལ་པོ་བསྡུས་པ་འདི་ཡང་དག་པར་བསྡུ་བ་མཛད་ནས་ཚངས་པའི་དྲང་སྲོང་རྣམས་ལ་སྟོན་པས་བསྟན་དུ་གསོལ། ཞེས་ཞུས་སོ། །དེའི་ཚེ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་གྱི་སྒོ་དང་ཉེ་བའི་ནོར་བུ་རིན་པོ་ཆེའི་ཁྱམས་ཆེན་པོར། རིན་པོ་ཆེའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་པ། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གྲགས་པ་གང་ཞིག །ལྷ་དང་ལྷ་མ་ཡིན་དང་ཀླུའི་སྤྲུལ་པའི་སྐུ་རྒྱལ་པོའི་རིགས་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་སྐྱེས་པ་རིན་པོ་ཆེའི་ཅོད་པན་ཆེན་པོ་བཅིངས་པ་གྲོང་ཁྱེར་བྱ་བ་བྱེ་བའི་བདག་པོ་རྣམས་ཀྱིས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་ཉིད་ལ་ཞུ་བ་པོ་ཉི་མའི་ཤིང་རྟས་གསོལ་བ་བཏབ་པ་གསན་ནས་ཉི་མའི་ཤིང་རྟ་ལ་གསུངས་པ། ཉི་མའི་ཤིང་རྟ་ཁྱོད་ཚངས་པའི་དྲང་སྲོང་གི་རིགས་ལ་སོགས་པ། སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་སླད་དུ། རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ་ཉན་པར་འདོད་ཅིང་ཡང་དག་པར་བརྩོན་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །ཁྱོད་ཀྱི་འདི་ལེགས་པ་དེ་བས་ན་རྒྱུད་ཀྱི་རྒྱལ་


MR17_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གང་ཡིན་པ་ཁྱོད་ཀྱིས་དྲིས་པ་དེ་ཐམས་ཅད་བདག་གིས་བསྟན་པར་བྱའོ། །སྡུད་པར་བྱེད་པ་པོ་རྒྱལ་པོ་གྲགས་པ་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱི་སྟོབས་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཟླ་བ་བཟང་པོ་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འབྲེལ་བས་རྩ་བའི་རྒྱུད་ཉིད། ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་ཡང་དག་པར་བསྡུས་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འབྱུང་བ་སྔོན་དུ་ལུང་བསྟན་པའི་དོན་བཞིན་བགྱིད་ན་རྒྱུད་ཀྱི་རྒྱལ་པོ་དམ་པའི་དངོས་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདི་ཉིད་ཁྱོད་ཀྱིས་ཀྱང་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག །ཅེས་གསུངས་ཏེ། སྟོན་པ་པོ་ལ་སོགས་པ་ནས་མཇུག་གི་བར་དུ་ཡང་དག་པར་བསྡུ་བར་མཛད་དོ། །དེར་ཡང་སྒྲ་བཟང་པོ་ལ་ཞེན་པ་དག་གི་ཞེན་པ་དེ་དག་སྤང་བའི་སླད་དུ་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ། ཚིགས་སུ་བཅད་པ་ཁ་ཅིག་ཏུ་ཟུར་ཆག་གི་སྒྲ་དང་། ཁ་ཅིག་ཏུ་གཅོད་མཚམས་ཉམས་པ། དེ་བཞིན་དུ་རྣམ་དབྱེ་མེད་པ་དང་། དབྱངས་གསལ་བྱེད་ཕྱིས་པ་དང་། རིང་པོ་ལ་ཐུང་ངུར་བྱས་པ། ཐུང་ངུ་ལ་རིང་པོ། ཁ་ཅིག་ཏུ་རྣམ་དབྱེ་ལྔ་པའི་དོན་ལ་བདུན་པ། བཞི་པའི་དོན་ལ་དྲུག་པ། གཞན་གྱི་ཚིག་ཅན་གྱི་བྱིངས་ལ་བདག་གི་ཚིག་ཅན། བདག་གི་ཚིག་ཅན་ལ་གཞན་གྱི་ཚིག་ཅན། གཅིག་ཚིག་ལ་མང་ཚིག མང་ཚིག་ལ་གཅིག་ཚིག ཕོའི་རྟགས་ལ་མ་ནིང་། མ་ནིང་གི་རྟགས་ལ་ཕོ། རྐན་བྱུང་ཤ་སོགས་སོ་དང་སྤྱི་བོ་ལས་བྱུང་བར་བཀླག་པ་དང་། སྤྱི་བྱུང་ལ་སོ་རྐན་ལས་བྱུང་བ་དང་། སོ་བྱུང་ལ་རྐན་དང་སྤྱི་བོ་ལས་བྱུང་བ་དང་། དེ་ལྟ་བུ་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲང་བར་བྱ་


MR17_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་ཀྱང་། ཟླ་བཟང་སངས་རྒྱས་ཐམས་ཅད་དང་། །བླ་མ་རྣམས་ཀྱི་སློབ་མ་ཡིས། །ཆུང་མ་བུ་མོ་བུ་སྡུག་དང་། །རྟག་ཏུ་འདོད་པའི་དངོས་པོ་འབུལ། །དྲི་ནི་ས་ལས་བྱུང་བ་སྟེ། །ཆུ་ལ་གཟུགས་དང་མེ་ལ་རོ། །རླུང་རེག་འགྱུར་བ་མེད་ལ་སྒྲ། །ནམ་མཁའ་ཆེ་ལ་ཆོས་ཀྱི་དབྱིངས། །དྲི་དང་སྤོས་སོགས་མར་མེ་དང་། །བཟའ་དང་བཏུང་སོགས་གོས་རྣམས་ཀྱིས། །རྟག་ཏུ་ཕྱག་རྒྱ་མཆོད་བྱས་ཏེ། །དམ་པའི་བུ་ཡིས་བླ་མའི་དབུལ། །ཞེས་གསུངས་པ་དེ་ལྟ་བུ་ལ་སོགས་པའི་སྒྲ་ཟུར་ཆག་གཞན་ཡང་རྣལ་འབྱོར་པས་ལུང་བཀླགས་པ་ལས་རྟོགས་པར་བྱའོ། །དེ་བཞིན་དུ་འགྲེལ་བཤད་ལ་ཡང་སྒྲ་བཟང་པོའི་མངོན་པའི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ་དོན་ལ་རྟོན་པར་བྱས་ཏེ་དེ་བཞིན་དུ་བཀོད་པ་ཡོད་ལ། རྣམ་པ་གང་གིས་རིགས་དང་རིག་པ་དང་སྒྲ་བཟང་པོའི་མངོན་པའི་ང་རྒྱལ་ཟད་པར་འགྱུར་བའི་རྣམ་པ་དེ་དང་དེས་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ། ཡུལ་གྱི་སྐད་གཞན་དང་སྒྲའི་བསྟན་བཅོས་ཀྱི་སྐད་གཞན་གྱིས་ཐར་པའི་དོན་དུ་སངས་རྒྱས་དང་བྱང་ཆུབ་རྣམས་ཀྱིས་ཆོས་སྟོན་པ་ཡིན་ནོ། །ཞེས་འགྲེལ་ཆེན་ལས་གསུངས་པའང་ཤེས་པར་བྱའོ། །དེ་ལྟར་ལོ་རྒྱུས་ཀྱི་རིམ་པས་གོ་ཕྱེས་ནས། གང་བཤད་པར་བྱ་བའི་རྒྱུད་ནི། མཆོག་གི་དང་པོའི་སངས་རྒྱས་རིགས་མེད་པ་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པས་མཚན་ཡང་དག་པར་བརྗོད་པས་འཁྱུད་པ། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་བས་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། རྫོགས་པའི་བྱང་ཆུབ་རྣམ་པ་བཞི་དང་། རྡོ་རྗེ་བཞིས་ཡོངས་སུ་དག་པ། སྐུ་བཞི་དང་རིགས་དག་དང་བདེན་པ་བཅུ་གཉིས་དང་དེ་ཁོ་


MR17_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་བཅུ་དྲུག་དང་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ། དབང་བསྐུར་བ་འཇིག་རྟེན་པའི་བཅུ་དང་འཇིག་རྟེན་ལས་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་བར་བྱེད་པ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་མོ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང་། ནང་དང་། མངོན་པར་དབང་བསྐུར་བ་དང་། སྒྲུབ་ཐབས་དང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་དམ་བརྟག་པ་ལྔའི་བདག་ཉིད་ཅན་ནོ། །དེ་ཡང་ཉན་ཐོས་པ་འདོད་ཡོན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བའི་ཁྲིམས་ཀྱི་སྡོམ་པ་ལ་ངེས་པར་གནས་པའི་བསམ་པ་དེ་ལྟ་བུ་བྲལ་ཏེ། འདོད་པ་ལྔ་ལ་ལོངས་སྤྱོད་པ་དང་། དབང་པོ་གཉིས་སྦྱོར་གྱི་བདེ་བ་ཆེན་པོ་འདོད་པའི་བསམ་པ་ཅན་སྔགས་ལམ་གྱི་གདུལ་བྱ་རྣམས་ལ་མིའི་སྐྱེ་བ་འདི་ཉིད་ཀྱིས་སངས་རྒྱས་རྡོ་རྗེ་འཆང་གི་འབྲས་བུ་འགྲུབ་པའི་ལམ་དེ་ལྟ་བུ་ནི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དུ་བསྟན་པ་ཡིན་ནོ། །དེ་དག་གི་དོན་བསྡུས་ན། བརྗོད་པར་བྱ་བ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའོ། །དེ་རྗོད་པར་བྱེད་པ་ནི་དབྱངས་གསལ་གྱི་ཡི་གེ་འདུས་པའི་མིང་ཚིག་ངག་གི་རང་བཞིན་ཅན་ནོ། །དེ་དག་བརྗོད་བྱ་དང་རྗོད་བྱེད་དུ་འབྲེལ་ཞིང་། རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་རྒྱུད་ཀྱི་དོན་རྟོགས་པ་ལས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་གནས་སྐབས་ཀྱི་དགོས་པ་དང་། ཕྱག་རྒྱ་ཆེན་པོ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པ་ནི་ཉིང་དགོས་སམ་དགོས་པའི་ཡང་དགོས་པའོ། །དེ་ཡང་རྒྱུད་ཀྱི་བརྗོད་བྱའི་དོན་གཙོ་བོར་བསྡུས་ན། དམ་པ་དང་པོའི་སངས་རྒྱས་རིགས་མེད་པ་ཞེས་བྱ་བ་ནི་ཐབས་ཤེས་གཉིས་སུ་མེད་པ་རྡོ་རྗེ་སེམས་དཔའ་མ་ནིང་གི་རང་བཞིན་སྟོན་པས་གང་ལ་ཐབས་ཤེས་


MR17_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྱེད་པའི་ཕྱོགས་སམ་རིགས་མེད་པའོ། །དེ་ཉིད་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཐོག་མ་དང་ཐ་མ་མེད་པར་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་ཉིད་སྒྲིབ་བྲལ་ལོ། །དེ་ལྟ་བུ་ཉིད་བརྗོད་བྱར་བྱས་ནས་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་རྣམ་པ་ཐམས་ཅད་པའི་རྣམ་གྲངས་ཀྱིས་བརྗོད་པར་གྱུར་པའི་ཕྱིར་མཚན་ཡང་དག་པར་བརྗོད་པར་འཁྱུད་པའོ། །དེས་ན་སངས་རྒྱས་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འདི་ཐོག་མ་མེད་པའི་དུས་ནས་གསུངས་ཤིང་། ཐ་མ་མེད་པའི་དུས་སུ་ཡང་གསུངས་པར་མཛད་དེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ཞེས་སོགས་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་འདི་ཉིད་མི་སྟོན་པ་མེད་དེ་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །གསང་སྔགས་ནི་སངས་རྒྱས་རྣམས་ཀྱིས་དུས་ཐམས་ཅད་དུ་གསུངས་པ་མིན་པར་བསྟན་པ་ནི་སྣོད་དུ་མ་གྱུར་པའི་ཡུལ་དུས་ཉི་ཚེ་བ་ལ་དགོངས་ཀྱི་སྤྱིར་ཡུལ་དུས་གཞན་དུ་གསང་སྔགས་མི་གསུང་བའི་སངས་རྒྱས་མེད་དོ་ཞེས་འགྲེལ་བར་གསུངས་སོ། །རྒྱུད་གཞན་ལས་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པ་ཙམ་ལས་བཞི་པའི་ཡེ་ཤེས་གསལ་པོར་མ་བསྟན་ཏེ་སྦས་པར་མཛད་ལ། དེའི་ཕྱིར་དེའི་དོན་འཆད་པ་ཕལ་གྱིས་དབང་པོ་གཉིས་ལས་སྐྱེས་པའི་འཕོ་བའི་བདེ་བ་བཞི་པའི་དོན་དུ་འཛིན་པའི་མུན་སྤྲུལ་རྟོག་གེ་བ་མང་ཞིག་བྱུང་བ་དང་འབྱུང་བར་ཡང་ལུང་བསྟན་ཏོ། །དེ་ཡང་འཕོ་བ་དེ་མི་རྟག་པ་བཞི་པ་མ་ཡིན་ཏེ། བཞི་པ་ནི་འཕོ་བ་མེད་པའམ་རྟག་པ་འགྱུར་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡིན་ལ། དེ་ནི་དུ་བ་ལ་སོགས་པ་མཐོང་བ་རྫོགས་པའི་རིམ་པ་མངོན་སུམ་ལམ་གྱིས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱོར་བའི་གཉིས་སུ་མེད་པའི་ཡེ་ཤེས་རྣལ་འབྱོར་བས་སོ་སོར་རང་གིས་རིག་པར་བྱ་བ་ཉིད་རྒྱུད་འདིར་མ་སྦས་པར་མངོན་དུ་བསྟན་པའི་ཕྱིར་ན། རྡོ་རྗེ་པདྨའི་ཟ་མ་ཏོག་ཁ་འབྱེད་ཅིང་


MR17_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་ཀྱི་བདེ་བ་སངས་རྒྱས་རིན་པོ་ཆེ་མངོན་དུ་སྟོན་པའོ། །བསྐྱེད་པའི་རིམ་པ་རྣམ་པར་རྟོག་པས་དཀྱིལ་འཁོར་གྱི་འཁོར་ལོ་དབྱིབས་དང་མཚན་མའི་རྣམ་པ་ཅན་བསྒོམ་པས་འོག་མིན་པའི་བར་གྱི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་འཇིག་རྟེན་པའི་བདེན་པ་དང་། རྣམ་པར་རྟོག་པས་མ་བརྟག་པར་དུ་བ་སོགས་ཀྱི་མཚན་མ་གཞོན་ནུ་མ་ལ་པྲ་ཕབ་པ་ལྟར་མངོན་སུམ་མཐོང་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལམ་དུ་གྱུར་པ་རྣམ་པར་མི་རྟོག་པ་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ནི་འཇིག་རྟེན་ལས་འདས་པ་སྟེ་དེ་ལྟར་བདེན་པ་གཉིས་པོ་རྒྱུད་འདིར་སྟོན་པས་ན། བདེན་པ་དེ་གཉིས་ལ་བརྟེན་པ་ཞེས་གསུངས་སོ། །རྫོགས་པའི་བྱང་ཆུབ་རྣམ་པ་བཞི་ནི། །སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ། དེ་བཞིན་དུ་རྣམ་པ་ལྔ་དང་། རྣམ་པ་ཉི་ཤུ་དང་། སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་བཞི་ནི། བསྐྱེད་པ་དང་རྫོགས་པའི་བདེན་པ་གཉིས་ཀར་ཡང་སྦྱར་ཏེ་གཞུང་དུ་སྟོན་པར་འགྱུར་རོ། །རྡོ་རྗེ་བཞི་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའོ། །སྐུ་བཞི་ནི་དག་པའི་སྐུ་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་བཞི་སྟེ། དེ་དག་ཀྱང་མངལ་སྐྱེས་རྣམས་ཀྱི་སྙོམས་འཇུག་གི་གནས་སྐབས་བཞི་པ་དང་། ཤིན་ཏུ་གཉིད་ལོག་པ་དང་། རྨི་ལམ་དང་། སད་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་ཏེ། དེ་རྣམས་སྒྲིབ་པ་དང་བྲལ་བ་སངས་རྒྱས་རྣམས་ཀྱི་སྐུ་བཞིའོ། །རིགས་དྲུག་ནི་མི་འགྱུར་བའི་བདེ་བ་ཡེ་ཤེས་ཀྱི་ཁམས་དང་། རྣམ་པར་ཤེས་པ་ནམ་མཁའི་ཁམས་དང་། འདུ་བྱེད་རླུང་གི་ཁམས་དང་། ཚོར་བ་མེའི་ཁམས་དང་། འདུ་ཤེས་ཆུའི་ཁམས་དང་། གཟུགས་སའི་ཁམས་ཏེ་མངལ་སྐྱེས་རྣམས་ཀྱི་རིགས་དྲུག་པོ་དེ་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་


MR17_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲིབ་པ་བྲལ་བས་གྲི་གུག་གི་རིགས་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེའི་རིགས་མི་བསྐྱོད་པ་ལ་སོགས་པ་རིགས་དྲུག་གོ། བདེན་པ་བཅུ་གཉིས་ནི་མ་རིག་པ་ལ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཏེ་དེ་དག་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བ་སྟེ། དེ་ཡང་ནང་དུ་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པའོ། །ཡན་ལག་བཅུ་གཉིས་པོ་དེ་འགགས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བ་སྟེ། དེའི་ཕྱིར་བདེན་དོན་ཡན་ལག་བཅུ་གཉིས་སོ། །དེ་ཁོ་ན་ཉིད་བཅུ་དྲུག་ནི། སྤྲུལ་པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་བཞི་དང་། དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་དང་། ལྷན་ཅིག་སྐྱེས་པའི་སྐུ་སོགས་བཞི་སྟེ་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་བཞི་ལས་ཕྱེ་བའི་བཅུ་དྲུག་པོ་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ཏེ་བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་འདོར་ཞིང་འཕོ་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བ་སྟེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་ཅིང་མི་འཕོ་བའི་ཕྱིར་རོ། །སྟོང་པ་ཉིད་བཅུ་དྲུག་ནི་ནག་པོའི་ཕྱོགས་དང་ཉི་མ་དང་ཤེས་རབ་ཀྱི་ཆའོ། །སྙིང་རྗེ་བཅུ་དྲུག་ནི་དཀར་པོའི་ཕྱོགས་དང་ཟླ་བ་དང་ཐབས་ཀྱི་ཆའམ་ཕྱོགས་སོ། །དེ་ཡང་སྟོང་ཉིད་ལ་དབྱེ་བ་གསུམ་སྟེ། སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དོ། །དེ་ལ་དང་པོ་ནི། ཕུང་པོ་ལྔ་སྟོང་པ་ཉིད་དེ་ནག་པོའི་ཚེས་གཅིག་ནས་ལྔའི་བར་རོ། །ཆེན་པོ་སྟོང་པ་ཉིད་ནི་ཁམས་ལྔ་སྟོང་པ་ཉིད་དེ་དྲུག་ནས་བཅུའི་བར་རོ། །དོན་དམ་པ་སྟོང་པ་ཉིད་ནི་དབང་པོ་ལྔ་སྟོང་པ་ཉིད་དེ་བཅུ་གཅིག་ནས་བཅོ་ལྔ་པ་གནམ་སྟོང་གི་མཐར་ཐུག་པ་སྟེ། གནམ་སྟོང་གི་མཐའ་རྫོགས་པ་དང་དཀར་པོའི་ཚེས་གཅིག་འཇུག་པའི་བར་ནི་བཅུ་དྲུག་པ་རྣམ་པ་ཐམས་ཅད་


MR17_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དོ། །དེ་བཞིན་དུ་སྙིང་རྗེ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ལ་དང་པོ་ནི་དཀར་པོའི་ཚེས་གཅིག་ལ་སོགས་པ་ལྔའོ། །ཆོས་ལ་དམིགས་པ་ནི་དྲུག་པ་ལ་སོགས་པ་ལྔའོ། །དམིགས་པ་མེད་པ་ནི་བཅུ་གཅིག་ལ་སོགས་པ་ལྔ་སྟེ་བཅོ་ལྔས་ཟླ་བ་ཉ་བའི་མཐར་ཐུག་པའོ། །ཉའི་མཐའ་དང་ནག་པོའི་ཚེས་གཅིག་འཇུག་པའི་དང་པོའི་དབུས་སུ་སྙིང་རྗེ་བཅུ་དྲུག་པའོ། །འདི་དག་གཅིག་ཏུ་སྦྱོར་བ་ནི་སྟོང་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་དེ། དེ་ལྟ་བུའི་བརྗོད་པར་བྱ་བ་རྒྱུད་འདི་ཉིད་ཀྱིས་རྗོད་པར་བྱེད་པའོ། །འཇིག་རྟེན་པའི་དབང་བཅུ་ནི། ཆུ་དང་ཅོད་པན་དང་དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་། །བརྟུལ་ཞུགས་ཆེན་པོ་དང་། མིང་དང་རྗེས་སུ་གནང་བ་དང་། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཏེ་མངལ་ནས་སྐྱེས་པ་རྣམས་ཀྱི་འཇིག་རྟེན་ཀུན་རྫོབ་ཀྱི་དབང་བཅུ་ནི། ལུས་དང་ངག་དང་སེམས་དང་ཡེ་ཤེས་དང་ཁམས་དང་ཕུང་པོ་དང་སྐྱེ་མཆེད་དང་ལས་ཀྱི་དབང་པོ་ལ་སོགས་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་བཅུ་གཅིག་པ་ནི་བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་ངེས་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་མཚན་ཉིད་བླ་མའི་ཞལ་ལ་གནས་པ། ལུས་དང་ངག་ལ་སོགས་པ་སྒྲིབ་པ་མེད་པ་ཉིད་ཀྱིས་སྦྱོང་བར་བྱེད་པའོ། །ལས་ཀྱི་ཕྱག་རྒྱ་ནི་ནུ་མ་དང་སྐྲར་ལྡན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟག་པའོ། །ཕྱག་རྒྱ་ཆེན་མོ་ནི་རྣམ་པར་རྟོག་པ་དང་བྲལ་བ་པྲ་ཕབ་པའི་རང་བཞིན་ཅན་ནོ། །བདེ་བའི་རྟེན་དུ་གྱུར་པ་ཕྱག་རྒྱ་གསུམ་པོའི་དངོས་གྲུབ་ནི་གསུམ་སྟེ། འདོད་པ་ན་སྤྱོད་པ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ། །གཟུགས་ཀྱི་སྲིད་པའི་དངོས་པོའི་མཚན་ཉིད་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ། །དངོས་པོ་དང་དངོས་པོ་མེད་པ་


MR17_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེ་ལྟར་བསྟན་པ་འདིས་རྒྱུད་ཀྱི་བརྗོད་བྱ་རྟོགས་པར་འགྱུར་ལ། འཇིག་རྟེན་གྱི་ལེའུ་སོགས་བརྟག་པ་རྣམ་པ་ལྔའི་ཚུལ་གྱིས་རྒྱུན་ཆགས་པའི་རྒྱུད་འདིས་གོང་ལྟར་བརྗོད་བྱ་དེ་དག་མ་སྦས་པར་ཡང་དག་པར་བསྟན་པའི་སྒོ་ནས་གནས་སྐབས་འཇིག་རྟེན་པའི་དངོས་གྲུབ་དང་། མཐར་ཐུག་འཇིག་རྟེན་ལས་འདས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་ལ་སོགས་པའི་སེམས་ཅན་མཐའ་དག་གིས་བདེ་ཞིང་མྱུར་བར་ཐོབ་པའི་ཆེད་དུ་རྒྱུད་འདི་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས། དང་པོའི་སངས་རྒྱས་རིས་མེད་པ། །ཞེས་དང་། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཞེས་དང་། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་དང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་དང་། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང་། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་དང་། མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ་ལ་སོགས་པས་བསྟན་ཏེ། དེའི་ཕྱིར་ན་རྣམ་པར་དག་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་ནི་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་མ་སྦས་པར་གསལ་བར་མཛད་པའི་ཕྱིར། འདི་ཤེས་ན་སྔགས་ཀྱི་ཐེག་པའི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་བསྟན་པ་མཚན་ཡང་དག་པར་བརྗོད་པ་ཡང་ཤེས་པར་འགྱུར་རོ། །དེའི་ཕྱིར་འགྲེལ་ཆེན་ལས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་


MR17_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་གསུངས་སོ། །ད་ནི་དེ་ལྟ་བུའི་རྒྱུད་དེའི་དགོངས་པ་ཡང་དག་པར་ཇི་ལྟར་འགྲེལ་བར་བྱེད་ཅེ་ན། སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ནི་དོན་ཤིན་ཏུ་ཟབ་ཅིང་བརླིང་ལ། མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པའི་ཕྱིར། དེ་དག་གི་དགོངས་དོན་ཚུལ་བཞིན་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་ལྡན་པ། མངོན་པར་ཤེས་པའི་མཐུ་མངའ་བ། དེ་བཞིན་གཤེགས་པས་རྒྱུད་དོན་འགྲེལ་པར་བྱེད་པར་ལུང་བསྟན་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། དཀྱིལ་འཁོར་གྱི་བདག་པོ་རྣམས་ལས་གདམས་ངག་གི་ལུང་དངོས་སུ་ནོད་པའི་གྲུབ་ཆེན་རིག་པ་འཛིན་པ་རྣམས་ལྟ་བུ་ལས། མང་ཐོས་གང་ཞིག་རྟོག་གེ་ལ་སོགས་པའི་བསྟན་བཅོས་ལ་ཆེར་བྱང་དུ་ཟིན་ཀྱང་དེ་དག་གིས་རང་དབང་དུ་འགྲེལ་བཤད་བྱེད་པའི་ཡུལ་མ་ཡིན་ཏེ། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། མངོན་ཤེས་མེད་གང་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་བསྟན་བཅོས་དུ་མ་ཡི། །རྣམ་རྟོག་ཆོས་ཀྱི་སྙིང་དང་མཁས་པ་ཉིད་ཀྱི་དྲེགས་ལྡན་འགྲེལ་བཤད་ཆེན་པོ་དག །བྱེད་པ་དེ་ནི་གླང་ཆེན་ལོང་བ་མྱོས་བཞིན་དགྲ་ཡི་རྒྱུད་ནི་རྒྱལ་བའི་སླད། །གང་གནས་དེ་ཡི་རང་གི་རྒྱུད་ནི་ཉམས་བྱེད་འདི་ནི་རྟག་ཏུ་བདུད་ཀྱི་གཉེན། །ཞེས་གསུངས་པ་ལྟར་སྐབས་འདིར་མངོན་ཤེས་ཡོད་མེད་གསུངས་པའི་དོན་ཀྱང་སྤྱི་ཟག་བཅས་


MR17_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་ལྔ་ལྡན་རྣམས་ལྟ་ཅི་སྨོས་ཏེ་འཕགས་པ་དགྲ་བཅོམ་པ་མངོན་ཤེས་དྲུག་ལྡན་རྣམས་ཀྱི་ཡང་རྡོ་རྗེ་ཐེག་པའི་དགོངས་དོན་རང་སྟོབས་ཀྱིས་འབྱེད་མི་ནུས་པས་སྐབས་འདིའི་མངོན་ཤེས་ནི་དབང་བཞི་པའི་ལམ་གྱི་ཡེ་ཤེས་ཁྱད་པར་ཅན་གྱིས་སྒོ་ནས་རྡོ་རྗེ་ཐེག་པའི་དགོངས་དོན་མ་ནོར་བ་འབྱེད་ནུས་པའི་མངོན་ཤེས་ལ་གོ་དགོས་སོ། །དེ་ལྟར་གཞན་གང་རུང་རུང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། །རྒྱུད་ཆེན་པོ་འདི་ཡི་དོན་འཆད་པ་ལ། རིགས་ལྡན་པདྨ་དཀར་པོ་ཉིད་ཀྱིས་འདི་སྐད་དུ། །གང་ཞིག་སྟོན་པ་ཉིད་ཀྱིས་ལུང་བསྟན་རྒྱལ་བདག་བདེ་སྟེར་རྡོ་རྗེ་ཐེག་པར་མཐའ་དག་ནི། །འགྲེལ་བཤད་དག་དང་བསྡུ་བ་མཛད་པ་རྡོ་རྗེ་མཆོག་འཛིན་བདག་འདྲའི་བྱང་ཆུབ་སེམས་དཔའ་སྟེ། །དེ་དག་འདིར་ནི་ལྷ་དང་ལག་འགྲོ་མི་རྣམས་སྨིན་པའི་དོན་དུ་སངས་རྒྱས་མཐུར་སྨྲ་ལ། །གང་དག་མངོན་ཤེས་ལྔ་མེད་དེ་དག་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ་མིན་པ་སྨྲ། ཞེས་གསུངས་ལྟར། འགྲེལ་ཆེན་དྲི་མེད་འོད་ཉིད་ཚད་མར་བྱེད་དགོས་པ་གཞིར་བཅས་ཀྱང་། དེ་དེ་ཡང་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་མོ་རྣམས་ལ་ངེས་པ་ཇི་བཞིན་མ་རྙེད་པ་དག་གིས། རང་གི་ཡིད་ལ་འཐད་པའི་ལྟ་བའི་ཞེན་ཕྱོགས་སུ་རྒྱུད་དོན་ཟབ་མོ་རྣམས་རྣམ་རྟོག་དང་རྣམ་ཤེས་ཀྱི་སྤྱོད་ཡུལ་དག་ཏུ་གཙོ་བོར་སྟོན་པ་ཡང་སྲིད་དེ། འགྲེལ་ཆེན་ལས། མ་འོངས་དུས་ན་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་བློས། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་འཕྲད་དབང་གིས་ལོག་པར་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡིས་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང་། །དེ་ཉིད་ཀྱིས་ནི་བློ་ངན་སྐྱོན་ནི་འཇོམས་བྱེད་འགྲེལ་བཤད་བདག་གིས་བྲི་བར་བྱ། །ཞེས་གསུངས་ཏེ་རྒྱུད་ཀྱི་རྡོ་རྗེའི་ཚིག་གི་སྲོག་ལྟ་བུ་འཇིག་རྟེན་ལས་འདས་པ་དབང་བཞི་པ་དོན་གྱི་ཡེ་ཤེས་དེ་ཉིད་རྒྱུད་འདི་ལས་འཕོ་མེད་ཀྱི་བདེ་བ་དང་འདུས་བྱས་དང་འདུས་མ་བྱས་ཀྱི་


MR17_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་མི་གནས་པ་དང་། ཐབས་ཤེས་དབྱེར་མེད་པས་གཉིས་སུ་མེད་པའི་ཡེ་ཤེས། རིགས་མེད་པའམ་རིས་མེད་པ་དང་། འཇིག་རྟེན་པའི་འདོད་ཡོན་འཕོ་བའི་བདེ་བ་ལས་འདས་པ་དང་། དེ་ཉིད་རྣམ་པར་ཤེས་པའི་ཆོས་ལས་འདས་ཤིང་། ཡེ་ཤེས་གཉིས་མེད། རྣམ་པར་རྟོག་མེད་དུ་ལྷུན་གྱིས་གྲུབ་པ་ཉིད་དུ་བསྟན་ཅིང་། དེའི་དོན་འགྲེལ་པའི་ཐོག་མཐའ་བར་གསུམ་དང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱ་ཆེར་གསུངས་པ་ལྟར་དེ་དག་གི་དོན་ལས་མ་འདས་པར་འཆད་དགོས་ཏེ། གཞན་དུ་ན་རྒྱུད་བླ་མ་ལས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་པ། །ཞེས་སོགས་ཚིགས་སུ་བཅད་པའི་དོན་བཞིན་དུ་འགྱུར་བ་དང་། རྒྱུད་འདིའི་གཞུང་དགོངས་འགྲེལ་དང་བཅས་པའི་ཕྱོགས་རྣམས་ནས་མ་འོངས་པ་ན་གདུག་པའི་སློབ་དཔོན་དབང་བཞི་པའི་ཡེ་ཤེས་འཕོ་བའི་བདེ་བ་ལ་འཆད་པ་མང་དུ་འབྱུང་བར་ལུང་བསྟན་པའི་ཁོངས་སུ་གཏོགས་པར་འགྱུར་རོ། །རྒྱུད་འདིས་བསྟན་བྱའི་གཙོ་བོ་རྒྱུད་གཞན་ལས་སྦས་པ་གང་ཞིག་རྒྱུད་འདིར་གསལ་བར་མཛད་པ་ནི་བཞི་པའི་ཡེ་ཤེས་འཕོ་མེད་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་སྐུ་དེ་ཡིན་ཕྱིར་དེའི་གནད་མ་འཆུག་པ་ཤིན་ཏུ་གལ་ཆེ་ལ། གཞན་ཡང་རྒྱུད་དང་འགྲེལ་པ་ལས་གསུངས་པའི་དགོངས་དོན་ཆེ་ཕྲ་མཐའ་དག་རང་བློས་མ་བསླད་པར་ཅི་ནུས་སུ་བླ་མ་བརྒྱུད་པའི་མན་ངག་ལ་བརྟེན་ཏེ་འཆད་དགོས་པ་ཡིན་ནོ། །ཁ་ཅིག་འདི་སྙམ་དུ། དེ་ལྟར་དེ་ཁོ་ན་ཉིད་རྟོགས་པ་དང་མངོན་ཤེས་དང་ལྡན་པ་མ་གཏོགས་གསང་སྔགས་ཀྱི་རྒྱུད་ལ་འགྲེལ་པ་རྩོམ་མི་རུང་ན་ཁྱོད་ཀྱང་གནས་འདི་ལ་སེམས་ལས་ཆུང་ངུར་འདུག་པར་རིགས་སོ་ཞེ་ན། བདེན་མོད་ཀྱི་ཤིང་རྟའི་ལམ་སྲོལ་ཐོག་མར་ཕྱེ་བ་ནི་ཚེགས་ཆེན་པོ་དག་གི་ལས་ཡིན་ལ། ཕྱེས་ཟིན་ནས་


MR17_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་པ་དག་ཀྱང་ཚེགས་མེད་པར་དེར་བགྲོད་པ་ལྟར་དམ་པའི་མན་ངག་དང་མ་བྲལ་བར་རྡོ་རྗེ་ཐེག་པའི་རྒྱུད་རྣམས་བཤད་པ་དང་ཉན་པ་དང་དགོངས་པ་གསལ་བའི་ཕྱིར་རྩོམ་པ་བྱེད་པ་ལ་འགལ་བ་ཅི་ཡང་མེད་དོ། །དེའི་ཕྱིར་འགྲེལ་ཆེན་དྲི་མེད་འོད་ཉིད་དཔང་པོར་བྱས་ཤིང་། དེའི་རྗེས་སུ་འབྲང་བའི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་ལེགས་བཤད་རྣམས་ལ་ཅི་ནུས་སུ་བལྟས་ཏེ། གོང་འོག་གོ་རིམས་བསྡེབས་ཚུལ་སོགས་མ་འདྲེས་ཤིང་། འགའ་ཞིག་ཏུ་མ་གསལ་པ་འགའ་ཞིག་ཏུ་གསལ་བ་རྣམས་ཕྱོགས་གཅིག་ཏུ་སྡུད་པ་དང་། རྒྱ་ཆེར་བཤད་པའི་ཚིགས་རྣམས་ཀྱི་དོན་སྙིང་པོར་བསྡུས་ཏེ་གསལ་བའི་ངག་གིས་བསྟན་པ་དང་། ཟབ་དོན་རྣམས་ཀྱང་དམ་པའི་མན་ངག་བཞིན། རིགས་པའི་ལམ་གྱིས་ངེས་པ་རྣམས་ཚུལ་བཞིན་བཤད་པ་རང་བློས་གང་ནུས་བགྱིས་པས་གལ་ཏེ་ན་ལམ་འདི་དོན་གཉེར་རྣམས་ལ་རྒྱུད་དང་འགྲེལ་པའི་དོན་བློ་ཡུལ་དུ་འཆར་བདེ་བའི་རྐྱེན་དུ་སོང་ན་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་བྱིན་རླབས་ཀྱི་མཐུ་ཡིན་པར་རིག་པར་བྱ་ལ། རང་ཉིད་བྱིས་པའི་ས་ལས་མ་བརྒལ་བས་ན་མ་རྟོགས་པ་དང་ལོག་པར་རྟོག་པའི་ཆ་བྱུང་ན་དེ་ཉིད་དུ་དོན་ལ་མཁས་པ་དག་གིས་བཅོས་པར་མཛད་པའི་འོས་ཡིན་ལ། སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་ཀྱང་མཁྱེན་ཅིང་བཟོད་པར་མཛད་ནས་དག་ཚང་དུ་མཛད་པར་གསོལ་བའང་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ཉེས་པར་གྱུར་གང་དེ་འདིར་བདག་གི་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་གསུངས་པ་བཞིན་ནོ། །ད་ནི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་གཞུང་གི་ཚིག་དོན་བཤད་པ་ལ། མཚན་དོན། འགྱུར་ཕྱག གཞུང་དོན། མཇུག་དོན་བཞི་ལས། དང་པོ། རྒྱ་གར་སྐད་དུ། པ་ར་མ།


MR17_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། མཆོག་གི དེ་བཞིན་དུ། ཨཱ་དི། དང་པོའི། བུདྡྷ། སངས་རྒྱས་ལས། ཨུརྔྷྀ་ཏ། ཕྱུངས་པ། ཤྲཱི། དཔལ། ཀཱ་ལ། དུས། ཙཀྲ། འཁོར་ལོ། ནཱ་མ། ཞེས་བྱ་བ། ཏནྟྲ། རྒྱུད། རཱ་ཛ། རྒྱལ་པོ། ཞེས་བྱ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་དེ་ཉིད་ཐོག་མ་དང་ཐ་མ་མེད་པར་ཆོས་ཀུན་གྱི་ཆོས་ཉིད་དུ་གནས་པ་དེ་ཉིད་གློ་བུར་གྱི་སྒྲིབ་པ་དང་བྲལ་བ་ནི་མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་སྟེ། འདི་ལྟར་མངོན་པར་བྱང་ཆུབ་པ་རྣམ་པ་བཞིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་འགྱུར་བ་མེད་པའི་བདེ་བ་ནི་མཆོག་ཡིན་ལ། དེས་དང་པོར་སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས་རྒྱས་ཡིན་ལ་དེའི་མཚན་གཞན་ཡང་། གདོད་མའི་མགོན་པོ་དང་། ཀུན་ཏུ་བཟང་པོ་དང་། ཐོག་མའི་སངས་རྒྱས་ལ་སོགས་པས་མངོན་པར་བརྗོད་པའོ། །དེ་ལྟ་བུའི་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་བརྗོད་བྱར་བྱེད་པ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུངས་ཏེ་བཏུས་པས་ན་དེ་ལྟར་བརྗོད་དོ། །དེ་ལྟར་བསྡུས་པའི་རྒྱུད་འདི་ཉིད་ལའང་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། སྐབས་འདིར་དུས་ཞེས་བྱ་བ་དུས་གསུམ་དུས་མེད་དུ་མཉམ་པ་རྡོ་རྗེའི་དུས་མི་འགྱུར་བའི་བདེ་བ་ཆེན་པོའི་མཚན་ཉིད་ཅན་དེ་ལ་བརྗོད་ཅིང་། དེ་ཉིད་ཀྱིས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་སྒྲིབ་པ་མེད་པའི་འཁོར་ལོར་སྐྱེད་པའི་ཕྱིར་ན་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཡང་ན་ཕྱོགས་དུས་ཀྱིས་བསྡུས་པའི་སྣང་བ་ཇི་སྙེད་པ་འདི་རྣམས་ནི་རང་རང་གི་རྒྱུ་རྐྱེན་ཚོགས་པ་ལས་སྣང་ཞིང་སྐྱེ་འགག་བྱེད་པ་ཡིན་ལ། དེ་ཡང་འཕོ་བའི་དབང་ལས་བྱུང་བ་ལ་དུས་ཞེས་བྱ་སྟེ། དེས་ཤེས་བྱ་ཐམས་ཅད་བསྡུས་པའོ། །དུས་དེ་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་བ་ལ་འཁོར་ལོ་ཞེས་བརྗོད་པ་ཡིན་ནོ། །ཁྱབ་བྱེད་དུ་འགྲོ་བ་དེ་གང་ཞེ་ན། དབང་


MR17_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ལ་སོགས་པའི་བྱེད་པོ་གཞན་མ་ཡིན་ཏེ། དུས་དང་ཆ་དང་རིགས་སོགས་གཉིས་ཆོས་སུ་འབྱེད་པ་མེད་པའི་འགྱུར་མེད་ཀྱི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དབྱེར་མེད་པ། དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་ཉིད་དེ་ཡིན་ཏེ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །ཅེས་སོགས་གསུངས་པ་བཞིན་ནོ། །དེས་ན་བཤད་ཚུལ་དེ་དག་དོན་འདྲ་སྟེ། །གཉིས་སུ་མེད་པའི་ཡེ་ཤེས་ལ་གོ་བར་བྱའོ། །མདོ་རྒྱུད་གཞན་ལས་སེམས་ཀྱི་དག་པའམ། རང་བཞིན་འོད་གསལ་བའི་སེམས་དང་། བདེ་གཤེགས་སྙིང་པོ་ལ་སོགས་པའི་རྣམ་གྲངས་ཀྱིས་བསྟན་པ་ཐམས་ཅད་མཐར་ཐུག་གི་དགོངས་པ་གཅིག་ཏུ་གནད་མཐུན་ན་ཡང་། འདིར་རྡོ་རྗེའི་རྣལ་འབྱོར་གྱི་ལམ་གྱིས་འཕོ་བ་དང་བྲལ་བའི་བདེ་བ་ཆེན་པོ་མངོན་དུ་བྱས་པའི་དུས་ན་བརྗོད་བྱའི་དོན་མངོན་དུ་གྱུར་པ་ཡིན་ནོ། །གཞན་ཡང་རྩ་བའི་རྒྱུད་ལས། ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་པས་སོ། །ཞེས་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཀྱི་ཐིག་ལེ་བཞི་སྒྲིབ་བྲལ་དུ་གྱུར་པ་རྣམ་ཐར་བཞི་དང་རྡོ་རྗེ་བཞིས་ཡོངས་སུ་དག་པ་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་གྱི་སྒོ་ནས་བརྗོད་པ་སྟེ། འགྲེལ་ཆེན་ལས། གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིམ་མེད་པས། །ཀཱ་ལ་ཙཀྲའི་མངོན་བརྗོད་པ། །གཉིས་མེད་དེ་ལ་བཏུད་བྱས་ཤིང་། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་འདས་པའི་དངོས་གྲུབ་བསྒྲུབ་པའི་རྒྱུད་ཐམས་ཅད་ཀྱི་བླ་མ་སྟེ་རྒྱལ་པོར་གྱུར་པའོ། །གཉིས་པ་འགྱུར་མཛད་པའི་ཕྱག་ནི། དཔལ་དུས་ཀྱི་འཁོར་ལོ་ལྷག་པའི་ལྷ་ལ་སྒོ་གསུམ་གུས་པས་བཏུད་ཅིང་ཕྱག་འཚལ་ལོ་ཞེས་སོ། །གསུམ་པ་གཞུང་གི་


MR17_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ། རྒྱུད་ཀྱི་ཐོག་མར་གླེང་གཞི་དང་གླེང་བསླང་བ་རྒྱུད་འབྱུང་བའི་རྒྱུ་དང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང་། རྒྱུད་ཡོངས་སུ་རྫོགས་པའི་བྱ་བ་མཇུག་གི་དོན་གསུམ་ལས། དང་པོ། ཐམས་ཅད་མཁྱེན་པ་སོགས་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཞིང་། དེ་མན་ཆད་ཀྱིས་རྒྱུད་ཀྱི་གཞུང་དོན་དང་། ཡེ་ཤེས་ལེའུའི་མཇུག་ཏུ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་སོགས་ཀྱིས་མཇུག་གི་དོན་བསྟན་ཏེ་རྒྱུད་དོན་ཡོངས་སུ་རྫོགས་པ་ལ་བསྟོད་ཅིང་ཡི་རངས་པ་དང་བཅས་པས་གཞུང་དོན་རྫོགས་ནས། གང་ཞིག་མི་ཡི་འཇིག་རྟེན་སོགས་ཚིགས་བཅད་ཉིས་བརྒྱ་ཞེ་དགུ་པ་མན་ཆད་ཀྱིས་བཞི་པ་རྒྱུད་བསྡུས་པའི་མཇུག་དོན་བསྟན་ནོ། །དེ་ལ་རྒྱུད་འདི་འཆད་ཐབས་ཀྱི་ཡན་ལག་ཅི་ལྟ་བུའི་ཆིངས་ཀྱིས་བཅིངས་ནས་འཆད་ཅེ་ན། རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཉིད་ཀྱི་དོན་བརྒྱན་བྱ་སྐུ་གཅིག་ལ། རྒྱན་བྱེད་དཔེ་བྱད་བརྒྱད་ཅུའི་གྲངས་དང་མཚུངས་པར་གནས་པ་བརྒྱད་ཅུ་གྱ་གཅིག་གི་རྣམ་གྲངས་ཀྱིས་བཅིངས་ཏེ་ཆོས་རྒྱལ་ཟླ་བ་བཟང་པོས་བཤད་པར་མཛད་པ་བཞིན། རྩ་རྒྱུད་ཀྱི་གོ་རིམ་དང་མཚུངས་པར་བསྡུས་པའི་རྒྱུད་འདི་ཉིད་ལ་ཡང་གནས་པ་བརྒྱད་ཅུ་གྱ་གཅིག་གི་ཆིངས་སུ་བྱས་ཏེ་བཤད་པར་བྱའོ། །འགྲེལ་པ་དྲི་མེད་འོད་ཉིད་ལས་མདོར་བསྡུས་པ་ཆེན་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་གྲངས་དང་མཚུངས་པའི་སྡོམས་སུ་མཛད་པ་ཡིན་པས། དེ་དག་སྦྱར་ནས་ལེའུ་རེ་རེ་བཞིན་དུ་ཁོག་དོན་ཆུབ་པར་བྱས་ན། འགྲེལ་བྱེད་ཆེན་པོ་དག་གི་ལུགས་བཞིན་བཤད་པའི་བཀའ་སྲོལ་ལས་མི་ཉམས་པའི་ཕྱིར་དེ་ལྟར་འཆད་དགོས་ལ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར་ནི། ཕྱི་འཇིག་རྟེན་ཁམས་ཀྱི་བཀོད་པ། ནང་རྡོ་རྗེའི་ལུས་ཀྱི་རྣམ་གཞག །སྨིན་བྱེད་ཀྱི་དབང་བསྐུར་བ། དཀྱིལ་འཁོར་གྱི་ལྷའི་སྒྲུབ་ཐབས།


MR17_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྟན་པ་སྟེ་དེ་ལྟར་ལེའུ་འམ་བརྟག་པ་ལྔ་ཡི་བདག་ཉིད་ཅན་ཡིན་ཞིང་། དེ་ཡང་ལེའུ་དང་པོ་ལ་ཕྱི་ནང་གི་ཡུལ་ཉེར་བཞི་དང་། ཁྱིམ་དང་རྟེན་འབྲེལ་བཅུ་གཉིས་ཚན་གཉིས་བསྡོམ་པའི་ཉེར་བཞི་དག་པའི་གནས་པ་ཉི་ཤུ་རྩ་བཞིར་གསུངས་ཏེ། སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང་། གནས་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་བཞིན་དུ་ངོ་བོ་ཉིད་ཀྱིས་གནས་པ་ཞེས་ཚིག་འོག་མ་རྣམས་ཀྱི་མཇུག་ཏུ་སྦྱར་ལ། འཁོར་ཕུན་སུམ་ཚོགས་པའི་དང་། གསོལ་བ་འདེབས་པ་པོའི་དང་། རྡོ་རྗེའི་རྣལ་འབྱོར་བརྗོད་བྱ་རྗོད་བྱེད་ཉིང་དགོས་བཅས་ཞུས་པའི་དང་། སྟོང་ཆེན་ཡིག་ལྔ་སོགས་དང་སྣ་ཚོགས་འབྱུང་བ་དང་དཀྱིལ་འཁོར་དང་དབང་བསྐུར་བར་གསོལ་བ་འདེབས་པའི་དང་། སྟོན་པ་པོའི་ལན་གྱི་དང་། འཇིག་རྟེན་གྱི་ཁམས་དང་། གཟའ་དང་རྒྱུ་སྐར་དང་སེམས་ཅན་དང་སྔགས་དང་སྲོག་ལ་སོགས་པ་འབྱུང་བ་དང་སྡུད་པའི་དང་། རླུང་སོགས་ཀྱི་དཀྱིལ་འཁོར་དང་རྒྱ་མཚོ་དང་གླིང་དང་རིའི་གྲངས་ཀྱི་དང་། སྲིད་པ་སུམ་ཅུ་རྩ་གཅིག་གི་དང་། འཁོར་ལོར་སྒྱུར་བ་ཆེན་པོ་འབྱུང་བའི་དང་། ཤིན་ཏུ་ཕྲ་བའི་དབུགས་སོགས་ཀྱིས་ཉིན་མོའི་ཚད་ལ་སོགས་པའི་དང་། འཇམ་དཔལ་ལུང་བསྟན་པའི་དང་། གྲུབ་པའི་མཐའ་དང་བྱེད་པའི་སྐར་རྩིས་ཀྱི་དང་། དབུ་མའི་རྩའི་དབུགས་རྣམས་ལས་གཟའ་དང་རྒྱུ་སྐར་གྱི་རྐང་པ་སྐྱེ་བའི་དང་། ཁྱིམ་བཅུ་གཉིས་ཀྱི་རྣམ་པས་ས་ལ་འཁོར་བའི་དང་། དབྱངས་འཆར་བ་ལ་སོགས་པའི་དང་། སྒྲ་གཅན་ལ་སོགས་པའི་སའི་སྟོབས་ཀྱི་དང་། རྫོང་འཇོམས་པ་དང་བསྲུང་བའི་འཁྲུལ་འཁོར་གྱི་དང་། འཁོར་ལོས་སྒྱུར་བ་དུམ་བུ་བཅུ་གཉིས་སུ་འཁོར་བའི་དང་། ཀླ་ཀློའི་ཆོས་བཅོམ་ནས་སངས་རྒྱས་ཀྱི་ཆོས་རབ་ཏུ་འཇོག་པའི་དང་། སེམས་ཅན་མཐའ་དག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་སྦྱིན་པའི་


MR17_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་སྔོན་དང་ཕྱི་མར་སྟོན་པ་པོའི་དང་། འཁོར་ལོས་སྒྱུར་བ་ཆེན་པོ་ལ་སོགས་པ་རིགས་ལྡན་གྱི་མཐར་ཐུག་པའི་མི་རྣམས་ཀྱི་མཆོག་གི་ཚེའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ་ཉི་ཤུ་རྩ་བཞིའོ། །བརྗོད་བྱ་དེ་དག་རྗོད་བྱེད་ཚིག་གི་ངོ་བོ་ཉིད་ཀྱི་སྐབས་དེ་དག་ཏུ་གནས་པའམ། ཡང་ན་བརྗོད་བྱ་དེ་དག་གི་ངོ་བོ་ཉིད་ཀྱི་སྐབས་དེ་དག་ཡིན་པས་བྱེད་འགྲེལ་གྱི་སྒྲ་ཇི་ལྟར་བྱས་ཀྱང་རུང་ངོ་། །ལེའུ་དང་པོ་འདི་ལ་ཡི་གེ་ཉེར་གཅིག་པ་རབ་བྱེད་ལྡན་གྱི་ནང་ཚན་སྡེབ་སྦྱོར་མེ་ཏོག་ཕྲེང་འཛིན་གྱིས་བཅིངས་པའི་ཚིགས་བཅད་བརྒྱ་དང་དྲུག་ཅུ་རེ་དགུ་ཡོད་པ་དེ་རྣམས་དེ་ལྟར་གནས་པ་ཉེར་བཞིའི་ས་ཁོངས་སུ་བསྡུས་ནས་འཆད་པར་བྱའོ། །བརྒྱུད་ཀྱི་དགོངས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་དྲི་མ་མེད་པའི་འོད་གཞུང་ཚད་སྟོང་ཕྲག་བཅུ་གཉིས་པ་ལས། ལེའུ་དང་པོ་འདིར་མདོར་བསྡུས་ཆེན་པོ་བཅུའི་སྒོ་ནས་གཏན་ལ་དབབ་པར་མཛད་དེ། བདུད་དང་བགེགས་མཐའ་དག་ཉམས་པའི་དོན་དུ་རྒྱུད་ཀྱི་བདག་པོ་དུས་ཀྱི་འཁོར་ལོ་ཉིད་ལ་རྒྱུད་དོན་ཟབ་མོ་དང་མཐུན་པར་མཆོད་པར་བརྗོད་པ་སོགས་འདོད་པའི་ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་དང་པོ་དང་། དེའི་དགོས་སོགས་ཆོས་བཞི་གཟིགས་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་བསྟན་པའི་མདོར་བསྡུས་གཉིས་པ་དང་། རྒྱུད་སྟོན་པ་དང་གསོལ་བ་འདེབས་པ་པོ་དང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་འབྲེལ་བའི་མདོར་བསྡུས་གསུམ་པ་རྣམས་ཀྱིས་རྒྱུད་བཤད་པའི་སྤྱི་ཁོག་ཕུབ་པ་སྔོན་དུ་བཏང་ནས། དེ་མན་ཆད་ཀྱི་མདོར་བསྡུས་རྣམས་ཀྱིས་གཞུང་དོན་རིམ་པར་བསྟན་པ་ལ། སྟོན་པ་དང་གསོལ་བ་འདེབས་པ་པོའི་མདོར་བསྡུས་བཞི་པ་དང་། དེའི་རྗེས་སུ་རྣལ་འབྱོར་དཔལ་ལྡན་སོགས་ཀྱི་དོན་ལས་བརྩམ་སྟེ་སྟོན་པ་པོ་ལ་སོགས་པ་བསྡུས་པའི་མདོར་བསྡུས་ལྔ་པ་དང་། སྟོང་པ་ཡེ་ཤེས་སོགས་ཞུས་པའི་ཚིགས་བཅད་ཀྱི་དོན་རྒྱས་པར་བཤད་པ། དཀྱིལ་འཁོར་དང་དབང་ལ་སོགས་པ་བསྡུས་


MR17_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོར་བསྡུས་དྲུག་པ་དང་། ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་སོགས་ལན་གྱི་ཚིགས་བཅད་ཀྱི་དོན་རྒྱས་པར་བཀྲལ་བ་འཇིག་རྟེན་ཁམས་བསྡུས་པའི་མདོར་བསྡུས་བདུན་པ་དང་། རླུང་གི་མཐའ་ནས་སོགས་འཇིག་རྟེན་གྱི་ཚད་དང་སྲིད་པ་སོ་གཅིག་དང་། འཁོར་བསྒྱུར་ཆེན་པོ་འབྱུང་བ་དང་། ཕྲ་དབུགས་སོགས་ཚད་ཀྱི་བར་རྣམས་ཀྱི་དོན། །འཇིག་རྟེན་ཁམས་ཀྱི་ཚད་བསྡུས་པའི་མདོར་བསྡུས་བརྒྱད་པས་བསྟན་ནོ། །དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པ་ལུང་བསྟན་པ་དང་། བྱེད་གྲུབ་ཀྱི་སྐར་རྩིས་དང་། དབུ་མའི་དབུགས་ལས་གཟའ་དང་སྐར་མའི་རྐང་པ་འབྱུང་བ་དང་། ཁྱིམ་གྱི་གོ་ལ་འཁོར་ཚུལ་རྣམས་ཀྱི་དོན། སྐར་རྩིས་ཤེས་པའི་ཆོ་གའི་མདོར་བསྡུས་དགུ་པས་བསྟན། དབྱངས་འཆར་བ་དང་།གཟའི་ཕྱོགས་ཀྱི་སྟོབས་དང་། སྒྱོགས་སོགས་ཀྱི་འཁྲུལ་འཁོར་རྣམས་ནི། དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་ཆོ་ག་ངེས་པའི་མདོར་བསྡུས་བཅུ་པས་བསྟན་ལ། དེ་མན་ཆད་གོ་སླ་བས་འགྲེལ་བཤད་མ་མཛད་དོ། །མདོར་བསྡུས་དང་པོ་དྲུག་པོ་དེ་ནི་འོག་མའི་དོན་ཐམས་ཅད་ཀྱི་ཁྱབ་བྱེད་ལྟ་བུ་ཡིན་ནོ་ཞེས་བླ་མ་རྣམས་གསུངས་སོ། །དེ་ལྟར་སོ་སོའི་སྐབས་ཀྱི་ཚིག་གི་དོན་རྣམས་ལ་བཤད་བྱ་རྒྱ་ཆེ་ཆུང་དང་གོ་དཀའ་སླའི་དབང་གིས་མདོར་བསྡུས་པ་རེ་རེས་དེ་ལྟར་འཆད་པར་མཛད་དོ། །གནས་པ་ཞེས་པའི་དོན་ནི་བརྗོད་བྱ་དེ་དང་དེ་དག་གི་ངོ་བོ་ཉིད་དམ་དོན་དེ་ཉིད་སྐབས་དེར་གནས་པ་ཡིན་པའི་ཆ་ནས་གནས་པ་ཞེས་བྱའོ། །དེ་ལྟར་གནས་པ་བརྒྱད་ཅུ་གྱ་གཅིག་དང་། མདོར་བསྡུས་སོ་གཉིས་ཀྱི་སྡོམ་གྱི་དགོངས་དོན་ལེའུ་རེ་རེ་བཞིན་དུ་སྦྱར་ཏེ་བསྟན་པ་ལ་གཞི་བྱས་ནས། གོ་བདེ་བའི་སླད་དུ་སོ་སོའི་ས་ཁོངས་མདོར་བསྡུས་བཅད་ནས་བརྗོད་ན། ཐོག་མར་གླེང་གཞི་དང་། གླེང་བསླང་བའི་ཚུལ་ལ་གླེང་གཞི་སྟོན་པ་དང་གནས་དང་འཁོར་ཕུན་སུམ་ཚོགས་པ་དང་། གླེང་


MR17_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་བ་ཞུས་ཞིང་གསོལ་བ་གདབ་པ་གཉིས་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། སངས་རྒྱས་ཞེས་ཡི་གེ་ཉི་ཤུ་རྩ་གསུམ་པོ་དེས་བསྟན་ཏེ། དེ་ཡང་དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། །ཉི་མའི་སྐུ་གང་མི་ཟད་པ། །དཔལ་ལྡན་པད་འདབ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པའི་བདག །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །མི་ཕྱེད་རྡོ་རྗེ་རྣལ་འབྱོར་འདི། །དུས་ཀྱི་འཁོར་ལོར་མི་འགྱུར་བདེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིགས་མེད་པ། །ཀུན་ནས་རྡོ་རྗེ་སྐལ་བཟང་ཉིད། །ཀུན་ནས་སྣ་ཚོགས་སྡོམ་པ་སྟེ། །བདེན་དོན་རྣམ་པ་བཅུ་གཉིས་དང་། །དེ་ཉིད་རྣམ་པ་བཅུ་དྲུག་འཛིན། །ཞེས་སོགས་གསུངས་པའི་དོན་དེ་ཉིད་བསྡུས་པའི་རྒྱུད་འདིར་གོང་ལྟར་བསྡུ་བར་མཛད་དོ། །དེ་ལ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་ཡི་སྐུ་ནི་སྐབས་འདིར་དག་པའི་སྐུ་ཞེས་གསུང་པ་སྟེ། མདོ་ལྟར་ན་ངོ་བོ་ཉིད་སྐུ་སྟེ་སྔགས་ལྟར་ན་འདི་ལ་ལྷན་སྐྱེས་དག་པའི་སྐུའི་རྣམ་གཞག་ཀྱང་བྱེད་ལ། འདི་ནི་རྣམ་ཐར་སྒོ་བཞིའི་ནང་ནས་སྟོང་པ་ཉིད་དང་། རྡོ་རྗེ་བཞིའི་ནང་ནས་ཡེ་ཤེས་རྡོ་རྗེ། རྣལ་འབྱོར་བཞིའི་ནང་ནས་ཐབས་ཤེས་རྣམ་པར་དག་པའི་རྣལ་འབྱོར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་དང་མཚན་མ་མེད་པའི་རྣམ་པར་ཐར་པས་ཡོངས་སུ་དག་པ། ཐུགས་རྡོ་རྗེ། ཆོས་ཀྱི་རྣལ་འབྱོར་མཐར་ཕྱིན་པའོ། །མི་ཤེས་པའི་


MR17_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་ཐམས་ཅད་འཇོམས་པ་ཉིན་མོར་བྱེད་པའི་སྐུ་ཉིད་ཀྱང་སྟེ། འདི་ནི་གདུལ་བྱ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་མཛད་པའི་ལོངས་སྐུ་དང་། སྨོན་པ་མེད་པའི་རྣམ་ཐར་ལ་གནས་པ། གསུང་རྡོ་རྗེ་སྔགས་ཀྱི་རྣལ་འབྱོར་རོ། །པདྨའི་འདབ་མ་རྒྱས་པའི་སྤྱན་མངའ་བའི་སྐུ་ནི། འགྲོ་བའི་དོན་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའི་སྤྲུལ་པའི་སྐུ། འདུས་མ་བྱས་པའི་རྣམ་པར་ཐར་པ་ལ་གནས་པ། སྐུ་རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་ཡང་དག་པ་དང་ལྡན་པའོ། །དེ་ལྟར་སྐུ་བཞི་དང་ལྡན་པའི་སངས་རྒྱས་ནི་སྟོན་པ་པོ་ཡིན་ནོ། །སྐབས་འདིར་ལ་ལ་དག་འདི་སྙམ་དུ། ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་མ་ཡིན་ནམ། དེས་ན་མིང་གཉིས་ཟློས་སོ་སྙམ་ན། ཐམས་ཅད་མཁྱེན་པ་དེ་སངས་རྒྱས་ཡིན་ཡང་། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ཐམས་ཅད་མཁྱེན་པར་འདོད་པ་བསལ་བའི་སླད་དུ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་དོ་ཞེས་བརྗོད་པ་སྟེ། འཇིག་རྟེན་འདིར་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པའི་ཐམས་ཅད་མཁྱེན་པ་སངས་རྒྱས་ཉིད་འཁོར་བའི་ཕ་རོལ་ཏུ་སོན་པ་ཡིན་ལ། ཁྱབ་འཇུག་ལ་སོགས་པ་འཁོར་བ་འདིར་ལྷའི་སྐྱེ་བར་སྐྱེས་ཤིང་སྐད་ཉི་ཚེ་བས་དོན་ཉི་ཚེ་བ་སྟོན་པ་ཙམ་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་པ་གང་ཡིན་པ་ཡེ་ཤེས་ཀྱི་སྐུ་མ་ཡིན་ནམ་ཞེ་ན་ཡིན་མོད་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ལ་ཡང་སྐབས་འགར་སངས་རྒྱས་ཀྱི་སྒྲ་འཇུག་པ་ཡོད་ཀྱང་། དེ་དག་ལམ་གྱི་ལྷག་མ་དང་བཅས་བཞིན་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཐོབ་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ནི་ལྷག་མ་མེད་པའི་རྣམ་གྲོལ་གྱི་འབྲས་བུ་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་ཤེས་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་


MR17_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཅན་སངས་རྒྱས་ཞེས་གསུངས་ཏེ་དོན་ལ་མི་ཟློས་སོ། །ཡེ་ཤེས་ཀྱི་སྐུ་གང་ཡིན་པ་མི་ཤེས་པའི་མུན་པ་འཇོམས་པ་ཉིན་མོར་བྱེད་པའི་སྐུ་མ་ཡིན་ནམ། དེ་ལྟར་ཟློས་པ་ཅི་ལ་གསུངས་ཞེ་ན། དེ་ཡིན་མོད་ཀྱི་སངས་རྒྱས་པའི་གྲུབ་མཐའ་རྣམ་རིག་སྨྲ་བ་དག་གིས་སངས་རྒྱས་ཀྱང་རྣམ་པར་ཤེས་པ་ལས་མ་འདས་པ་སྨྲ་བ་བསལ་བའི་ཕྱིར། །ཡེ་ཤེས་སྐུ་ཉིན་མོར་བྱེད་པའི་སྐུ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ། ཡང་དག་པར་རྫོགས་པའི་ཞེས་སུ་བསྟན་ཏེ། རྣམ་རིག་སྨྲ་བ་རྣམས་ནི་རྣམ་པར་ཤེས་པའི་ཆོས་ལ་གནས་པ་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཟུང་འཛིན་གྱི་རྣམ་རྟོག་མཐའ་དག་དང་བྲལ་བཞིན་ཡེ་ཤེས་ཀྱི་སྐུའི་གསུང་གི་འོད་ཟེར་གྱི་སྣང་བས་གདུལ་བྱ་མཐའ་དག་གི་མི་ཤེས་པའི་མུན་པ་སེལ་བ་ཉིན་མོར་བྱེད་པའི་སྐུ་ཡིན་པས་ན། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་ཏེ། གཟུང་འཛིན་ཅན་གྱི་རྣམ་པར་ཤེས་པ་ནི་རྒྱུད་ཉི་ཚེ་བས་བསྡུས་པ་ཡིན་ལ། གཟུང་འཛིན་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་གཉིས་ཆོས་སུ་འབྱེད་པ་མེད་པས་རྒྱུད་ཀྱིས་རིས་སུ་མ་བཅད་པའི་མཉམ་པ་ཉིད་དུ་གནས་ཤིང་། རང་གི་ངོ་བོ་ལ་མཚན་མའི་དབྱེ་བ་མེད་མོད། ཆོས་ཅན་སོ་སོ་ལ་བརྟེན་པ་ལྟར་སྣང་བ་ནི་ལྟོས་ཏེ་བཏགས་པས་དབྱེ་བ་ཙམ་མོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོགས་པའི་ཡེ་ཤེས་ལ་བསྟོད་པའི་ཚིགས་བཅད་ཉེར་གསུམ་པས་གསུངས་པ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་པ། །རྣམ་པར་རྟོགས་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་སྐུ་འཆང་བ། ཞེས་གསུངས་སོ། །ཡང་འགའ་ཞིག་གིས་རྒྱུད་ཀྱི་བརྗོད་བྱ་ཡེ་ཤེས་ཀྱི་སྐུ་དེ་ནི་རྡུལ་ཕྲ་རབ་འདུས་པའི་གཟུགས་ཅན་མ་ཡིན་ལ། པདྨའི་འདབ་མ་རྒྱས་པའི་སྤྱན་གཟུགས་ཅན་མིན་ནམ་སྙམ་དུ་སེམས་ན། འདིར་ངེས་པའི་དོན་དུ་


MR17_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྒྲས་ནམ་མཁའི་ཁམས་བརྗོད་དེ། པདྨ་ནམ་མཁའི་ཁམས་དེ་ལ་འདབ་མ་རྣམས་བཞིན་དུ། རིགས་བརྒྱ་རིང་བའི་ངོ་བོ་ཉིད་ཀྱིས་གནས་པའི་སེམས་ཅན་རྣམས་སོ། །པདྨའི་འདབ་མ་དེ་དག་གི་མཐའ་ཇི་སྲིད་པར་བཅོམ་ལྡན་འདས་གང་གི་ཡེ་ཤེས་ཀྱི་གཟིགས་པའི་སྤྱན་བརྒྱ་རྒྱས་པ་དེ་ནི་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་གསུངས་ཏེ། མཚན་ཡང་དག་པར་བརྗོད་པ་ལས། རྡོ་རྗེ་འབར་བ་མིག་མི་བཟད། །སྒྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་སོ། །དེ་ཡང་བརྒྱ་ནི་མང་པོའི་དོན་དང་གོང་དུ་རིང་བའི་ཞེས་པ་སངས་རྒྱས་ཀྱི་འབྲས་བུ་ལ་ཉེ་བར་མ་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་ནོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ལ་གཟུགས་རང་མཚན་དུ་གྲུབ་པ་མེད་ཀྱང་། ཡེ་ཤེས་རྣམ་པ་ཐམས་ཅད་པའི་དབང་ལས་གདུལ་བྱའི་ངོར་སྤྲུལ་པའི་གཟུགས་བརྙན་སྣ་ཚོགས་སུ་སྣང་བ་པདྨའི་འདབ་མ་རྒྱས་པ་ལྟ་བུའི་སྤྱན་སོགས་མཚན་དཔེ་མངའ་བ་ནི་ཀུན་རྫོབ་ཏུ་གདུལ་བྱའི་བསམ་པའི་དབང་ལས་སོ། །དེ་དག་འགྲེལ་ཆེན་ལས་གསུངས་པ་བཞིན་མདོར་བསྡུས་ཏེ་བཀོད་པའོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། སེང་གེའི་ཁྲི་ལ་བཞུགས་ཞེས་ཡི་གེ་ལྔས་བསྟན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ཞེས་པས་གང་དུ་བཞུགས་པའི་གནས་བསྟན་ཏེ། སེང་གེའི་ཁྲི་ནི་མཁའ་ཁམས་ཡིན་ལ། རྣམ་པའི་ཚུལ་དུ་ཟླ་ཉི་དུས་མེའི་གདན་ལ་བཞུགས་པའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ལས། ཨེ་གསང་མཁའ་ཁམས་བྷ་གའམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝྃ་དང་། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་དང་། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུལ་གྱི་མིང་རྣམས་ཀྱིས། །རྒྱུད་གཞན་


MR17_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་པས་ཀྱང་། །རྟེན་གྱི་མཚན་ཉིད་གནས་དང་ནི། །བརྟེན་པ་དག་ཀྱང་བདག་གིས་བརྗོད། །ཀུན་མཁྱེན་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས། །ཟླ་བཟང་ཁྱོད་ཀྱིས་གསོལ་བཏབ་པ། །དུས་ཀྱི་འཁོར་ལོའི་སྟོན་པ་པོ། །ཞེས་གསུངས་སོ། །སྐབས་འདིར་འགའ་ཞིག་འདི་སྙམ་དུ། རྒྱུད་རྣམས་སུ་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱིས་གླེང་གཞི་བསྟན་ཅིང་། དེ་ཡང་འདི་སྐད་ཅེས་པའི་ཚིག་ཨེ་ཝྃ་ཐབས་ཤེས་ཀྱི་ཡི་གེ་ཐོག་མར་སྨྲོས་པས་ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་མཚོན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་སོགས་ཀྱིས་ཀྱང་དེ་བཞིན་དུ་སྟོན་པ་ཡིན་ན། འདིར་དེ་ལྟ་བུར་མི་སྟོན་པར། ཐོག་མ་ནས་ཐམས་ཅད་མཁྱེན་པ་སོགས་ནས་སེང་གེའི་ཁྲི་ལ་བཞུགས་ཞེས་བཤད་པས་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནམ་སྙམ་དུ་ཉི་ཚེ་བའི་བློ་ཅན་ཚིག་ཙམ་ལ་རྟོན་པ་དག་གི་བསམ་པ་ནི་འབྲས་བུ་མེད་པ་སྟེ། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ཆོས་སྟོན་པ་ནི་གདུལ་བྱའི་བསམ་པ་དང་མཐུན་པར། ཡུལ་སྣ་ཚོགས་ཀྱི་སྐད་དང་། དོན་ལ་རྟོན་པའི་ཚིག་སྣ་ཚོགས་ཀྱི་སྒོ་ནས་སྟོན་གྱི་ཉི་ཚེ་བ་མ་ཡིན་ནོ། །དེའི་ཕྱིར་ལེགས་སྦྱར་གྱི་སྐད་དུ་གསུངས་པ་ཕལ་མོ་ཆེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་སྦྱར་ཡོད་པ་བདེན་ཏེ། གསང་བ་འདུས་པའི་རྩ་རྒྱུད་དུ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ། ཞེས་གནས་ངེས་པར་གསུངས་སོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། འདི་སྐད་བདག་གིས་ཐོས་པ་ཞེས་གསུངས་སོ། །དེ་དང་འདྲ་བར་རྩ་རྒྱུད་གཞན་དང་དེ་དག་གི་བསྡུས་རྒྱུད་


MR17_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལའང་དེ་ལྟར་བཞུགས་པའི་གནས་བསྟན་པ་ཡོད་དོ། །དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། ཐམས་ཅད་མཁྱེན་པ་སོགས་ནས་སེང་གེའི་ཁྲི་ལ་བཞུགས་ཞེས་པས་གནས་ངེས་པར་བསྟན་པ་གསུངས་ལ། བསྡུས་པའི་རྒྱུད་འདིར་ཡང་དེ་བཞིན་དུ་གསུངས་སོ། །དེ་དང་འདྲ་བར་འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་ལས་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་མཁའ་འགྲོའི་པདྨར་གནས། །ལྷག་པའི་ལྷ་ནི་གཅིག་པོ་འདི། །ལྷན་སྐྱེས་དགའ་བའི་གཟུགས་ཀྱིས་ནི། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་སོགས་ཀྱིས་གནས་ངེས་པ་བསྟན་པར་མཛད་ལ། དེ་བཞིན་དུ་བདེ་མཆོག་གི་རྒྱུད་རྒྱས་པ་མངོན་པར་བརྗོད་པ་འབུམ་པ་ལས་ཀྱང་། ཕོ་ཉ་ཀུན་གྱི་གསང་བ་ལ། །སེམས་དཔའ་ཀུན་གྱི་བདག་ཉིད་གནས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་གསུངས་ཏེ་རྒྱུད་ཀྱི་ཚིག་དོན་ཟབ་མོ་རྣམས་བླ་མའི་མན་ངག་ལས་རྟོགས་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་རྒྱུད་རྣམས་སུ་གསོལ་བ་འདེབས་པ་པོ་ཡང་། འདུས་པར་ཕྱག་ན་རྡོ་རྗེ་དང་། རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་ལ་སྣ་ཚོགས་གཟུགས་ཅན་མ་དང་། མངོན་བརྗོད་འབུམ་པ་ལ་རྡོ་རྗེ་ཕག་མོས་གསོལ་བ་བཏབ་པ་སོགས་སྣ་ཚོགས་སུ་གནས་ཤིང་དུས་ཀྱི་འཁོར་ལོའི་རྒྱུད་འདིར་ནི་གསོལ་བ་འདེབས་པ་པོ་རྒྱལ་པོ་ཟླ་བ་བཟང་པོའོ། །འདིར་མཆོག་གི་དང་པོའི་སངས་རྒྱས་ལས། སེམས་ཅན་ཉོན་མོངས་གཞིལ་བའི་སླད། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །བཅོམ་ལྡན་འདས་ཀྱིས་བསྐུལ་གྱུར་པས། །སྟོན་པའི་ཞབས་ཀྱི་པདྨ་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །སླར་ཡང་སྙིམ་པ་རིན་ཆེན་བཅས། །པུས་མོ་གཉིས་ནི་སར་བཙུགས་ཤིང་། །སྤྱི་བོ་ཡིས་ཀྱང་ཕྱག་འཚལ་ཏེ། །དེ་ནས་པུས་མོ་


MR17_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་ཡི། །ལྷ་ང་ས་ལ་བཙུགས་ནས་ནི། །དཔྲལ་བར་ཐལ་མོ་སྦྱར་བྱས་ཏེ། །མི་བདག་གསོལ་བ་འདེབས་པར་བྱེད། །རྒྱུད་རྣམས་ཀུན་གྱི་བླ་ན་མེད། །དང་པོའི་སངས་རྒྱས་རྟག་ཏུ་ནི། །དངོས་གྲུབ་ཀུན་ཚོགས་མཚན་ཉིད་ཅན། །ཨཱ་ལི་ཀཱ་ལི་ལེགས་ལྡན་དཔལ། །དུས་འཁོར་འདི་ལ་རྣལ་འབྱོར་ནི། །སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །སྐད་ཅིག་བཞི་ཡི་རྣམ་དབྱེ་ཅན། །དེ་ཉིད་བཅུ་དྲུག་དབྱེ་བ་ཡིས། །ཐ་དད་ཐིག་ལེ་བཞི་འཛིན་པ། །སྟོང་དང་ཡེ་ཤེས་ཐིག་ལེ་དང་། །མཆོག་དང་རྡོ་རྗེ་འཛིན་པ་ཆེ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཕྱི་དང་ལུས་དང་གཞན་ལ་ཡང་། །སངས་རྒྱས་ལྷ་དང་ལྷ་མིན་ཉིད། །དེ་བཞིན་རང་བཞིན་རྣམས་ལ་ནི། །སྐྱེས་བུ་ཉི་ཤུ་ལྔ་པ་གཞན། །ལུས་ལ་སྣ་ཚོགས་ཚད་དང་གང་། །འཇིག་རྟེན་གསུམ་པོ་འབྱུང་བའི་རྒྱུ། །ལྷ་དང་ལྷ་མིན་ལོངས་སྤྱོད་པ། །ཇི་བཞིན་གསལ་བར་འདི་དག་ཀུན། །མ་ལུས་སྟོན་པས་བཤད་དུ་གསོལ། །ཞེས་པ་དེ་ལྟ་བུ་ལ་སོགས་པས་མཆོག་གི་དང་པོའི་སངས་རྒྱས་ལ་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་བོ། །དེ་བཞིན་དུ་རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་ལས། དཔལ་ལྡན་སྣ་ཚོགས་གཟུགས་ཅན་མས། །རྡོ་རྗེ་འཇིགས་བྱེད་ལ་བཏུད་ཞུས། །རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད། །རྡོ་རྗེ་སེམས་དཔའི་མཆོག་བདེ་ཅི། །ཞེས་སོགས་ཀྱིས་སོ། །མངོན་བརྗོད་འབུམ་པར། སྲིད་གསུམ་བདག་ཉིད་ཧེ་རུ་ཀར། །རྡོ་རྗེ་ཕག་མོས་ཕྱག་འཚལ་ཏེ། །མངོན་པར་བརྗོད་པ་འབུམ་པའི་རྒྱུད། །རྡོ་རྗེ་སེམས་དཔའི་མཆོག་བདེ་ཅི། །ཞེས་སོགས་ཀྱིས་གསོལ་བ་བཏབ་པའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་ལའང་གསོལ་བ་


MR17_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་དུ་མར་རྣལ་འབྱོར་པས་ཤེས་པར་བྱའོ། །དེའི་ཕྱིར་འདི་སྐད་བདག་གིས་ཐོས་ཞེས་པའི་ཚིག་འདི་འབའ་ཞིག་གིས་རྒྱུད་ཐམས་ཅད་ཀྱི་གནས་ངེས་པར་སྟོན་དགོས་པར་འདོད་པ་ནི་ཉི་ཚེ་བའི་བློ་གྲོས་རྒྱ་ཆུང་བར་གྱུར་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རང་བཞིན་དུ་ཆོས་སྟོན་པ་གང་ཞིག་ཐམས་ཅད་མཁྱེན་པའི་རྣམ་པ་ཐམས་ཅད་པའི་སྐད་དབྱངས་བསམ་གྱིས་མི་ཁྱབ་པ་མེད་པར་ལེགས་སྦྱར་འབའ་ཞིག་གིས་ཆོས་སྟོན་པ་ཡིན་ན་སངས་རྒྱས་ཀྱང་ཡུལ་འགའ་ཞིག་གིས་སྟོན་པ་ཉི་ཚེ་བ་དང་། སྐད་འབའ་ཞིག་པ་སྨྲ་བའི་ཉི་ཚེ་བར་འགྱུར་རོ། །དེ་ལྟ་ནའང་འཕགས་པའི་ཡུལ་དུ་སྒྲ་སྨྲ་བའི་མུ་སྟེགས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མཐོང་ནས། ཇི་ལྟར་བྲམ་ཟེ་དང་ཁྱབ་འཇུག་པ་དང་། ཞི་བ་པ་ལ་སོགས་ཀྱི་འདོད་པའི་ལྷ་ཚངས་པ་དང་ཁྱབ་འཇུག་དྲག་པོ་སོགས་ལེགས་སྦྱར་སྨྲ་བ་པོ་ཡིན་པ་དེ་བཞིན་དུ། བདག་ཅག་ནང་པ་རྣམས་ཀྱི་འདོད་པའི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལེགས་པར་སྦྱར་བ་སྨྲ་བ་པོ་ཡིན་ནོ་ཞེས་སངས་རྒྱས་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ། འདིར་སངས་རྒྱས་བྱང་སེམས་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་བས་ལུས་ཉི་ཚེ་བ་དང་། ལེགས་སྦྱར་གྱི་སྐད་ཉི་ཚེ་བ་འབའ་ཤིག་སྨྲ་བ་པོ་མ་ཡིན་ཏེ། གདུལ་བར་བྱ་བའི་སེམས་ཅན་གྱི་དབང་གིས་སྐུ་རྣམ་པ་ཐམས་ཅད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་པ་དང་། ཆོས་དེ་ཡང་དག་པར་སྡུད་པ་བྱེད་པ་པོ་ཡིན་ནོ། །དེ་བས་ན་སངས་རྒྱས་ཚད་མེད་པ་དང་། དེ་བཞིན་དུ་ཆོས་དང་དགེ་འདུན་ཀྱང་ཚད་མེད་པར་དེ་བཞིན་གཤེགས་པས་གསུངས་པ་འདིའི་ཕྱིར། གདུལ་བྱའི་དབང་གིས་གནས་གཅིག་ཏུ་ངེས་པ་མེད་ལ། གསོལ་བ་འདེབས་པ་པོ་ཡང་ཉན་ཐོས་ཀྱི་དགེ་འདུན་ལ་སོགས་པ་གཅིག་ཏུ་ངེས་པ་མེད་


MR17_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྐད་ཀྱང་སེམས་ཅན་མཐའ་ཡས་པའི་སྐད་དུ་སྟོན་གྱི་ལེགས་སྦྱར་འབའ་ཤིག་གིས་མ་ཡིན་ནོ། །དེ་ལྟར་ཡང་སྡེ་སྣོད་གསུམ་ལ་སོགས་པ་ཡང་། མ་ག་དྷཱ་དང་། ཙམ་པ་ཀ་དང་། སུ་རམྨའི་ཡུལ་སོགས་ཀྱི་སྐད་མི་འདྲ་བ་ཐ་དད་དུ་མས་བསྟན་པ་ཡིན་གྱི་སྐད་གཅིག་ཁོ་ནས་མ་ཡིན་ནོ། །གང་གི་ཕྱིར་སྐད་ཉི་ཚེ་བ་འབའ་ཤིག་གིས་ཆོས་སྟོན་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ན་ཡང་། འདི་ལྟར་སེམས་ཅན་གྱི་ཁམས་མཐའ་ཡས་པ་མཐའ་ཡས་པའི་སྐད་དུ་ཅིག་ཆར་ཆོས་སྟོན་པ་དེ་ནི་སྟོན་པ་པོ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། དོན་ལ་བརྟོན་པའི་སྒོ་ནས་སྐད་སྣ་ཚོགས་ཀྱིས་སྟོན་ཅིང་། གདུལ་བྱའི་བསམ་པ་མཐུན་པར་ཟབ་པ་དང་རྒྱ་ཆེ་བའི་ཚུལ་སྣ་ཚོགས་སུ་སྟོན་པ་ཡིན་ལ། ཕྱི་རོལ་པའི་བྲམ་ཟེ་རིགས་ཀྱི་ང་རྒྱལ་དང་ལྡན་པ་རྣམས་འདི་སྐད་སྨྲ་སྟེ། རིག་བྱེད་བཞི་བྲམ་ཟེ་དང་རྒྱལ་རིགས་དག་གིས་བཀླག་པར་བྱའི། རྗེ་རིགས་དང་དམངས་རིགས་སོགས་ཀྱིས་མ་ཡིན་ནོ། །དེ་བཞིན་གླུ་དང་གྲུབ་པའི་མཐའ་དང་སྔོན་གྱི་རབས་ཀྱི་ཆོས་རྣམས་བྲམ་ཟེའི་ཁ་ལས། བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་ཏེ་རིགས་བཞི་པོས་མཉན་པར་བྱའི། རབ་ཏུ་བྱུང་བ་འཛིན་པ་མེད་པས་ན་ཉ་པ་སོགས་གདོལ་པ་རྣམས་ཀྱིས་མ་ཡིན་ནོ་ཞེས་བཤད་པས་དེ་དག་གི་ཆོས་ནི་ཁ་ཅིག་ལ་བཀག་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་མ་ཡིན་ནོ། །སྒྲ་གཅིག་པུ་ལེགས་པར་སྦྱར་བ་བྱས་ན་མཐོ་རིས་སུ་འདོད་པ་འཇོའོ་ཞེས་ལོག་པའི་ང་རྒྱལ་ཅན་རྣམས་ཀྱི་བསམ་པའོ། །དེ་ཡང་དེ་དག་གིས། གལ་ཏེ་རིག་བྱེད་དང་རྟོག་གེ་ལ་སོགས་པའི་བསྟན་བཅོས་འདི་དམངས་རིགས་སོགས་མི་ཐམས་ཅད་ཀྱིས་ཤེས་པར་གྱུར་


MR17_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན། རིག་པ་དང་ཆོས་དང་ཡེ་ཤེས་ཐུན་མོང་དུ་གྱུར་ནས་བྲམ་ཟེ་རྣམས་ལ་སུ་ཞིག་གུས་པར་འགྱུར་སྙམ་དུ། རྫས་ལ་ཆགས་པའི་དྲང་སྲོང་གདུག་པ་ཅན་རྣམས་ཀྱིས། གླུ་དང་གྲུབ་མཐའ་སྔོན་གྱི་རབས་ལ་སོགས་པའི་ཆོས་རྣམས་ལེགས་པར་སྦྱར་བའི་སྐད་ཀྱིས་གླེགས་བམ་ལ་བྲིས་ཤིང་། རིག་བྱེད་ཀྱང་ཁ་ཐོན་གྱིས་བཀླག་པར་བྱའོ་ཞེས་པའི་ངེས་པ་བྱས་པ་ཀུན་གྱིས་ཤེས་པར་མི་སྟོན་པའི་བསམ་པས་བྱིས་པའི་སྐྱེ་བོ་རྣམས་རྨོངས་པ་ཆེན་པོ་སྐྱེད་པར་བྱེད་པ་སྟེ། དེ་ཡང་སྔོན་གྱི་དུས་སུ་རིག་བྱེད་སོགས་གླེགས་བམ་ལ་བྲིས་པར་མ་གྱུར་པའི་ཚེ་ན་སྡོམ་བརྩོན་རྣམས་ཀྱི་ཁ་ལག་ནས་སོ། །དེ་ནས་སྙིགས་མའི་དུས་ཀྱི་དབང་གིས། མི་རྣམས་ཤེས་རབ་དམན་པའི་ཕྱིར་སྡོམ་བརྩོན་རྣམས་ཀྱིས་གླེགས་བམ་ལ་བྲིས་སོ་ཞེས་བརྗོད་དོ། །དེ་ལྟ་བས་ན་ཕྱི་རོལ་པའི་བསྟན་བཅོས་སེམས་ཅན་ཀུན་ལ་སྙོམ་པའི་བརྩེ་བ་སྤང་བ། འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ་ལོག་པའི་ང་རྒྱལ་སྐྱེད་ཅིང་། རིགས་སུ་སྨྲ་བས་མངོན་པར་ཁེངས་པར་བྱེད་པ་དག་ལ་སངས་རྒྱས་པ་རྣམས་རྗེས་སུ་ཡི་རངས་པར་མི་བྱའོ། །ཁམས་གསུམ་འདིར་ཐམས་ཅད་མཁྱེན་པས་སྐད་ཐམས་ཅད་དུ་ཆོས་བསྟན་ཅིང་སྡུད་པར་བྱེད་པ་རྣམས་ཀྱིས་སེམས་ཅན་སྣ་ཚོགས་པའི་སྐད་ཀྱིས་གླེགས་བམ་ལ་བྲིས་པ། རིག་བྱེད་ལ་སོགས་པ་འཇིག་རྟེན་པའི་དོན་ཀྱང་སྟོན་ལ། ངེས་པར་འབྱུང་བ་ཐེག་པ་གསུམ་གྱི་དོན་སྟོན་པ། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་བསྟན་པ་འདི་ཉིད་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཀྱིས་མཉན་པ་དང་བརྗོད་པའི་སླད་དུ་སྟེ། དེ་ལ་མོས་པའི་སེམས་ཅན་རྣམས་ཀྱིས། ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཇིག་རྟེན་དང་འཇིག་རྟེན་


MR17_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དོན་སྟོན་པར་བྱེད་པ་དེ་དག་ཉན་པར་བྱེད། ཀློག་པར་བྱེད། ཁ་ཐོན་དུ་འདོན་པར་བྱེད། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད། རབ་ཏུ་གནས་པར་བྱེད། མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། དྲི་དང་ཕྱེ་མ་གོས་དང་རིན་པོ་ཆེའི་རྒྱན་ལ་སོགས་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད། མཆོད་པར་བྱས་ནས་ཡན་ལག་ལྔས་ཕྱག་འཚལ་བར་བྱེད་དོ། །དེ་ལྟར་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་གཞན་ལ་ཕན་པར་བྱེད་པ་དེ་དག་ནི། སེམས་ཅན་སོ་སོའི་མོས་པའི་དབང་གིས་གཞན་ལ་ཕན་པར་བྱེད་པའི་སླད་དུ་དེ་བཞིན་གཤེགས་པས་རིགས་དང་རིགས་མ་ཡིན་པའི་དབང་གིས་འགའ་ཞིག་ལ་བསྒྲུབ་པ་དང་འགའ་ཞིག་ལ་བཀག་པ་མེད་དེ་ད་ལྟ་ཡང་མ་ནུབ་པར་གནས་སོ། །རེ་ཤིག་ཡུལ་གྱི་ཁྱད་པར་གཞན་དང་གཞན་མང་པོ་ལྟ་ཞོག་གི། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་འཕགས་པའི་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པར་གྱུར་པ་ན་སྡུད་པར་བྱེད་པ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་དུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་དག་ནི། ལེགས་སྦྱར་དང་། ཐ་མལ་པ་དང་། ཟུར་ཆག་དང་། ལེགས་པར་སྦྱར་བ་མ་ཡིན་པ་རི་ཁྲོད་པ་ལ་སོགས་པའི་སྐད་ཀྱིས་ཏེ། དེ་ལྟར་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་པོ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །དེ་བཞིན་དུ་འགྲེལ་ཆེན་ལས་གསུངས་པ་


MR17_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གཞན་ཡང་ཤེས་པར་བྱ་སྟེ། མདོར་ན་ཐེག་པ་གསུམ་དང་། ཐེག་པ་ཆེན་པོ་གསང་སྔགས་རྒྱུ་དང་འབྲས་བུའི་བདག་ཉིད་རྣམས་སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུ་ཡུལ་སྣ་ཚོགས་ཀྱིས་སྐད་ཀྱིས་བྲིས་པ་ཡིན་ནོ། །དེ་ལྟ་བུའི་ལུང་དང་རིགས་པ་འདིས་དཔྱད་ན་སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་ཡིན་གྱི་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་ལ་སོགས་པའི་ནང་ན་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་དང་མཆོད་པ་བཀུར་བར་བྱ་བ་ཡིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་འགྲེལ་པ་ལས་གསུངས་པ། །མཁས་པ་རྣམས་ནི་སྐྱེས་བུའི་རྒྱུད་ཀྱི་ཡོན་ཏན་ལ་གུས་ཏེ། །ཡོན་ཏན་ཡོད་མེད་མ་དཔྱད་པར་སངས་རྒྱས་དང་དབང་ཕྱུག་སོགས་ལ་མིན་ནའང་། །ཡོན་ཏན་མེད་པ་རང་གི་འདོད་པའི་ལྷར་བཟུང་སྟེ་དེ་ལའང་གུས་པ་གང་། །དེ་བླུན་པོ་མི་དགེའི་ལས་ལས་སྐྱེས་པ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་པའི་ཆོས། །བྲམ་ཟེ་མཁས་པར་གྲགས་པ་མིན་ཡང་། ཐ་མལ་རྣམས་ཀྱང་སྟེན་པར་བྱེད་པ་ཡོད་ལ། །བྲམ་ཟེ་མཁས་པས་བདག་གི་དགའ་བ་དང་མི་དགས། །སེམས་ཅན་རྣམས་ལ་འཚེ་བ་ཆོས་སུ་སྟོན་ནོ། །མ་ཡིན་ན་ཡང་སྲིན་མོའི་རིགས་ཀྱིས་འཇིག་རྟེན་ན། །རང་གི་བུ་ལ་བཟའ་བར་སེམས། །གང་ཞིག་བུ་ལ་བརྩེ་མེད་པ། །དེ་ལ་སྐྱེ་བོ་གཞན་ལྟ་ཅི། །སྨྲོས་ཏེ་བརྩེ་བ་ག་ལ་ཡོད། མཆོད་སྦྱིན་ལ་སོགས་པ་ཆོས་ཀྱི་རྒྱུ། །གང་ལ་ཕ་མ་གསོད་པ་ནི་རུང་ཞེས། །རང་དོན་ལྷུར་ལེན་བྲམ་ཟེས་བརྗོད། །པ་ཡིན་ལ། །དེ་ལྟ་བུ་ལ་གཞན་དོན་ཅི་ཞིག་གཏམ་སྟེ་སྨྲོས་མ་དགོས་ཞེས་སོ། །ཞེས་སོ། །དེའི་ཕྱིར་ཚིག་རྣམས་ནི་དོན་གོ་བའི་ཆེད་དུ་བཀོད་པ་ཙམ་ཡིན་པས་དོན་གོ་བར་གྱུར་ན་ལེགས་སྦྱར་ལྟ་བུ་འབའ་ཞིག་ལ་ལྟོས་པ་མིན་པས། དོན་ལ་རྟོན་པའི་བདག་ཉིད་རྣམས་ཀྱིས་ཚིག་ལ་


MR17_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཆེལ་བ་གཙོ་བོར་མི་བྱ་སྟེ། འགྲེལ་ཆེན་གྱི་མདོར་བསྡུས་དང་པོར། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་ལེགས་པར་སྦྱར་བའི་སྒྲ་དང་དེ་མ་ཡིན་པའི་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། དེ་རྒྱུ་མཚན་ཅིས་ན། སྣ་ཚོགས་ཡུལ་སྐད་ལེགས་པར་མ་སྦྱར་བ་ངན་པ་ཡིས་ཀྱང་དོན་ཆེ་བ་འབྱུང་བའི་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་རང་རང་གི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་སོ་སོའི་སྐད་དུ་སྣང་བའང་གཞན་ལ། །ལུང་སྟོན་པའམ་བརྡའ་སྤྲོད་པ་དག་ལ་ལྷ་ཀླུས་བཀོད་པའི་རྐྱེན་དང་རང་བཞིན་སོགས་སུ་ཕྱེ་བའི་སྒྲ་སོགས་འདི་རིགས་འདི་མི་རིགས་ཞེས། རྩོད་པ་དོན་གཉེར་རྣམས་ཀྱི་སྐད་ཀྱང་གཞན། །ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །པ་བཞིན་ནོ་ཞེས་ཤེས་ཏེ་ཟླ་བོ་དངོས་པོའི་དཔེའོ། །དོན་དམ་དེ་ཁོ་ན་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམས་དག་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ཀྱང་དོན་ཤེས་པར་གྱུར་པ་ལ། བསྟན་བཅོས་སྒྲ་ལས་བཤད་པའི་རྐྱེན་སོགས་ལེགས་པར་སྦྱར་བའི། དག་གིས་ནི་ཅི་ཞིག་བྱ། །སྟེ་དེས་ལྷག་པར་གོ་རྒྱུ་ཅི་ཡང་མི་བྱེད་དོ།། །གང་ཞིག་ཟུར་ཆག་པའི་སྒྲ་དང་ཟུར་མ་ཆག་པ་ལེགས་སྦྱར་གྱི་སྒྲར་གྱུར་པས། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། གང་ཞིག་འགྲོ་བ་དག་ལ་སོ་སོའི་སྐད་ཉི་ཚེ་བ་ཙམ་ལས། ཐམས་ཅད་ཀྱི་སྐད་དུ་གོ་མི་ནུས་པ་དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན་པ་དེའི་ཕྱིར་དོན་དམ་པ་སྟོན་པའི་རྗོད་བྱེད་ལེགས་སྦྱར་ཁོ་ན་དགོས་པ་མིན་ནོ་ཞེས་སོ།། ཞེས་གསུངས་པ་ལྟར་རྒྱུད་ཀྱི་ཚིག་ཐམས་ཅད་ལེགས་སྦྱར་འབའ་ཞིག་ལ་བརྟེན་དགོས་པ་མ་ཡིན་ནོ། །དེའི་ཕྱིར་ལས་སྣ་ཚོགས་བསྒྲུབ་པའི་རིག་སྔགས་རྣམས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་དུ་བྱིན་གྱིས་བརླབས་པ་ཡོད་པའང་ཤུགས་ཀྱིས་ཤེས་སོ། །ཇི་སྐད་བཤད་པ་དེ་


MR17_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྟོགས་ན་རྒྱུད་ཐམས་ཅད་ཀྱི་ཀླད་དུ་ཐབས་ཤེས་མཚོན་པའི་ཨེ་ཝྃ་འབའ་ཞིག་དགོས་པའི་ངེས་པ་མེད་པར་ཤེས་ནུས་ཏེ། ཨེ་ཝྃ་ལས་གཞན་པའི་མིང་དུ་མས་ཀྱང་ཐབས་ཤེས་མཚོན་ནུས་པའི་ཕྱིར་རོ། །དེ་ཡང་དཔེར་ན་བུད་མེད་དང་མི་མོ་དང་ན་ཆུང་མ་ཞེས་པའི་མིང་དེ་དག་སྐྲ་དང་ནུ་མར་ལྡན་པའི་བུད་མེད་ཀྱི་དངོས་པོ་གོ་བར་བྱེད་པ་ལ་མཚུངས་བཞིན་དུ་བུད་མེད་གཅིག་པུ་དེ་བརྗོད་པའི་གཙོ་བོའི་མིང་ཡིན་མི་དགོས་པ་བཞིན་ནོ། །དེ་བཞིན་དུ་ཨེ་ཡིག་དང་། གསང་བ་དང་། པདྨ་དང་། ཆོས་འབྱུང་དང་། ནམ་མཁའི་ཁམས་དང་། བདེ་བ་ཆེན་པོའི་གནས་དང་། སེང་གེའི་ཁྲི་དང་། བྷ་ག་དང་། གཞན་ཡང་གསང་བའི་བརྡར་གྱུར་པའི་མིང་རྣམས་ཀྱི་ནང་ནས་ཨེ་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། དེ་ཐམས་ཅད་ཀྱིས་ཀྱང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཝཾ་ཡིག་དང་། བདེ་བ་ཆེན་པོ་དང་། ཆགས་པ་ཆེན་པོ་དང་། ལྷན་ཅིག་སྐྱེས་པ་དང་། མཆོག་ཏུ་མི་འགྱུར་བ་དང་། ཐིག་ལེ་དང་། དེ་ཉིད་དང་། ཡེ་ཤེས་དང་། རྣམ་པར་དག་པའི་སེམས་ཀྱི་མིང་རྣམས་ཀྱི་ནང་ནས་ཝཾ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། དེ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འགྱུར་བ་མེད་པའི་བདེ་བ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཝཾ་དག་ལྷན་ཅིག་ཏུ་བཀོད་པས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་གོ་བར་བྱེད་པས་ན། ཨེ་ཝཾ་གྱི་ཡི་གེ་དང་། རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་ཀྱི་སེམས་དང་། དུས་ཀྱི་འཁོར་ལོ་དང་། དང་པོའི་སངས་རྒྱས་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་། རྣལ་འབྱོར་དང་། ཤེས་པ་དང་ཤེས་བྱའི་བདག་ཉིད་དང་། གཉིས་སུ་མེད་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་།


MR17_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་དང་། འདུས་པ་དང་། སྡོམ་པ་ལ་སོགས་པ་མིང་དུ་མ་རྣམས་ཀྱིས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་རིགས་མེད་པ་དེ་ཉིད་རྣལ་འབྱོར་པས་རྟོགས་པར་བྱའོ། །དེ་ལྟར་ལྷ་རྣམས་ལྷའི་སྐད་ཀྱིས་ཡོངས་སུ་སྨིན་པའི་དོན་དུ་འདུས་པ་ལ་སོགས་པའི་རྒྱུད་ཀྱི་དང་པོར་ཨེ་ཝཾ་གྱི་ཡི་གེ་ཉིད་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་གི་ཚུལ་གྱིས་བསྟན་ཅིང་། གདུལ་བྱའི་ངོར་བཅོམ་ལྡན་འདས་ཀྱི་རྐན་ལ་སོགས་པའི་གནས་ཀྱི་གསུངས་པ་དེ་ལྟར་མ་ཐོས་པར་སྡུད་པ་པོ་རྣམས་ཀྱིས་རྒྱུད་ཀྱི་ཐོག་མར་བྲིས་པ་མ་ཡིན་པ་དེའི་ཕྱིར་ཡི་གེ་གཉིས་པོ་འདིའི་ངེས་པའི་དོན་བརྗོད་ན། ཨ་ཡིག་ནམ་མཁའི་ཁམས་དང་། གསང་བའི་པདྨ་དང་། དེའི་རྗེས་སུ་རྣམ་པར་བཅད་པ་ཉི་མ་དང་རྡུལ། དེའི་རྗེས་སུ་ཨ་ཡིག་སྒྲ་གཅན་དང་རྣམ་པར་ཤེས་པ་བདེ་བས་བྱིན་གྱིས་བརླབས་པའོ། །དེའི་འོག་ཏུ་རྗེས་སུ་ང་རོ་ཟླ་བ་དང་ཁུ་བའོ། །ཨ་ཡིག་མཁའ་ཁམས་དང་། སྒྲ་གཅན་རྣམ་ཤེས་འདི་གཉིས་ཀྱི་བར་དུ་རྣམ་པར་བཅད་པ་ཉི་མ་དང་རྡུལ་ནི་ཨུ་ཉིད་དུ་འགྱུར་བ་ཐོབ་སྟེ། དེས་ན་དོན་དམ་པའི་བདེན་པ་ལས་ཡོན་ཏན་མེད་དོ། །ཡོན་ཏན་མེད་པའི་ཕྱིར་ཡ་ཎར་འགྱུར་ཏེ། ཕྱི་མིའི་ཨ་ཡིག་སྒྲ་གཅན་དང་ལྷན་ཅིག་ཝ་ཉིད་དོ། །རྗེས་སུ་ང་རོ་ཟླ་བ་ཁུ་བ་ཡང་དག་པར་སྦྱར་ཏེ་ཝྃ་ཡིག་གོ། དེ་བཞིན་དང་པོའི་ཨ་ཡིག་མཁའ་ཁམས་དང་། གསང་བའི་པདྨ་ནི་རྟེན་གནས་ཀྱི་ཕྱིར་བདུན་པའི་གཅིག་ཚིག་གི་མཐའ་ཅན་དེ། ཨ་ཡིག་ཕ་རོལ་གྱི་རྣམ་དབྱེ་དེ་ཡི་ཨི་ཡིག་དང་ལྷན་ཅིག་ཡོན་ཏན་ལྡན་པར་འགྱུར་ཏེ་ཨེ་ཡིག་གོ། ཨེ་ཡིག་ནམ་མཁའི་ཁམས་རྟེན་པར་འགྱུར་བའི་དབུས་སུ། ཝྃ་ཡིག་གང་ཞིག་རྣམ་བཅད་དང་། ཨ་ཡིག་དང་ཐིག་ལེ་ནི་རིམ་བཞིན་ཕྱི་རོལ་ཏུ་ཉི་མ་སྒྲ་གཅན་ཟླ་བ་དང་ནང་དུ་རྡུལ་དང་ཀུན་གཞིའི་རྣམ་ཤེས་དང་།


MR17_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བའི་བདག་ཉིད་ཅན་བརྟེན་པ་ཡིན་པ་དེ་ལྟར་ཕྱི་དང་ལུས་དང་གཞན་དཀྱིལ་འཁོར་ལ་སྐུ་གསུང་ཐུགས་སུ་ཡང་ཤེས་པར་བྱའོ། །འདིར་རྩ་བའི་རྒྱུད་ལས་གསུངས་པ། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །སངས་རྒྱས་ཀུན་གྱི་བདེ་བ་ལེན། །ཝྃ་ཡིག་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་པས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་གསུངས་སོ། །དེས་ན་རྒྱུ་འདིས་འདུས་པ་ལ་སོགས་པར་ཨེ་ཝྃ་ཞེས་པའི་མིང་འདིས་བརྗོད་པའི་དོན་དེ་ཉིད། མངོན་བརྗོད་འབུམ་པ་ལ་སོགས་པའི་རྒྱུད་རྒྱལ་རྣམས་སུ་གསང་བ་ཞེས་པ་ལ་སོགས་པར་དེ་བཞིན་གཤེགས་པས་བསྟན་ཏོ། །དེ་བཞིན་བླ་མའི་མན་ངག་གིས་རྒྱུད་གཞན་དང་གཞན་དུ་དོན་དེ་ཉིད་ལ་དགོངས་པའི་སྐད་གཞན་དང་གཞན་གྱིས་བསྟན་པ་རྟོགས་པར་བྱའོ། །འདིར་རྩ་བའི་རྒྱུད་ལས། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་མིང་གཅིག་རྟག་ཏུ་གཙོ་བོ་མ་ཡིན་ནོ། །སྔགས་ཀྱི་ཐེག་པ་འདིར་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དང་པོར་རྒྱུད། དེ་ནས་བླ་མ། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་དེ་གསུམ་གྱིས་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །དེ་གསུམ་དང་མི་ལྡན་པར་བླ་མས་སློབ་མ་ལ་བསྟན་པ་ནི་སངས་རྒྱས་ཀྱི་འབྲས་བུར་མི་འགྱུར་ཏེ་སློབ་མའི་དད་པ་དམན་པའི་


MR17_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འཇིག་རྟེན་པའི་འབྲས་བུར་འགྱུར་པར་གསུངས་སོ། །དེ་དཔེར་ན་རྣམ་པར་རྟོག་པ་དང་བྲལ་བའི་སེམས་སུ་བྱས་ཏེ་ཉི་མ་གཅིག་ལ་མཚན་མ་བརྟག་པས་དུ་བ་སོགས་མཐོང་བས་ཡིད་ཆེས་པར་མ་གྱུར་ན་བཅོམ་ལྡན་འདས་རྫུན་གསུང་བར་འགྱུར་རོ་ཞེས། རྒྱུད་ལས་གསུངས་པའི་ཆོ་ག་བཞིན་བླ་མའི་མན་ངག་གིས་ལེགས་པར་བསྟན་པ་ལྟར་ཡིད་ཆེས་པར་ནུས་ཏེ། གཞན་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་སོགས་ལ་ཉི་མ་གཅིག་གིས་མཚན་མ་མཐོང་བར་མ་གསུངས་སོ། །གལ་ཏེ་བླ་མས་ལེགས་པར་མ་བསྟན་པ་དང་། སློབ་མ་རང་གིས་བསྟན་པ་བཞིན་ནན་ཏན་མ་བྱས་པ་ནི་མ་གཏོགས་སོ། །དེ་ལྟར་ཡིད་ཆེས་པ་གསུམ་དང་ལྡན་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱུད་རྣམས་སུ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་ཞལ་གསུམ་པ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རིགས་བཞིའི་བདག་ཉིད་ཀྱི་ཞལ་བཞི་པ། རིགས་བཞི་དང་རང་བཞིན་གྱི་རིགས་ལྷན་ཅིག་པའི་རིགས་ལྔ་དང་། རིགས་ལྔ་དང་རང་བཞིན་གྱི་རིགས་གཅིག་དང་བཅས་པས་རིགས་དྲུག་གི་བདག་ཉིད་བརྗོད་བྱར་འགྱུར་རོ། །རིགས་བཞིའི་རྒྱུད་ལ་རིགས་བཞིའི་བདག་ཉིད་བརྗོད་པར་བྱ་བ་སྟེ། ཉི་མ་དང་ཟླ་བ། སྒྲ་གཅན་དང་དུས་མེ། རྡུལ་དང་ཁུ་བ། སེམས་དང་ཡེ་ཤེས་གཅིག་ཏུ་སྦྱོར་བའོ། །འདི་ཉིད་མཚན་ཡང་དག་པར་བརྗོད་པ་ལས། རྡོ་རྗེ་ཉི་མ་སྣང་བ་ཆེ་སོགས་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །གསུང་འདིའི་ཕྱིར། དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོར་བརྗོད་པའོ། །ཡང་ཕུང་ཁམས་ཀྱི་དབྱེ་བས་རིགས་ལྔའི་བདག་ཉིད་དེ། གདོང་ལྔ་ཟུར་ཕུད་ལྔ་དང་ལྡན་སོགས་ཚིགས་བཅད་གཅིག་


MR17_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སོ། །དེ་བཞིན་དུ་ཕུང་ཁམས་ཀྱི་དབྱེ་བས་རིགས་དྲུག་གི་བདག་ཉིད་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་དང་། ཞལ་གྱི་དབྱེ་བས་རིགས་བརྒྱ་པ་ཡང་། ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལཱ་ཧ་ལ་གདོང་བརྒྱ་པ། །ཞེས་པས་བསྟན་ཏོ། །རྒྱུད་འདིར་སྟོན་པ་པོའི་ངོ་བོ་ཉིད་བསྟན་པ་ཡི་གེ་ཉེར་གསུམ་པོས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བསྟན་ཏེ། སེང་གེའི་ཁྲི་ཞེས་པས་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གནས་བསྟན་པའོ། །སངས་རྒྱས་ནི་རྡོ་རྗེ་སེམས་དཔའོ། །རྣལ་འབྱོར་ཞེས་པ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བའོ། །འདི་མཚན་ཡང་དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པའི་ཚིགས་བཅད་བཅུ་བཞིར་བསྟན་ཏེ་རྒྱུད་ཐམས་ཅད་དུའང་བརྗོད་བྱ་འདི་ཆུང་འབྲིང་ཆེན་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་དོ། །དེ་བཞིན་དུ་སྟོང་པ་ཡེ་ཤེས་ལ་སོགས་པ་ཡང་། གསང་སྔགས་དོན་ཀུན་སྐྱེད་པ་པོ་སོགས་ཚིགས་བཅད་གཅིག་གིས་སོ། །དེ་ལྟར་མིང་མཐའ་ཡས་པ་དག་གིས་ཆོས་སྟོན་པ་ཤེས་པར་བྱས་ནས་ཉི་ཚེ་བའི་ཚིག་གི་འཆད་ཚུལ་ལ་འཆེལ་པ་དོན་ལ་རྟོན་པ་དང་བྲལ་བ་གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ལས་ཕྱི་རོལ་དུ་གྱུར་པ་ཡུལ་དང་དབང་པོའི་ཉེ་བར་སྤྱོད་པ་ལ་ཆགས་པ་རྒྱུད་དོན་ཟབ་མོ་གཞན་གྱི་དོན་མ་མཐོང་པས་རྒྱུད་ཆེན་པོ་གཞན་དང་གཞན་ལ་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐེ་ཚོམ་ཟ་ཞིང་བདེན་པ་མིན་པ་རྫུན་གྱིས་སྐྱོན་གདགས་པ་རྣམས་ལ་རང་དང་གཞན་གྱི་གྲུབ་མཐའ་ལ་སྐྱོན་འཛིན་པའི་རྩ་བའི་ལྟུང་བ་


MR17_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་འཕོག་ཅིང་། ཆོས་སྤང་བས་མནར་མེད་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། གོང་མའི་ཚིག་མཐའི་བདག་སྒྲ་པ་ཡིག་དང་འབྲེལ་བའི་ལྷ་མཆོག་རྣམས་ཀྱིས་བཏུད་ལ་ཞེས་པ་ཡི་གེ་བདུན་གྱིས་བསྟན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེར། ལྷ་མཆོག་ཅེས་མི་བསྐྱོད་པ་སོགས་སངས་རྒྱས་དང་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་། གཙུག་ཏོར་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དང་། དབང་ཕྱུག་སོགས་ལྷ་དང་། མཐའ་ཡས་སོགས་ཀླུ་དང་། དེ་དག་གི་ཡུམ་རྡོར་དབྱིངས་མ་ནས་གཏུམ་མོ་རྣམས་ཀྱི་བར་ཏེ་དེ་ལྟར་ལྷ་དང་ལྷ་མོའི་ཚོགས་དཀྱིལ་འཁོར་གྱི་འདུས་པ་རྣམས་ཀྱིས་གཙོ་བོ་གང་གི་ཞབས་ཀྱི་པདྨ་ལ་རབ་ཏུ་བཏུད་པར་གྱུར་པ་ཁམས་གསུམ་པོས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། ཁམས་གསུམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ། མཆོག་གི་དང་པོའི་སངས་རྒྱས་རིགས་མེད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ལ་ཞེས་སོ། །དུས་ཕུན་སུམ་ཚོགས་པ་ནི་ཤུགས་ཀྱིས་བསྟན་ཏེ་དེ་ལྟར་སྟོན་འཁོར་ཕུན་སུམ་ཚོགས་པ་འཛོམས་ནས་རྒྱུད་ཀྱི་རྒྱལ་པོ་གསུང་བའི་དུས་ནག་པའི་ཉ་ལ་ཞེས་སོ། །གཉིས་པ་གླེང་བསླང་བ་ལ། ཞུ་བ་པོ་དང་། གང་ཞུས་པའི་ཆོས་གཉིས་ལས། དང་པོ་འཁོར་གྱི་གཙོ་བོས་གླེང་བསླང་བ་གསོལ་བ་འདེབས་པ་པོའི་ངོ་བོ་ཉིད་ཀྱི་གནས་པ་ནི། རྒྱལ་པོ་ཟླ་བ་བཟང་པོ་ཡིས། མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། ཞེས་པ་ཡི་གེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་ཏེ། ཡུལ་ཤམ་བྷ་ལའི་རྒྱལ་པོ་ཕྱག་ན་རྡོ་རྗེས་སྤྲུལ་པ་མཚན་ཟླ་བ་བཟང་པོ་ཡིས། བཅོམ་ལྡན་འདས་གང་གི་ཞབས་ཀྱི་པདྨ་ལ་མགོ་བོས་བཏུད་པའི་སྒོ་ནས་


MR17_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གུས་པའི་ཕྱག་འཚལ་ཞིང་ལག་པའི་པདྨ་ཁ་སྦྱར་བ་ཡན་ལག་གི་མཆོག་མགོ་བོ་ལ་བཞག་ནས་ཞུས་པ་ནི། ཞེས་སོ། །སྐབས་འདིར་བློ་དམན་པ་ཁ་ཅིག་འདི་སྙམ་དུ། རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་ཞུ་བ་དང་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་ནའང་། འདིར་ནི་ཤམ་བྷ་ལའི་ཡུལ་གྱི་ཀ་ལཱ་པའི་གྲོང་ཁྱེར་གྱི་བདག་པོ་རྒྱལ་པོ་ཉི་མའི་འོད་ཀྱི་ལྷ་མོ་སྟེ་དགའ་མ་རྣམ་པར་རྒྱལ་མའི་མངལ་ནས་བྱུང་བ་ཟླ་བ་བཟང་པོ་ཞུ་ཞིང་གསོལ་བ་འདེབས་པ་པོར་འབྲེལ་བ་མི་འགལ་ལམ་ཞེ་ན། དེ་ལ་ལན་བརྗོད་པ་འགྲེལ་ཆེན་ལས་གསུངས་པའི་དོན་འདིར་བཀོད་པ་སྔགས་ཀྱི་ཐེག་པ་འདིར་མངལ་ནས་བྱུང་བ་གསོལ་བ་འདེབས་པ་པོར་མི་འགྱུར་བ་མ་ཡིན་ཏེ། གལ་ཏེ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱང་ཤཱཀྱའི་རྒྱལ་པོ་ཟས་གཙང་དང་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམ་ནས་བལྟམ་པ་ཡིན་པས་དེ་སྟོན་པ་པོར་ཅི་ལྟར་འགྱུར། དེས་སྔར་བདུད་བཅོམ་པར་བྱས་ཤིང་བྱང་ཆུབ་བརྙེས་ཏེ་ཐམས་ཅད་མཁྱེན་པ་ཆོས་སྟོན་པ་པོར་གྱུར་ཅིང་མྱ་ངན་ལས་འདས་པའི་རྗེས་ལ་སླར་ཡང་མངལ་དུ་འཇུག་པ་མེད་དོ་ཞེ་ན། དེ་འགལ་བའི་ཚིག་ཡིན་པས་འདིར་སྒྲུབ་བྱེད་དུ་གྱུར་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་མ་གཏོགས་པར་ལྷ་དང་མི་སོགས་ཀྱི་འཇིག་རྟེན་ན་གཞན་དག་བདུད་འཇོམས་པར་ནུས་པ་སུ་ཡང་མེད་དོ། །དེ་ཡང་སངས་རྒྱས་པའི་ཚེ་སྒྲིབ་པ་མཐའ་དག་བྲལ་ཟིན་པའི་ཕྱིར་བདུད་མེད་ལ། བདུད་ཡོད་པའི་ཚེ་སེམས་སྒྲིབ་པ་དང་བཅས་པའི་ཕྱིར་སངས་རྒྱས་མ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་པ་དང་བདུད་བཅོམ་པ་ཅིག་ཆར་དུ་ཡང་མ་ཡིན་ཏེ་གཅིག་གི་དུས་སུ་གཅིག་མེད་པའི་ཕྱིར་རོ། །ལས་ཀྱི་ས་པ་འདིར་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་བུད་མེད་ཀྱི་མངལ་ནས་སྐྱེས་པ་གཞན་ནི་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་མཛོད་སྤུ་


MR17_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཉིས་འཁྱིལ་བ་དང་། མངོན་ཤེས་དྲུག་དང་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་བདུད་ཅེས་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ་དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །འདིར་ཕྱི་རོལ་དུ་སངས་རྒྱས་ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི་རྨི་ལམ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་ཡིན་ནོ། །དོན་དམ་པར་དེ་བཞིན་གཤེགས་པའི་ཐུགས་ནི་ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། །འདིར་སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་འཇུག་པ་ནི་འཁོར་བ་པ་རྣམས་ཀྱིས་བརྟག་པར་མི་ནུས་ཏེ་བརྗོད་པར་བྱ་བ་མ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་བདག་སེམས་ཅན་གྱི་དོན་ལ་དམྱལ་བར་ཞུགས་པའི་དུས་སུ་གཤིན་རྗེའི་ཕོ་ཉ་རྣམས་དང་གཤིན་རྗེའི་རྒྱལ་པོ་རྣམས་ཀྱིས་བསྟོད་པ། གང་ཞིག་སྲིད་པའི་འཆིང་བ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་དག་སྟོན་མཛད་དུས་ལས་ལས་ཀྱི་འབྲས་བུ་གཏོང་མ་ཡིན། །སེམས་ཀྱི་དྲི་མ་ཡང་དག་ཡེ་ཤེས་མེས་བསྲེག་རྟག་ཏུ་ཡང་དག་བརྩེ་བས་བརླན། །མཛད་སྤྱོད་བརྟག་མིན་སེམས་ཅན་དོན་ལ་དགྱེས་པའི་སངས་རྒྱས་དེ་ལ་བདག་ཅག་འདུད། ཅེས་པ་བཞིན་ནོ། །དེའི་ཕྱིར་སེམས་ཅན་གྱི་དོན་གྱི་ངོ་བོར་སངས་རྒྱས་པ་དང་། བྱང་


MR17_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རྣམས་མངལ་དུ་འཇུག་པའམ། དམྱལ་བར་གཤེགས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྟག་པར་མི་ནུས་སོ། །ཕར་ཕྱིན་བཅུ་བསྒྲུབ་པས་ས་བཅུའི་དབང་ཕྱུག་དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བྱང་ཆུབ་སེམས་དཔའ་གདུལ་བར་བྱ་བ་རྣམས་ལ། བྱང་ཆུབ་སེམས་དཔའི་ཆོས་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དུ་མ་ཉིད་དུ་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་མི་འཇིགས་བཞི་སོགས་དབང་ཕྱུག་གི་ཡོན་ཏན་ཕུན་སུམ་ཚོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་ནི། སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྱུ་མའི་སྐུ་སྒྲིབ་པ་དང་བྲལ་བ་མཐའ་ཡས་པ་མཐའ་ཡས་བདག་གིས་སེམས་ཅན་མཐའ་ཡས་པ་མཐའ་ཡས་པ་དག་གི་སྐད་མཐའ་ཡས་པ་མཐའ་ཡས་པ་དག་གིས་གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབ་པ་ན། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་རབ་ཏུ་འཇུག་པ་ཐམས་ཅད་མཁྱེན་པའི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་མཛད་དེ་ཐམས་ཅད་མཁྱེན་པ་དེ་དུ་མ་ནི་མ་ཡིན་ནོ། །དཔེར་ན་སྒྱུ་མའི་སྐྱེས་བུ་ཆེན་པོ་འགའ་ཞིག་གིས་སྒྱུ་མའི་གཟུགས་དུ་མ་སྤྲུལ་ཏེ་སྤྲུལ་པའི་གཟུགས་དེ་དག་གིས་ཤིང་རྣམས་རྩ་བ་ནས་འབྱིན་པར་བྱེད་ཅིང་རིའི་རྩེ་མོ་ཡང་སྐྱོད་པར་བྱེད་ལ། ལྷ་ཆེན་པོ་དང་ཁྱབ་འཇུག་གི་གཟུགས་ལྟ་བུས་ལྷས་སྦྱིན་ལ་སོགས་པ་འཆིང་བར་བྱེད་པ་བསྟན་ན་སྒྱུ་མའི་སྐྱེས་བུ་ཆེན་པོ་དེ་དུ་མ་མ་ཡིན་པ་དེ་བཞིན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྱུ་མའི་སྤྲུལ་པའི་སྐུ་དག་གིས་སྲིད་པ་གསུམ་དུ་སེམས་ཅན་གྱི་དོན་མཛད་པའོ། །དེས་ན་སེམས་ཅན་ཐམས་ཅད་ལ་


MR17_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་སྔར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ་ཉིད། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ་ཡི་ཚུལ་གྱིས་འཕགས་པའི་ཡུལ་ལུ་མྦི་ནིར་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ལས་བལྟམས་པ་ནི་གཞོན་ནུ་དོན་གྲུབ་ཡིན་ལ། སངས་རྒྱས་ཀྱི་ཞིང་དུ་བདེན་པ་གཉིས་ཀྱི་ཆོས་བསྟན་པའི་དོན་དུ་ས་བཅུ་གཉིས་མངོན་དུ་མཛད་ནས་ཤཱཀྱ་ཐུབ་པར་གྱུར་ཏོ། །ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡང་ཆུ་བོ་ཤཱི་ཏིའི་བྱང་ཕྱོགས་ཤམ་བྷ་ལའི་ཡུལ་གྱི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་གདུལ་བྱ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཕྱིར། ཀ་ལཱ་པའི་གྲོང་དུ་ཡབ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་འཁྲུངས་པ་ཟླ་བ་བཟང་པོའོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་གཉིས་སྤྲུལ་པའི་སྐུའམ་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འབྲེལ་བ་ཡིན་ཏེ་སྔ་མ་དང་ཕྱི་མ་འགལ་བ་མེད་པའི་ཕྱིར་རོ། །དེ་ལྟར་ཕྱག་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པས་ཆོས་གསུངས་པ་རྣམས་སྐད་སྣ་ཚོགས་ཀྱི་སྡུད་པར་བྱེད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཉན་པ་པོར་གྱུར་པ་གསང་བའི་བདག་པོ་ཞེས་བྱ་སྟེ། ནང་ལྟར་ན་གསང་བ་ནི་ཉན་རང་གི་ཐེག་པ་ལས་མཆོག་ཏུ་གྱུར་པ་རྡོ་རྗེའི་ཐེག་པ་སྣོད་དམན་ལ་གསང་བ་དེ་ཉིད་མཉན་ཅིང་སྡུད་པར་བྱེད་པ་ཡིན་ལ། ཕྱི་རོལ་དུ་འཇིག་རྟེན་སྣང་ཚུལ་ལྟར་ན། གསང་བའི་སྒྲས་གནོད་སྦྱིན་རྣམས་བརྗོད་ལ་དེ་དག་གི་བདག་པོར་གྱུར་པ་སྟེ། དེ་ཡང་སྲོག་དང་བྲལ་བའི་རོ་ལྡན་དུར་ཁྲོད་ཀྱི་ས་ལ། སེམས་ཅན་རྣམས་


MR17_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོ་བཙམ་ཞིང་བགེགས་དུ་མ་བྱེད་པའི་གནོད་སྦྱིན་ཆེན་པོ་ཡོད་པ་དེ་དག་གི་བདག་པོའོ། །ནང་དུ་རོ་ཞེས་པ་དབུགས་འབྱུང་འཇུག་སུམ་སྟོང་དྲུག་བརྒྱས་དམན་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པ་དེ། དེ་ཉིད་འདི་ལ་ཡོད་པ་ཆོས་ཀྱི་སྤྲིན་གྱི་ས་ལ་གནས་པ་ནི་རོ་ལྡན་ན་གནས་པའོ། །བདུད་དང་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་བྱེད་པ་གནོད་སྦྱིན་གྱི་བདག་པོ་ཞེས་བྱའོ། །དེ་ལྟར་ཐེ་ཚོམ་བསལ་ནས་ད་ནི་གཉིས་པ་གང་ཞུས་པའི་ཆོས་ལ་སྤྱིར་ཞུས་པ་དང་། བྱེ་བྲག་རྒྱས་པར་ཕྱེ་སྟེ་ཞུས་པ། དེའི་ལན་གསུངས་པ་གསུམ་ལས། དང་པོ་རྡོ་རྗེའི་རྣལ་འབྱོར་བརྗོད་བྱ་བརྗོད་བྱེད་ཉིང་དགོས་བཅས་ཞུས་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་ཚིག་རྐང་པ་གཅིག་ལ་ཡི་གེ་ཉེར་གཅིག་ཡོད་པས་བསྟན་ཏེ། ཟབ་མོ་སྔགས་ཀྱི་ཚུལ་འདི་ལས་བདེན་པ་གཉིས་བསྟན་ཏེ་གང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ནི། ཁ་དོག་ཞལ་ཕྱག་སོགས་མཚན་མ་དང་དབྱིབས་ཀྱི་བདག་ཉིད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟག་པའི་ཆོས་གང་ཞིག་ཕྱི་དང་ནང་དུ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཐབས་སོ། །དོན་དམ་པའི་བདེན་པ་ནི། ཁ་དོག་ལ་སོགས་པའི་དབྱིབས་དང་མཚན་མ་ཐམས་ཅད་བྲལ་བ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ལ་པྲ་ཕབ་པའི་སྣང་བ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཉིད་འོད་གསལ་གྱི་རང་མདངས་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འགྱུར་མེད་བདེ་བའི་ཡེ་ཤེས་ཀྱི་སེམས་གང་ཞིག །འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཐབས་སོ། །དེ་ལྟར་སེམས་གཉིས་པོའམ་བདེན་པ་


MR17_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་དབྱེར་མེད་ཅིང་གཅིག་པ་ཉིད་དུ་གྱུར་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རོ་མཉམ་པ། དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་རྣལ་འབྱོར་ཀུན་གྱི་བླ་མར་གྱུར་པ་དེ་ཉིད་ཞུའོ། །དོན་དེ་ཉིད་གང་དུ་མ་སྤས་པར་སྟོན་པ་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་རིགས་མེད་པ་རྡོ་རྗེ་སེམས་དཔའ་ཞེས་རྒྱུད་ཐམས་ཅད་དུ་གྲགས་པ་དེ་ཡི་རྒྱུད་ཆེན་པོ་གང་ཞིག །ཀ་ཡིག་ལ་སོགས་པའི་གསལ་བྱེད་ཀྱི་ཕྲེང་བ་དང་ལྡན་པའི་ཨ་སོགས་དབྱངས་ཀྱི་འདུས་པ་དང་བཅས་པ་ལ་གནས་པ་སྟེ། ཞེས་བརྗོད་བྱ་དེ་ཉིད་ཀྱི་དོན་རྗོད་བྱེད་ཀྱི་ཚིག་ལ་གནས་པའི་རྒྱུད་དེ་ཉིད་ཞུས་པའོ། །འདིར་ཨ་འདུས་སུ་སྟེ་ཞེས་འདོན་པའང་ཡོད་དོ། །ཚིག་འདིས་མདོར་ན་དབྱངས་དང་གསལ་བྱེད་ཚོགས་ཤིང་འདུས་པའི་ངག་གི་རྣམ་རིག་ཅན་གྱི་རྗོད་བྱེད་ཚིག་གི་རྒྱུད་གང་གིས་བརྗོད་བྱ་རྡོ་རྗེའི་རྣལ་འབྱོར་རིགས་མེད་པ་དུས་ཀྱི་འཁོར་ལོ་སྟོན་པ་དེ་ཉིད་གསུང་བར་ཞུས་པའོ། །དེ་དགོས་པ་གང་གི་ཕྱིར་ཞེ་ན། སྔགས་ཀྱི་གདུལ་བྱའི་གཙོ་བོ་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་རྟེན་རྙེད་པ་མི་རྣམས་དགྲོལ་པའི་དོན་ནི། །དང་པོར་དཀྱིལ་འཁོར་དུ་འཇུག་པ་སོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པ་དང་བསོད་ནམས་ཀྱི་ཚོགས་དང་དཀྱིལ་འཁོར་འཁོར་ལོའི་གཟུགས་བསྒོམ་པའི་སྟོབས་དང་། བྱིན་གྱིས་བརླབས་པ་བསྒོམ་པའི་སྟོབས་དང་། དཔའ་བོའི་རིམ་པ་དང་། བྱིན་གྱིས་བརླབས་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དེའི་ཡང་དགོས་པའོ། །རྣམ་པར་རྟོགས་པ་མེད་པའི་སེམས་ཀྱིས་ནམ་མཁའ་ལ་དུ་བ་ལ་སོགས་པའི་མཚན་མ་སྣང་བའི་སྒོ་ནས། ཕྱག་རྒྱ་ཆེན་པོ་རྣམ་པ་ཀུན་ལྡན་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་བསྒོམ་པ་མི་འགྱུར་བའི་བདེ་བའི་སྒྲུབ་ཐབས་དང་། དེ་ལྟར་བསོད་ནམས་དང་


MR17_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཚོགས་དག་གིས་མི་རྣམས་ཀྱི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དུ་གྱུར་པ་ནི་རིམ་བཞིན་དགོས་པ་དང་། དགོས་པའི་དགོས་པའོ། །དོན་གྱི་དགོས་པ་དེ་ལྟ་བུའི་སླད་དུ་རྒྱུད་ཞུས་པའོ། ༡ །སྐབས་འདིར་རྡོ་རྗེའི་རྣལ་འབྱོར་ཞེས་པའི་དོན་ཅུང་ཟད་རྒྱས་པར་ཕྱེ་ན། གཉིས་སུ་འབྱེད་པ་མེད་པ་རྡོ་རྗེ་ལྟ་བུའི་རྣལ་འབྱོར་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔར་རྒྱུད་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་སྐུ་བཞིར་བཤད་པའི་ནང་གི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། མངོན་པར་རྟོགས་པའི་རྒྱན་དུ་རྗེ་བཙུན་བྱམས་པས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །འབྲས་བུ་སྔགས་ཀྱི་ཚུལ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ། སྲིད་པ་དང་མྱ་ངན་འདས་པ་ལ་རབ་ཏུ་མི་གནས་པ། སངས་རྒྱས་རྣམས་ཀྱི་འདུས་པ་དང་། ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་ཡེ་ཤེས་ཀྱི་སྐུ་འདི་དང་ལྷན་ཅིག་རོ་མཉམ་པ་ཉིད་དོ། །ཞེས་པ་ངེས་པའི་དོན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཀྱང་ཁྱབ་བདག་གཙོ་བོའི་ཡེ་ཤེས་ཀྱི་སྐུ་དང་མཉམ་པ་ཉིད་དུ་གྱུར་པའོ། །འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པ་སྟེ་གཞིག་པའི་སླད་དུ། རྡོ་རྗེའི་རྣལ་འབྱོར་རིགས་མེད་པ་རྟག་པ་དང་ཆད་པ་སྤངས་པ། ཡོད་པ་དང་མེད་པའི་བློ་སྤངས་པ། གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ་བཞིན། རང་གི་སེམས་ཀྱིས་མ་བརྟག་པའི་རྣམ་པ་མངོན་སུམ་མཐོང་བ། ཡིད་ཆེས་པའི་དོན་ཅན། རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་


MR17_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པོ། དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པའི་ལྷན་ཅིག་སྐྱེས་པའི་དགའ་བ། འཇིག་རྟེན་པའི་དཔེ་ལས་འདས་པས། གཏན་ཚིགས་དང་དཔེ་སྤངས་པ་སྟེ། ཅིའི་ཕྱིར་ན་འདིའི་དཔེར་དངོས་པོ་དང་། དངོས་པོ་མེད་པ་གཅིག་པ་ཉིད་དུ་གྱུར་པ་ཞིག་འགྱུར་ནའང་། དེ་དག་ཆོས་མི་མཐུན་པའི་ཕྱིར་གཅིག་ཏུ་གྱུར་པ་འཇིག་རྟེན་ན་མི་སྲིད་དོ། །དཔེར་ན་འཇིག་རྟེན་ན་བུམ་པ་ཡོད་ལ་ནམ་མཁའི་མེ་ཏོག་ནི་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་བུམ་པ་དང་ཆོས་མི་མཐུན་པའམ། །ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པ་བུམ་པ་ནི་རྣམ་པ་ཐམས་ཅད་ཀྱིས་ཡོད་པའོ། །དེའི་ཕྱིར་དེ་གཉིས་ཕན་ཚུན་ཆོས་མི་མཐུན་པའི་དཔེར་འགྱུར་རོ། །དེ་བཞིན་དུ་སྲིད་པ་དངོས་པོ་དང་། སྲིད་པ་ཆད་པ་མྱང་འདས་དངོས་པོ་མེད་པའི་མཚན་ཉིད་ལའང་དེ་ལྟར་འགྱུར་ཏེ། དེའི་ཕྱིར་གང་ཡོད་པ་དེ་མེད་པར་མི་འགྱུར་ལ། མེད་པ་དེ་ཡོད་བར་མི་འགྱུར་ཏེ་ཕན་ཚུན་འགལ་བའི་ཕྱིར། དེ་ལྟར་ཡོད་པ་དང་མེད་པར་འཛིན་པའི་སེམས་དེས་ཅིག་ཤོས་སུ་མི་འཛིན་པ་དེའི་ཕྱིར་འཇིག་རྟེན་པའི་དཔེར་བྱ་ཀུན་ལས་འདས་པའོ། །འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་པྲ་ཕབ་པ་ལྟ་བུ་ནི། གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་ཏུ་གྲུབ་པ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ་སྟོང་པ་ལས་དེ་སྣང་བ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་། སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་དེ། འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཏུ་སེམས་གང་ཡོད་པའི་སེམས་དེ་ནི་སེམས་དོན་དམ་པར་མེད་པ། རྟག་པ་དང་ཆད་པའི་མཚན་ཉིད་དང་བྲལ་བ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཞེས་བྱའོ། །དོན་དམ་པའི་བདེན་པའི་དབང་


MR17_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ན། གཉིས་ཀའི་སེམས་དག་ཆོས་མི་མཐུན་པའི་ཡོད་པ་དང་མེད་པ་ལས་འདས་པ། དངོས་པོ་དང་དངོས་པོ་མེད་པ་ཟད་པ། རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ་དེ་བཞིན་གཤེགས་པའི་གསུང་རིགས་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་རྩ་བའི་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། །ཞེས་གསུངས་སོ། །དེ་བཞིན་དུ་གཉིས་སུ་མེད་པ་རྡོ་རྗེ་ལྟ་བུའི་རྣལ་འབྱོར་འདི་རྒྱུད་གཞན་རྣམས་སུའང་གསུངས་སོ། །རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ། དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི། འདོད་པའི་སྲིད་པ་ལ་མི་གནས། གཟུགས་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་པའི་སྲིད་པ་ལ་མི་གནས། འདོད་པའི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་ཀྱི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ན་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །གཉིས་ཀ་ལ་ཡང་མི་གནས་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །སྲིད་པ་དང་མྱ་ངན་ལས་འདས་པ་གཅིག་པ་མ་ཡིན་ཏེ་གྲིབ་མ་དང་ཉི་མ་བཞིན་ནོ། །དཔེར་ན་མེ་ནི་གཙུབ་སྟན་ལ་མི་གནས་གཙུབ་ཤིང་ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་བ་ལ་མི་གནས་པ་དེ་བཞིན་དུ་རྡོ་རྗེའི་རྣལ་འབྱོར་ཡང་ཕྱི་དང་ནང་དང་གཞན་ཐམས་ཅད་ལ་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་སྟེ་དེ་ལྟ་བུའི་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ནི་དབུགས་ཀྱི་གྲངས་ཀྱི་


MR17_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཇི་སྲིད་པར་སྐད་ཅིག་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་རྣམ་པར་བསྒོམ་པ་པོ་ཡིན་ནོ། །དེ་ནས་མཐར་རྫོགས་པའི་སྐད་ཅིག་དེ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདིར་རྫོགས་པའི་སྐད་ཅིག་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དེ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་མེད་པ་སྟེ་རིགས་མེད་པའི་ཕྱིར་རོ། །དེ་ལྟ་བུ་བྱིས་པའི་ངོར་བརྟག་པར་དཀའ་ཡང་ཡང་དག་པར་དཔྱད་ན་ཆོས་ཐམས་ཅད་ལ་སྐྱེ་འགག་མེད་དེ་འདི་ལྟར་ཆོས་གང་ལ་སྐྱེ་བར་གྱུར་པའི་སྐད་ཅིག་དེ་ལ་གནས་པ་དང་འཇིག་པ་མེད་དོ། །དེ་བཞིན་དུ་གནས་པ་ལ་སྐྱེ་བ་དང་འཇིག་པ་མེད་དོ། །འཇིག་པའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་བརྟག་ན་སྐྱེ་བ་དང་གནས་པ་འཇིག་པའི་སྐད་ཅིག་གསུམ་རིམ་པར་བྱུང་བ་མེད་དོ། །ཅིག་ཆར་བྱུང་བ་མ་ཡིན་ཏེ་འགལ་བའི་ཆོས་གསུམ་པོ་གཅིག་པ་མ་ཡིན་པས་དུས་གཅིག་ཏུ་ཡོད་མི་སྲིད་དོ། །ཅི་སྟེ་སྐྱེ་བའི་སྐད་ཅིག་ལས་གནས་པ་དང་།གནས་པ་ལས་འཇིག་པ་དང་། འཇིག་པའི་སྐད་ཅིག་ལས་སྐྱེ་བའི་སྐད་ཅིག་འབྱུང་ངོ་ཞེ་ན། འདི་དོན་དམ་པའི་རིགས་པས་མི་འཐད་དེ། སྐད་ཅིག་སྔ་མ་འགག་པ་ལས་སྐད་ཅིག་གཞན་འབྱུང་བ་དང་། མ་འགག་པ་ལས་སྐད་ཅིག་གཞན་མི་འབྱུང་སྟེ། ས་བོན་ཉམས་པ་དང་མ་ཉམས་པ་ལས་ཀྱང་མྱུ་གུ་མི་འབྱུང་བ་བཞིན་ནོ། །དེ་ལྟར་དོན་དམ་པར་ཡོད་པའི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་གཅིག་ཅེས་པ་མེད་དེ། གཅིག་དང་དུ་མར་ཡོད་པ་གཉིས་ཀ་རིགས་པ་དང་འགལ་བའི་ཕྱིར་རོ། །འདིར་སྐད་ཅིག་ཐམས་ཅད་རྣམ་པར་སྒོམ་པ་པོ་དེ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་པ་གང་ཡིན་པ་དེ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པར་སྒོམ་པ་པོ་དེས་སྒོམ་པ་དེ་ཡོངས་སུ་རྫོགས་པའི་དང་པོར་


MR17_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུ་མ་དང་བྲལ་བ་མཆོག་གི་གཉིས་སུ་མེད་པ་ཐོབ་པ་སྟེ། དོན་དམ་པར་ཡོད་པ་དང་མེད་པ་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཇི་སྲིད་དུ་འཇིག་རྟེན་གྱི་སེམས་ཡོད་པ་དེ་སྲིད་དུ་ཆོས་རྣམས་གཅིག་དང་དུ་མའི་རྣམ་པར་དཔྱོད་དེ་སྐད་ཅིག་མའི་སེམས་ཀྱི་རང་བཞིན་སྣང་བའི་ཕྱིར་རོ། །གང་གི་ཚེ་སེམས་སྐད་ཅིག་གི་ཆོས་དང་བྲལ་བ་དེའི་ཚེ་སྐྱེ་འགག་ལ་སོགས་པའི་རང་བཞིན་མེད་པ་ཞེས་བརྗོད་དོ། །དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་མཐར་གཉིས་གང་གི་ཡང་ཕྱོགས་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཇི་ལྟར་དེ་ལ་གཉིས་སུ་འབྱེད་པ་མེད་ཅེ་ན། ཕྱོགས་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ། ཡོད་པ་མེད་པ། ཡིན་པ་མ་ཡིན་པ། གཅིག་དང་གཅིག་མིན་པ། རྟག་པ་དང་ཆད་པ། སྲིད་པ་དང་མྱང་འདས། གཟུགས་དང་གཟུགས་མིན་པ། སྒྲ་དང་སྒྲ་མིན་པ། སྐད་ཅིག་དང་སྐད་ཅིག་མིན་པ། དེ་བཞིན་དུ་ཆགས་དང་ཆགས་མིན། སྡང་དང་སྡང་མིན། རྨོངས་དང་རྨོངས་མིན་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་རེ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུའི་ཕྱོགས་སམ་གཉིས་ཆོས་ཀྱི་དབྱེ་བ་འདི་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་སྐད་ཅིག་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཚུལ་འདིས་དེ་ཁོ་ན་ཉིད་ནི་སྣང་སྟོང་དང་བདེན་གཉིས་གང་རུང་གི་ཕྱོགས་སུ་ལྷུང་བ་མ་ཡིན་པར་ཟུང་འཇུག་སོ་སོ་རང་གིས་རིག་པར་བྱ་བའི་གཉིས་སུ་མེད་པའི་ཆོས་ཉིད་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། མ་སྐྱེས་པ་དང་མ་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །


MR17_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་གོ་དགོས་ཀྱི་དགག་བྱ་བཅད་ཙམ་གྱི་སྟོང་པ་ལ་གནས་ལུགས་མཐར་ཐུག་ཏུ་འཛིན་པར་མི་བྱའོ། །དེ་ལྟར་ཕྱོགས་གཉིས་སུ་འབྱེད་པ་དོན་དམ་པར་མེད་ན་ཡང་དེ་ཉིད་སེམས་ཅན་རྣམས་ཀྱི་རང་གི་བསམ་པའི་དབང་གིས་རྣམ་པ་བཞི་དང་རྣམ་པ་བཅུ་དྲུག་ཏུ་ཡང་སོ་སོར་སྣང་སྟེ། དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དབྱེ་བས་རྣམ་པ་བཞི་དང་། དེ་ནས་སྐུའི་དགའ་བ། དེ་བཞིན་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དགའ་བ་བཞི་དང་། དེ་བཞིན་དུ་དགའ་བ་ལྷག་མ་གསུམ་ལའང་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་སྟེ། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་བར་གྱི་བཅུ་དྲུག་སྟེ། དེ་ལྟར་དེ་ཉིད་རྣམ་པ་བཅུ་དྲུག་པོ། དེ་ལྟར་གང་གི་ཚེ་རྣལ་འབྱོར་བས་རིག་པ་དེའི་ཚེ། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་གསུངས་སོ། །དེ་ཉིད་རྟོགས་པ་དེ་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། དེའི་འོག་ཏུ་ཆོས་སྐུ་དང་། དེ་འོག་ལོངས་སྐུ། དེ་འོག་སྤྲུལ་སྐུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་གསུང་དང་། ལྷན་ཅིག་སྐྱེས་པའི་ཐུགས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དེ་བཞིན་དུ་ཆོས་ཀྱི་གསུང་ལ་སོགས་པ་གསུམ་དང་། ལོངས་སྤྱོད་རྫོགས་པའི་གསུང་ལ་སོགས་པ་གསུམ་དང་། སྤྲུལ་པའི་གསུང་སོགས་གསུམ་སྟེ། དེ་ལྟར་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ལྷག་པར་མོས་པའི་དབང་གིས་རབ་ཏུ་སྣང་སྟེ། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་དག་པ། ཡེ་ཤེས་རྡོ་རྗེ། ཐམས་ཅད་མཁྱེན་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཐོབ་པ་ནི་ཤེས་བྱ་ཐམས་ཅད་མཁྱེན་པ་སྟེ་ཆོས་


MR17_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཆགས་ཐོགས་མེད་པར་གཟིགས་པས་སོ། །དེ་ཉིད་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་རྣལ་འབྱོར་ཞེས་བརྗོད་དེ། དེ་ལ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་མཁྱེན་པ་ནི་ཡེ་ཤེས་སྐུ་ཞེས་བྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཆར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་མམ་ཆོས་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་སྤྲུལ་པའི་སྐུ། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ། སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་དབྱིངས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་པདྨའི་འདབ་མ་རྒྱས་པའི་སྤྱན་ཏེ། མཐའ་ཡས་པའི་སྤྲུལ་པའི་སྐུ་དག་གིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་པོ་འདི་སངས་རྒྱས་ལ་ཕྱག་ན་རྡོ་རྗེས་ཞུས་སོ། །དེ་བཞིན་དུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་གཟིགས་པའོ། །རྣམ་པ་ལྔས་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་གསུང་རྡོ་རྗེ་སྟེ། བདེན་དོན་རྣམ་པ་བཅུ་གཉིས་དང་ལྡན་པ། སེམས་


MR17_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་དག་གིས་སྤྲོས་པའི་སྐུའོ། །འདིར་གནས་སྐབས་བཞིའི་སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བགོས་པ་བྷ་ག་དང་དབང་པོ་འདུ་འཕྲོད་ཀྱི་བདག་ཉིད་ཅན་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་སྐུ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པ་ཉིན་མོར་བྱེད་པའི་སྐུ་ཞེས་པའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་འདི་ཡེ་ཤེས་ཀྱི་ལེའུར་རྒྱ་ཆེར་བརྗོད་པར་བྱ་སྟེ། ལེའུ་དང་པོ་འདིར་མདོར་བསྟན་པ་ཙམ་ཡིན་ནོ་ཞེས་འགྲེལ་ཆེན་གསུངས་པའི་ཚིག་སྣ་ཅི་རིགས་བསྡུས་ནས་བཀོད་པ་ཡིན་ནོ། །དེ་ལྟར་མཆོག་གི་དང་པོའི་སངས་རྒྱས་ཀྱི་ལམ་རྡོ་རྗེའི་རྣལ་འབྱོར་འདི་ནི་འདས་པ་དང་ད་ལྟ་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་སྟོན་ལ། འདས་པ་དང་ད་ལྟ་དང་མ་འོངས་པའི་འཁོར་རྣམས་ཀྱིས་ཞུས་སོ། །མཐའ་ཡས་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཐའ་ཡས་མཐའ་ཡས་པའི་སེམས་ཅན་རྣམས་ལ། མཐའ་ཡས་མཐའ་ཡས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་ཏོ། །སྟོན་ཏོ། །བསྟན་པར་འགྱུར་རོ། །གཉིས་པ་བྱེ་བྲག་ཕྱེ་སྟེ་ཞུས་པ་ནི། སྟོང་ཆེན་ཡིག་


MR17_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སོགས་ནས་དཀྱིལ་འཁོར་དང་དབང་བསྐུར་བར་གསོལ་བ་འདེབས་པའི་ངོ་བོ་ཉིད་ཀྱི་གནས་པ་སྟེ། སྟོང་པ་ཡེ་ཤེས་ཀྱང་སྟེ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྤྱིར་བརྗོད་པར་བྱ་བའི་དོན་གང་ལ་དངོས་དང་དངོས་མེད་དུ་ཤེས་པར་བྱ་བ་ཐམས་ཅད་མིང་སྔོན་དུ་འགྲོ་བས་ཐ་སྙད་བྱེད་དགོས་ཏེ་བུམ་པ་དང་ནམ་མཁའི་མེ་ཏོག་ལ་སོགས་པ་བརྗོད་པ་བཞིན་ནོ། །འདིར་ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་དུ་མཐོང་བ་དང་། དེའི་སྤྱོད་ཡུལ་མ་ཡིན་པ་མ་མཐོང་བའི་དངོས་པོ་རྣམས་ལ་སྟོང་པ་ལ་སོགས་པའི་མིང་གིས་བསྟན་པར་མཛད་དོ། །དེ་བཞིན་རྒྱུད་དང་རྒྱུད་གཞན་སྣ་ཚོགས་རྣམས་སུ། བསྟན་བཅོས་ཀྱི་མིང་དང་། ཡུལ་གྱི་མིང་དང་། སྔགས་ཀྱི་ཡི་གེའི་མིང་དང་། ཡི་གེ་རེ་རེ་བའི་མིང་རྣམས་ཀྱིས། དོན་གྱི་དངོས་པོ་གང་དག་དེ་བཞིན་གཤེགས་པ་ངེས་པར་བསྟན་ཅིང་སྡུད་པ་པོ་རྣམས་ཀྱིས་ཀྱང་ཡི་གེར་བྲིས་པ་དེ་དག་ཐམས་ཅད། རྣལ་འབྱོར་པ་རྣམས་ཀྱིས་དྲང་བའི་དོན་དང་ངེས་པའི་དོན་གྱི་ཚུལ་རྣམ་པ་གཉིས་ཀྱི་དབྱེ་བས་རྟོགས་པར་བྱ་སྟེ། འདི་ལྟར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་དང་། དངོས་པོ་མེད་པ་ལ་ཡང་མིང་དུ་མས་བསྟན་པ་ལ། རྣལ་འབྱོར་པ་རྣམས་ཀྱིས་བླ་མ་དམ་པས་འདི་དང་འདིའོ་ཞེས་ཉེ་བར་བསྟན་པའི་སྒོ་ནས་གསེར་བཞིན་ཡོངས་སུ་བརྟག་པས་འཛིན་ཏེ་དོན་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཤེས་པར་བྱས་ནས། འདིར་སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་མཆོག་རྡོ་རྗེ་འཛིན་པ་ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་ཅི་ཞིག་བསྟན་ཞེ་ན། སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་ཁམས་དྲུག་གི་བདག་ཉིད་སྐྱེས་བུ་ཆེན་པོའི་གང་ཟག་འདི་བསྡུས་པ་ནི་བཅོམ་ལྡན་འདས་ཀྱིས། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའི་ཁམས་དང་ནི། །རྣམ་ཤེས་ཁམས་དྲུག་པར་བརྗོད་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ །


MR17_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་ལ། དེ་ཡང་རྒྱས་པར་ཕྱེ་ན་འདི་ལྟར་ཕུང་ཁམས་སོ་དྲུག་སྟེ། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཡེ་ཤེས་ཀྱི་ཕུང་པོ་དྲུག་དང་། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་དང་། མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་དབང་པོ་དྲུག་དང་། གཟུགས་སྒྲ་དྲི་རོ་རེག་བྱ་དང་ཆོས་ཀྱི་དབྱིངས་ཏེ་ཡུལ་དྲུག་དང་། ངག་དང་ལག་པ་རྐང་པ་རྐུབ་དང་འདོམས་དང་མཆོག་གི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག་དང་། བརྗོད་པ་དང་ལེན་པ་འགྲོ་བ་བཤང་གཅི་འབྱིན་པ། དྲི་ཆུ་འཛགས་པ་དང་ཁུ་བ་འཕོ་བ་སྟེ། ལས་དབང་གི་བྱ་བ་དྲུག་རྣམས་ཏེ་སྒྲིབ་པ་དང་བཅས་པ་མ་དག་པའི་སྐབས་སུ་ཕུང་ཁམས་སོ་དྲུག སྒྲིབ་པ་དང་བྲལ་བ་དག་པའི་དུས་ན་ཕུང་པོ་དྲུག་སངས་རྒྱས་དྲུག འབྱུང་བའི་ཁམས་དྲུག་ཡུམ་དྲུག དབང་པོ་དྲུག་སེམས་དཔའ་དྲུག ཡུལ་དྲུག་སེམས་མ་དྲུག ལས་དབང་དྲུག་ཁྲོ་བོ་དྲུག །དེའི་བྱ་བ་དྲུག་ཁྲོ་བོའི་ཡུམ་དྲུག་ཡིན་ཅིང་། ཁམས་དྲུག་ཏུ་བསྡུ་ན། གཟུགས་དང་ས་དང་ལུས་དང་དྲི་དང་བཤང་ལམ་དང་བརྗོད་པའམ་སྨྲ་བ་དྲུག་ནི། ས་ཡི་ཁམས་རྣམ་སྣང་གི་རིགས་སོ། །ཚོར་བ་དང་མེ་དང་མིག་དང་རོ་དང་ལག་པ་དང་འགྲོ་བ་རྣམས་མེ་ཡི་ཁམས་རིན་འབྱུང་གི་རིགས་སོ། །འདུ་ཤེས་དང་ཆུ་དང་ལྕེ་དང་གཟུགས་དང་རྐང་པ་དང་ལེན་པ་དྲུག་ཆུ་ཁམས་སྣང་བ་མཐའ་ཡས་ཀྱི་རིགས་སོ། །འདུ་བྱེད་དང་རླུང་དང་སྣ་དང་རེག་བྱ་དང་ངག་དང་བཤང་པ་འཛག་པ་རྣམས་རླུང་གི་ཁམས་དོན་ཡོད་གྲུབ་པའི་རིགས་སོ། །རྣམ་ཤེས་དང་ནམ་མཁའ་དང་རྣ་བ་དང་ཆོས་ཀྱི་དབྱིངས་དང་བྷ་ག་དང་ཁུ་བ་འཕོ་བ་རྣམས་ནི་ནམ་མཁའི་ཁམས་མི་བསྐྱོད་པའི་རིགས་སོ། །ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡིད་དང་སྒྲ་དང་མཆོག་གི་དབང་པོ་དང་། དྲི་ཆུ་འཛགས་པ་དྲུག་ནི་ཡེ་ཤེས་ཀྱི་


MR17_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྡོ་རྗེ་སེམས་དཔའི་རིགས་སོ། །སྤྱིར་ཆོས་ཅན་གཟུང་འཛིན་ཅན་གྱི་རྣམ་ཤེས་དང་། དེའི་ཆོས་ཉིད་རང་བཞིན་འོད་གསལ་ལ་ཡེ་ཤེས་སུ་འཇོག་པ་ནི་གཞུང་སྤྱི་ལས་གྲགས་པ་སྟེ། དེ་འདྲའི་ཡེ་ཤེས་ཀྱི་ངོ་བོ་རང་བཞིན་རྣམ་དག་ཡིན་པས་སྒྲིབ་པ་མེད་ཀྱང་དེ་ཇི་བཞིན་མ་རྟོགས་པ་གློ་བུར་འཁྲུལ་པའི་སྦུབས་སུ་གནས་པའི་སྣང་ཚུལ་གྱི་དབང་དུ་བྱས་ན་དྲི་བཅས་དེ་བཞིན་ཉིད་ཅེས་བྱ་ཞིང་། སྐབས་འདིར་ཡེ་ཤེས་ཀྱི་ཁམས་ཞེས་པ་ཕལ་ཆེར་ཡེ་ཤེས་དེ་འཆར་བ་ཁུ་བ་འཕོ་བའི་བདེ་བའི་ཆ་ནས་གསུངས་པ་ཤེས་པར་བྱའོ། །དེ་བཞིན་འདོམས་དབང་ལ་རྟགས་ཞེས་བྱ་ཞིང་དེར་གཅི་བ་འབབ་པ་དང་། ཁྱད་པར་དུ་བུད་མེད་ཀྱི་བྷ་ག་དང་སྐྱེས་པའི་རྡོ་རྗེར་ཁུ་བ་འབབ་པས་བདེ་བ་སྟེར་བའི་ཆ་ལས་མཆོག་གི་དབང་པོ་ཞེས་གཉིས་སུ་འབྱེད་ཅིང་། དེ་དག་གི་བྱ་བའང་རིམ་བཞིན་དྲི་ཆུ་འཛག་པ་དང་ཁུ་བ་འཕོ་བར་བྱེད་པ་ཡིན་ནོ། །དེ་ལྟར་སུམ་ཅུ་རྩ་དྲུག་པོ་དེའི་ཚན་རེ་རེ་སྒྲིབ་པ་དང་བྲལ་བར་གྱུར་བའི་ཡེ་ཤེས་ལྔ་མཚོན་བྱེད་སྟོང་པ་ཆེན་པོ་ཡི་གེ་ལྔ་འགོད་པའི་སྐབས་སུ་རྣམ་ཤེས་དང་ཡེ་ཤེས་ཀྱི་དྲུག་ཚན་གཉིས་པོ་གཅིག་ཏུ་བསྡོམ་ཞིང་། ཐིག་ལེ་སྟོང་པ་ཡི་གེ་དྲུག་འགོད་པའི་སྐབས་སུ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཁམས་སོ་སོར་ཕྱེ་བ་ཡིན་ཏེ། དེའི་ཕྱིར་སྟོང་ཆེན་ཡི་གེ་ལྔ་འགོད་པའི་ཚིག་འདིས་དེ་གཉིས་ཀ་བསྟན་པ་ཡིན་ནོ། །དེ་ལ་དང་པོ་སྟོང་ཆེན་ཡི་གེ་ལྔ་ནི། སྟོང་པ་ཞེས་པའི་མིང་གིས་སྟོང་ཆེན་ཡི་གེ་དང་པོ་བརྗོད་དེ། འདི་ལྟར་ཕུང་པོ་དྲུག་གི་ནང་ནས་ཡེ་ཤེས་ཀྱི་ཕུང་པོ་དང་། རྣམ་ཤེས་ཀྱི་ཕུང་པོ་དང་། ཁམས་དྲུག་གི་ནང་ནས་ཡེ་ཤེས་ཀྱི་ཁམས་དང་། ནམ་མཁའི་ཁམས་དང་། དབང་པོ་དྲུག་གི་ནང་ནས་ཡིད་དང་རྣ་བ། ཡུལ་དྲུག་གི་ནང་ནས་སྒྲ་དང་ཆོས་ཀྱི་དབྱིངས། ལས་དབང་དྲུག་གི་ནང་ནས་མཆོག་གི་དབང་པོ་དང་ལས་དབང་གི་རྟགས། བྱ་བ་དྲུག་གི་ནང་ནས་ཁུ་བ་འཕོ་བ་དང་དྲི་ཆུ་འཛག་པ་སྟེ། འདི་རྣམས་


MR17_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་དང་བྲལ་བ་ཉིད་དང་། རོ་མཉམ་པ་ཉིད་དང་། གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ་སྟོང་པ་ཞེས་མིང་བཏགས་པའོ། །དེ་ལ་དེ་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ན་འཕོ་བའི་སྒྲིབ་པ་ཟད་པས་སྒྲིབ་པ་མེད་པ་ཉིད་དང་། མི་འཕོ་བའི་བདེ་བ་ཆེན་པོར་རོ་མཉམ་པ་ཉིད་དང་། བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ་ཞེས་སོ། །དེ་ཡང་ཅང་མེད་ཀྱི་ཆད་སྟོང་ནི་མ་ཡིན་ཏེ། རང་བཞིན་མེད་ཀྱང་རྣལ་འབྱོར་པས་དམིགས་ཤིང་རང་རིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ལ་རྒྱལ་བ་རྣམས་ཀྱིས་གཞོམ་དུ་མེད་པར་གསུངས་ཏེ། གཞོམ་མེད་འདིའི་མིང་ངམ་མཚོན་བྱེད་ཀྱི་མཚན་མ་ནི་ལྷོ་བྱང་ཤར་ནུབ་ཀྱི་ཕྱོགས་བཞིའི་དབུས་སུ་གྱུར་པ་གང་ཡིན་པར་གྲི་གུག་གི་རྣམ་པའི་རི་མོ་ཙམ་ངག་ཏུ་བརྗོད་དུ་མེད་པ་བཀོད་པ་ནི་སྟོང་ཆེན་ཡི་གེ་དང་པོའོ། །ཡེ་ཤེས་ཀྱང་ཞེས་པ་ཡེ་ཤེས་ཞེས་པའི་མིང་འདིས་སྟོང་ཆེན་གྱི་ཡི་གེ་གསུམ་པ་བསྟན་ལ། ཀྱང་ཡིག་ནི་གོང་དང་སྡུད་པའི་དོན་ཏེ། གོང་མ་བཞིན་དུ་སྟོང་ཆེན་ཡི་གེ་གཞན་ཀྱང་འདི་ལྟ་སྟེ་ཞེས་པའི་དོན་ཏོ། གང་ཞེ་ན། ཚོར་ཕུང་མེ་ཁམས་མིག་དང་རོ་དང་ལག་པ་འགྲོ་བ་རྣམས། སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ནི་ཡེ་ཤེས་ཀྱི་མིང་ཅན་སྟོང་ཆེན་ཡི་གེ་གསུམ་པ་སྟེ། འདིའི་མིང་གི་མཚན་མ་དབུས་མ་གཞོམ་དུ་མེད་པའི་མཚན་མའི་ལྷོ་རུ་ཐིག་ལེ་གཉིས་ཏེ་རྣམ་བཅད་བཀོད་པ་བརྗོད་དུ་མེད་པའོ། །ཐིག་ལེ་ཞེས་པས་སྟོང་ཆེན་བཞི་པ་བསྟན་ཏེ། སྔ་མའི་ཀྱང་ཡིག་གིས་བསྡུས་ཏེ་བསྟན་པའོ། །དེ་ཡང་འདུ་ཤེས་ཀྱི་ཕུང་པོ་དང་། ཆུ་ཡི་ཁམས་དང་། ལྕེ་དང་གཟུགས་དང་རྐང་པ་དང་ལེན་པ་སྟེ། འདི་རྣམས་གོང་བཞིན་སྒྲིབ་མེད་རོ་མཉམ་གཅིག་ཏུ་འདྲེས་པ་ཉིད་ཀྱི་ཕྱིར་གཞོམ་དུ་མེད་པ་སྟོང་ཆེན་བཞི་པ་ཐིག་ལེའི་མིང་ཅན་ནོ། །དེའི་མིང་གི་མཚན་མ་


MR17_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་གཅིག་བཀོད་པ་ང་རོ་སྟེ་བརྗོད་དུ་མེད་པའོ། །མཆོག་ཅེས་པ་མཆོག་དང་པོའི་མིང་གིས་སྟོང་ཆེན་གཉིས་པ་བསྟན་ཏེ། སྔར་གྱི་ཀྱང་ཡིག་གིས་འདི་ཡང་སྟོང་ཆེན་གྱི་མིང་ཅན་དུ་སྡུད་པའོ། །དེ་ཡང་འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་རེག་བྱ་དང་། ངག་གི་དབང་པོ་དང་། བཤང་བ་འཛག་པ་འདི་རྣམས་སྒྲིབ་བྲལ་རོ་མཉམ་གཅིག་ཏུ་འདྲེས་པར་གྱུར་པ་ནི་མཆོག་གི་མིང་ཅན་སྟོང་ཆེན་ཡི་གེ་གཉིས་པ་སྟེ། འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ཤར་དུ་དབྱུག་པའི་རྣམ་པའི་རི་མོ་ཙམ་བརྗོད་དུ་མེད་པའོ། །འདིར་འགྱུར་ལ་ལར་མཆོག་དང་རྡོ་རྗེ་འཛིན་པ་ཞེས་ཡོད་པ་ལྟར་ན། མཆོག་ཕྱི་མ་ནི་དང་ཡིག་གིས་ཟླས་དབྱེ་བའི་བསྡུ་བའི་ཤུགས་ཀྱིས་གོ་བར་བྱའོ། །མཆོག་གཉིས་པས་སྟོང་པ་ལྔ་པ་བརྗོད་དེ། གཟུགས་ཕུང་དང་ས་ཁམས་ལུས་དབང་དྲི་དང་བཤང་ལམ་དང་ངག་གིས་བརྗོད་པ་རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་མཆོག་ཅེས་པའི་མིང་ཅན་སྟོང་པ་ཆེན་པོའི་ཡི་གེ་ལྔ་པ་སྟེ། འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ནུབ་ཏུ་ཐོང་བའི་རྣམ་པ་བརྗོད་དུ་མེད་པའོ། །ཐོང་བའི་རྣམ་པ་ནི་ཐོང་བཤོལ་གྱི་རྣམ་པ་ལྟར་གུག་པ་ལ་གོ་བར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་སྟོང་པ་ལྔ་པོ་དེ་རྣམས་གཅིག་ཏུ་འདུས་པའམ་འདྲེས་པར་གྱུར་པ་ལས་སྟོང་ཆེན་ཡི་གེ་ལྔའི་བདག་ཉིད་ཝྃ་ཡིག་གྲུབ་པ་ནི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་སྟེ་རྡོ་རྗེ་ཞེས་བརྗོད་དོ། །འདིར་དབྱངས་ཀྱི་མིང་ཅན་དུ་བྱས་པའི་བརྗོད་དུ་མེད་པའི་ཡི་གེ་ལྔ་ནི། དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པ། ལྷོར་རྀ་ཡིག་སྟོང་པ་ཐིག་ལེ་གཉིས། བྱང་དུ་ཨུ་ཡིག་སྟོང་པ་ཐིག་ལེ་གཅིག །ཤར་དུ་ཨི་ཡིག་སྟོང་པ་དབྱུག་པའི་རྣམ་པ། ནུབ་ཏུ་ལྀ་ཡིག་སྟོང་པ་ཐོད་པའི་རྣམ་པ་སྟེ། དེ་ལྟར་རང་བྱུང་རྩ་བའི་


MR17_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ལྔ་པོ་འདིས་ཁམས་ལྔ་སྒྲིབ་བྲལ་དུ་གྱུར་པའི་གཞོམ་དུ་མེད་པའི་སྟོང་ཆེན་ཡི་གེ་ལྔ་བརྗོད་དུ་མེད་པ་ཉིད་མཚོན་པ་ཡིན་ནོ། །དེ་བཞིན་དུ་དབྱངས་ལྔ་པོ་དེ། ཡོན་ཏན་དུ་གྱུར་པ་ཨཱ་སོགས་དང་། འཕེལ་བ་ཨཱ་སོགས་དང་། ཡ་ཎྜ་ར་བསྒྱུར་བ། ཧ་སོགས་ཏེ་རྣམ་པར་འགྱུར་བ་རྣམས་ཀྱང་དེའི་མཚོན་བྱེད་དུ་རུང་བ་ཤེས་པར་བྱའོ། །དེ་ལྟར་ཝྃ་ཡིག་ནི་སྟོང་པ་ཆེན་པོ་ལྔ་ཡི་བདག་ཉིད་ཅེས་བྱ་བ་སྟེ། དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད། རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་པྲ་ཕབ་པའི་རང་བཞིན་དང་མཚུངས་པ་ཉིད་དུ་རྣལ་འབྱོར་བས་རྟོགས་པར་བྱའོ། །འདིར་ཕུང་ཁམས་སོ་དྲུག་པོའི་དབྱངས་རྣམས་ནི་འདི་ལྟ་སྟེ། ཡེ་ཤེས་ཕུང་པོ་ཨཾ། རྣམ་ཤེས་ཕུང་པོ་ཨ ། ཡེ་ཁམས་ཨཱཿ མཁའ་ཁམས་ཨཱ། ཡིད་དབང་ཨཾ། རྣ་དབང་ཨ། སྒྲ་ཨཱཿ ཆོས་དབྱིངས་ཨཱ། བྷ་ག་ཧ། དྲི་ཆུ་འཛག་པ་ཧཱཿ མཆོག་གི་དབང་པོ་ཧཾ། ཁུ་བ་འཕོ་བ་ཧཱ་སྟེ། འདི་རྣམས་དབུས་མ་གཞོམ་དུ་མེད་པའི་སྒྲིབ་བྲལ་གྲི་གུག་གི་རྣམ་པའི་མིང་གི་མཚན་མས་བསྡུས་པར་རྟོགས་པར་བྱའོ། །འདུ་བྱེད་ཕུང་པོ་ཨི། རླུང་ཁམས་ཨཱི། སྣ་དབང་ཨེ། རེག་བྱ་ཨཻ། ངག་དབང་ཡ། བཤང་བ་འཛག་པ་ཡཱ། འདི་དག་རྣམས་སྒྲིབ་པ་དང་བྲལ་བ་ཤར་དུ་དབྱུག་པའི་རྣམ་པས་རྟོགས་པར་བྱའོ། །ཚོར་ཕུང་རྀ། མེ་ཁམས་རཱྀ། མིག་དབང་ཨར། རོ་ཨཱར། ལག་པའི་དབང་པོ་ར། འགྲོ་བ་རཱ། འདི་རྣམས་སྒྲིབ་བྲལ་ལྷོར་ཐིག་ལེ་གཉིས་ཀྱི་མཚན་མས་རྟོགས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ཨུ། ཆུ་ཁམས་ཨཱུ། ལྕེ་དབང་ཨོ། ཡུལ་གཟུགས་ཨཽ། རྐང་པའི་དབང་པོ་ཝ། ལེན་པ་ཝཱ། འདི་དག་སྒྲིབ་པ་དང་བྲལ་བ་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེས་མཚན་མས་རྟོགས་པར་བྱའོ། །གཟུགས་ཕུང་ལྀ། སའི་ཁམས་ལཱྀ། ལུས་དབང་ཨལ། ཡུལ་དྲི་ཨཱལ།


MR17_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཤང་ལམ་གྱི་དབང་པོ་ལ། བརྗོད་པ་ལཱ། འདི་དག་སྒྲིབ་པ་དང་བྲལ་བ་ནུབ་ཏུ་ཐོང་བའི་རྣམ་པས་མཚན་མས་རྟོགས་པར་བྱ་བའོ། །དེ་ལྟར་དབྱངས་དང་ཡོན་ཏན་དང་འཕེལ་བ་དང་ཡ་ཎྜ་ར་བསྒྱུར་བའི་རྣམ་པས་སུམ་ཅུ་རྩ་དྲུག་གི་དབྱེ་བ་ཐ་དད་པར་འགྱུར་རོ། །དེ་ལྟར་ཕུང་པོ་རྣམས་སོ་དྲུག་ཏུ་དབྱེ་བས་ཐ་དད་པར་གྱུར་པ་དེར། ཕུང་པོའི་གནས་སུ་རོ་དྲུག་གཟུང་བར་བྱ་སྟེ། ཡེ་ཤེས་དང་ནམ་མཁའ་ནས་ས་ཁམས་ཀྱི་བར་དུ་རིམ་པར་སྐྱུར་བ་བསྐ་བ་ཁ་བ་ཚ་བ་མངར་བ་ལན་ཚྭ་རྣམས་སོ། །རོ་དྲུག་གི་དབྱངས་ནི་རིམ་བཞིན་ཨཾ་ཨ་ཨི་རྀ་ཨུ་ལྀ་ཞེས་སོ། །འགྲེལ་པར་ལྷག་མ་ནི་བརྗོད་པའི་རྣམ་པས་སོ་ཞེས་པ་ཁ་ཅིག་འདི་དྲུག་གི་ལྷག་མ་སུམ་ཅུ་ནི་སྔགས་བརྗོད་པའི་རྣམ་པས་སོ་ཟེར་ཀྱང་དོན་ལྷག་པོ་གོ་རྒྱུ་མི་འདུག་ལ། ཁ་ཅིག་སྟོང་ཆེན་ལྔའི་ལྷག་མ་མཚོན་བྱེད་འདི་དག་ངག་ཏུ་བརྗོད་པའི་རྣམ་པས་མཚོན་བྱེད་ཡིན་ནོ་ཞེས་དང་། འདིར་བཤད་པའི་ལྷག་མ་ཆོས་སྣ་ཚོགས་སོ་སོ་རེ་རེ་ནས་ཀྱང་རང་རང་གི་མིང་གི་དང་པོ་བརྗོད་པའི་རྣམ་པས་མཚོན་པར་ཤེས་པར་བྱའོ་ཞེས་ཀྱང་བཤད་དོ། །དེ་ལྟར་ཡི་གེ་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཅན། སྟོང་པ་ཆེན་པོ་ཡི་གེ་ལྔ་ཝྃ་ཡིག་དེ་ལ་རྒྱལ་བ་རྣམས་ཀྱིས་རྡོ་རྗེ་ཞེས་སུ་བརྗོད་དེ། སྒྲིབ་བྲལ་རོ་མཉམ་གཅིག་ཏུ་འདྲེས་པའི་ངོ་བོས་གཞོམ་དུ་མེད་པ་རྡོ་རྗེ་ལྟ་བུ་ཡིན་པའི་ཕྱིར་རོ། །རྡོ་རྗེ་དེ་འཛིན་པ་ནི་ཝཾ་ཡིག་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་ཉིད་ཡིན་ནོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། །དེ་ཡང་འདི་ལྟར་རྣམ་ཤེས་ཀྱི་ཕུང་པོ་དང་། ནམ་མཁའི་ཁམས་དང་རྣ་བ་དང་། ཆོས་ཀྱི་དབྱིངས་དང་བྷ་ག་སྟེ་མཚན་མ་དང་ཁུ་བ་འཕོ་བ་སྟེ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་གཟུགས་ཅན་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་སྟེང་དུ་


MR17_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་མིང་གི་མཚན་མ་ཀ་སྡེའི་གཙོ་བོའམ་བདག་ཉིད་ཀ་ཡིག་གསལ་བྱེད་སྲོག་མེད་རྐྱང་པ་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་དང་པོའོ། །འདིར་གསལ་བྱེད་སྲོག་མེད་བརྗོད་དུ་མེད་པ་དེ་རྣམས་དབྱུག་པའི་རྣམ་པ་ཙམ་དུ་བཀོད་པ་མཐར་གཉིས་རེ་འདུས་ཏེ་ཨེ་ཡིག་ཏུ་གྲུབ་པ་ནི་ཨེ་ཡིག་གི་གཟུགས་སྒྲུབ་པའོ། །འདུ་བྱེད་རླུང་ཁམས་སྣ་དང་རེག་བྱ་ངག་དང་བཤང་བ་འཛག་པ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ་ཤར་གྱི་མཚན་མའི་ཤར་དུ་གསལ་བྱེད་ཙ་སྡེའི་དང་པོ་ཙ་ཡིག་སྲོག་མེད་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གཉིས་པའོ། །ཚོར་བ་མེ་དང་མིག་དང་རོ་དང་ལག་པ་འགྲོ་བ་འདི་རྣམས་སྒྲིབ་བྲལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ་ཊ་སྡེའི་དང་པོ་ཊ་ཡིག་གསལ་བྱེད་བརྗོད་དུ་མེད་པ་ཉིད་ལྷོའི་མཚན་མའི་ལྷོར་བཀོད་པ་ཐིག་ལེ་སྟོང་པ་གསུམ་པའོ། །འདུ་ཤེས་ཀྱི་ཕུང་པོ་དང་ཆུ་དང་ལྕེ་དང་ཡུལ་གཟུགས་དང་རྐང་པའི་དབང་པོ་དང་ལེན་པ་འདི་རྣམས་སྒྲིབ་བྲལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ་པ་སྡེའི་པ་ཡིག་གསལ་བྱེད་བརྗོད་དུ་མེད་པ་བྱང་གི་མཚན་མའི་བྱང་དུ་བཀོད་པ་ཐིག་ལེ་སྟོང་པ་བཞི་པའོ། །གཟུགས་ཕུང་དང་ས་ཁམས་ལུས་དབང་དྲི་དང་བཤང་ལམ་དང་བརྗོད་པ་འདི་རྣམས་སྒྲིབ་བྲལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ། ཏ་སྡེའི་ཏ་ཡིག་གསལ་བྱེད་བརྗོད་དུ་མེད་པ་ནུབ་ཀྱི་མཚན་མའི་ནུབ་ཏུ་བཀོད་པའི་ཐིག་ལེ་སྟོང་པ་ལྔ་པའོ། །ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་དང་། ཡིད་དང་སྒྲ་དང་མཆོག་གི་དབང་པོ་དང་དྲི་ཆུ་འཛག་པ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ་ས་སྡེའི་བདག་ཉིད་ས་ཡིག་གསལ་བྱེད་བརྗོད་དུ་མེད་པ་དབུས་ཀྱི་མཚན་མའི་འོག་ཏུ་བཀོད་པ་ཐིག་ལེ་སྟོང་པ་ཡི་གེ་དྲུག་པའོ། །དཔེ་ལ་ལར་རྣམ་པ་ཐམས་ཅད་


MR17_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོང་པ་ཞེས་རྣམ་དབྱེ་གསུམ་པ་སྦྱར་བ་ལྟར་ན་སྤྲོས་པའི་རྣམ་པ་ཐམས་ཅད་ཀྱིས་སྟོང་པ་རྣམ་མེད་ཀྱི་ཆ་ནས་བཤད་དགོས་ལ་གང་ལྟར་ཀྱང་མི་འགལ་ཏེ་རང་བཞིན་གྱིས་གྲུབ་པའི་རྣམ་པ་མེད་བཞིན་རྣམ་བཅས་ཀྱི་སྣང་བ་མི་འགག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་པས་སོ། །དེ་ལྟར་ཐིག་ལེ་སྟོང་པ་འགྱུར་མེད་དམ་ཡི་གེ་དྲུག་ནི་ཆོས་འབྱུང་གཞིག་ཏུ་མེད་པའི་རྡོ་རྗེ་འཛིན་པ་ཨེ་ཡིག་སྟེ་རྡོ་རྗེ་ཝཾ་ཡིག་གི་རྟེན་གནས་ཡིན་པས་གོང་གི་རྡོ་རྗེ་འཛིན་པ་ཞེས་པའི་སྒྲའི་ཕྱོགས་གཅིག་གིས་འདི་བསྟན་པའང་ངོ་། །དེ་ཡང་རྣལ་འབྱོར་པའི་སོ་སོ་རང་རིག་པའི་ཡུལ་དུ་སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དོ། །འདིར་ཕུང་པོ་དང་ཁམས་ལ་སོགས་པའི་གསལ་བྱེད་རྣམས་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ཉྤ་ཥ་ཤ་ྈྐ། ཧ་ཡ་ར་ཝ་ལཀྵ། ཞེས་པ་སྟེ། དབྱངས་དང་གསལ་བྱེད་འདི་དག་གི་ཡང་ཐུང་ངུ་དང་རིང་པོའི་དབྱེ་བས་ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བ་ཤེས་པར་བྱ་སྟེ། ལུས་ཀྱི་དབྱེ་བས་ཕུང་པོ་དང་། དབང་པོ་ནི་དབྱངས་གསལ་ཐུང་ངུ་རྣམས་ཡིན་ལ། ཁམས་དང་ཡུལ་ནི་རིང་པོའི་ཆོས་སུ་གྱུར་པའོ། །རོ་དྲུག་དང་བཅས་པའི་ཡེ་ཤེས་དང་ནམ་མཁའ་སོགས་ཁམས་ཀྱི་རྣམ་པར་འགྱུར་བའི་དབྱེ་བ་སོ་དྲུག་དང་། ཕུང་པོ་དྲུག་ལ་དབང་པོ་དྲུག་གི་དབྱེ་བས་ཕུང་པོ་སོ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། རོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་དབང་དྲུག་དང་ལས་དབང་གི་ཡུལ་དྲུག་ནི་རོ་དྲུག་དང་བཅས་པ་རྣམས་ཁམས་ཀྱི་རྣམ་པར་འགྱུར་བའོ། །རྣ་བའི་རྣམ་པར་ཤེས་སོགས་རྣམ་ཤེས་དྲུག་དང་། དེ་བཞིན་དུ་འདུ་བྱེད་དྲུག་དང་། ཚོར་བ་དྲུག་དང་། འདུ་ཤེས་དྲུག་དང་། གཟུགས་ཕུང་དྲུག་དང་། ཡེ་ཤེས་ཀྱི་ཕུང་པོ་དྲུག་ནི་ཕུང་པོའི་རྣམ་པར་འགྱུར་བའོ། །དབང་པོ་དྲུག་གི་སྒོ་ནས་རྣམ་ཤེས་དྲུག་དང་།


MR17_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དྲུག་ཡུལ་ལ་འཇུག་པའི་མིག་ཤེས་ཀྱི་འདུ་བྱེད་སོགས་འདུ་བྱེད་དྲུག་དང་། མིག་ཤེས་ཀྱི་ཚོར་བ་ནས་ཡིད་ཤེས་ཀྱི་ཚོར་བའི་བར་དྲུག་དང་། གཟུགས་ནས་ཆོས་ཀྱི་བར་དུ་འདུ་ཤེས་པ་མིག་ཤེས་ཀྱི་འདུ་ཤེས་སོགས་དྲུག་དང་། གཟུགས་ཀྱི་ཕུང་པོ་ས་ཆུ་མེ་རླུང་ཁམས་དཀར་དམར་དྲུག་དང་ཡེ་ཤེས་ཀྱི་ཕུང་པོ་སྟེང་འོག་གི་རྩ་གསུམ་གསུམ་དྲུག་ལ་སྲོག་ཐུར་གྱི་རླུང་རྒྱུ་བ་དྲུག་གམ་མིག་ཤེས་ཀྱི་ཡེ་ཤེས་ནས་ཡིད་ཀྱི་ཡེ་ཤེས་ཀྱི་བར་དྲུག་གོ། འདི་དག་འོག་ཏུ་འཆད་པར་འགྱུར་བས་ལེའུ་དང་པོ་འདིར་མདོར་བསྡུས་པ་ཙམ་ཞིག་བསྟན་པའོ། །འདིར་སྟོང་ཆེན་ཡིག་ལྔ་ནི་དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་སྟོང་ཡིག་དྲུག་ནི་གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་ཞེས་བརྗོད་དོ། །ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ཨེ་ཡིག་སྟེ་པདྨའོ། །རྡོ་རྗེ་དང་པདྨ་གཉིས་གཅིག་ཏུ་སྦྱོར་བ་ཉིད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། རྡོ་རྗེ་ཞེས་པ་མཆོག་གི་བདེ་བ་དང་ཡུལ་ཅན་ཤེས་པ་དང་ཁུ་བའོ་ཞེས་ཟླ་བ་དང་སྐུ་ཡང་ངོ་། །སེམས་དཔའ་ཞེས་པ་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་ཏེ་སྟོང་གཟུགས་དང་ཤེས་བྱ་དང་རྡུལ་དམར་ཆ་དང་ཉི་མ་དང་གསུང་ཞེས་སུའང་བརྗོད་དོ། །དེ་དག་ལ་ཆོས་ཉིད་ཀྱི་ཡེ་ཤེས་དང་སྲོག་གི་རླུང་བཅས་ཀུན་གཞི་རྣམ་པར་ཤེས་པ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་སྟེ་རོ་མཉམ་པར་བཟུང་བ་དང་། གདོད་མ་ནས་རང་བཞིན་རྣམ་དག་སྒྲིབ་པ་དང་བྲལ་བ་དང་། དེ་རྣམས་རོ་མཉམ་པར་གཅིག་ཏུ་འདྲེས་པར་གྱུར་པ་ནི་དོན་དམ་པ་དང་། གསང་སྔགས་ཀྱི་དེ་ཁོ་ན་ཉིད་དང་། དེ་ཡི་མཐུས་འགྲོ་བའི་དོན་བྱེད་པ་པོ་ཡང་ཡིན་ནོ། །དེའི་ཕྱིར་རྒྱུ་དེ་ལས་སྐུ་གསུང་ཐུགས་གསུམ་ཡེ་ཤེས་དང་ལྷན་ཅིག་ཏུ་སྦྱོར་བ་ཞལ་བཞིའི་རྒྱུར་འགྱུར་ཏེ། ཡེ་ཤེས་དུས་མེ་ནུབ་ཀྱི་ཞལ་སེར་པོ་དང་། རྣམ་ཤེས་དང་སྒྲ་གཅན་ཤར་གྱི་ཞལ་


MR17_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ། ཟླ་བ་དང་སྐུ་བྱང་གི་ཞལ་དཀར་པོ། ཉི་མ་དང་གསུང་ལྷོའི་ཞལ་དམར་པོའོ། །ཐབས་ཤེས་ཀྱི་ཆ་ཟླ་བ་དང་ཉི་མ་འདི་དག་ལུས་བསམ་མམ་གཙོ་བོ་དང་ཕལ་བའི་དབྱེ་བས་ཁམས་དྲུག་དྲུག་ཏུ་རྟོགས་པར་བྱ་སྟེ། རེ་རེ་ལའང་ས་ཆུ་མེ་རླུང་རོ་དང་རོ་ཆེན་པོའི་ཆ་ཤས་ཀྱིས་སོ། །རོ་ཞེས་པ་ནམ་མཁའི་ཁམས་ཀྱི་མིང་ངོ་། །རོ་ཆེན་པོ་ཞེས་པ་ཡེ་ཤེས་ཀྱི་ཁམས་ཀྱི་མིང་ངོ་། །འདི་རྣམས་ལ་གཙོ་བོའི་དབང་དུ་བྱས་ན་ཁུ་བ་ལས་བྱུང་བ་གསུམ་དང་། བྱུང་བ་མ་ཡིན་པ་གསུམ་སྟེ། ཆུ་རླུང་རོའི་ཁམས་གསུམ་པོ་འདི་དག་ཁུ་བ་ལས་བྱུང་བའོ། །ལྷག་མ་གསུམ་ཁུ་བ་ལས་གཙོ་བོར་བྱུང་བ་མ་ཡིན་པའོ། །དེ་བཞིན་རྡུལ་ལས་བྱུང་བ་གསུམ་དང་བྱུང་བ་མ་ཡིན་པ་གསུམ་སྟེ། ས་མེ་རོ་ཆེན་པོའི་ཁམས་གསུམ་འདི་དག་རྡུལ་ལས་བྱུང་བའོ། །ལྷག་མ་གསུམ་དེ་ལས་བྱུང་བ་མིན་པར་ཤུགས་ཀྱིས་ཤེས་སོ། །དེ་ལྟར་གཙོ་བོ་རང་རང་ལས་མ་བྱུང་བའི་ཁམས་ལྷག་མ་གསུམ་ནི་ཁུ་བ་དང་རྡུལ་ཕན་ཚུན་འདུས་པའི་རྐྱེན་ལས་ཕལ་པའི་རྒྱུ་ལས་བྱུང་བའོ། །དེ་ལྟར་ན་རེ་རེའང་ཁམས་དྲུག་གི་ཆ་ཤས་སུ་འགྱུར་རོ། །དེ་ལྟར་ཟླ་བ་དང་ཉི་མ་དག་གི་ཉེར་ལེན་ལས་བྱུང་བའི་ཁམས་གསུམ་པོ་རྣམས་ནི་རིམ་པ་བཞིན་མངལ་སྐྱེས་རྣམས་ཀྱི་ལུས་དང་ངག་དང་སེམས་སུ་འགྱུར་ཏེ། ཟླ་བའི་ཁམས་ཆུ་རླུང་ནམ་མཁའ་གསུམ་པོ་རྣམས་ཐབས་ཀྱི་ལུས་ངག་སེམས་དང་ཉི་མའི་ས་མེ་ཡེ་ཤེས་ཀྱི་ཁམས་རྣམས་ཤེས་རབ་ཀྱི་ལུས་ངག་སེམས་ཏེ། དེ་ལྟར་ཁུ་བ་དང་རྡུལ་ལས་བྱུང་བའི་ཕྱིར་ནའོ། །དེའི་ཕྱིར་ས་ཆུ་ཟུང་འཇུག་ལུས། མེ་རླུང་ངག །མཁའ་སེམས་ཟུང་འཇུག་ཐུགས་ཏེ་གཉུག་མའི་སྒོ་གསུམ་མམ། རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་འབྱུང་ལྔ་སེམས་དང་བཅས་པའི་དངས་མའི་ཐིག་ལེ་མི་ཤིགས་པ་རྒྱུད་གཞན་ལས་གསུངས་པའང་གནད་འདི་ལས་སོ། །དེ་ལྟར་ཁམས་དྲུག་པོ་


MR17_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་དབང་པོ་དྲུག་ལ་སོགས་པའི་དབྱེ་བས་རིགས་དྲུག་སྟེ་དྲུག་ཚན་དྲུག་ཏུ་འགྱུར་རོ། །དེ་བཞིན་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ནི་ངོ་བོ་ཉིད་ཀྱི་རིགས་དང་བཅས་པས་རིགས་བཞིར་འགྱུར་རོ། །དེའི་དབང་གིས་དག་པའི་སྐབས་སུའང་སྐུ་གསུམ་ཡང་སྐུ་བཞིར་འགྱུར་རོ། །སྒྲིབ་བཅས་ལ་ལུས་ངག་སེམས་སམ་སད་རྨི་གཉིད་འཐུག་གི་གནས་སྐབས་གསུམ་དང་ཡེ་ཤེས་བཞི་པའི་དབང་གིས་གནས་སྐབས་བཞིར་འགྱུར་རོ། །ཁམས་ལྔའི་མི་བསྐྱོད་པ་ལ་སོགས་པའི་རིགས་ནི་ཡེ་ཤེས་ཀྱི་རིགས་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ཕུང་པོ་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །ཇི་ལྟར་ན་བུ་མོ་ལོ་བཅུ་གཉིས་པ་ན་རྡུལ་འབབ་པ་དང་། སྐྱེས་པ་ལོ་བཅུ་དྲུག་པ་ལ་ཁུ་བ་འཕོ་བ་སྟེ། བུ་མོ་དང་སྐྱེས་པ་ལ་རྡུལ་དང་ཁུ་བ་འབབ་པའི་དུས་ཇི་སྲིད་པ་དེའི་སྔོན་དུ་སྒོ་གསུམ་གྱི་རིགས་གསུམ་མམ། ཕུང་པོ་ལྔའི་རིགས་ལྔར་རིག་པར་བྱའོ། །ཁུ་རྡུལ་འབབ་པ་ཡེ་ཤེས་ཀྱི་ཁམས་བྱུང་བའི་དུས་ནས་ཇི་སྲིད་འཆི་བའི་བར་དུ་གཉིས་ཀ་ལ་ཡེ་ཤེས་ཀྱི་རིགས་བསྣན་ཏེ་རིགས་བཞི་དང་རིགས་དྲུག་གོ། དེ་ལྟར་ཡང་རྩ་བའི་རྒྱུད་ལས། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་གསུངས་ཏེ། གཉིས་མེད་ལྷན་སྐྱེས་ཀྱི་ཡེ་ཤེས་རིགས་གཅིག་དང་། དེ་ལས་ལུས་ངག་ཡིད་ཀྱི་རིགས་གསུམ་དང་། ཕུང་པོ་ལྔའི་རིགས་ལྔ་དང་། དེ་ལས་དབྱེ་བའི་རིགས་བརྒྱ་འབྱུང་ཞིང་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས་ཀྱི་བར་དུའོ། །དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་པ་ལྟར། སྟོང་ཆེན་ལྔ་དང་། ཐིག་སྟོང་དྲུག་གི་ཡི་གེ་ཨེ་བཾ་བཤད་


MR17_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་ཤིན་ཏུ་གལ་ཆེ་སྟེ། མཚོན་བྱེད་རྟགས་ཀྱི་ཨེ་ཝཾ་གྱིས། མཚོན་བྱ་དོན་གྱི་ཨེ་ཝཾ་ཐབས་ཤེས་ཟུང་འཇུག་རྟོགས་པར་བྱེད་ལ། ཐབས་ཤེས་གཉིས་སུ་དབྱེར་མེད་ཅིང་རིགས་མེད་པ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་དང་པོའི་སངས་རྒྱས་གསང་ཆེན་རིགས་གཅིག་ལས། རིགས་གསུམ་དང་རིགས་ལྔ་དང་རིགས་བརྒྱ་ནས་སྒྱུ་འཕྲུལ་དྲ་བའི་རིགས་ཀྱི་རྣམ་པར་འཕྲོ་བ་ཤེས་པར་བྱེད་པའི་ཕྱིར་རྒྱུད་ཀྱི་བཤད་བྱའི་སྙིང་པོ་ཉིད་དུ་ངེས་ལ། དེས་རྒྱུད་གཞན་མཐའ་དག་གི་ངེས་པའི་དོན་ཡང་གསལ་བར་ནུས་ཏེ་གསང་སྔགས་ཀྱི་བརྡ་ཁྱད་པར་ཅན་འདི་དག་གི་སྒོ་ནས་ཟབ་མོའི་རྒྱུད་དོན་བསྟན་པ་ཤེས་པར་བྱའོ། །དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་རྣམས་སུ་བརྗོད་བྱའི་དངོས་པོ་རྣམས་རང་རང་གི་ཡི་གེ་དང་སྦྱར་བ་འདི་ཤིན་ཏུ་དོན་ཆེ་བ་ཞིག་ཡིན་ཀྱང་བློ་དམན་དག་ལྷ་བསྒོམ་ན་ས་བོན་དགོས་ཀྱང་ཐམས་ཅད་ལ་ཡི་གེ་དང་སྦྱར་བ་མེད་ཀྱང་ཆོག་གོ་སྙམ་པས་གལ་ཆུང་དུ་བྱེད་པ་ནི་གནད་མ་གོ་བ་སྟེ། འདི་ལྟར་ཡི་གེ་ཨ་ཡི་གདངས་གཅིག་པུ། གནས་དང་བྱེད་པ་ལ་སོགས་པས་བསྐྱོད་པའི་དབྱངས་དང་གསལ་བྱེད་རྩ་བའི་ཡི་གེ་རྣམས་སུ་འགྱུར་ཞིང་། དེ་དག་ཕན་ཚུན་ཚོགས་པའི་མིང་དང་ཚིག་གིས་འཁོར་འདས་ཀྱི་ཆོས་ཀུན་མཚོན་པར་ནུས་པ་ནི་གསུང་རྡོ་རྗེ་འཕྲུལ་ཆེན་ཡི་གེའི་ཆོ་འཕྲུལ་རྨད་དུ་བྱུང་བ་ཡིན་ལ། རྗོད་བྱེད་སྲོག་ཆེན་པོ་ཨ་ཡིག་ལྷན་སྐྱེས་དག་པའི་རིགས་ལས་བྱུང་བའི་ཡི་གེའི་ཚོགས་རྣམས་ཀྱང་། ཐབས་ཤེས་གཉིས་ཀྱི་རིགས་དང་། རིགས་གསུམ་དང་བཞི་དང་ལྔ་ལ་སོགས་པའི་རྣམ་པར་གནས་ཤིང་། བརྗོད་བྱ་དོན་གྱི་ཆོས་སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་ཀྱང་། སྲོག་གི་རླུང་གི་བཞོན་པས་བསྐྱོད་པའི་རྣམ་པར་རྟོག་པ་སེམས་ཀྱི་དབང་ལས་བྱུང་ཞིང་། ཆོས་ཉིད་མི་རྟོག་འོད་གསལ་བའི་ཡེ་ཤེས་ཀྱི་དབྱིངས་སུ་དབྱེར་མེད་པའི་རིགས་གཅིག་དང་། ཐབས་ཤེས་ཀྱི་གཉིས་དང་།


MR17_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་རིགས་གསུམ་དང་བཞི་དང་ལྔ་དང་དྲུག་ལ་སོགས་པར་འགྱུར་རོ། །བརྗོད་བྱ་དོན་དང་རྗོད་བྱེད་ཡི་གེ་དེ་དག་ཇི་ལྟར་མེའི་ཚ་བ་དང་ཆུའི་གཤེར་བ་བཞིན་དུ་ཀུན་རྫོབ་ཏུ་རང་རང་གི་ཆོས་ཉིད་དམ་རང་བཞིན་གྱི་ཡོན་ཏན་གྱི་དབང་གིས་སོ་སོའི་རིགས་སུ་གནས་པའི་ཕྱིར། བརྗོད་བྱའི་དོན་གྱི་དངོས་པོ་ཐམས་ཅད་ཀྱང་རྗོད་བྱེད་ཡི་གེ་དང་འབྲེལ་ཞིང་ཡི་གེ་ལས་བྱུང་བ་ཡི་གེའི་རྩ་བ་ཅན་ཡིན་པས། དེ་དག་རང་རང་གི་ཡི་གེ་བསྟན་པ་དེས། དེའི་བྱུང་ཁུངས་དང་རིགས་དང་ཁ་དོག་དང་ཡོན་ཏན་དང་བྱེད་ལས་སོགས་མཚོན་པར་ནུས་པའི་ཕྱིར་འདི་ལྟ་བུ་གསང་སྔགས་ཀྱི་བརྡའ་ཁྱད་པར་ཅན་དོན་ཆེན་པོ་ཡིན་ཏེ། ཇི་ལྟར་ལྷ་རྣམས་ཀྱི་ས་བོན་ནི། ལྷ་དེ་དག་བསྐྱེད་པའི་རྒྱུ་དང་། ཐུགས་སྲོག་ཡིན་ལ། དེ་བསྒོམ་ཞིང་བཟླས་པས་དངོས་གྲུབ་ཏུ་འགྱུར་བས། ལྷའི་སྲོག་དང་རྩ་བ་ནི་ཡི་གེར་བཤད་པ་དེ་བཞིན་དུ་དངོས་པོ་ཀུན་ལའང་ཡིན་ཏེ་དེ་དག་གི་སྲོག་དང་རྩ་བར་གྱུར་པ་ཡི་གེ་ཡིན་པར་ཤེས་པར་བྱ་ཞིང་། འོག་གི་སྐབས་རྣམས་སུའང་དེ་ལྟར་དྲན་པར་བྱ་སྟེ། ཕྲ་བའི་རླུང་སེམས་ཡི་གེས་མཚོན་ཅིང་དེ་ལས་དེ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འཕྲོས་དོན་དང་བཅས་ཏེ་ཡི་གེ་ལྔ་དང་དྲུག་གི་དོན་ཞུས་པ་བཤད་ཟིན་ཏོ། །དེ་ནས་ཇི་སྐད་བཤད་པའི་རྒྱུ་གཞི་དུས་ཀྱི་རིགས་དེ་དག་གི་རིགས་ཅན་ལྷ་རྣམས་བརྗོད་པ་ལ། དང་པོ་སྒྲིབ་བྲལ་དག་པ་དཀྱིལ་འཁོར་གྱི་འཁོར་ལོ་ལས་བརྩམ་སྟེ། སངས་རྒྱས་ཞེས་པ་ཡེ་ཤེས་དང་རྣམ་ཤེས་སོགས་ཕུང་པོ་དྲུག་སྒྲིབ་བྲལ་གྱི་རིགས་དྲུག་གི་སངས་རྒྱས་དྲུག་གོ། འོག་ཏུ་སྡུད་སྒྲ་ཡང་ཡིག་གི་ནུས་པས་འདིར་ཁམས་དྲུག་དང་དབང་པོ་དྲུག་དག་ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང་དེའི་བྱ་བ་དྲུག་རྣམ་པར་དག་པ། རིམ་བཞིན་རྡོར་དབྱིངས་ལ་སོགས་ཡུམ་དྲུག་དང་། བྱང་


MR17_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དྲུག་དང་། སེམས་མ་དྲུག་དང་། སྒོ་སྐྱོང་ཁྲོ་བོ་དྲུག་དང་། དེའི་ཡུམ་དྲུག་དང་བཅས་པ་རྣམས་བཟུང་ངོ་། །ལྷ་དང་ལྷ་མིན་ཡང་། ཞེས་པས་ལྷ་ནི་ཚིགས་བཅུ་གཉིས་དག་པའི་ལྷ་ཆེན་པོ་བཅུ་གཉིས་དང་ཐུན་བརྒྱད་དག་པའི་ཙཱརྩི་ཀ་ལ་སོགས་པ་བརྒྱད་འཁོར་དང་བཅས་པའོ། །ལྷ་མིན་ནི་ཀླུའི་རྒྱལ་པོ་རྣམས་དང་ལྷ་མོ་ཁྱི་གདོང་མ་སོགས་པ་ཡང་ངོ་། །དེ་བཞིན་དུ་མུ་སྟེགས་པ་གཞུག་པའི་ཕྱིར་དེ་ཉིད་ཉི་ཤུ་རྩ་ལྔ་དྲིས་པ་ནི། ཕྱི་རོལ་དུ་དང་ནང་རང་གི །ལུས་ལ་དང་གཞན་དག་པའི་དཀྱིལ་འཁོར་ལ་ཡང་སྟེ་ཞེས་པ་ཁྱད་པར་གྱི་ཆོས་ཀྱི་དབྱེ་བ་གསུམ་པོ་དེ་སྔོན་དུ་བརྗོད་ནས། ཁྱད་གཞི་གང་ལ་ཞེ་ན། དེ་ཉིད་ཉེར་ལྔ་དང་། ལུས་ཀྱི་ཚད་ལ་སོགས་པ་ཡང་ཕྱི་ནང་གཞན་གསུམ་ལ་སྦྱར་ཚུལ་ཞུས་པའོ།།དེ་ཉིད་ཉེར་ལྔ་གང་ཞེ་ན། ལོངས་སྤྱད་བྱ་རང་བཞིན་སོགས་ཉི་ཤུ་རྩ་བཞི་པོ་རྣམས་ལ། ལོངས་སྤྱོད་པ་པོའམ་ཟ་བ་པོ་སྐྱེས་བུ་དང་བཅས་པ་ཤེས་བྱ་དེ་ཉིད་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཇི་ལྟར་ཡིན་པ་ཡང་ཞུས་སོ། །དང་ཞེས་པ་ཚིག་འོག་མ་དང་སྡུད་པའི་སྒྲའོ། །དེ་ལ་མུ་སྟེགས་བྱེད་རྣམས་ཀྱི་འཇིག་རྟེན་ཐམས་ཅད་ཚངས་པ་སོགས་བྱེད་པ་པོས་བྱས་སོ་ཞེས་དང་བྱེད་པ་པོ་རྟག་གཅིག་རང་དབང་ཅན་དུ་བཤད་པ་དེ་ལྟ་བུ་ནི་མི་སྲིད་དེ་རིགས་པས་ཁེགས་པའི་ཕྱིར། སེམས་ཅན་རྣམས་ལྷན་སྐྱེས་འོད་གསལ་གྱི་ངང་ལས་གཡོ་བྱེད་ལས་ང་གི་ཆོ་འཕྲུལ་ལས་བྱུང་བ་སོགས་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་པོ། །འབྱུང་དང་སྡུད་པར་བྱེད་པ་མོ། །རང་ཉིད་བྱེད་པོ་དང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་རྒྱུད་གཞན་དུ་བསྟན་པ་དེ་ལྟར་དགོངས་པའི་དབང་གིས་གསུངས་པ་ཡོད་ལ། དོན་དམ་པར་དེ་ལྟར་བྱེད་པོ་འཕྲོག་པོ་རང་རྒྱུད་པར་འཛིན་པ་ནི་བརྫུན་པ་སྟེ། དོན་དམ་པར་བྱེད་པ་པོ་དང་འཕྲོག་པ་པོ་མེད་དོ། །མུ་སྟེགས་བྱེད་


MR17_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཡོངས་སུ་བརྟག་པའི་ཆོས་རང་བཞིན་དང་སྐྱེས་བུ་ལ་སོགས་པ་གཞན་ཡང་དེ་དག་གིས་དོན་དམ་པར་བརྟག་པ་ཡང་རྫུན་ནོ། །འདིར་མུ་སྟེགས་པ་རྣམས་ཀྱི་རང་བཞིན་ལ་སོགས་པ་ཉེར་བཞི་དང་སྐྱེས་བུ་དང་ཉེར་ལྔ་བཤད་དེ། རྩ་བའི་རང་བཞིན་ཡོན་ཏན་གསུམ་ཆ་མཉམ་པ་ནི་རྣམ་པར་འགྱུར་བ་མ་ཡིན་ཏེ། རྣམ་འགྱུར་གཞན་ཐམས་ཅད་ཀྱི་རྒྱུའོ་ཞེས་བཤད་པ་དེ་ནི་འདིར་སེམས་ཅན་རྣམས་ཀྱི་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ནམ་མཁའི་ཁམས་སོ། །རང་བཞིན་དེ་ལས་ཆེན་པོ་བདུན་བྱུང་ཞེས་པ་ནི་འདིར་ས་ཆུ་མེ་རླུང་ཡིད་དང་བློ་དང་ང་རྒྱལ་ཏེ། འདི་རྣམས་རྩ་བའི་རང་བཞིན་ལ་ལྟོས་ནས་རྣམ་འགྱུར་དང་། དེ་ཉིད་རྣམ་འགྱུར་ཕྱི་མ་བསྐྱེད་པའི་རང་བཞིན་ཡང་ཡིན་པས་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་ཞེས་སོ། །རྣམ་པ་བཅུ་དྲུག་ནི་རྣམ་པར་འགྱུར་བ་ཁོ་ན་སྟེ། དབང་པོ་ལྔ་དང་ཡུལ་ལྔ་དང་ལས་དབང་ལྔ་དང་མཆོག་གི་དབང་པོ་དང་བཅུ་དྲུག་ཡིན་ནོ། །དེ་ལྟར་རང་བཞིན་དང་རྣམ་འགྱུར་ཉེར་གསུམ་བཅས་ཉི་ཤུ་རྩ་བཞིའོ། །འདིར་སྐྱེས་བུ་ཞེས་པ་ཁྱབ་བྱེད་ཡིན་པའི་ཕྱིར་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་ཏེ་དེ་གཉིས་ཀྱི་ངོ་བོ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ཕྱི་རོལ་དུ་མཁའ་སོགས་འབྱུང་བའི་ཁམས་ལྔ་དང་། སྒྲ་གཅན་དང་ཉི་མ་ཟླ་བ་ཞེས་པ་ནི་རང་བཞིན་བརྒྱད་དེ་རྩ་བའི་རང་བཞིན་དང་ཆེན་པོ་བདུན་ནོ། །བཀྲ་ཤིས་ལ་སོགས་པའི་གཟའ་ལྔ་ནི། དབང་པོ་ལྔ་དང་། ཕྱི་རོལ་གྱི་དབང་པོའི་ཡུལ་ལྔ་དང་། ས་ལ་སོགས་པ་རྣམས་ཀྱི་རོ་དྲུག་ནི་རྣམ་འགྱུར་བཅུ་དྲུག་གོ། ཁ་ཅིག་སྟེ་ཟད་བྱེད་པ་ལྟར་ན་དབང་ལྔ་ཡུལ་ལྔ་སྟེ་བཅུ་དང་འཚོ་བའི་ལུས་དྲུག་སྟེ་ས་ཆུ་མེ་རླུང་ཤིང་དང་འབྲས་བུའི་ལུས་ཀྱི་སྲོག་དྲུག་བཅས་བཅུ་དྲུག་ཅེས་འདོད་དོ། །ལུས་ལ་སྣ་ཚོགས་པའི་ཚད་ཇི་ལྟར་ཡིན་པ་ཞུས་པ་ནི་ནང་གི་ལེའུར་བརྗོད་པར་བྱའོ། །


MR17_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་སྡུད་སྒྲའོ། །ཕྱི་རོལ་དུ་སྲིད་པ་གསུམ་གྱི་འཇིག་རྟེན་གྱི་བཀོད་པ་ཇི་ལྟར་ཡིན་པ་ཞུས་པ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་སོ་གཅིག་ལེའུ་དང་པོར་ཇི་ལྟར་བསྟན་པའི་དོན་དེ་ལྟ་བུ་ཞུས་པའོ། །ཕྱི་རོལ་གྱི་སྲིད་པ་གསུམ་ནི་ནང་དུ་མིའི་ལུས་ཀྱི་ལུས་ངག་ཡིད་གསུམ་གྱི་ཁམས་སོ། །གཞན་དུ་དཀྱིལ་འཁོར་གྱི་འཁོར་ལོར་དག་པ་ཉིད་སྒྲུབ་ཐབས་ཀྱི་ལེའུ་ལས་བསྟན་པ་བཞིན་ནོ། །ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང་ཞེས་པ། ལྷ་རྣམས་ཉིན་མོ་ལ་ལོངས་སྤྱོད་ཅིང་། ལྷ་མིན་རྣམས་མཚན་མོ་ལ་ལོངས་སྤྱོད་པ་ཡིན་པས་ཉིན་མཚན་གྱི་ཆུ་ཚོད་དང་། དེ་བཞིན་དུ་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་ནི་ནང་དུའོ། །དཀྱིལ་འཁོར་དང་ནི་དབང་སྟེ། ཞེས་པ་དཀྱིལ་འཁོར་ལ་གཉིས་ཏེ་འཇིག་རྟེན་ཀུན་རྫོབ་བདེན་པས་ཚོན་དང་ཐིག་གདབ་པས་རབ་ཏུ་ཕྱེ་བ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། དོན་དམ་པའི་བདེན་པས་ནམ་མཁའི་ཁམས་ལ་ཐིག་གདབ་པ་དང་ཚོན་དགྱེ་བ་སོགས་དང་བྲལ་བ། ཁ་དོག་དང་དབྱིབས་ཀྱི་རྣམ་པས་ཞལ་ཕྱག་སོགས་གཟུགས་ཀྱི་ལྷ་རྣམ་པར་རྟོག་པས་བསྒོམ་པའི་སེམས་དང་བྲལ་བ་རྣམ་པ་ཐམས་ཅད་པ་མེ་ལོང་གི་པྲ་ཕབ་པ་ལྟ་བུའི་དཀྱིལ་འཁོར་ཏེ། དེ་ལྟར་དཀྱིལ་འཁོར་དང་ནི། འཇིག་རྟེན་པའི་དབང་ཆུ་དང་ཅོད་པན་དང་དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང་མིང་དང་རྗེས་སུ་གནང་བ་བདུན་དང་། དེ་བཞིན་དུ་གོང་མ་ནི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཏེ། དེ་གསུམ་དང་བཅས་པའི་དབང་བཅུ་དང་། འཇིག་རྟེན་ལས་འདས་པའི་དབང་ནི་བཅུ་གཅིག་པ་སྟེ། ཞུ་བ་འདི་རྣམས་སུ་ཞིག་གིས་ལུང་སྟོན་པར་བྱེད་ཅེ་ན། སྐབས་གསུམ་པ་ཞེས་པ་ལྷའི་མིང་ཡིན་ཏེ། ལྷ་རྣམས་ལ་དང་པོར་སྐྱེ་བ་དང་བར་དུ་གནས་པ་ཐ་མར་འཆི་བའི་སྐབས་གསུམ་ཡོད་ཀྱི་རྟག་ཏུ་ལོ་ཉེར་ལྔའི་ན་ཚོད་དུ་གཞོན་པར་གནས་པའི་ཕྱིར་


MR17_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྒས་པའི་སྐབས་མེད་པས་དེ་ལྟར་བཏགས་པ་མངོན་བརྗོད་ཀྱི་བསྟན་བཅོས་ལས་སོ། །དེ་ལྟར་ལྷ་དང་མི་ཡི་བླ་མས། གང་ཞུས་པ་འདི་དག་རྣམས་ཡང་དག་པར་བཤད་དུ་གསོལ། ཞེས་ཞུས་པའོ། ༢ །དེ་ལྟར་ཞུས་པའི་དོན་མདོར་བསྡུས་ན་ཕྱི་ནང་གཞན་གསུམ་གྱི་བདག་ཉིད་ཅན་དུས་ཀྱི་འཁོར་ལོའི་རྒྱུད་ཞུས་པར་འདུ་སྟེ། ཕྱི་ནི་ཕྱི་རོལ་དུ་ཇི་ལྟར་སྣང་བ་འཇིག་རྟེན་གསུམ་གྱི་ཁམས་ཀྱི་བཀོད་པ་བསྟན་པ་ནི་ཕྱི་དུས་ཀྱི་འཁོར་ལོ་ཡིན་ལ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ནང་གི་ལུས་ཀྱི་ཁམས་ཀྱི་འདུ་འཕྲོད་ལས་སྣང་བའི་ཕྱིར་ནང་རྡོ་རྗེ་ལུས་ཀྱི་ཚད་དང་རྩ་རླུང་ཐིག་ལེའི་བཀོད་པ་བསྟན་པ་ནི་ནང་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། རྒྱུད་གཞན་ལས་ཀྱང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་ཤིང་། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སྒྲིབ་པ་དང་བཅས་པའི་ཕྱི་རོལ་དང་ནང་གི་རྣམ་པར་སྣང་བ་དེ་དག་སྒྲིབ་པ་དང་བྲལ་བའི་ཚེ་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ་ནི་གཞན་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། སྒྲིབ་པ་དང་བཅས་པའི་ཕྱི་དང་ནང་གི་སྣང་བ་རྣམས་ལས་གནས་གཞན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །གཞན་དུས་ཀྱི་འཁོར་ལོ་དེ་ལའང་། རྣམ་རྟོག་གི་སྤྲོས་པས་བསྒོམ་པ་བསྐྱེད་པའི་རིམ་པས་དཔའ་བོའི་རིམ་པ་ལྷ་དྲག་པོ་དང་། བདག་བྱིན་གྱིས་བརླབས་པའི་རིམ་པ་ལྷ་ཞི་བ་བསྒོམ་པ་རྣམས་ནི་དྲང་དོན་ཀུན་རྫོབ་ཀྱི་བདེན་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ཙམ་ལས་འཇིག་རྟེན་ལས་འདས་པ་རྣམ་གྲོལ་ཐར་པའི་ལམ་གྱི་དངོས་རྒྱུ་མ་ཡིན་ལ། ཤིན་ཏུ་རྣམ་པར་དག་པ་རྫོགས་པའི་རིམ་པས་དབྱིབས་སོགས་ཀྱི་སྤྲོས་མཚན་བྲལ་བ་རྣམ་པར་མི་རྟོག་པའི་ངང་ལས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྣམ་པ་ཐམས་ཅད་


MR17_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་པྲ་ཕབ་ལྟར་མཐོང་བ་ནི་དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོ་ཞེས་བྱ་བ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པ་ཡིན་ཏེ། འགྲེལ་ཆེན་གྱི་མདོར་བསྡུས་དང་པོར། །དཔའ་བོའི་རིམ་པ་བདག་བྱིན་བརླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་གསུངས་སོ། །སྐབས་འདིར་བསྐྱེད་རིམ་རྐྱང་པས་འཇིག་རྟེན་པའི་དངོས་གྲུབ་ལས་མཆོག་གི་དངོས་གྲུབ་མི་ཐོབ་པར་བསྟན་གྱི་ཐར་པའི་ལམ་གཏན་མིན་པར་རྣམ་པ་ཀུན་ཏུ་གོ་བར་མི་བྱ་སྟེ། བསྐྱེད་རིམ་ལྟ་ཅི་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་མཐོང་བ་དང་མཚན་གྱི་སྒྲ་ཐོས་པ་ཡང་ཐར་པའི་རྒྱུར་འགྱུར་པར་གསུངས་ལ། བསྐྱེད་རིམ་བསོད་ནམས་ཀྱི་ཚོགས་དང་། རྫོགས་རིམ་ཡེ་ཤེས་ཀྱི་ཚོགས་གཉིས་པོ་རྒྱུ་དང་འབྲས་བུར་གྱུར་པའང་ཡོད་པའི་ཕྱིར་རོ། །ཡང་འགྲེལ་ཆེན་ལས་གསུངས་པ་དེའི་ཕྱིར་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་དུ་དབང་བཞི་པ་ཤེས་རབ་ཡེ་ཤེས་རབ་ཏུ་གསལ་ཞིང་། ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཡང་རབ་ཏུ་གསལ་ཏེ་མ་སྦས་པའི་ཕྱིར་ན། རྡོ་རྗེ་སློབ་དཔོན་བརྒྱུད་པའི་རིམ་པའི་མན་ངག་ལས་འོང་ཞིང་ལྟོས་མི་དགོས་ཏེ་རྒྱུད་གཞན་ན་སྔགས་ཀྱི་ལྷ་དང་། ཕྱི་རོལ་གྱི་དངོས་གྲུབ་བསྒྲུབ་པའི་ཐབས་དང་། དཔའ་བོའི་རིམ་པ་དང་། རང་བྱིན་གྱིས་བརླབས་པའི་རིམ་པ་དངོས་སུ་བསྟན་གྱི་བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་བཞིན་ནོ། །འདུས་པ་ལ་སོགས་པའི་རྒྱུད་གཞན་དུ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ཙམ་ལས་བཞི་པའི་ཡེ་ཤེས་གསལ་བར་མ་བསྟན་ཏེ་རྡོ་རྗེའི་ཚིག་དེ་དག་ཏུ་སྦས་སོ། །དེ་ཡང་དང་པོའི་སངས་རྒྱས་ལས། ཕྱི་མའི་དུས་ཀྱི་རྣལ་འབྱོར་སྤྱོད་མང་དག །བརྐམ་ཞིང་རབ་ཏུ་མ་བསྡམ་འབྱུང་བར་འགྱུར། །སྡིག་ལ་རབ་དགའ་རྣལ་འབྱོར་


MR17_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ཆགས། །རྒྱུད་ཆེན་འདི་དང་བཞི་པ་འདི་སྤོང་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དེའི་ཕྱིར་འཕགས་པའི་ཡུལ་དུ་མ་འོངས་པའི་དུས་ན་སྔགས་ཀྱི་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ། ཕྱུག་པོ་རྫས་ཀྱིས་ཁེངས་པ་རྣམས་ལ་རྫས་ཀྱི་དོན་དུ་ཆོས་འཚོང་ཞིང་སྐལ་བ་དང་མི་ལྡན་པ་རྣམས་ལའང་འཇིག་རྟེན་ལས་འདས་པའི་དབང་སྟེར་བ་དང་། དང་པོར་རྒྱལ་པོ་ལ་སོགས་པའི་མངག་གཞུག་པ་ཐོས་བྲལ་རྣམས་ཀྱིས་རྒྱལ་པོ་བྲིད་ནས་ཐབས་དེས་ཕྱིས་རྒྱལ་པོའི་བླ་མར་གྱུར་པ་དང་། མི་དགེ་བཅུའི་ལས་ལམ་སྤངས་པའི་སེམས་ཅན་སྐལ་པ་དང་ལྡན་པར་གྱུར་པ་གཞན་རྣམས་ལ་རྫས་ཀྱིས་དམན་པར་གྱུར་ན་འཇིག་རྟེན་ལས་འདས་པའི་དབང་མི་སྟེར་ཞིང་དེ་དག་རྣམས་ལ་རེ་བ་བསད་པའི་ཉོན་མོངས་པ་སྐྱེད་པར་འགྱུར་བ་དང་། རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང་། གཞན་ཡང་རྡོ་རྗེའི་ཚིག་མི་ཤེས་པ་ཕན་ཚུན་རྩོད་པར་བྱེད་པར་འགྱུར་བ་དང་། མཁས་པ་མངོན་པའི་ང་རྒྱལ་གྱིས་རློམ་པ་ཅན་རྒྱུད་ཀྱི་དོན་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་འགྲེལ་བཤད་བྱེད་པར་འགྱུར་བ་དང་། བདུད་ཀྱི་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ནི་དབང་པོ་གཉིས་ལས་སྐྱེས་པའི་བདེ་བར་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་དང་། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་རྒྱུ་དང་འབྲས་བུ་དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས། གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་བར་འགྱུར་བ་དང་། འཕགས་ཡུལ་དུ་དབང་བསྐུར་མེད་པར། མཁས་པར་མངོན་པའི་ང་རྒྱལ་གྱིས་གླེགས་བམ་མཐོང་ནས་རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་


MR17_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་འཇུག་པ་གཟིགས་ནས། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཞན་ཐམས་ཅད་དུ་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་དེ། རྩ་རྒྱུད་དང་བསྡུས་རྒྱུད་རྣམས་སུ་བཞི་པ་ཤེས་རབ་ཡེ་ཤེས་རང་གི་ངོ་བོ་དང་། དེའི་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་འདི་ནི་ཤིན་ཏུ་སྦས་སོ། །གདུལ་བྱའི་བསམ་པའི་དབང་གིས་དུས་འཁོར་དང་མངོན་བརྗོད་འབུམ་པ་སོགས་རྩ་བའི་རྒྱུད་འགའ་ཞིག་ལ་མ་སྦས་པར་རབ་ཏུ་གསལ་བའང་ཡོད་དེ་དེ་དག་གི་བསྡུས་རྒྱུད་ལ་ཡང་དེ་བཞིན་ནོ། །རྣམ་པར་དག་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་འདི། མཆོག་གི་དང་པོའི་སངས་རྒྱས་ལས་རབ་ཏུ་གསལ་བར་གླེགས་བམ་དུ་བྲིས་ཏེ། ཆུ་བོ་ཤཱི་ཏའི་བྱང་དུ་སེམས་ཅན་སྐལ་པ་དང་ལྡན་པ་རྣམས་ཀྱི་སེམས་ཀྱི་ལྷག་པར་མོས་པ་མཁྱེན་ནས། བཅོམ་ལྡན་འདས་ཀྱིས་བསྟན་ཅིང་། ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་གླེགས་བམ་ལ་བྲིས་སོ། །མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་གྱུར་པ་གང་ཡིན་པ་དེས་ན། ཞེས་སོགས་གསུངས་པ་ལྟར་དེང་སང་སྙིགས་མའི་དུས་འདིར་ཡང་སངས་རྒྱས་ཀྱི་བཀའ་ལུང་ཚད་མ་འདི་ལྟ་བུ་ཡོད་བཞིན་དུ། གཉིས་སུ་མེད་པའི་ཡེ་ཤེས་དངོས་པོ་དང་དངོས་མེད་ཀྱི་མཐའ་གང་དུའང་མི་གནས་པའི་ཕྱིར་གཉིས་སུ་ཕྱེ་བའི་རིགས་མེད་པ་འདུས་མ་བྱས་ཆེན་པོ་སྐད་ཅིག་མའི་ཆོས་ལས་འདས་པའི་དུས་གསུམ་དུས་མེད་དུ་རྟག་པ་ཆེན་པོ་ཡིན་པ་ཁོང་དུ་མ་ཆུད་ནས་ཡེ་ཤེས་ཡིན་ཕན་ཆད་འདུས་བྱས་སྐད་ཅིག་མ་ལས་འོས་མེད་དོ་སྙམ་པ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟ་བུའི་སྣང་བ་ལ་དངོས་པོ་དང་མཚན་མ་ཅུང་ཟད་ཀྱང་མེད་པས་གཟུགས་སྟོང་


MR17_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་སོགས་སྟོང་ཉིད་བཞི་སྦྱོར་གྱི་དོན་རྣལ་འབྱོར་པ་ལ་མངོན་དུ་གྱུར་པའི་ཚུལ་ཁོང་དུ་མ་ཆུད་པར་ཁ་དོག་དང་དབྱིབས་སུ་སྣང་བ་ཞིག་ཡོད་ཕྱིན་ཆད་ཀུན་རྫོབ་འཁྲུལ་སྣང་ལས་འོས་མེད་དོ་སྙམ་པ་དང་། འདུས་བྱས་མི་རྟག་པ་གཡོ་བ་རྫུན་པའོ་སྙམ་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་རྒྱབ་ཀྱིས་ཕྱོགས་ཏེ་སྟོང་ཉིད་ཡིན་ན་དངོས་མེད་འབའ་ཞིག་ཡིན་དགོས་སྙམ་པ་དེའི་དབང་གིས་དངོས་དང་དངོས་མེད་རོ་གཅིག་ཏུ་གྱུར་པ། དངོས་པོའམ་དངོས་པོ་མེད་པ་སོགས་གཉིས་ཆོས་སུ་འབྱེད་པ་མེད་པ་འཇིག་རྟེན་ལས་འདས་པ་དབང་བཞི་པའི་ཟུང་འཇུག་ལྷན་ཅིག་སྐྱེས་པའི་དོན་ལ་མྱོང་བ་ལྟ་ཅི་གོ་བ་ཙམ་ཡང་མ་ཤར་བར། སྙོམས་འཇུག་གི་ཚོར་བ་དེ་ལ་དངོས་མེད་སྟོང་འཛིན་གྱི་རྟོག་པས་རྒྱས་འདེབས་པ་སྔགས་ཀྱི་ལྷན་སྐྱེས་བསྒོམ་པའི་དོན་ཡང་དག་ཏུ་འཆད་པ་སོགས་བྱུང་བ་ནི་རྒྱུད་དང་འགྲེལ་བ་ཆེན་པོ་འདི་དག་གིས་ཆེད་དུ་བཀག་པའི་ཕྱོགས་སྔར་སོང་མོད་ཀྱི་དུས་ཀྱི་དབང་གིས་སྐལ་དམན་རྣམས་ལ་དག་པ་ལས་མ་དག་པར་སྨྲ་བ་ངོ་སོ་མཐོ་བར་གྱུར་ནའང་། རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་གཟིགས་པ་དང་། ཆོས་ཉིད་ཀྱི་བདེན་པ་བསླུ་བ་མེད་པའི་སྟོབས་ཀྱིས་ཆེར་སྙིགས་ལྔ་བདོའི་དུས་འདིར་ཡང་རྡོ་རྗེ་ཐེག་པའི་རྣལ་འབྱོར་ཟབ་མོའི་དོན་ལེགས་པར་མཐོང་བ་གང་དག་གིས་ལམ་དང་ལམ་མིན་དེ་དག་ཚུལ་བཞིན་འབྱེད་པའི་བློ་གྲོས་ཀྱིས་རྒྱལ་བ་དང་རིགས་ལྡན་བརྒྱུད་པའི་ལམ་སྲོལ་ཕྱོགས་བཅུ་ཀུན་ཏུ་གསལ་བར་བྱེད་པར་མཛོད་ཅིག་ཅེས་ལེགས་པར་སྨོན་པའང་བྱས་སོ། །དེ་ལྟར་བརྗོད་པ་དེ་ནི་ཞེན་ལྟས་བསྐྱེད་པའི་ཆགས་སྡང་གི་དབང་གིས་ངེས་པར་མ་ཡིན་ཏེ་རྒྱུད་ཟབ་མོའི་དོན་ཆུད་མི་ཟ་བའི་ཕྱིར་བརྗོད་པ་འདི་ལ་གལ་ཏེ་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པས་ལེགས་པར་བཤད་པ་ཉིད་དུ་གཟིགས་ན་བདེན་པ་དེས་ཚིག་འདི་ཐོས་ཤིང་མཐོང་བའི་ཚེ་ཕྱོགས་སུ་ཞེན་པ་ཅན་རྣམས་ལ་


MR17_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་བསམ་པ་མི་སྐྱེད་ཅིང་རིམ་གྱིས་ཡང་དག་པའི་ལམ་གྱི་སྣང་བ་ཐོབ་པར་གྱུར་ཅིག གོང་གི་ས་བཅད་གསུམ་པ་སྟོན་པ་པོའི་ལན་གྱི་ངོ་བོ་ཉིད་ཀྱིས་གནས་པ་སྟེ་གནས་པ་བདུན་པ་ནི། ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། རྒྱུད་སྟོན་པ་པོའི་ཞལ་ནས་ཀྱེ་ཟླ་བ་བཟང་པོ་ཁྱོད་ལ་བདག་མགུའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཁྱོད་ཀྱིས་དྲིས་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་འདི་ལྟ་བུ་ནི་འཇིག་རྟེན་པའི་བློ་གྲོས་རབ་དང་མཆོག་ཏུ་གྱུར་པ་རྒྱལ་ཆེན་རིས་བཞི་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་སོན་པའི་ལྷ་རྣམས་དང་། འཁོར་ལོས་སྒྱུར་བ་སོགས་མི་རྣམས་དང་། བདེན་བྲལ་ལ་སོགས་པ་སྲིན་པོ་རྣམས་དང་། གཞན་གྱིས་མི་ཐུབ་པ་ལ་སོགས་པ་ལྷ་མིན་རྣམས་དང་། མཐའ་ཡས་ལ་སོགས་པ་ཀླུ་རྣམས་དང་། ཀུན་དགའ་བོ་ལ་སོགས་པ་ཆགས་བྲལ་རྣམས་དང་། དྲང་སྲོང་མི་སྦྱིན་ལ་སོགས་ཐུབ་པ་མཆོག་གི་རིགས་སུ་གྱུར་པ་རྣམས་དག་གིས་ཤེས་པ་མིན་པས་སོ། དེ་ལྟར་དེ་དག་གིས་མི་ཤེས་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གང་ཞིག་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་ལ་སོགས་པ་འཛིན་མའི་མཐར་ཐུག་པའི་ཁམས་དྲུག་གི་རང་བཞིན་ནི། ཡེ་ཤེས་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་འཛིན་མའམ་སའི་ཁམས་དྲུག་སྟེ། དེ་ཡང་ནམ་མཁའ་སོགས་ཁམས་ལྔ་ནི་ཁྱབ་བྱ་དང་ཡེ་ཤེས་ཀྱི་ཁམས་ནི་ཁྱབ་བྱེད་དོ། །དེ་ལྟར་ཁྱབ་བྱ་དང་ཁྱབ་བྱེད་དུ་འབྲེལ་བའི་རྣལ་འབྱོར་དེ་དག་དང་། ཚིག་གི་བགྲོད་པ་ཞེས་ཚིག་ནི་དབྱངས་གསལ་གཉིས་ཡིན་ལ་དེའི་བགྲོད་པའམ་གནས་ནི་མགྲིན་རྐན་སྤྱི་བོ་མཆུ་དང་སོའི་གནས་རྣམས་ཏེ་དེ་ལྟར་གནས་དེ་རྣམས་ལས་བྱུང་བའི་དབྱངས་དང་གསལ་བྱེད་རྣམས་བརྗོད་པའོ། །བགྲོད་པ་དེ་དང་བཅས་པ་ནི་སྔགས་ཀྱི་བརྡས་བརྗོད་བྱའི་དོན་མཐའ་དག་རབ་ཏུ་བརྗོད་པའོ། །སྔགས་ཀྱི་བརྡའ་ནི་རྣམ་པ་གཉིས་ཏེ་དང་པོ་སྔགས་


MR17_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བརྡ་ཞེས་པ་འཇིག་རྟེན་ན་ཚིག་ཏུ་བརྗོད་པ་ཨོཾ་ཨཱཿཧཱུྃ་ལ་སོགས་པ་སྔགས་ཀྱི་མིང་ངོ་། །དེ་ཁོ་ན་ཉིད་ཀྱི་བརྡ་ནི་དམ་པའི་དོན་ཅན་ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། ཞེས་པ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པའི་བར་གྱིས་གསུངས་པ་དང་། །གསང་སྔགས་སྐྱེ་གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་པ་གོང་དུ་བསྟན་པ་བཞིན་ནོ། །འདིར་ཨ་ཀྵ་ར་ཡི་སྒྲ་འགྱུར་མེད་དང་ཡི་གེ་གང་དུ་ཡང་བསྒྱུར་རུང་ངོ་། །གཞན་ཡང་སྔགས་ཀྱི་ཐེག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ལྟར་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་གཞོམ་དུ་མེད་ཅིང་བརྗོད་དུ་མེད་པ་སྟེ། བརྗོད་དུ་མེད་པའི་དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅན་ནོ་ཞེས་སོ། །ནམ་མཁའི་ཁམས་ལ་སོགས་པའི་སྔགས་ཀྱི་བརྡ་རབ་ཏུ་བརྗོད་པའི་མཚན་ཉིད་ཅན་མགྲིན་པ་ལ་སོགས་པ་ནས་བརྗོད་པའི་ཆོས་ཅན་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཨ་ཀུ་ཧ་རྣམ་བཅད་རྣམས་མགྲིན་པ་ལས་སོ། །ཞེས་སོགས་འོག་ཏུ་འཆད་འགྱུར་བཞིན་ནོ། །དེ་བཞིན་གནས་གཉིས་པ་དང་གསུམ་པ་དང་བཞི་པ་དང་གནས་ལྔ་པའི་སྔགས་ཏེ་བརྩེགས་པའི་ཡི་གེ་རྣམས་ཀྱང་ངོ་། །འདི་ལྟར་བུམ་པ་སོགས་ཀྱི་མིང་གིས་མིང་ཅན་གྱི་དངོས་པོ་བུམ་པ་ལ་སོགས་པ་རྣམས་གོ་བར་བྱེད་པས་ན། ཚིག་གིས་བགྲོད་པ་ནི་ཚིག་གི་བརྗོད་དུ་རུང་བ་སྟེ་ཆོས་ཐམས་ཅད་དོ། །སྔགས་ཀྱི་བརྡས་འཇིག་རྟེན་པའི་དངོས་གྲུབ་དང་། དེ་ཁོ་ན་ཉིད་ཀྱི་བརྡ་ཚིག་ཏུ་བརྗོད་པ་སྤངས་པས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའོ། །


MR17_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་སྦྱོར་བ་འདི་མཐའ་དག་ནི་ནང་རྡོ་རྗེ་ལུས་ཀྱི་ནང་ངམ་དབུས་སུ་སྟེ་དེ་ལས་བྱུང་ཞིང་དེ་ལ་གནས་པའོ། །ཀུན་རྫོབ་དང་དོན་དམ་པའི་དཀྱིལ་འཁོར་དག་དང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་ནི་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་མེད་པའི་གནས་ཐོབ་པར་བྱ་བའི་སླད་དུ་བདག་གིས་བཤད་པར་བྱ་ཡིས་མི་ཡི་བདག་པོ་བཟང་པོ་ཁྱོད་ཉོན་ཅིག་ཅེས་སོ། ༣ །དེ་ཡན་ཆད་ཀྱི་གླེང་གཞི་རྒྱུད་སྟོན་པ་པོ་སོགས་དང་། གླེང་བསླང་བ་ཞུས་པ་ལན་དང་བཅས་སོང་ནས། ད་ནི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་ལུས་རྣམ་པར་བཞག་ལ་རྣམ་པ་ལྔ་སྟེ། ཕྱི་འཇིག་རྟེན་ཁམས་ཀྱི་བཀོད་པ། ནང་རྡོ་རྗེ་ལུས་ཀྱི་རྣམ་བཞག །སྨིན་བྱེད་ཀྱི་དབང་བསྐུར་བ། དཀྱིལ་འཁོར་འཁོར་ལོ་སྒྲུབ་པའི་ཐབས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྟན་པ་སྟེ་ལེའུ་ལྔ་ཡོད་པ་ལས། དང་པོ་རྡུལ་ཕྲ་རབ་སྔོན་དུ་འགྲོ་བ་ཅན་གྱི་འཇིག་རྟེན་ཇི་ལྟར་གྱུར་པ་བརྗོད་པ་ལ། འཇིག་རྟེན་གྱི་ཁམས་ཇི་ལྟར་འབྱུང་ཚུལ་བརྗོད་པ་དང་། དེ་ལྟར་བྱུང་བའི་འཇིག་རྟེན་ཁམས་དེའི་ཚད་ལ་སོགས་པ་བཤད་པ་གཉིས་ལས་དང་པོ་འདི་ལ། གནས་པ་བརྒྱད་པ་འཇིག་རྟེན་གྱི་ཁམས་དང་། གཟའ་དང་རྒྱུ་སྐར་དང་སེམས་ཅན་དང་སྔགས་དང་སྲོག་ལ་སོགས་པ་འབྱུང་བ་དང་སྡུད་པའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་གསུངས་ཏེ། དུས་ཀྱི་སྟོང་པ་རྣམས་ལས་ཞེས་སོགས་ཚིགས་བཅད་དྲུག་གིས་བསྟན་པ་ཡིན་ནའང་། འདི་ལ་ནང་གསེས་སུ་དབྱེ་ན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་དུས་ཀྱིས་སྟོང་པ་རྣམས་ལས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྔགས་ཀྱི་ཐེག་པ་ནི་ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལྟར་ཡིན་པས་ཐེག་པ་གསུམ་གྱི་དགོངས་དོན་ལ་མཁས་པར་བྱ་དགོས་ཀྱི་ཐེག་པ་གསུམ་གྱི་དགོངས་དོན་མི་


MR17_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་། སྔགས་ཀྱི་ཐེག་པ་ལས་གསུངས་པའི་སྲོག་གཅོད་པ་སོགས་ལྡེམ་པོར་དགོངས་པའི་དོན་མི་ཤེས་པ་ནི་སྔགས་ཀྱི་ལམ་ལས་ཉམས་པར་འགྱུར་པས་ཐེག་པ་གསུམ་ལས་དང་པོར་ཕྱི་དོན་འདོད་པ་བྱེ་བྲག་སྨྲ་བའི་གཞུང་གིས་འདོད་པ་ལྟར་རྡུལ་ཕྲ་རབ་འདུས་པའི་འཇིག་རྟེན་གྱི་ཁམས་ཇི་ལྟར་ཆགས་པའི་ཚུལ་ནི། གང་ཞིག་འཇིག་རྟེན་འབྱུང་བར་རྩོམ་པའི་དུས་ཀྱིས་སྔར་འཇིག་རྟེན་གྱི་ཁམས་སྟོང་ཞིང་ཞིག་སྟེ་དབང་པོའི་ཡུལ་མ་ཡིན་པ་རྡུལ་ཕྲ་རབ་ཀྱི་ངོ་བོས་གནས་པའི་ས་ཆུ་མེ་རླུང་ནམ་མཁའི་རྫས་སྒྲ་སོགས་ཀྱི་ཡོན་ཏན་ལྔ་ནས་གཅིག་གི་རང་བཞིན་ཅན་རྣམས་དང་། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། །སྟོང་པའི་རྡུལ་ཕྲ་རབ་དེ་དག་རྣམས་ལས་དང་པོར་རེ་ཤིག་འཇིག་རྟེན་འབྱུང་བའི་དུས་ཀྱི་དབང་གིས་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་འགྱུར་ལ་དེ་ལས་ཡང་ཞིང་གཡོ་བ་ཉིད་དུ་བགྲོད་པ་ནི་རླུང་ཞེས་བརྗོད་དོ། །དེ་བཞིན་མེའི་རྡུལ་ཕྲ་རབ་རྣམས་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་ལྡན་པའི་གློག་ནི་མེ་ཞེས་བརྗོད་དོ། །དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་འབྱར་བ་རླུང་དང་མེ་དང་ལྡན་པའི་ཆར་ནི་ཆུ་ཞེས་བརྗོད་དོ། །སའི་རྡུལ་ཕྲ་རབ་རྣམས་འདུས་ཤིང་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུ་སྟེ་འཇའ་ཚོན་དུ་སྣང་བ་ནི་ས་ཞེས་བརྗོད་དོ། །རོའམ་ནམ་མཁའི་རྡུལ་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ། དེ་ལྟར་སྟོང་པ་ལྔ་རྣམས་ལས་རླུང་དང་འབར་བྱེད་དེ་མེ་དང་ཆུ་དང་འཛིན་མ་སྟེ་འབྱུང་བ་བཞི་བྱུང་ངོ་། །དེ་ནས་ཡང་དག་པར་འཛིན་པ་དང་སྲུབ་པ་དང་དབྱིབས་སུ་བྱེད་པའི་རླུང་གི་མཐུ་ལས། འོག་གཞིའི་དཀྱིལ་འཁོར་བཞི་དང་། དེའི་སྟེང་དུ་གླིང་བདུན་དང་། རི་བོ་བདུན་དང་། རྒྱ་མཚོ་བདུན་དང་། རྒྱུ་སྐར་ཉེར་བདུན་དང་ནི་དེ་དང་འབྲེལ་བ་མཐའ་ཡས་པ་རྣམས་སོ། །དབྱིབས་ཟླུམ་པོའི་


MR17_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་གྱི་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་དང་། སྐར་མའི་བྱེ་བྲག་བཀྲ་ཤིས་ལ་སོགས་པ་གཟའ་ཡི་ཚོགས་དང་། དྲང་སྲོ༷ང་བདུན་གནས་པའི་སྐར་མ་སྨེ་བདུན་ཏེ། དྲང་སྲོང་བདུན་པོའི་མིང་རྟོག་གེ་འབར་བར། དབང་པོ་དང་། གསལ་བ་དང་སྡེ་ཅན་དང་། བདེན་ལྡན་དང་། གསེར་ཅན་དང་། ཕྱོགས་ཅན་དང་། ཤ་ཀུ་ན་ཞེས་བརྗོད་དོ་ཞེས་ཀྱང་ཟེར། རྒྱལ་ཆེན་བཞིའི་རིས་ལ་སོགས་པའི་ལྷ་དང་། གཞན་གྱིས་མི་ཐུབ་པ་སོགས་འབྱུང་པོ་རྣམས་དང་འབྱུང་པོའི་བྱེ་བྲག་ཡི་དྭགས་ལ་སོགས་པ་ཐམས་ཅད་དོ། །མཐའ་ཡས་ལ་སོགས་ཀླུ་ཡི་རིགས་རྣམས་དང་། དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་ཞེས། མཁའ་ལྡིང་སོགས་སྒོ་ང་ལས་སྐྱེས་པ་ནི་རླུང་གི་སྐྱེ་གནས་ཞེས་བྱའོ། །གླང་པོའི་དབང་པོ་སོགས་མངལ་ནས་སྐྱེས་པ་ནི་མེ་ཡི་སྐྱེ་གནས་སོ། །སྲིན་བུ་དང་ཕྱེ་ལེབ་གྲོག་སྦུར་སོགས་དྲོད་གཤེར་ལས་སྐྱེས་པ་ནི་ཆུའི་སྐྱེ་གནས་སོ། །ལྗོན་པ་སོགས་རྫུས་ཏེ་སྐྱེས་པ་ནི་སའི་སྐྱེ་གནས་སོ། །དེ་བཞིན་དུ་རྫུས་ཏེ་སྐྱེས་པ་ཆེན་པོ་ལྷ་ལ་སོགས་པ་ནི་རོ་སྟེ་ནམ་མཁའི་སྐྱེ་གནས་སོ། །སྐབས་འདིར་འགྲེལ་ཆེན་དུ་ལྗོན་པ་སོགས་རྫུས་ཏེ་སྐྱེས་པ་སའི་སྐྱེ་གནས་སོ་ཞེས་གསུངས་པ་འདིར་ཤིང་ལྗོན་པ་ནི་རྣམ་པ་ཀུན་ཏུ་མ་ཡིན་ཏེ། ཤིང་དུད་འགྲོ་སྐྱེ་གནས་བཞིའི་ནང་དུ་མི་གཏོགས་ཏེ་སེམས་ཅན་མ་ཡིན་པའི་ཕྱིར་དང་། རྫུས་སྐྱེས་སོགས་སྐྱེ་གནས་བཞི་ནི་སེམས་ཅན་གྱི་སྐྱེ་གནས་སུ་བཤད་པ་ཡིན་གྱི་བརྟན་པ་ཤིང་སོགས་ལ་དེ་འདྲའི་སྐྱེ་གནས་བཤད་དོན་མེད་ཅིང་། ཤིང་ལས་རིམ་གྱིས་སྐྱེ་བ་རྫུས་སྐྱེས་ག་ལ་ཡིན། དེའི་ཕྱིར་འདིའི་དོན་སྔར་གྱི་དུས་འཁོར་པ་ཁ་ཅིག་གིས། བརྟན་པའི་རྫུས་སྐྱེས་ཤིང་སོགས་ཡིན་པར་སྐབས་འདིར་ཞར་ལ་གསུངས་པ་སྟེ། སྒྲུབ་ཐབས་ལེའུ་ལས། དེ་ལྟར་སའི་སྐྱེ་བ་ནི་ཤིང་ལ་སོགས་པ་བརྟན་པ་རྣམས་སོ། །ཞེས་གསུངས་པ་དང་དོན་འདྲ་སྙམ་དུ་ཤིང་དངོས་ལ་འཆད་དོ། །ཁ་ཅིག་གིས་མིའམ་


MR17_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྗོན་པ་རྟ་མགོ་ཅན་ཡིན་ཟེར་བ་དང་། འགའ་ཞིག་གིས་ཤིང་སྡོང་པོ་སྲིན་སོགས་ཀྱིས་ཟོས་པ་ན་ཉི་ཙེ་བའི་དམྱལ་བ་གང་གིས་རང་གི་ལུས་ཤིང་དེར་སྣང་ནས་སྡུག་བསྔལ་མྱོང་བར་མདོ་ལས་གསུངས་པ་ལྟ་བུ་ཡིན་ཟེར་བ་སོགས་སྣ་ཚོགས་བྱུང་སྟེ་དེ་རྣམས་དེ་ཙམ་ལས་གཞན་ཅི་ཟེར་མ་བྱུང་བའོ། །སྒྲུབ་ཐབས་ལེའུར་གསུངས་པའི་དོན་ཤིང་སོགས་བརྟན་པ་ཕལ་ཆེར་ས་ལས་སྐྱེ་བ་ཡིན་པར་གསུངས་ཀྱང་སའི་རྫུས་སྐྱེས་ཞེས་གསུངས་པ་མེད་པས་ཕན་ཚུན་ཤན་མ་ཕྱེད་པའི་ནོར་བ་ཆེན་པོའོ། །མིའམ་ཅི་རྟ་མགོ་ཅན་རྣམས་རྟའི་མགོ་ཡོད་པ་ཙམ་གྱིས་དུད་འགྲོར་གཏོགས་ངེས་ཡིན་པར་མི་འགྱུར་ཏེ་རྒྱལ་པོ་བཞིའི་རིས་སུ་གཏོགས་པའི་ལྷ་ཡི་རིགས་ཡིན་ལ། ཉི་ཚེ་པའི་དམྱལ་བ་ནི་ཤིང་གི་ངོ་བོར་སྐྱེས་པ་མ་ཡིན་གྱི་ལས་སྣང་གིས་དེར་སྣང་བ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་པས་དུད་འགྲོ་རྫུས་སྐྱེས་ཀྱི་དོན་མེད་དེ་དམྱལ་བའི་འགྲོ་བར་བསྡུ་དགོས་སོ། །ཡང་འགའ་ཞིག་གིས་འདི་ཐད་ཙ་མིའི་འགྱུར་ལས་ཤིག་ལ་སོགས་པ་རྫུས་ཏེ་སྐྱེས་པ་རྣམས་ནི་དུད་འགྲོ་ས་ཡི་སྐྱེ་གནས་ཅན་ནོ། །ཞེས་འབྱུང་ཞིང་ལྗོན་ཤིང་གི་མིང་མེད་ལ། ཤུད་ཀེ་གྲགས་པ་རྒྱལ་མཚན་གྱི་འགྱུར་ལས་ཀྱང་དེ་དང་འདྲ་བར་འབྱུང་བས་ཤིག་ལ་ངོས་འཛིན་ཏེ། ཤིག་ལ་སྐྱེ་གནས་བཞི་འདོད་པ་ལྟར་ན་ཡང་ཤིག་རྫུས་སྐྱེས་རྣམས་སའི་སྐྱེ་གནས་སོ་ཞེས་བཤད་པས་ཆོག་གི་གསུངས་པ་ལྟར་ན་ཤིག་ལ་རྫུས་སྐྱེས་ཡོད་པ་འགལ་བ་མེད་མོད། རྒྱ་དཔེའི་འགྱུར་འདི་ལྟར་ན་ལྗོན་པ་སོགས་སུ་རྫུས་ཏེ་སྐྱེས་པའི་དུད་འགྲོ་རྣམས་ནི་ས་ལས་སྐྱེ་བ་ཞེས་རྟེན་གནས་ཀྱི་སྒྲ་དངོས་སུ་མེད་ཀྱང་དུད་འགྲོའི་སྐྱེ་གནས་འཆད་པའི་སྐབས་དོན་གྱིས་གོ་བར་བྱས་ནའང་ལེགས་པར་སེམས་ཏེ། སྤྱིར་དུད་འགྲོ་ལ་རྫུས་སྐྱེས་དུ་མ་ཡོད་པ་ནི་ཡོངས་སུ་གྲགས་ལ། ལྕགས་གོང་མེ་འབར་བ་གཤག་པའི་བར་དུ་སེམས་ཅན་ཡོད་པར་མཐོང་བ་མཛོད་


MR17_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་སོགས་སུ་བཤད་པ་ལྟར་སེམས་ཅན་ལས་ཀྱི་སྣང་བས་རྡོ་དང་ཤིང་སོགས་བརྟན་པའི་ཁམས་གང་ལའང་དུད་འགྲོ་རྫུས་སྐྱེས་ཡོད་པ་རྣམས་ནི་སའི་ཁམས་ཀྱི་སྐྱེ་གནས་ཅན་དུ་བཤད་ལ། དེ་ལས་གཞན་པའི་རྫུས་སྐྱེས་ལྷ་སོགས་ནམ་མཁའི་ཁམས་ཀྱི་སྐྱེ་གནས་ཅན་དུ་བཤད་ཀྱང་འགལ་བ་མ་མཐོང་ལ། ཡང་ན་ལྗོན་པ་ཞེས་པ་དུད་འགྲོ་རྫུས་སྐྱེས་བྱེ་བྲག་པ་ཞིག་གི་མིང་ཡིན་ཚུལ་གྱི་ངེས་པ་ཡོད་ན་དེར་ཟད་ཀྱི། གཞན་དུ་ཤིང་དངོས་ལ་གོ་ན་ཅིར་ཡང་མི་རུང་ངོ་། །སྣ་ཚོགས་ས་དང་ཞེས་པ་ས་ཡང་ཡིན་ལ་སྣ་ཚོགས་ཀྱང་ཡིན་པས་སྣ་ཚོགས་ས་ལ་ནི། ནང་གི་གླིང་བདུན་གྱི་བདག་ཉིད་དང་། ཕྱི་རོལ་དུ་གླིང་དུམ་བུ་བཅུ་གཉིས་ཀྱི་རང་བཞིན་ནོ། །འགྲེལ་པར་ས་ཞེས་པ་ནི་ལུང་གི་ཚིག་གོ་ཞེས་པ་དེའི་སྐད་དོད་མ་ཧཱི་རིང་པོ་དགོས་ཀྱང་ཐུང་ངུ་བྱུང་བ་ལུང་འདི་ཡི་ཚིག་གོ་ཞེས་སོ། །ས་ཡི་འོག་ཏུ་ཀླུ་ཡི་སྲིད་པ་དང་། དམྱལ་བའི་སྲིད་པ་བདུན་ནོ། །དེ་ཡང་སྣ་ཚོགས་ས་ལ་མི་རྣམས་དང་ནི་སྣ་ཚོགས་སའི་འོག་ཏུ་དམྱལ་བ་ཡི་སྲིད་པ་ཡང་ངོ་། །དེ་ལྟར་སྟོང་པའི་དབུས་སུ་ཡང་དག་པར་འབྱུང་སྟེ། དཔེར་ན་ཆུ་ལ་ཉི་མའི་འོད་ཀྱི་སྦྱོར་བས་ཆུ་གཤེར་བ་ལས། ལན་ཚྭའི་ཁམས་ཀྱི་རྡུལ་ཕྲ་རབ་རྣམས་གཅིག་ཏུ་བསྡུས་ཏེ་ལན་ཚྭ་སྲ་བ་ཉིད་ཆགས་པ་ལྟར་བརྟན་པ་སྣོད་ཀྱི་འཇིག་རྟེན་རྣམས་འབྱུང་བ་ནི་དེ་ལྟ་བུ་ཡིན་པ་དང་ནི། ཁུ་བ་ཞུ་བའི་རྡུལ་ཕྲ་རབ་རྣམས་སྒོ་ངའི་དབུས་སུ། གདོང་དང་རྐང་པ་སོགས་ཀྱི་ཆ་ཤས་ཅན་གྱི་ལུས་སུ་སྨིན་པ་སྒོང་སྐྱེས་དེ་བཞིན་གཡོ་བ་སེམས་ཅན་རྣམས་ཀྱི་ལུས་འབྱུང་ཚུལ་རིག་པར་བྱའོ། །འཇིག་རྟེན་ཁམས་འདིའི་འབྱུང་ཚུལ་ནི་ལེའུ་ལྔ་པར་རྒྱས་པར་བརྗོད་པར་འགྱུར་རོ། ༤ །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། རྡོ་རྗེ་སྔགས་ཀྱི་ལུས་ཀྱིས་སྲིད་པ་རྣམ་བཅུ་འབྱུང་སྡུད་ཀྱི་ཚུལ་བསྟན་པ་དང་། གཞོམ་མེད་སྲོག་གི་ང་ལས་གཟའ་སོགས་སྲིད་པ་རིམ་པར་མཆེད་པའི་ཚུལ། ཐབས་


MR17_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དབྱངས་གསལ་གྱི་ཡི་གེས་དུས་དང་སྲིད་པ་སྤྲོ་བའི་ཚུལ་དང་གསུམ་ལས་དང་པོ། ལུས་དང་ཡེ་ཤེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྐུའམ་ལུས་ཞེས་པ་ནི་ཟླ་བ་སྒྲིབ་པ་དང་བྲལ་བ་དང་། ཡེ་ཤེས་ནི་ཉི་མ་སྒྲིབ་པ་དང་བྲལ་བའོ། །ནམ་མཁའ་ནི་མཁའ་ཁམས་སྒྲིབ་པ་དང་བྲལ་བ་དང་ནི་དེ་བཞིན་དུ་རླུང་དང་མེ་དང་ཆུ་དང་ས་དང་ཁམས་ལྔའི་བདག་ཉིད་བརྟན་པ་རི་རབ་དང་གཡོ་བ་ཁམས་དྲུག་གི་བདག་ཉིད་ཀྱི་གང་ཟག་གི་ཁམས་རྣམས་སྒྲིབ་པ་དང་བྲལ་བ་དང་། ལྷ་ནི་གང་ཞིག་མཐོང་བ་སྐྱེད་པ་མིན་པ་གཟུགས་མེད་པའི་སྲིད་པ་རྣམ་པར་ཤེས་པའི་ང་རྒྱལ་ཙམ་དང་ལྡན་པ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་བཞི་པོ་དག་དང་། དེ་ལྟར་ལུས་ལ་སོགས་པ་རྡོ་རྗེ་ཡེ་ཤེས་ཀྱི་སྲིད་པ་རྣམ་པར་བཅུར་དེ་བཞིན་གཤེགས་པས་གསུངས་པ་རྡོ་རྗེ་ཡི་ནི་ལུས་དག་ལས་སྔགས་ཀྱི་སྐྱེ་གནས་ཐིག་ལེ་ལ་སོགས་པ་དག་ནི་འབྱུང་བར་འགྱུར་ཞིང་། ཞེས་སྔགས་ཀྱི་སྐྱེ་གནས་འབྱུང་ཚུལ་ནི། ཟླ་བ་ལས་ཐིག་ལེ་དང་། ཉི་མ་ལས་རྣམ་བཅད། མཁའ་ལས་ཨ། རླུང་ལས་ཨི། མེ་ལས་རི། ཆུ་ཁམས་ལས་ཨུ། ས་ལས་ལྀ། བརྟན་པའི་ཁམས་ལས་མ། གཡོ་ཁམས་ལས་ཀྵ། གཟུགས་མེད་པའི་ཁམས་ལས་ཧ་ཡིག་སྟེ། འདི་རྣམས་གཡོན་སྐོར་གྱིས་ཏེ་མཇུག་ནས་ཡར་ཧ་ཀྵ་མ་ལྀ་ཨུ་རྀ་ཨི་ཨཿ འདི་ལྟར་བཀོད་ལ། གསལ་བྱེད་སྔ་མ་རྣམས་ཕྱི་མའི་སྟེང་དུ་འགྲོའོ། །ལྀ་ཡིག་ལ་སོགས་པ་རྣམས་ནི། བརྡ་སྤྲོད་པའི་གཞུང་ལས། ཨི་ཀ་ནི་ཨཙ྄་ལ་ཡ་ཎའོ། །ཞེས་པས་ཡ་ཎ྄་རུ་བསྒྱུར་བར་བྱ་སྟེ། ལྀ་ལ། ཨུ་ཝ། རྀ་ར། ཨི་ཡ་བསྒྱུར་པར་བྱས་ནས་ཕ་རོལ་གྱི་ཨ་ཡའི་སྲོག་ཏུ་གཞུག་ཅིང་། ཡི་གེ་རྣམས་བརྩེགས་པའི་སྟེང་དུ་ཐིག་ལེ་ཟླུམ་པོ་ལ་ཡེ་ཤེས་རྩེ་མོའི་རྣམ་པ་དང་། ཐིག་ལེའི་རྣམ་བཅད་ཟླ་ཕྱེད་ཀྱི་རྣམ་པར་བྱས་པས།


MR17_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་གྲུབ་པ། འདིར་ནི་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་བརྟན་གཡོ་མཐའ་དག་ཀྱང་འདུལ། ནང་དུ་རྡོ་རྗེ་ལུས་ཀྱི་ཚུལ་ཀྱང་འདིས་བསྡུས་ཏེ། ཕྱི་ལྟར་ན་ནམ་མཁའི་ཁམས་ལ། ཡ་ཡིག་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་ར་མེ། ཝ་ཆུ། ལ་ས་དཀྱིལ། མ་ལྷུན་པོ་ཡིན་ལ་དེའི་སྟེང་དུ་ཀྵ་ཡིག་པདྨའི་ཚུལ་གྱིས་གཡོ་བའི་སེམས་ཅན་གྱི་ཚོགས་སོ། །ཧ་ཡིག་གཟུགས་མེད་པའི་ཚོགས་སོ། །ཧ་ཡིག་ལ་རྣམ་བཅད་ཟླ་ཕྱེད་རྣམ་པ་ཉི་མ་དང་ཐིག་ལེ་ཟླ་བ། ནཱ་ད་རྡོ་རྗེའི་མཚན་མ་རྩེ་གཅིག་པ་སྒྲ་གཅན་དེ། ཕྲ་བའི་སྒོ་གསུམ་དང་ཁུ་རྡུལ་རླུང་གསུམ། སྣང་མཆེད་ཐོབ་གསུམ་སོགས་སྲིད་པ་ཐམས་ཅད་གང་ལས་བྱུང་བའི་གནས་མཚོན་ནོ། །ནང་ལྟར་ན། ལ་ཡིག་མན་ཆད་ཀྱི་ཡི་གེ་བཞི་ནི་ཆུ་སོ་མན་ཆད་དེ། ཡ་རྐང་མཐིལ་རླུང་། ར་རྗེ་ངར་མེ། ཝ་པུས་མོ་ཆུ། ལ་དཔྱི་ས་དཀྱིལ། མ་རྒལ་ཚིགས། ཀྵ་མགྲིན་པ་ནས་གཙུག་ཏོར་གྱི་བར་དང་། ཧ་དང་ཟླ་ཚེས་ཐིག་ལེ་གསུམ་ནི་དབུ་མ་རོ་རྐྱང་གསུམ་མོ། །འཁོར་ལོ་ལྔ་དང་སྦྱར་ན། ཡ་སོགས་བཞི་དཔྲལ་མགྲིན་སྙིང་ལྟེའི་འཁོར་ལོ། མ་ལྟེ་བ་ནས་གསང་བའི་བར། ཀྵ་གསང་བའི་པདྨ། ཧ་ཟླ་ཚེས་ཐིག་ལེ་གསུམ་ཐུར་སེལ་རྒྱུ་བའི་བཤང་གཅི་ཁུ་བའི་རྩ་གསུམ་མོ། །གཞན་ལྟར་ན་དཀྱིལ་འཁོར་གྱི་གཞལ་ཡས་ཁང་གི་དབང་དུ་བྱས་ན། སྲོག་གི་ཨ་ཆོས་འབྱུང་ནམ་མཁའི་ཁམས་སུ། །ཡ་ནས་རིམ་པར་འབྱུང་བཞི་རི་རབ་ཀྱི་སྟེང་དུ་ཀྵ་སྣ་ཚོགས་པདྨ་དང་། ཧ་དང་ཟླ་ཚེས་ཐིག་ལེ་གསུམ་ནི་ཟླ་ཉི་སྒྲ་གཅན་གྱི་གདན་ནོ། །བརྟེན་པ་ལྷའི་དབང་དུ་བྱས་ན་རྒྱལ་བ་རིགས་དྲུག་གི་ས་བོན་སོགས་སུ་འགྱུར་རོ། །དེ་ལྟར་རྡོ་རྗེའི་ལུས་རང་བཞིན་འོད་གསལ་གྱི་ངང་ནས་ཀུན་ཏུ་རྟོག་པ་སྐྱོད་བྱེད་ཀྱི་ལས་རླུང་ཕྲ་མོས་འཁོར་བར་གྲུབ་ཅིང་། ཀྱེ་མི་ཡི་བདག་པོ་ཞེས་བོས་ནས་སླར་


MR17_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད་པ་སྡུད་པའི་དུས་སུ་རྡོ་རྗེའི་ལུས་འདི་ཉིད་དུ་གྲོལ་བའམ་ཐིམ་པར་འགྱུར་ཏེ། དེ་ལྟར་སྲིད་པ་རྣམས་གང་ལས་འབྱུང་བ་དང་གང་དུ་ཐིམ་པའི་རྡོ་རྗེའི་ལུས་རྣམ་བཅུ་སྒྲིབ་བྲལ་དུ་གང་ཟག་གང་གིས་ཡང་དག་པར་རིག་པ་དེ་ནི་ཕྱུགས་མིན་ཞེས་ཕྱུགས་ཀྱི་སྒྲས་རྨོངས་པའམ་མི་ཤེས་པ་བརྗོད་པས་ན་རྨོངས་པ་མིན་ཞེས་སོ། །དེ་ལྟ་བུར་སྒྲིབ་བྲལ་རྡོ་རྗེའི་ལུས་རང་བཞིན་འོད་གསལ་བའི་དོན་མཐོང་བའི་སེམས་ཀྱིས་འདི་ལྟར་དཀྱིལ་འཁོར་དུ་བརྟག་པའི་ཀུན་ཏུ་རྟོག་པ་དག་ལས་གྲོལ་བ་ཡིན་ཏེ་རྣམ་པར་རྟོག་པ་དང་བྲལ་བ་འོད་གསལ་གཉུག་མ་སྔགས་ཀྱི་ལུས་དེ་ཁོ་ན་ཉིད་ཀྱི་དོན་ལ་མ་རྨོངས་པའི་ཕྱིར་རོ། །དེ་ལྟར་སྣང་སྲིད་ཐམས་ཅད་ཆོས་ཉིད་གནས་ལུགས་ཀྱི་དབང་དུ་བྱས་ན་རང་བཞིན་འོད་གསལ་གཉུག་མ་རྡོ་རྗེ་སྔགས་ཀྱི་སྐུར་ལྷུན་གྱིས་གྲུབ་པ་ཡིན་པ་ཤེས་པར་བྱའོ། །རྣམ་པ་བཅུ་པོ་མདོར་བསྡུས་པ་ནི། མཚན་བརྗོད་ལས། རྣམ་པ་བཅུ་པོ་དོན་བཅུའི་དོན། ཞེས་པ་ནས། མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཞོམ་མེད་སྲོག་གི་རླུང་ལས་གཟའ་སོགས་སྲིད་པ་རིམ་པར་མཆེད་པའི་ཚུལ་ནི། གཡོན་གྱི་ཡན་ལག་ཏུ་ནི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། སྔར་བསྟན་པའི་གཞོམ་མེད་ཀྱི་ཡི་གེའི་རང་བཞིན་དེ་ལས་སྲིད་པ་འབྱུང་ཚུལ་བསྟན་པ་ཡིན་ལ། གཞོམ་མེད་ལྔ་པོ་འདི་ལ་རྒྱུད་གཞན་དང་གཞན་དུ། མི་ཤིགས་པའི་ཐིག་ལེ་དང་། སྲོག་ཆེན་པོ་སོགས་ཀྱི་མིང་གིས་བསྟན་པ་དང་། འབྱུང་བའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ཞེས་དང་། དབུ་མའི་སྲོག་གི་རླུང་འོད་ཟེར་ལྔ་པ་སོགས་གནས་སྐབས་ཀྱི་དབང་གིས་མིང་སྣ་ཚོགས་སུ་བརྗོད་ཀྱང་དོན་ལ། རྩ་བའི་གཞི་དབུ་མའི་སྲོག་གི་རླུང་གདངས་ཁ་དོག་ལྔ་པའི་རྣམ་པའི་ཕྲ་མོའི་ཐིག་ལེ་ཡིན་པར་གནད་གཅིག་ཅིང་། གསང་བའི་འབྱུང་


MR17_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བ་རླུང་སེམས་ཕྲ་བའི་ཆ་འདི་ལས། ནང་གི་འབྱུང་བ་ས་སོགས་ཀྱི་ཁམས་དང་། དེའི་དབང་གིས་ཕྱི་རོལ་གྱི་འབྱུང་བ་ལྔ་དང་། དེ་ལས་བྱུང་བའི་གཟའ་སྐར་སོགས་སྣང་བ་རྣམས་འཆར་བར་ཤེས་པ་འདི་གསང་སྔགས་ཐབས་ཀྱི་ལམ་ཀུན་གྱི་གནད་གལ་པོ་ཆེ་ཡིན་ནོ། ༥ །སྔར་བཤད་པའི་དབུས་ཀྱི་གཞོམ་མེད་དང་པོ་འཁྱོགས་པོའི་ཕྱེད་ཀྱི་རྣམ་པ་གྲི་གུག་གི་མཚན་མའི་མིང་ཅན་གྱི་གཡོན་གྱི་ཡན་ལག་ཏུ་ནི་འགྱུར་མེད་བཞི་པ་ཐིག་ལེ་གཅིག་སྟེ། དེ་ཡང་དཀར་པོ་འབར་བ་ཞེས་པ་ཡེ་ཤེས་དཀར་པོའི་འོད་ཟེར་འབར་བ་སྟེ། ཆུ་ཁམས་སྒྲིབ་བྲལ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་ཉིད་འགྲོ་བའི་ལུས་ཀྱི་བདུད་རྩིའི་ཆ་སྟེ་ཁུ་བ་དང་ལྷན་ཅིག་པ་རྩ་རྐྱང་མ་བསྐྱེད་པའི་གཞི་དང་། དབུས་ཀྱི་གཞོམ་མེད་གྲི་གུག་གི་མཚན་མའི་མིང་ཅན་གྱི་གཡས་སུ་འགྱུར་མེད་གསུམ་པ་རྣམ་བཅད་ཀྱི་མཚན་མའི་མིང་ཅན་མེ་ཁམས་སྒྲིབ་བྲལ་མཉམ་ཉིད་ཡེ་ཤེས་ཀྱི་འོད་ཟེར་དམར་པོའི་མདོག་ཅན་རཀྟ་དང་ལྡན་པ་རོ་མའི་བསྐྱེད་གཞིའོ། །དེ་ལྟར་གཡོན་དང་གཡས་ཀྱི་ཡན་ལག་དེ་ལས་གཡོན་དུ་སྒྲ་གཅན་དང་། གཡས་སུ་དུས་མེ་གཉིས་ནམ་མཁའི་ཁམས་ཀྱི་རང་བཞིན་དང་། དེ་བཞིན་གཡོན་དང་གཡས་སུ་སྦྱར་ཏེ། ཟླ་བ་དང་ཉི་མ་ཟུང་ནི་རླུང་གི་རང་བཞིན། རི་བོང་ཅན་གྱི་བུ་ལྷག་པ་དང་། ས་སྐྱེས་ཏེ་མིག་དམར་ཟུང་ནི་མེའི་རང་བཞིན། དཀར་པོ་པ་སངས་དང་བླ་མ་ཕུར་བུ་ཟུང་ཆུ་ཡི་རང་བཞིན་དང་། དུ་བ་མཇུག་རིང་དང་། འགྲོ་འོང་དམན་པ་སྤེན་པ་ཟུང་ས་ཡི་རང་བཞིན། ཆར་པ་ཆུ་ཁམས་དང་གློག་མེ་ཁམས་ཟུང་དང་། ཆུ་དང་རྩེ་མོ་ཅན་མེ་དག་ཟུང་ཡིན་ཏེ། དབུས་ཀྱི་མཚན་མའི་བྱང་དང་ལྷོའི་འབར་བ་དཀར་དམར་གཉིས་ལས་བྱུང་བ་རྣམས་ནི་ཟུང་དུ་སྦྱར་བ་བདུན་པོ་འདི་དག་ཕྱི་རོལ་འཇིག་རྟེན་གྱི་ཁམས་ལ་ནི་གནས་པ་ཉིད་དེ། མུན་པ་མེད་པ་ཟུང་གཅིག་དག་ནི་


MR17_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་མུན་པ་དབུས་ཀྱི་གཞོམ་མེད་མ་ཡིན་པ། གཡོན་དང་གཡས་སུ་དཀར་པོ་དང་དམར་པོའི་ཡེ་ཤེས་ཀྱི་འོད་ཟེར་ཅན་ཟུང་གཅིག་པོ་དེ་དག་ནི། དབུས་ཀྱི་གཞོམ་མེད་གང་ཞིག །མུན་པའི་མིང་ཅན་དེའི་མཐའ་ལ་གནས་དེ་གཞོམ་མེད་ཀྱི་ཡན་ལག་ཡིན་གྱི་གཞན་མ་ཡིན་ཞེས་པའོ། །དབུས་ཀྱི་གཞོམ་མེད་ནི་རྣམ་པར་ཤེས་པ་སྒྲིབ་བྲལ་ཆོས་དབྱིངས་ཡེ་ཤེས་རྩ་ཨ་བ་དྷུ་ཏི། ཁུ་བ་འཕོ་བའི་རྩ་ཁམས་ལྔ་ཡི་རང་བཞིན་ཅན་ཏེ། དབུས་ཀྱི་སྟོང་པ་གཞོམ་མེད་ནི་ཡི་གེ་ཨའམ་གྲི་གུག་གི་མཚན་མའི་མིང་ཅན་ནོ། ༦ །དེ་ཡང་རྣམ་ཤེས་སྒྲིབ་བྲལ་དུ་གྱུར་ན་ཁམས་གཞན་སྒྲིབ་བྲལ་དུ་འགྱུར་བ་དང་། ཆོས་དབྱིངས་ཡེ་ཤེས་ཡེ་ཤེས་གཞན་བཞིའི་རང་བཞིན་ཡིན་པའི་ཕྱིར་དང་། དབུ་མ་དག་པས་རྩ་ཀུན་དག་ཅིང་། ཁུ་བ་མི་འཕོ་བས་ཁམས་གཞན་ཀྱང་མི་འཕོ་བ་དང་། ཕྱི་རོལ་དུ་སྒྲ་གཅན་སོགས་ཁམས་ལྔའི་རང་བཞིན་ཡིན་པའི་ཕྱིར་དང་། ཨ་སྔགས་ཐམས་ཅད་ཀྱི་སྲོག་ཡིན་པའི་ཕྱིར་དེ་ལྟར་བརྗོད་དོ། །དབུས་ཀྱི་གཞོམ་དུ་མེད་པའི་རྒྱབ་ཏུ་སྟེ་ནུབ་ཏུ་འགྱུར་མེད་ལྔ་པ་ཐོད་པའི་རྣམ་པའི་མཚན་མའི་མིང་ཅན་གཞོམ་དུ་མེད་པའོ། །དེ་ཡང་དབུས་ཀྱི་གཞོམ་མེད་དེའི་ཕྱི་རོལ་ཐོད་པའི་རྣམ་པ་དང་བཅས་པའི་ཡེ་ཤེས་ཀྱི་འོད་ཟེར་སེར་པོ་འབར་བ་ས་ཁམས་སྒྲིབ་བྲལ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་ཡང་ནི་གོང་བཞིན་དུ། ནང་དུ་བཤད་པའི་རྩ་དང་དྲི་ཆེན་གྱི་ཁམས་དང་། ཕྱི་རོལ་དུ་ཕྲ་མོ་དང་སྦོམ་པོའི་སྐར་མ་རྣམས་དང་། ལྷ་ཡི་གཞུ་ཞེས་པ་འཇའ་ཚོན་དང་ས་སྟེ་ས་ཁམས་ཕྲ་རགས་དེ་དག་བསྐྱེད་ལ། དེ་ལྟར་སེར་པོ་འབར་བ་དེ་ནི་དབྱེ་བ་རྣམ་པ་བཞི་རུ་འགྱུར་ཏེ། གང་གིས་ན། ས་རང་ཉིད་ལ་ས་དང་རྡོ་བའི་ཁམས་གཉིས་ཀྱི་དབྱེ་བ་བྱས་པ་དེ་དང་། སྐར་མ་དང་ལྷ་གཞུ་བཅས་རྣམ་པ་བཞིར་འགྱུར་བས་སོ། །ཞེས་བྱ་སྟེ་རྒྱུད་འགྲེལ་ལས་སེར་པོ་འབར་བ་དེ་


MR17_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་བཞི་ཞེས་འབྲུ་བརྣན་པའི་ཕྱིར་རོ། །ས་དེ་ནི་རྣམ་བཞི་སྟེ་ས་རྡོ་གཉིས་ལ་ཕྲ་རགས་ཕྱེ་བས་བཞི་ཞེས་བཤད་པའང་སྣང་ངོ་། །རྒྱབ་ཏུ་ས་ཟུང་བདུན་ནི། སྐར་མ་ཕྲ་སྦོམ་གཉིས། ལྷ་གཞུ། ས་ཕྲ་སྦོམ། རྡོ་ཕྲ་སྦོམ་བཅས་བདུན་ནོ། །དབུ་མར་གནས་པ་སྲོག་ཅེས་བྱ་བ་གཅིག་པུའི་རླུང་དེ་ནི་རྩ་བ་དང་ཡན་ལག་གི་རླུང་རྣམ་པ་བཅུར་འགྱུར་ཏེ། གང་ཞེ་ན་དབུ་མའི་ནང་གི་དབུས་སུ་གནས་པའི་གཞོམ་མེད་ཀྱི་སྤྱི༷་བོ་སྟེ་སྟེང་དང་། རྩ་བ་ཞེས་པ་འོག་དག་དང་། མདུན་ཤར་དུའོ་ཞེས་པ། དབུས་ཀྱི་གཞོམ་མེད་ཀྱི་སྟེང་དུ་ཐིག་ལེས་མཚོན་པ་དོན་དམ་མཁའ་ཁམས་སྒྲིབ་བྲལ་གྱི་འོད་ཟེར་ལྗང་གུ་ལས། དེ་ཉིད་ཀྱི་ཕྱི་རོལ་དུ་སྟོང་པའི་ས་བོན་ལས་བྱུང་བ་སྲོག་འཛིན་གྱི་ང་གནས་སོ། །དེའི་དབང་གིས་སྟེང་དུ་སྒྲ་གཅན་གྱི་རྩ་དབུ་མ་ཡེ་ཤེས་ཀྱི་རླུང་འབབ་པ་ཉིད་དུ་འགྱུར་རོ། །གཞོམ་མེད་ཀྱི་འོག་ཏུ་ཐིག་ལེས་མཚོན་པ་ཡེ་ཤེས་ཀྱི་ཁམས་སྒྲིབ་བྲལ་འོད་ཟེར་སྔོན་པོ་ལས། དེ་ཉིད་ཀྱི་ཕྱི་རོལ་དུ་ཡེ་ཤེས་ཀྱི་ས་བོན་ལས་བྱུང་བ་ཐུར་དུ་སེལ་བའི་ང་གནས་སོ། །དེ་ཡང་ནང་དུ་དབུ་མའི་མར་སྣ་དུང་ཅན་མ་ཁུ་བ་འབབ་པ་དུས་མེའི་རྩ་དང་། སྟེང་འོག་གི་དབུ་མ་སྟོང་པ་ནང་གི་དབྱིངས་ཀྱི་ཆ་ལས་ཕྱི་རོལ་དུ་ནམ་མཁའོ། །དབུས་ཀྱི་གཞོམ་མེད་ཀྱི་མདུན་ཏེ་ཤར་དུ་རླུང་ཁམས་སྒྲིབ་བྲལ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་འགྱུར་མེད་གཉིས་པ་དབྱུག་པའི་མཚན་མའི་མིང་ཅན་འོད་ཟེར་ནག་པོ་ཡོད་ཅིང་། དེའི་ཕྱི་རོལ་དུ་མཉམ་གནས་ཞེས་བྱ་བའི་རླུང་གནས་སོ། །དེའི་དབང་གིས་ནང་དུ་གཅི་བའི་རྩ་དང་ཕྱི་རོལ་དུ་འབྱུང་བ་རླུང་ངོ་། །དེ་ལ་མཉམ་གནས་ནི་སའི་ཁམས་སོ། །དེ་བཞིན་དུ་གྱེན་རྒྱུ་མེ། ཁྱབ་བྱེད་ཆུ་སྟེ་རྩ་བའི་རླུང་ལྔའོ། །ཡན་ལག་གི་རླུང་ལྔ་ནི། ཀླུ་ཞེས་པ་ས་ཁམས། རུས་སྦལ་རླུང་། རྩང་བ་མེ། ལྷ་སྦྱིན་ཆུ། ནོར་ལས་རྒྱལ་ས་སྟེ་ལྔའོ། །རླུང་བཅུ་པོ་འདི་དག་ལས་སྟེང་དང་འོག་ཏུ་སྟོང་པ་དང་ཡེ་ཤེས་


MR17_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁམས་སྲོག་ཐུར་ཟུང་གཅིག་ནི་མུན་པའི་མཐར་རོ། །ཤར་དང་ནུབ་སྟེ་མདུན་དང་རྒྱབ་ཏུ་ནི་རླུང་དང་ས་ཡི་ཟུང་བདུན་ནོ། །འོན་ཏེ་ནུབ་ཏུ་ས་བདུན་དང་ཤར་དུ་རླུང་བརྒྱད་ཡོད་པས་ས་རླུང་ཟུང་བདུན་དུ་མི་འགྱུར་རོ་ཞེ་ན། ནོར་ལས་རྒྱལ་བ་ནི་རླུང་བཅུའི་ནང་དུ་གཏོགས་ཀྱང་། སྐབས་འདིའི་ཐབས་ཤེས་ཟུང་བདུན་དུ་མི་གཏོགས་པའི་མ་ནིང་སྟེ་ལྕི་བ་སའི་ཡོན་ཏན་ཤས་ཆེ་བ་ཅན་ཤི་བའི་ལུས་ཡོངས་སུ་མི་གཏོང་བའི་ཕྱིར་དེ་མ་བགྲང་བ་ཡིན་ནོ། །ཕྱོགས་བཞིའི་ཟུང་བདུན་ལ་སོགས་པའི་སྔགས་ཀྱི་ཡི་གེ་ནི། གཡོན་དང་། གཡས་ཀྱི་སྒྲ་གཅན་དང་དུས་མེ་ལ་སོགས་པ་ཟུང་བདུན་པོ་རིམ་པས། ཨཾ་ཨཱཿ ཨུ་རྀ། ཨཱུ་རཱྀ། ཨོ་ཨར། ཨཽ་ཨཱར། ཝ་ར། ཝཱ་ར། ཞེས་པ་གཟའ་བདུན་སོགས་ཀྱི་ལྷག་པའི་ལྷའོ། །རྒྱབ་མདུན་གྱི་ས་རླུང་ཟུང་བདུན་གྱི་ས་བོན་ནི། ཨ་ཨཱ། ཨི་ལྀ། ཨི་ལཱྀ། ཨེ་ཨལ྄། ཨཻ་ཨཱལ྄། ཡ་ལ། ཡཱ་ལཱ། ཞེས་དང་། སྟེང་འོག་གི་སྲོག་ཐུར་གཉིས་ཀྱི་ས་བོན། ཧ་ཧཱ། ཟུང་བདུན་དུ་མ་བགྲང་བ་ནོར་ལས་རྒྱལ་གྱི་ས་བོན་ཀྵའོ། །འདི་རྣམས་ཕྱོགས་སུ་ཡོད་པ་མཚོན་བྱེད་དུ་བྲིན་སོ་སོའི་ས་བོན་ཡི་གེའམ་སོ་སོའི་ཁ་དོག་གི་ཐིག་ལེ་བྲི་བ་བླ་མ་སྔ་མའི་ཕྱག་སྲོལ་ལ་གདའོ། །དེ་ལྟར་ཕྱོགས་བཞིར་ཆུ་མེ་ས་རླུང་ཟུང་བདུན་སྟེ་ཉེར་བརྒྱད་པོ་འདི་ཞག་གཅིག་གི་ཐུན་མཚམས་ལ་བཞིར་དབྱེ་བས་གཟའ་བདུན་གྱི་ས་བོན་རྐང་པ་སྐྱེ་བའི་གནས་ཏེ་གཟའ་ཉི་མ་ལ་མཚན་ཕྱེད་ནས་ཤར་ནས་འཆར་བ་་ཨ། ལྷོར་འཆར་བ་ཨཿ ནུབ་ནས་ཨཱ། བྱང་ནས་ཨཾ། དེ་བཞིན་ཟླ་བར་ཨི་རྀ་ལྀ་ཨུ། བཀྲ་ཤིས་ཨཱི་རཱྀ་ལཱྀ་ཨཱུ། གཟའ་ལྷག་ཨེ་ཨར་ཨལ་ཨོ། ཕུར་བུ་ཨཻ་ཨཱར་ཨཱལ་ཨཽ། པ་སངས་ཡ་ར་ལ་ཝ། སྤེན་པར་ཡཱ་རཱ་ལཱ་ཝཱ་ཞེས་སོ། །དབུས་ཀྱི་རྡོ་རྗེའི་སྟེང་དུ་ཞེས་པ་ནི། སྟེང་འོག་ཕྱོགས་བཞིའི་དབུས་ཀྱི་སྟོང་ཆེན་ཡི་གེ་གྲི་གུག་གི་རྣམ་པ་རྟོག་པས་མི་ཕྱེད་པའི་རྡོ་རྗེའི་སྟེང་དུ་


MR17_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་བཞི་པ་གཡོན་ནམ་བྱང་དུ་གནས་པ་རྗེས་སུ་རླུང་རོ་ཐིག་ལེ་ནི་ས་བོན་ཞེས་བྱ་ལ། དེ་ནི་དབུས་ཀྱི་སྟེང་དུ་བཞག་པར་བྱ་སྟེ། རྣམ་ཤེས་དང་ཡེ་ཤེས། སྒྲིབ་བྲལ་དུ་གྱུར་པ་ལས། ཁུ་བ་སྟེང་དུ་ཡར་འགྲོ་བ་མཚོན་ནོ། །ས་བོན་ནམ་ཐིག་ལེ་དེའི་རང་གི་ནུས་པ་ཞེས་བྱ་བ་རྣམ་བཅད་དེ། དེའི་ཡོན་ཏན་ནི་མེ་ཁམས་སྒྲིབ་བྲལ་མཉམ་ཉིད་ཡེ་ཤེས་འོད་དམར་པོ་ཡིན་ལ། དེ་ཡི་ཚོགས་དང་བཅས་པའི་སྟོང་ཆེན་གསུམ་པ་ལྷོའི་ཚེག་དྲག་ནི་ཐིག་ལེའི་འོག་ཏུ་ཟླ་ཕྱེད་ཀྱི་རྣམ་པས་གནས་པ་སྟེ་ཁུ་བ་སྟེང་དུ་བརྟན་པར་གྱུར་པ་རང་གི་ནུས་པས་རྡུལ་འོག་ཏུ་འགྲོ་ཞིང་བརྟན་པ་མཚོན་ནོ། །རང་ནུས་ཞེས་པའི་ཚིག་འདིས་དངོས་སུ་མ་གསུངས་ཀྱང་དོན་གྱིས་ཐོབ་པས་དབུས་མ་གཞོམ་མེད་ཀྱི་ནུས་པ་ལས་བྱུང་བ། ཤར་དང་ནུབ་ཀྱི་དབྱུག་པ་དང་ཐོང་བའི་རྣམ་པ་གཉིས་ནི་གྲི་གུག་གི་རྣམ་པ་དེའི་འོག་ཏུ་རྐང་པ་དང་། སྟེང་དུ་མགོ་བོའི་ཡན་ལག་ཏུ་བཞག་པར་བྱ་སྟེ་རྣམ་པར་ཤེས་པ་སྒྲིབ་པ་དང་བྲལ་བར་གྱུར་ན་རླུང་དང་ས་དག་སྒྲིབ་པ་བྲལ་བ་མཚོན་ནོ། །དེ་ལྟར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྡོ་རྗེ་སེམས་དཔའི་ཡུལ་ལ་ཝཾ་ཡིག་སྟེ། རྡོ་རྗེ་ཡན་ལག་མེད་པའམ་ལུས་མེད་རྡོ་རྗེའི་སྒྲུབ་པ་ལ་ཧྃ་ཡིག་གོ། དེའི་ཕྱི་རོལ་དུ་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཝཾ་ཡིག་གི་ཕྱོགས་ལ་རྟེན་ཨེ་ཡིག་ཅེས་བརྗོད་ཅིང་། ཧྃ་གི་ཕྱོགས་ལ་སྐྱེ་གནས་ཀྵ་ཡིག་སྟེ་རྡོ་རྗེ་དང་པདྨ་ཡང་ངོ་། །རྡོ་རྗེ་ཡན་ལག་མེད་པ་ཞེས་གཙོ་བོ་དུས་འཁོར་གྱི་གསང་བའི་རྡོ་རྗེ་དང་། པདྨ་ནི་ཡུམ་གྱི་པདྨ་ལ་བཤད་པའང་སྣང་ཞིང་། ལྷ་ཡབ་ཡུམ་གྱི་མིང་དུ་བྱས་པའི་སྐབས་ཀྱང་ཡོད་ལ། གང་ལྟར་ཀྱང་ཡི་གེ་འདི་དག་གིས་ཐབས་ཤེས་མཚོན་པ་ཡིན་ལ། འབྲི་བའི་དུས་སུ་ཨེ་ཝཾ་ནི་ཕྱི་ནང་དང་། ཧཾ་ཀྵ་སྟེང་འོག་ཏུ་བྲི་བ་ཡིན་ནོ། །དེ་ལྟར་ན་ཕྱི་རོལ་གྱི་སྔགས་ཀྱི་ཡི་གེ་ཀུན་ཏུ་སྟེ་ཐམས་ཅད་ལ་ཡེ་ཤེས་ཞེས་གཞོམ་མེད་ཀྱི་སྟེང་གི་རྣམ་བཅད་ཀྱི་གཟུགས་འགྱུར་བ་ཟླ་ཕྱེད་ཀྱི་རྣམ་པ་དང་ནི་སྟོང་པ་ཐིག་ལེ་བཀོད་པར་བྱའོ། །ཞི་བ་


MR17_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབུས་ཀྱི་གཞོམ་མེད་དེ་ཡི་གེ་གཞན་གང་དང་གང་གི་ཡང་ཁོག་པའོ། །གནས་དང་བཅས་པ་ནི་ཤར་ནུབ་ཀྱི་མཚན་མ་རྐང་པ་དང་མགོ་བོར་བྱས་པའི་རླུང་དང་ས་དག་གོ། དེ་དག་ཀྱང་ཕྱི་རོལ་གྱི་ཡི་གེ་ཐམས་ཅད་ལ་རང་རང་གི་རྐང་པ་དང་མགོ་བོའོ། །དེ་ལྟར་ཞི་བ་གནས་དང་བཅས་པ་ནི་སྒྲིབ་པ་དང་བཅས་པའི་དངོས་པོ་ཀུན་གྱིས་རྣམ་པར་གྲོལ་བའོ། །མགོའི་སྟེང་དུ་ཆུ་ཞེས་ཟླ་བའི་ཆ་ཤས་ཟླ་ཕྱེད་དང་། ཆའི་སྟེང་དུ་ཐིག་ལེ་དང་། ཐིག་ལེའི་སྟེང་དུ་ནཱ་ད་གཞོམ་དུ་མེད་པ་བཅས་བརྗོད་པར་བྱའོ། །འདིའི་དོན་ཅན་སྔགས་ཀྱི་ཚིག་རྣམས་ནི། ཨེྂ་ཝྂ། ཀྵྂ་ཧྂ། ཨྂ་ཨྂཿ ཨྂ་ཨཱྂ། ཨིྂ་ཨིྂ། རྂ་རཱྂ། ལྂ་ལྂ། ཨུྂ་ཨཱུྂ། ཨེྂ་ཨེྂ། ཨྂར་ཨཱྂར། ཨྂ་ལ་ཨཱྂ་ལ། ཨྂ་ཨྂ ཽ ། ཧྂ་ཧཱྂ། ཡྂ་ཡཱྂ། རྂ་རཱྂ། ལྂ་ལཱྂ། ཝྂ་ཝཱྂ། ཀྵྂ། ཞེས་འདི་ལྟར་ཨེ་ཝཾ་དང་ཀྵ་ཧ་དང་། རྩ་བའི་དབྱངས་ཐུང་ངུ་དང་རིང་པོ་ཐབས་ཤེས་སུ་གྱུར་པའི་ས་བོན་དང་དེ་བཞིན་འཕེལ་བ་དང་ཡོན་ཏན་དུ་བསྒྱུར་བ་ལ་ཟླ་ཚེས་ཐིག་ལེ་ནཱ་དས་བརྒྱན་པ་འདི་བཞིན་ཡི་གེ་ཐམས་ཅད་ལའང་སོ་སོའི་མགོ་རྐང་དབུས་ཀྱི་ཆ་དང་སྟེང་དུ་ཟླ་ཚེས་ཐིག་ལེ་སྟེ་སྟོང་པ་ལྔ་དག་སྟེང་དུ་གཞོམ་མེད་ནཱ་ད་སྦྱར་བས་ཁྱབ་པར་བྱ་བ་སྔགས་ཀྱི་ཚིག་ཐམས་ཅད་ལ། སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་ཁྱབ་པར་བྱེད་པ་པོར་རིག་པར་བྱ་སྟེ། རྒྱུད་སྒྱུ་འཕྲུལ་དྲ་བ་ལས། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་དང་། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཅེས་གསུངས་པ་ལྟར་ཤིན་ཏུ་ཟབ་པའི་སྔགས་ཀྱི་བརྡ་ཁྱད་པར་ཅན་དོན་ཆེན་རྨད་དུ་བྱུང་བའོ། །རྨད་བྱུང་གསང་བ་དཔག་པར་དཀའ་བ་ཡི། །འཕྲུལ་ཆེན་ཡི་གེ་གསང་


MR17_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆོས་ཀྱི་བརྡ། །ཟབ་དོན་ཀུན་གྱི་གསང་བ་རབ་འབྱེད་པའི། །ངོ་མཚར་བསམ་མི་ཁྱབ་ལ་མཆོག་ཏུ་འདུད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ཐབས་ཤེས་དབྱངས་གསལ་གྱི་ཡི་གེས་དུས་དང་སྲིད་པ་སྤྲོ་བའི་ཚུལ་ནི། ཨ་སོགས་སུམ་ཅུའི་དབྱངས་གང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཡི་གེ་ཨ་ལ་སོགས་པ་སུམ་ཅུའི་དབྱངས་གང་ཞེ་ན། ཨ་ཨི་རྀ་ཨུ་ལྀ། རང་བྱུང་རྩ་བའི་དབྱངས་ཐུང་ངུ་ལྔ། ཨཱ་ཨཱི་རཱྀ་ཨཱུ་ལཱྀ། རིང་པོ་ལྔ། ཨ་ཨེ་ཨར྄་ཨོ་ཨལ྄། ཡོན་ཏན་ལྔ། ཨཱ་ཨཻ་ཨཱར྄་ཨཽ་ཨཱལ྄། འཕེལ་བ་ལྔ་དང་། ཨ་སོགས་ཡ་ཎ྄་དུ་བསྒྱུར་བ། ཧ་ཡ་ར་ཝ་ལར་ལྡན་པ་དང་བཅས་པ་སྟེ། ཨ་བསྒྱུར་བ་ཧ། ཨི་བསྒྱུར་བ་ཡ། དེ་བཞིན་རྀ་ར། ཨུ་ཝ། ལྀ་ལ་སྟེ། འདི་རྣམས་དབྱངས་བསྒྱུར་བའི་ཡི་གེ་ཡིན་པས་དབྱངས་ཀྱི་གྲངས་སུ་བགྲང་སྟེ། འདི་ལྔ་ལ་ཐུང་ངུ་དང་རིང་པོའི་དབྱེ་བ་བཅུར་ཡོད་པས་དེ་ལྟར་དབྱངས་སུམ་ཅུ་ཐམ་པའོ། །འདིར་ཨི་ཡར་བསྒྱུར་བ་སོགས་བཞི་ཀ་ཙན་སོགས་སྒྲ་གཞུང་རྣམས་ལ་ཡོངས་སུ་གྲགས་པ་ཡིན་ལ་ཨ་ཡིག་ཧར་བསྒྱུར་བ་འདི་ཀ་ཙན་སོགས་སུ་མ་གྲགས་ཀྱང་ཤམ་བྷ་ལའི་འཇམ་དཔལ་བརྡ་སྤྲོད་ཀྱི་ལུགས་ལ་ཡོད་དོ། །དབྱངས་དེ་དག་ཟླ་ཆ་འཕེལ་འགྲིབ་ཀྱི་རྒྱུ་ཉིད་དུ་ཟླ་བའི་ཆ་འཕེལ་འགྲིབ་བཅོ་ལྔ་ལ་འཆར་བ་དང་། དེ་བཞིན་དུ་ཉིན་མོར་བྱེད་པ་ཉི་མའི་དབང་གིས་བཞག་པ་དག་ཀྱང་། ཀ་ལ་སོགས་པའི་སྡེ་པའི་ཡི་གེ་རྣམས་དབྱངས་ཐུང་རིང་ཐིག་ལེ་རྣམ་བཅད་དང་བཅས་པ་དག་གིས་ཕྱེ་བ་རྣམས་ཉིན་ཞག་སྟོང་དྲུག་མེ་ཡི་ཚད་ཀྱིས་ཞེས་སུམ་བརྒྱ་དྲུག་ཅུ་ལ་སྤྱོད་པར་བྱེད་དོ། །འདིར་གསལ་བྱེད་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ཉྤ་ཥ་ཤ་ྈྐ་་སྟེ་དེ་ལྟར་གསལ་བྱེད་སུམ་ཅུར་འདོད་དེ། དབྱངས་


MR17_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་ཡི་གེ་དྲུག་ཅུ་པོ་འདི་ནི་རྒྱུད་འདིར་བསྟན་པ་རྩ་བའི་ཡི་གེའོ། །འདི་དག་གི་ཡི་གེའི་བསྡུ་བ་བརྗོད་པའི་ཕྱིར། ཨ་ཨི་རྀ་ཨུ་ལྀ་ཀ྄། ཨ་ཨེ་ཨ་ར་ཨོ་ཨལ་ཙ྄། ཧ་ཡ་ར་ཝ་ལཏ྄། ཅེས་དང་། ང་ཉ་ཎ་མ་ནན། གྷ་ཛྷ་ཌྷ་བྷ་དྷ་ངྷ྄། ག་ཛ་ཌ་པ་དད། ཁ་ཚ་ཋ་ཕ་ཐ་ཐ྄། ཀ་ཙ་ཊ་པ་ཏ་ཏ྄། ྈྐ་ཤ་ཥ་ཉྤ་ས་ས྄། ཞེས་པ་དང་པོ་དང་མཐའ་བཀླག་པ་ལས་བར་གྱི་ཡི་གེ་གང་ཡོད་བསྡུ་བ་སྟེ། དཔེར། ཨཀ྄། ཅེས་བརྗོད་ཚེ་དབྱངས་ཐུང་ངུ་ལྔ། བསྡུས་པ་དང་། ངན྄། ཞེས་པས་ང་ཉ་ཎ྄་མ་ན་ལྔ་བསྡུས་པ་དང་། ངས྄། ཞེས་པས་གསལ་བྱེད་ཐམས་ཅད་བསྡུས་པར་གོ་བར་བྱ་སྟེ། འདིའི་ཚུལ་གྱིས་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་བརྡ་སྤྲོད་པའི་སྒྲ་མདོ་ཤམ་བྷ་ལར་ཡོད་པར་གྲགས་སོ། །ད་ནི་གོང་དུ་བསྟན་པ་དབྱངས་གསལ་རྣམས་དུས་ལ་འཆང་ཚུལ་བརྗོད་པ། ཟླ་བ་འཕེལ་བ་དཀར་ཕྱོགས་ཀྱི་ཚེས་གཅིག་ནས་ལྔའི་བར་དབྱངས་ཐུང་ངུ་ལྔ་འཆར་ཏེ། ཚེས་གཅིག་ཨ། གཉིས་ལ་ཨི་ནས། ལྔ་ལ་ལྀའོ། །ཚེས་དྲུག་ནས་བཅུའི་བར་ཡོན་ཏན་ལྔ་སྟེ། ཨ་ཨེ་སོགས་སོ། །བཅུ་གཅིག་ནས་བཅོ་ལྔ་བར་ཧ་སོགས་ལྔའོ། །བཅུ་དྲུག་ནས་ལ་བ་ར་སོགས་གོང་གི་བཅོ་ལྔ་པོ་ལུགས་ལས་བཟློག་སྟེ་འཆར་ཞིང་། དཀར་ཕྱོགས་ལ་ཐུང་ངུ་དང་། ནག་ཕྱོགས་ཀྱི་ཡི་གེ་ཐམས་ཅད་རིང་པོ་ཡིན་ལ། དཀར་ཕྱོགས་ཀྱི་ཡི་གེ་ཐམས་ཅད་ལ་ཁུ་བ་དང་ཐབས་སྙིང་རྗེ་ཆེན་པོ་མཚོན་པ་ཟླ་བའི་ངོ་བོ་ཐིག་ལེས་བརྒྱན་པ་དང་། ནག་ཕྱོགས་ཀྱི་ཡི་གེ་ཐམས་ཅད་ལ་རྡུལ་དང་ཤེས་རབ་སྟོང་པ་མཚོན་པ་རྣམ་བཅད་ཀྱིས་བརྒྱན་པར་བྱའོ། །དགའ་བཟང་རྒྱལ་སྟོང་རྫོགས་པ་ཞེས་པའང་དབྱངས་བཞིན་དུ་ཕྱོགས་རེ་ལ་ལན་གསུམ་འཆར་ཞིང་དེ་དང་ལྷན་ཅིག་མཁའ་རླུང་མེ་ཆུ་ས་ཡི་ཁམས་ཀྱང་དེ་ལྟར་སྦྱར་རོ། །དེ་དག་མུན་པ་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བས་ཆུང་


MR17_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཆེན་པོར་འགྱུར་ཏེ། ཚེས་ལྔའི་བར་དུ་དགའ་བ་དང་མཁའ་སོགས་ཤར་བ་མུན་པ་བསལ་བ་ཆུང་ངུའི་ཚད་དོ། །དགའ་སོགས་ལན་གཉིས་པ་དྲུག་ནས་བཅུའི་བར་ལ་རྡུལ་གྱི་ཡོན་ཏན་དེ་སྔར་གྱི་མུན་པ་ཆུང་ངུ་བསལ་བའི་ཚད་སྐབས་འདིར་འབྲིང་པོར་འགྱུར་ཞིང་། རྡུལ་བསལ་བ་ཆུང་ངུའི་ཚད་དོ། །ལན་གསུམ་པ་བཅོ་ལྔའི་བར་དུ་གཉིས་པའི་སྡེ་ཚན་རྡུལ་འབྲིང་པོའི་ཚད་དང་། དང་པོའི་སྡེ་ཚན་མུན་པ་བསལ་བ་ཆེན་པོའི་ཚད་དུ་འགྱུར་ཏེ། འདིར་སྙིང་སྟོབས་ཀྱི་དབྱེ་བས་ཚེས་བཅུ་གཅིག་པ་ལ། དང་པོའི་ཚེས་གཅིག་གི་ཆ་ཆེན་པོའི་ཚད་བུ་མོ། །དེ་བཞིན་བཅུ་གཉིས་པ་ལ་གཞོན་ནུ་མ། བཅུ་གསུམ་པ་ལང་ཚོ་མ། བཅུ་བཞི་པ་ལ་རྒན་མོ། བཅོ་ལྔ་པ་ལ་ཡོངས་སུ་སྨིན་པ་སྟེ། ཆ་མཐར་ཐུག་པར་གང་བ་ནི་རྫོགས་པ་ཞེས་བརྗོད་དོ། །དེ་ལྟར་ཟླ་བའི་ཆ་འཕེལ་བའི་དབང་གིས་མུན་པ་བསལ་བ་ལ་དཀར་ཕྱོགས་ཞེས་བྱའོ། །དེའི་མཐའ་ནག་པོའི་ཚེས་གཅིག་གི་དང་པོ་ལ་མུན་པ་འཇུག་པའི་དུས་ནི་བཅུ་དྲུག་པའི་ཆ་ཞེས་ཞེས་བརྗོད་ཅིང་། དེའི་མཐར་དཀར་པོའི་ཚེས་གཅིག་གི་ཟླ་བའི་ཆ་དེ་ནག་པོའི་ཚེས་གཅིག་གི་མུན་པ་ལ་འཇུག་པར་འགྱུར་ཏེ། དཀར་པོའི་ཆ་གཉིས་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་ནས་ཆ་གཉིས་པ་ཡང་ནག་པོའི་ཚེས་གཉིས་པའི་མུན་པ་ལ་འཇུག་ཅིང་། ཆ་གསུམ་པ་ཡོངས་སུ་སྨིན་པ་སོགས་རིམ་པར་སྦྱར་ཏེ་ཆ་བཅོ་ལྔའི་མཐར་ཐུག་པར་ཡོངས་སུ་སྨིན་པ་རྣམས་མུན་པ་ལ་འཇུག་པར་འགྱུར་ཏེ་དེ་ལྟར་ཟླ་བའི་ཆ་འགྲིབ་པའི་དབང་གིས་མུན་པར་འཇུག་པ་ལ་ནག་ཕྱོགས་ཞེས་བརྗོད་དོ། །དེ་ནས་གནམ་སྟོང་གི་མཐར་ཆ་དང་པོ་འཆར་བའི་མཚམས་དང་། ཟླ་བ་ཉ་བའི་ཆ་བཅུ་དྲུག་པའི་དང་པོའི་ཆ་ལ་སྒྲ་གཅན་འཇུག་པར་འགྱུར་ཏེ། དེ་ལྟར་གཟས་ཟིན་པ་རྣམ་པ་གཉིས་ཏེ་ཉ་ཡི་ཆ་རྫོགས་པའི་མཐར་ཟླ་བ་སྒྲ་གཅན་གྱིས་འཛིན་ཅིང་། གནམ་སྟོང་


MR17_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆ་དང་པོ་འཆར་བའི་ཐོག་མར་ཉི་མ་འཛིན་པའོ། །འདིར་ནག་པོའི་ཕྱོགས་ལ་ས་ལ་སོགས་པ་སྡུད་པའི་རིམ་པས་མུན་པ་ལ་འཇུག་སྟེ། དེའི་ཕྱིར་ཟླ་བའི་ཆ་ཡར་སྐྱེ་བའམ་སྤྲོ་བའི་རིམ་པས་ཤར་བ་རྣམས་འཛད་པ་ཡིན་ཏེ། ནག་པོའི་ཚེས་གཅིག་ས་ཡི་མུན་པ་ལ་དཀར་པོའི་ཚེས་གཅིག་ནམ་མཁའི་ཁམས་ཀྱི་ཆ་ཞུགས་ཏེ་མུན་པས་སྒྲིབ་པར་འགྱུར་རོ། །དེ་བཞིན་གཉིས་པར་རླུང་གི་ཆ་ཆུའི་མུན་པས་སྒྲིབ་ཅིང་། གསུམ་པར་མེའི་ཆ་མེའི་མུན་པས་དང་། བཞི་པར་ཆུའི་ཆ་རླུང་གི་མུན་པས་དང་། ལྔ་པར་སའི་ཆ་མཁའ་ཁམས་ཀྱི་མུན་པས་སྒྲིབ་པར་འགྱུར་ཏེ། དེ་ལྟར་དང་པོའི་སྡེ་ཚན་ལ་མུན་པ་འཇུག་པ་ཆུང་ངུའི་ཚད་དོ། །དེ་ནས་གཉིས་པའི་སྡེ་ཚན་ལའང་དེའི་ཚུལ་གྱིས་ཤེས་པར་བྱ་སྟེ། སྡེ་ཚན་དང་པོའི་མུན་པ་འཇུག་པ་ཆུང་ངུའི་ཚད་གཉིས་པའི་སྐབས་སུ་འབྲིང་པོའི་ཚད་དུ་འགྱུར་རོ། །དེ་བཞིན་དུ་ནག་ཕྱོགས་ཀྱི་ཚེས་བཅུ་གཅིག་ལ་སོགས་པ་སྡེ་ཚན་གསུམ་པ་ལ། སྡེ་ཚན་གཉིས་པོའི་མུན་པ་འཇུག་པ་འབྲིང་པོའི་ཚད་དེ་ཉིད་ཆེན་པོའི་ཚད་དུ་འགྱུར་ཞིང་། མུན་པ་ཆེན་པོའི་ཚད་ཀྱི་དབྱེ་བ་ལྔ་སྟེ། བཅུ་གཅིག་པ་ལ་བྱིས་པ། བཅུ་གཉིས་པ་ལ་གཞོན་ནུ། བཅུ་གསུམ་པ་ལང་ཚོ། བཅུ་བཞི་པ་ལ་རྒན་པོ། གནམ་སྟོང་ལ་ཡོངས་སུ་སྨིན་པའོ། །དེ་ནས་དཀར་པོའི་ཚེས་གཅིག་འོང་བ་ན། སའི་ཁམས་ཀྱི་མཚན་ཉིད་ཀྱི་མུན་པ་སྨིན་པ་སེལ་བར་འགྱུར་རོ། །དེ་བཞིན་དུ་གཉིས་པ་ལ་ཆུའི་མུན་པའོ། །གསུམ་པར་མེའི། བཞི་པར་རླུང་གི ལྔ་པར་ནམ་མཁའི་མུན་པ་སེལ་བར་འགྱུར་རོ། །དེ་ལྟར་ཆ་དང་པོ་ཆུང་ངུའི་ཚད་རྫོགས་པ་ནི་སྨིན་པར་འགྱུར་རོ། །དེ་ནས་ཡར་བརྩིས་པའི་གཉིས་པ་རྒན་མོ། གསུམ་པ་ལང་ཚོ་མ། བཞི་པ་གཞོན་ནུ་མ། ལྔ་པ་བུ་མོ་སྟེ། དྲུག་པ་ལ་སོགས་ནུབ་པར་གྱུར་པ་རྣམས་སླར་ཡང་འཆར་ཏེ་གནས་སོ། །


MR17_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་འཇུག་པ་འབྲིང་དང་ཆེན་པོའི་ཚད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཞོན་ནུ་དང་གཞོན་ནུ་མ་སོགས་ཀྱི་ཐ་སྙད་ཀྱིས་བརྗོད་པ་ཐབས་ཤེས་ཀྱི་ཆ་མཚོན་པ་ཙམ་སྟེ་དོན་འདྲའོ། །དེ་ལྟར་ཆུང་ངུའི་སྡེ་ཚན་ལ་ཆ་ཆུང་ངུ་སྨིན་པ་དང་ཇི་སྲིད་ནག་པོའི་ཕྱོགས་ལ་གསུམ་པ་ཆེན་པོའི་ཚད་སྨིན་པར་མ་གྱུར་པ་དེ་སྲིད་མུན་པ་འཇུག་པར་མི་འགྱུར་རོ། །སོ་སོའི་བཅོ་ལྔའི་ཆ་དག་ནུབ་པར་གྱུར་པ་རྣམས་ཉི་མ་བཅུ་དྲུག་པ་ལ་སླར་ཡང་འཆར་རོ། །ཤར་བ་རྣམས་ཉི་མ་བཅུ་དྲུག་པ་ལ་ནུབ་པར་འགྱུར་རོ། །དེ་ལྟར་ཟླ་བའི་དཀར་ནག་གི་ཕྱོགས་ཀྱི་ཆ་ཤས་སུམ་ཅུའི་མིང་ནི་ཨ་སོགས་སུམ་ཅུའི་དབྱངས་རྣམས་སོ། །ད་ནི་ཉིན་ཞག་རྣམས་ལ། ཀ་ལ་སོགས་སྡེ་པ་རྣམས་དབྱངས་དང་བཅས་པ་འཆར་ཚུལ་ནི། ཀ་ཙ་ཊ་པ་ཏ་ས་ཡི་སྡེ་པ་དྲུག་པོ་འདི་ལ། དབྱངས་ཐུང་ངུ་ལྔ་དང་རྗེས་སུ་ང་རོ་ཨཾ་སྦྱར་བ་དྲུག་དང་། རིང་པོ་ལྔའི་མཐར་རྣམ་བཅད་སྦྱར་བའི་ཨཿདང་དྲུག་སྟེ་དེ་དག་གིས་སྡེ་པ་དྲུག་པོ་རྣམས་སྤེལ་བ་ནི། ཀ་ཀི་ཀྲྀ་ཀུ་ཀླྀ་ཀ། ཀཱ་ཀཱི་ཀྲཱྀ་ཀཱུ་ཀླཱྀ་ཀཿ ལྟ་བུས་མཚོན་ནས་གསལ་བྱེད་སུམ་ཅུ་ལ་སྦྱར་བས་ཡི་གེ་སུམ་བརྒྱ་དྲུག་ཅུ་ནི་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུར་འཆར་བ་ཡིན་ལ། དེ་དག་གིས་ཟླ་བ་བཅུ་གཉིས་དང་བགྲོད་པ་གཉིས་སུ་ཡང་འགྱུར་ཏེ། ཟླ་བ་དྲུག་རེས་ལྷོ་དང་བྱང་གི་བགྲོད་པ་ཡིན་པས་བགྲོད་པ་རེ་ལ་ཉིན་ཞག་བརྒྱ་དང་བརྒྱད་ཅུའོ། །ཟླ་བ་རེ་ལ་ཞག་སུམ་ཅུའོ། །ཉི་མ་འཕོ་བའི་ཟླ་བའི་དབྱེ་བས་ཀརྐ་ཊ་སོགས་ལྷོར་བགྲོད་པ་ལ་ནམ་མཁའ་ལ་སོགས་པ་སྤྲོ་བའི་རིམ་པས་དབྱངས་ཐུང་ངུ་དྲུག་དང་བཅས་པའི་སྡེ་པ་དྲུག་ཉི་མས་ཟླ་བ་དྲུག་གི་བར་དུ་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པའི་ཚེས་སོགས་སྡུད་རིམ་གྱི་དབྱེ་བས། དབྱངས་རིང་པོ་དང་བཅས་པའི་སྡེ་པ་དྲུག་ཟླ་བ་དྲུག་གིས་སྤྱོད་དོ། །གང་དུ་དབྱངས་ཐུང་ངུ་དང་བཅས་པ་དེར་མཚན་མོ་འཕེལ་བར་འགྱུར་ཞིང་། དབྱངས་


MR17_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོ་དང་བཅས་པ་སྤྱོད་པ་དེར་ཉིན་མོ་འཕེལ་བར་འགྱུར་རོ། །འདིར་ལྷོར་བགྲོད་པ་ཟླ་བ་དང་བྱང་དུ་བགྲོད་པ་ཉི་མའོ། །དེ་ཕྱིར་གསལ་བྱེད་གཅིག་པ་ཅན་ནི་ཟླ་བའོ། །གཉིས་བརྩེགས་པ་ནི་ཉི་མའོ། །གལ་ཏེ་གསུམ་བརྩེགས་པ་ནི་སྒྲ་གཅན་ནོ། །དེ་བཞིན་དབྱངས་ཐུང་ངུ་ནི་ཟླ་བ། རིང་པོ་ཉི་མའོ། །ཤིན་ཏུ་རིང་པོ་ནི་སྒྲ་གཅན་ནོ་ཞེས་སྤྱིར་སྐབས་ཐམས་ཅད་དུ་ཡིན་ནོ། །དེ་ལྟར་སྒྲ་གཅན་གྱི་ངོ་བོ་ཤིན་ཏུ་རིང་པོ་ལ་མུན་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་བདག་ཉིད་དོ། །འདིར་ཀརྐ་ཊའི་འཕོ་བའི་ཉིན་ཞག་ལ་སྤྲོ་བའི་རིམ་པས་ཀ་སྡེའི་ང་ཡིག་དབྱངས་ཨ་དང་ལྡན་པ་ཉི་མས་སྤྱོད་དོ། །གཉིས་པ་ངི་། གསུམ་པ་དྼྀ་། བཞི་པར་ངུ་། ལྔ་པར་དླྀ་། དྲུག་པར་ངཾ་། བདུན་པ་གྷ་སོགས་དྲུག བཅུ་གསུམ་པར་ག་སོགས། བཅུ་དགུ་པར་ཁ་སོགས། ཉེར་ལྔ་ནས་ཀ་སོགས་སྤྱོད་དེ། གནམ་སྟོང་ལ་ཀཾ་འཆར་བའོ། །སྟོང་པའི་ཉིན་ཞག་འབའ་ཞིག་ལ་གཞོམ་དུ་མེད་པའོ། །དེ་བཞིན་དུ་སེང་གེའི་འཕོ་བའི་ཟླ་བའི་ཉིན་ཞག་སུམ་ཅུ་པོ་རྣམས་ཀྱིས་ཉ་ཡིག་སོགས་སོ། །དེ་བཞིན་དུ་བུ་མོའི་ཎ་ནས། སྲང་གིས་མ་ནས། སྡིག་པས་ན་སོགས། གཞུས་ྈྐ་སོགས་ཏེ། དེ་ལྟར་ལྷོར་བགྲོད་པའི་ཟླ་བ་དྲུག་ལ་སྡེ་པ་དྲུག་དབྱངས་དང་བཅས་པ་བརྒྱ་དང་བརྒྱད་ཅུ་རྣམས་ཟླ་བའི་རང་བཞིན་མཚན་མོ་འཕེལ་བའི་དབྱེ་བས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པའི་ཚེ་ས་ཡིག་ལ་སོགས་པ་ལུགས་བཟློག་གིས་བརྗོད་དེ། ཆུ་སྲིན་སོགས་ཀྱི་འཕོ་བའི་ཟླ་བའི་ཉིན་ཞག་གི་དབྱེ་བས། སྡེ་པ་དྲུག་དབྱངས་དང་བཅས་པ་སྡུད་པའི་རིམ་པས་གསལ་བྱེད་བརྩེགས་པ་དབྱངས་རིང་པོ་དང་བཅས་པའི་ཡི་གེ་རྣམས་ཉི་མས་སྤྱོད་དེ། འདིར་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་ལ། སྶཱཿ གཉིས་པར། སྶླྰྀ། གསུམ་པར། སྶཱུ། བཞི་པར། སྶྲཱྀ། ལྔ་པར། སྶཱི། དྲུག་པར། སྶཱ། དེ་བཞིན་དུ་ཉིན་ཞག་དྲུག་པ་སོགས་


MR17_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། ཉྤྙྤཱཿ ལྤྙྤླཱྀ། སོགས་དྲུག་དང་། དེ་བཞིན་ཥ་དང་ཤ་དང་། ྈྉྈཱཿ སོགས་ཀྱིས་ཆུ་སྲིན་འཕོ་བའི་ཉིན་ཞག་སུམ་ཅུར་སྤྱོད་དོ། །དེ་བཞིན་བུམ་པ་ལ་ཏ་སྡེ། ཉ་པ་སྡེ། ལུག་ཊ་སྡེ། གླང་ཙ་སྡེ། འཁྲིག་པ་ྈྐ་སྡེ་རྣམས་ཉིན་ཞག་བརྒྱ་བརྒྱད་ཅུར་སྤྱོད་དོ། །དེ་དག་རྒྱས་པར་འགྲེལ་ཆེན་དུ་བཀོད་ཀྱང་འདིར་མ་བྲིས་ཏེ་སྒྲུབ་ཐབས་ཀྱི་ཚེས་ལྷ་རྣམས་ཀྱི་ས་བོན་གྱིས་ཀྱང་ཤེས་ནུས་པའི་ཕྱིར་རོ། །དེ་ལྟར་ལྷོར་བགྲོད་ལ་གསལ་བྱེད་གཅིག་དབྱངས་ཐུང་ངུ་དང་ལྡན་པ་ནི་དབྱངས་གསལ་གཉིས་ཀ་ཟླ་བའི་ཆའི་མཚན་ཉིད་དོ། །བྱང་བགྲོད་ལ་གསལ་བྱེད་གཉིས་བརྩེགས་དབྱངས་རིང་པོ་དང་ལྡན་པ་ནི་གཉིས་ཀ་ཉི་མའི་མཚན་ཉིད་ཡིན་ནོ། །དེའི་ཕྱིར་གཞན་ཡང་གསལ་བྱེད་གཅིག་དབྱངས་རིང་པོ་དང་ལྡན་པ་ནི་ཟླ་ཉི་གཉིས་ཀའི་བདག་ཉིད་དུ་འགྱུར་རོ། །གསལ་བྱེད་གཉིས་བརྩེགས་པ་དབྱངས་ཐུང་ངུ་དང་ལྡན་པ་ཡང་དེ་བཞིན་ནོ། །དེ་ལྟར་དབྱངས་དང་གསལ་བྱེད་ཀྱི་དབྱེ་བས་ཟླ་བ་རྣམ་པ་གཉིས་དང་ཉི་མ་རྣམ་པ་གཉིས་སོ། །དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ལྡན་པའི་གསལ་བྱེད་རྣམས་ཀྱང་རིག་པར་བྱའོ། །དེ་ལྟར་བགྲོད་པའི་དབྱེ་བས་ཉི་མའི་རྐང་པའི་དབྱངས་ཀྱི་དབྱེ་བ་བཤད་ཟིན་ལ། གཞན་མཁའ་སོགས་དཀྱིལ་འཁོར་ལྔ་འབབ་པས་སུམ་བརྒྱ་དྲུག་ཅུའི་དབྱངས་ཀྱི་དབྱེ་བ་ནི་འོག་ཏུ་འཆད་པར་འགྱུར་རོ། །སྐབས་འདིའི་མདོར་བསྡུས་ནི། སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་སོགས་ནས་ཁ་དོག་སྣ་ཚོགས་འབར་བའི་འོད། ཅེས་པའི་བར་གྱིས་བསྟན་ཏེ། དཀར་པོའི་ཕྱོགས་ཀྱི་ལྔ་ དགའ་བ་ དང་། བཅུ་པ་ མཆོག་དགའ་ ཉ་ནི་ ཁྱད་དགའ་ ཆགས་པའོ། །ནག་པོའི་ལྔ་དང་བཅུ་པ་གནམ་སྟོང་ནི་ཆགས་བྲལ་ལོ། །འདི་གཉིས་ཀྱི་དབུས་རྫོགས་པ་གསུམ་གྱི་མཇུག་དགའ་བྲལ་གྱི་མཐར། སྟོང་ཆེན་ཡིག་ལྔ་གཅིག་ཏུ་འདྲེས་པར་གྱུར་པའི་ཝཾ་ཡིག་བདེ་བ་ཆེན་པོའི་རྣལ་འབྱོར་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཏེ། དེའི་ཕྱིར་སངས་


MR17_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་ཐུགས་ཆེན་པོ་ཟླ་བའི་ཆ་བཅུ་དྲུག་པའི་མཐར་སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་གནམ་སྟོང་གི་མཐའ་ཆ་དང་པོ་འཆར་བའི་མཚམས་སུ་ཉི་མ་མུན་པ་བཅུ་དྲུག་པའི་མཐར་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ །སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི་སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ཞེས་པ་ཐིག་ལེ་སྟོང་པའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ། རྡོ་རྗེ་ཟླ་བ་དྲི་མེད་འོད་ནི་སྟོང་པ་ཆེན་པོ་ཡི་གེ་ལྔའོ། །དེ་བཞིན་ཤེས་རབ་ཐབས་ཀྱི་ཆོས་དང་། གསང་སྔགས་སྐྱེ་གནས་ཡི་གེ་མེད། གསང་སྔགས་ཆེན་པོ་རིགས་གསུམ་པ་ཡང་རྒྱ་ཆེར་འཆད་པར་འགྱུར་རོ། །ད་ནི་ཧ་སོགས་དབྱངས་རྣམས་སོགས་ཀྱི་དོན་ནི། ཧ་ལ་སོགས་པ་དབྱངས་རྣམས་ཏེ་ཧ་སོགས་ནི་འདིར་དབྱངས་སུ་གཏོགས་པས་དེ་རྣམས་དག་ཀྱང་ཞེས་ཀྱང་ཡིག་གིས་གཞན་གསལ་བྱེད་ཡིན་པའང་སྡུད་དེ་གཉིས་ཡིན་པ་མི་འགལ་ལོ། དེ་དག་དབྱངས་བཅུ་གཉིས་དང་བཅས་པས་དྲུག་ཅུར་འགྱུར་ཏེ། ཧ་ཧི་ཧྲྀ་ཧུ་ཧླྀ་ཧཾ། ཞེས་པ་དེ་བཞིན་ཡ་ར་ཝ་ལ་རྣམས་ལ་སྦྱར་བས་སུམ་ཅུ་སྤྲོ་བའི་རིམ་པས་དང་། ལླཱཿལླླླཱྀ་ལླླཱུ་ལླྲཱྀ་ལླཱི་ལླཱ། དེ་བཞིན་ལྦར་ཡ་ཧ་ལ་སྦྱར་བས་སུམ་ཅུ་སྡུད་པའི་རིམ་པ་སྟེ་དྲུག་ཅུ་པོ་འདི་ནི་ཉིན་མཚན་གྱི་ཆུ་ཚོད་འཕེལ་འགྲིབ་ཀྱི་དབང་གིས་ཞག་ལ་སྦྱར་བར་བྱ་སྟེ། མཚན་མོ་འཕེལ་བ་ལ་དབྱངས་ཐུང་ངུ་དང་ལྡན་པའི་དབྱངས་སུམ་ཅུ་པོ་དེ་དག་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུ་འགྱུར་རོ། །ཉིན་མོ་འཕེལ་བ་ལ་ཡི་གེ་བརྩེགས་པ་དབྱངས་རིང་པོ་དང་ལྡན་པ་སུམ་ཅུ་མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་འགྱུར་རོ། །དབྱངས་ཐུང་ངུ་རྣམས་ནི་མཚན་མོ་སྟེ་བསམ་པའི་དབྱེ་བས་ཤེས་རབ་དང་ལུས་ཀྱི་དབྱེ་བས་ཐབས་སོ། དབྱངས་རིང་པོ་དང་ལྡན་པ་རྣམས་ནི་ཉིན་མོ་སྟེ་བསམ་པའི་དབྱེ་བས་ཐབས་དང་། ལུས་ཀྱི་དབྱེ་བས་ཤེས་རབ་བོ། །དེ་ཡང་ཁུ་བ་དང་ཟླ་བ་ནི་ཤེས་རབ་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་དང་། །


MR17_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་སོ། །དེ་བཞིན་དུ་རྡུལ་དང་ཉི་མ་ནི་ཐབས་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་དང་། ཤེས་རབ་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་སྟེ། དེ་ལྟར་སྐབས་ཐམས་ཅད་དུ་རྗེས་སུ་རྟོགས་པར་བྱའོ། །དེ་ཡན་ཆད་ཀྱིས་དབྱངས་གསལ་རྣམས་ཚེས་ཞག་དང་ཉིན་ཞག་དང་། དུས་ཀྱི་ཆུ་ཚོད་ལ་འཆར་ཚུལ་བསྟན་ནས། ད་ནི་བརྟན་པ་དང་གཡོ་བ་ཁམས་གསུམ་གྱི་སྔགས་གསུངས་པ། ལྷ་ནི་འདོད་གཟུགས་གཟུགས་མེད་གསུམ་གྱིས་བསྡུས་པ་སྟེ། ལྷ་མིན་ཡང་འདོད་ལྷའི་རིས་སུ་བསྡུས་པའོ། །མི་ནི་འཁོར་ལོས་བསྒྱུར་བ་སོགས་དང་། མཐའ་ཡས་ལ་སོགས་པ་གདེངས་ཅན་ཏེ་ཀླུ་དང་། གཞན་ཡང་འབྱུང་པོའི་སྐྱེ་གནས་བཞི་སྟེ་སྔར་བརྗོད་པ་མངལ་སྐྱེས་ལ་སོགས་པའོ། །བརྟན་པའི་སྐྱེ་གནས་ལྷུན་པོ་དང་ཤིང་ལ་སོགས་པ་སྟེ། དེ་ལྟར་བརྟན་པ་དང་གཡོ་བའི་སྐྱེ་གནས་དེ་དག་ཀྱང་སྔགས་སུ་ཤེས་པར་བྱ་བའམ་སྔགས་ཞེས་པ་དག་ཏུ་འགྱུར་ཏེ། སོ་སོ་རང་རང་གི་མིང་གང་ཡིན་པ་སྔགས་སུ་འགྱུར་བས་སོ། །དེ་ལྟར་དབྱངས་དང་གསལ་བྱེད་ཀྱི་སྔགས་ཀྱི་མིང་གིས་དངོས་པོ་དེ་དག་མིང་ཅན་དུ་བྱས་པའི་ཕྱིར་སྔགས་རྣམས་སུ་འགྱུར་ཏེ། ཁམས་གསུམ་བརྟན་པ་དང་གཡོ་བ་འདིར་གང་གི་མིང་གང་ཡིན་པ་དེས་དེ་དག་བསྒྲུབ་པའི་སླད་དུ་སྔགས་ཀྱི་བརྡར་འགྱུར་བ་ནི་སོ་སོའི་མིང་གི་ཡི་གེ་དང་པོ་ཡེ་ཤེས་ཀྱི་ས་བོན་དང་སྐྱེད་བྱེད་ཀྱི་རྒྱུར་འགྱུར་ལ་མིང་མཐའ་དག་ནི་བཟླས་པའི་སྔགས་སུ་འགྱུར་རོ། །དོན་སྣ་ཚོགས་བསྒྲུབ་པའི་སླད་དུ་སེམས་ཅན་མཐའ་ཡས་པའི་མིང་གི་དབྱེ་བས། སྔགས་མཐའ་ཡས་པར་ཁོང་དུ་ཆུད་པར་བྱའོ། །དཔེར་ན་འཇིག་རྟེན་ན་དགེ་མི་དགེའི་འབྲས་བུ་བརྟག་པའི་སླད་དུ་གང་ཟག་གི་མིང་གི་ཡི་གེ་དང་པོས་ཁྱིམ་དང་མིང་སྐར་སོགས་འཚོལ་བ་དང་། མིང་གི་ཡི་གེ་ཐམས་ཅད་ཀྱིས་ཀྱང་དབྱངས་


MR17_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་མང་ཉུང་བལྟས་ཏེ་དམན་པ་དང་ལྷག་པ་དག་གཡུལ་འགྱེད་པ་ལ་ཕམ་རྒྱལ་བལྟ་བ་དེ་བཞིན་དུ་སོ་སོའི་མིང་གི་ཡི་གེ་དང་པོ་དང་། མིང་ཐམས་ཅད་ཀྱིས་ཀྱང་བསྒོམ་པ་དང་བཟླས་པའི་བྱ་བ་འགྲུབ་སྟེ། རྟེན་ཅིང་འབྲེལ་འབྱུང་འཁྲུལ་པའམ་བསླུ་བ་མེད་ཅིང་། ནོར་བུ་དང་སྔགས་དང་སྨན་རྣམས་ཀྱི་མཐུ་གང་ཞིག་བརྟེན་པ་པོ་རང་གི་སེམས་ཡོངས་སུ་གྱུར་པ་ལས་མངོན་དུ་འབྱུང་ཞིང་སྣང་བ་ནི་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་ན་ཨ་སོགས་དབྱངས་དང་། ཀ་སོགས་ལྡན་པ་ནི་གསལ་བྱེད་ཀྱི་ཚོགས་སོ། །འདི་ལྟར་དབྱངས་གསལ་གྱི་ཚོགས་ལྡན་པ་ཡི་སྔགས་དག་ལས་དེ་ལྟར་འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་པོ་དག་ནི་ངེས་པར་སྐྱེད་པར་འགྱུར་རོ་ཀྱེ་མི་ཡི་བདག་པོ་ཞེས་བོད་པའོ། །སྔགས་ཀྱི་ཡི་གེ་བཟླས་དང་བསྒོམ་པའི་དོན་དུ་དབྱངས་དང་གསལ་བྱེད་རྣམས་ཀྱི་སྐྱེ་གནས་དང་ཁམས་དང་རིགས་ལ་སོགས་པ་གསུངས་པ་ནི། དབྱངས་ཨ་ཨི་རྀ་ཨུ་ལྀ་ལྔ་ནི་འཆད་འགྱུར་མགྲིན་པ་ལ་སོགས་པའི་སྐྱེ་གནས་དང་ཁམས་རིམ་པ་བཞིན་དུ་སྦྱར་རོ། །དེ་བཞིན་གསལ་བྱེད་ཀ་ཙ་ཊ་པ་ཏ་ར་ལྡན་པ་དང་། ྈྐ་ལ་སོགས་པ་ཞེས་ྈྐ་ཤ་ཥ་྅ྤ་ས་དང་ཧ་ཡ་ར་ཝ་ལ་རྣམས་ཏེ་འདི་རྣམས་ཀ་སོགས་སྡེ་པ་ལྔ་གོང་གི་དབྱངས་ལྔའི་སྐྱེ་གནས་ཇི་ལྟར་གྱུར་པ་དང་ཡང་དག་པར་སྦྱར་བ་རང་། ྈྐ་་ལ་སོགས་པ་སྡེ་པ་སོ་སོ་དང་སྦྱར་བ་རྣམས་ཀྱི་སྐྱེ་བའི་གནས་ནི་རིམ་པ་བཞིན་མགྲིན་པ་རྐན་དང་སྟེང་གི་ཆ་སྟེ་སྤྱི་བོ་ལས་སྐྱེས་པ་གསུམ་གྱི་ཁམས་ནི་རིམ་བཞིན་ནམ་མཁའ་དང་རླུང་དང་བསྲེག་བྱ་སྟེ་མེ་ལས་སྐྱེས་པའི་གནས་སོ། །མཆུ་དང་སོ་ལས་བྱུང་བ་ནི་ཆུ་དང་ས་ཡི་ཁམས་དག་གོ། ཞེས་གསུངས་པའི་དོན་དྲིལ་ན། ཨ་ཀུ་ཧ་ྈྐཿནམ་མཁའི་ཁམས། །མགྲིན་པའི་གནས་ནས་བྱུང་བ་ཡིན། །ཨི་ཙུ་ལ་ཤ་ང་གི་ཁམས། །ལྕེ་རྩེ་སོ་རྐན་དག་ལས་བྱུང་། །རྀ་ཊུ་ར་ཥ་མེ་ཡི་ཁམས། །


MR17_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་དག་ལས་སྐྱེ་བ་ཡིན། །ཨུ་པུ་ཝ་ྉྤ་ཆུ་ཡི་ཁམས། །མཆུ་ཡི་གནས་ལས་སྐྱེ་བ་ཡིན། །ལྀ་ཏུ་ལ་ས་ས་ཡི་ཁམས། །སོ་ཡི་གནས་ལས་སྐྱེ་བ་ཡིན། །ཞེས་བཤད་པ་ལྟར་ཏེ། ཀུ་ཞེས་སྨྲོས་པས་ཀ་སྡེ་ཐམས་ཅད་གོ་བར་བྱ་བ་དེ་བཞིན་ཀུན་ལ་ཤེས་པར་བྱ་སྟེ། ཨུཏྲ་ཀྱིས་སྡེ་དང་བཅས་པའོ་ཞེས་བརྡ་སྤྲོད་པའི་ལུང་ལས་གྲགས་པ་ལྟར་རོ། །ཨ་སོགས་དབྱངས་ཁམས་ལྔ་པོ་དེ་དག་རྣམས་ནི་རིམ་པར་ནམ་མཁའི་ཁམས་མི་བསྐྱོད་པ་གཙུག་ཏོར་གྱི་འཁོར་ལོ་དང་། རླུང་ཁམས་དོན་གྲུབ་སྙིང་ག་དང་། མེ་ཁམས་རིན་འབྱུང་མགྲིན་པ་དང་། ཆུ་ཁམས་འོད་དཔག་མེད་མགོ་བོའམ་སྤྱི་བོའི་དཔྲལ་བ་དང་། ས་ཁམས་རྣམ་སྣང་ལྟེ༷་བའི་འཁོར་ལོ་དག་ལ་རིམ་པ་བཞིན་དུ་སྟེ། དེ་དག་གི་ཁ་དོག་ཀྱང་རིམ་བཞིན་ཁ་དོག་སྣ་ཚོགས་པའི་རང་བཞིན་ལྗང་གུ་དང་། གནག་པ་དང་། དམར་པོ་དང་། རི་བོང་ཅན་ལྟར་དཀར་བ་དང་། གསེར་འདྲ་བ་སེར་པོ་རྣམས་ནི་རིམ་བཞིན་ཕུང་པོ་ལྔ་དང་ཁམས་ལྔ་པོ་རྣམས་ཀྱི་རང་རང་གི་ལྷག་པའི་ལྷ་དང་ལྡན་པ་ལའོ་ཞེས་དེའི་མདོག་གོ། དེ་ལྟར་ན་རྣམ་ཤེས་དང་མཁའ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ། གཙུག་ཏོར་གྱི་འཁོར་ལོ་ལ་བསྒོམ་པར་བྱ་བ་སོགས་གཞན་ལ་འགྲེའོ། །ཚུལ་དེའི་ཕྱིར་ཨ་ཀུ་ཧ་དང་རྣམ་བཅད་ཀྱི་ལུས་འགྱུར་ྈྐ་རྣམས་ནི་གཙུག་ཏོར་གྱི་འཁོར་ལོ་ལ་བསྒོམ་པ་སོགས། གོང་བཞིན་ཁམས་གཞན་གྱི་ཡི་གེ་རྣམས་ཀྱང་སོ་སོའི་གནས་སུ་བསྒོམ་པར་བྱ་བར་གསུངས་སོ། །དེ་ཡན་ཆད་ཀྱིས་གནས་པ་བརྒྱད་ཀྱི་དོན་བཤད་པ་སོང་ནས། གཉིས་པ་དེ་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་དེའི་ཚད་ལ་སོགས་པ་བསྟན་པ་ལ་འཇུག་པ་བདེ་བའི་ཕྱིར་གནས་པ་ལྷག་མ་བཅུ་དྲུག་པོ་རྣམས་དང་སྦྱར་ཏེ་བཤད་ན། རླུང་སོགས་ཀྱི་དཀྱིལ་འཁོར་དང་རྒྱ་མཚོ་དང་གླིང་དང་རིའི་གྲངས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་


MR17_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ནི། རླུང་གི་མཐའ་ནས་སོགས་ཚིགས་སུ་བཅད་པ་བཅུ་པ་ནས་བཟུང་སྟེ། བཅུ་གསུམ་པའི་བར་གྱིས་བསྟན་ཏེ། དོན་དམ་པའི་དབང་དུ་བྱས་ན་འཇིག་རྟེན་ཚད་འདི་ཞེས་དམིགས་སུ་མེད་ཀྱང་། སེམས་ཅན་རྣམས་ཀྱི་རང་སེམས་ཀྱི་སྣང་བ་རྨི་ལམ་ལྟ་བུ་ཡིན་པས་ཀུན་རྫོབ་སྣང་ཚུལ་གྱི་དབང་དུ་བྱས་ཏེ་འཇིག་རྟེན་གྱི་ཚད་སེམས་ཅན་རྣམས་ཀྱི་བསམ་པ་དང་མཐུན་པར་བསྟན་པ་སྣ་ཚོགས་སུ་གསུངས་པ་ཡོད་ནའང་། འདིར་ཕྱི་དང་ནང་གི་དག་པ་གཅིག་ཏུ་སྦྱོར་བའི་དབང་གིས་གསུངས་པ། འོག་གཞི་རླུང་གི་དཀྱིལ་འཁོར་གྱི་ཞབས་ཀྱི་མཐའ་ནས་ལྷུན་པོའི་མཚམས་སུ་ཐུག་པའི་བར་གྱི་ཆ་ལ་གནས་པའི་མས་ནས་ཡས་རིམ་གྱི་དམྱལ་བ་བདུན་དང་། བརྒྱད་པ་གདེངས་ཅན་ཀླུ་ཡི་གྲོང་ཁྱེར་ལ་ནི་དཔངས་སུ་དཔག་ཚད་འབུམ་ཕྲག་གཉིས་ཡིན་ཏེ། ནང་དུ་ལུས་ལ་རྐང་མཐིལ་ནས་སྐེད་པའི་བར་རོ། །ལྷུན་པོའི་དཔངས་ཀྱི་ཚད་ནི་ས་དཀྱིལ་ནས་ལྷུན་པོའི་རྩེ་མོའི་བར་དུ་དཔག་ཚད་འབུམ་ཕྲག་གཅིག་སྟེ། ལུས་ལ་སྐེད་པ་ནས་མགྲིན་པའི་བར་ཁྲུ་གང་ངོ་། །རི་རབ་ཀྱི་སྐེད་པ་ལ་གཟའ་ཡི་ཚོགས་ཀྱི་གནས་གོ་ལའི་འཁོར་ལོ་ཡོད་པའི་མཚམས་ནས་གྱེན་དུ་དཔག་ཚད་སྟོང་ཕྲག་དག་ནི་ཉི་ཤུ་རྩ་ལྔ་ཡོད་པ་དེ་ལ་ལྷུན་པོའི་མགྲིན་པ་ཞེས་པའི་ཐ་སྙད་དུ་བྱའོ། །ལུས་ལ་སོར་དྲུག་གོ་ལྷུན་པོའི་གདོང་གི་ཐ་སྙད་དུ་བྱ་བ་ལ་ནི་ལྷུན་པོའི་རྩེ་ནས་གྱེན་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་སྟེ། ལུས་ལ་མགྲིན་པ་ནས་དཔྲལ་བའི་མཐའི་བར་དུ་སོར་བཅུ་གཉིས་སོ། །སྔ་མའི་ཚད་ཀྱི་སྟེང་ནས་བརྟན་པའི་གོ་འཕང་ངམ་གནས་ནི་གཡོ་མེད་དུ་གྱུར་པ་ལྷུན་པོའི་གཙུག་ཏོར་དག་ལ། སྔ་མ་ལྷུན་པོའི་མགྲིན་པའི་ཚད་དེ་བཞིན་ཉིད་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ། ལུས་ལ་དཔྲལ་བའི་མཐའ་ནས་གཙུག་ཏོར་ཡོད་པའི་གནས་ཀྱི་བར་དུ་སོར་དྲུག་གི་ཚད་དོ། །འོག་ཏུ་ང་དཀྱིལ་དང་སྟེང་དུ་


MR17_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་གྱི་གནས་དེ་ཡི་ཕྱི་རོལ་སྟོང་པ་གཅིག་པུ་སྟེ་རྡུལ་ཕྲ་རབ་སོ་སོའི་ངོ་བོ་ཁམས་ལྔ་པ་མ་འབྱར་བར་གནས་པས་སྟོང་པ་གཅིག་པུའོ། །འདི་ནམ་མཁའ་ནི་མ་ཡིན་ཏེ་སྒྲ་གཅིག་པུའི་ཡོན་ཏན་ཅན་ནམ་མཁའ་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་དེའི་སྟོང་པ་གཅིག་པུར་རྟོགས་པར་མི་བྱའོ། །དེ་ལྟ་བུའི་སྟོང་པ་གཅིག་པུ་དེ་ནི་སྲིད་པ་གསུམ་དང་བྲལ་བ་སྟེ་དེར་མི་གཏོགས་པ་དང་། སྲ་གཤེར་ལ་སོགས་པ་འབྱུང་ལྔའི་ཡོན་ཏན་མེད་ཅིང་། ཡོན་ཏན་ལྔ་པོ་དེ་ཉིད་ཀྱིས་དམན་པའོ། །སྤྱིར་ནམ་མཁའ་ཞེས་པ་ལ་འདོད་ལུགས་བཞི་སྟེ། ནམ་མཁའ་ཞེས་པ་སྒྲ་གཅིག་པུའི་ཡོན་ཏན་ཅན་གྱི་རྡུལ་དུ་འདོད་པ་དང་། འདི་ས་སོགས་ཀྱི་རྡུལ་ལ་སྒྲ་བསྐྱེད་པའི་གོ་སྐབས་ཡོད་པ་དེ་ལ་དགོངས་སམ་སྙམ། ཁ་ཅིག་གིས་མིག་ལ་སྣང་རྒྱུ་དངས་སང་ངེ་བ་ལ་འདོད་པ་དང་། ཁ་ཅིག་གིས་གོ་འབྱེད་ནུས་པའི་དངོས་པོ་ཞིག་ཏུ་འདོད་པ་དང་གསུམ་པོ་དེ་ནི་ནམ་མཁའ་སྒྲུབ་པའི་ཚུལ་གྱིས་ཡོད་པར་འཛིན་པའོ། །མདོ་སྡེ་པས་དགག་པ་དངོས་མེད་དུ་འདོད་པ་སྟེ་ལུགས་བཞི་ཡོད་པར་འགྲེལ་པ་གཞན་ལས་བཤད་དོ། །དེས་ན་སྒྲའི་ཡོན་ཏན་ཅན་གྱི་ནམ་མཁའི་རྡུལ་རྫས་ཞེས་པས་སོགས་ཀྱི་རྡུལ་རྫས་ཐམས་ཅད་ལ་སྒྲ་བསྐྱེད་པའི་གོ་སྐབས་ཀྱིས་ཁྱབ་པའི་ཆ་ལ་དགོངས་པ་འདྲ་སྙམ་མོ། །དེ་ཡན་ཆད་ཀྱིས་མཐོ་དམན་གྱི་ཚད་བཤད་པའོ། །དེ་ལྟར་འཇིག་རྟེན་གྱི་ཚད་འབུམ་ཕྲག་བཞི་སྟེ་ལུས་ལ་ཁྲུ་བཞིའོ། །ཁྲུ་ཡང་སོར་མོ་ཉེར་བཞིའོ། །དེ་ནས་ཞེང་གི་ཚད་ནི་རླུང་དཀྱིལ་གྱི་མཐའ་ནས་རླུང་གི་མཐའི་མཚམས་ཏེ་ཤར་ནུབ་དང་། ལྷོ་བྱང་ལྟ་བུར་ཐད་ཀར་གཞལ་ན་དཔག་ཚད་འབུམ་ཕྲག་བཞིའོ། །དེ་ལྟར་ཞེང་དུ་འབུམ་ཕྲག་བཞི་པའི་རླུང་དཀྱིལ་ཟླུམ་པོའི་དབུས་སུ་མེ་དཀྱིལ་ཞེང་དུ་འབུམ་ཕྲག་གསུམ་པ་ཟླུམ་པོ། དེའི་དབུས་སུ་ཆུ་དཀྱིལ་ཞེང་དུ་འབུམ་ཕྲག་གཉིས་པ་ཟླུམ་པོ། དེའི་དབུས་སུ་ས་དཀྱིལ་ཞེང་དུ་འབུམ་ཕྲག་གཅིག་པ་ཟླུམ་པོ། དེའི་དབུས་ཀྱི་ལྟེ་བར་རི་རབ་ལྷུན་པོ་ཟླུམ་པོ།


MR17_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོའི་ཕྱི་ན་འོག་གཞི་ས་དཀྱིལ་ལ་བརྟེན་པའི་ནང་གི་གླིང་དྲུག །མཚོ་དྲུག །རི་དྲུག་རྣམས་ཀྱིས་ཟླུམ་པོར་བསྐོར་ཞིང་། དེའི་ཕྱི་རོལ་ཏུ་ལས་ཀྱི་ས་དུམ་བུ་བཅུ་གཉིས་པ་གླིང་བཅུ་གཉིས་གནས་པ་ནི་གླིང་བདུན་པ་དང་། དེའི་འོག་ཐམས་ཅད་དང་ཕྱི་རོལ་དུ་ཆུ་དཀྱིལ་ར་བའི་ཚུལ་དུ་གྱེན་དུ་མངོན་པ་ལན་ཚའི་རྒྱ་མཚོ་ནི་མཚོ་བདུན་པ་དང་། དེའི་མཐར་མུ་ཁྱུད་དུ་བསྐོར་བ་ལྷོར་རྟ་གདོང་གི་མེ་ཅན་མཚོའི་འོག་དང་། ཐད་ཀའི་ཆར་གནས་པ་མེ་དཀྱིལ་གྱི་ཁ་ཁྱེར་ལྟ་བུ་རྡོ་རྗེའི་རི་ནི་རི་བདུན་པའོ། །འདི་མེ་དཀྱིལ་གྱི་ཁ་ཁྱེར་ལ་བཞེད་པའི་ལུགས་སོ། །དེ་ལྟར་རླུང་གི་མཐའ་ནས་རླུང་གི་མཐའི་མཚམས་སུ་ཐད་ཀར་དང་། བརྟན་པ་འཛིན་མའི་གཞི་ལ་གླིང་དང་རི་དང་རྒྱ་མཚོ་རྣམས་གནས་པའི་ཞེང་གི་ཚད་ནི། རིམ་པ་ལྟར་བཞི་ཞེས་པ་རླུང་དཀྱིལ་གྱི་ཐད་ཀར་རོ། །བཞི་དེ་ཡི་ཕྱེད་འབུམ་ཕྲག་གཉིས་ནི་ལྷུན་པོའི་དབུས་ཀྱི་རྩ་བའི་ཐིག་ནས་ལན་ཚའི་རྒྱ་མཚོའི་དཀྱིལ་འཁོར་གྱི་མཐའ་ཏེ་གཡས་སུ་འབུམ་གཅིག་དང་གཡོན་དུ་འབུམ་གཅིག་སྟེ་དེ་བཞིན་ཕྱོགས་བརྒྱད་པོ་ཀུན་དུའོ། །ལན་ཚའི་ཆུ་དཀྱིལ་དེ་ཡི་མཐའ་ནས་གཡས་དང་གཡོན་དུ་རྩེ་མོ་ཅན་མེ་དང་གཡོ་བའི་སྟེ་རླུང་གི་དཀྱིལ་འཁོར་གཉིས་པོ་དག་ནི་ཐད་ཀར་དཔག་ཚད་འབུམ་ཕྲག་གཉིས་ཏེ་གཡས་སུ་གཅིག་གཡོན་དུའང་གཅིག་སྟེ་ཕྱོགས་ཐམས་ཅད་དུ་དེ་བཞིན་ནོ། །དེ་ལྟར་དཀྱིལ་འཁོར་བཞི་པོ་འོག་ནས་སྟེང་དུ་བརྩེགས་ཤིང་དཀྱིལ་འཁོར་བཞི་རང་རང་གི་དཔངས་ནི་སྟོང་ཕྲག་ལྔ་བཅུ་རེ་སྟེ་གྱེན་དུ་ཁོར་ཡུག་ཏུ་གྱུར་པ་ཉིད་སྟེང་དུ་འཕགས་པ་དཔེར་ན་མཎྜལ་གྱི་སྣོད་གསུམ་ཁ་གྱེན་བསྟན་གཅིག་གི་ནང་དུ་གཅིག་བཙུད་པ་ལྟར་རླུང་མེ་ཆུ་ཡི་རབ་ཁད་མཉམ་པའི་དབུས་ནས་དཀྱིལ་མེ་ལོང་བཞག་པ་ལྟ་བུའོ། །དཀྱིལ་འཁོར་བཞི་དང་རི་གླིང་རྒྱ་མཚོ་ལྷུན་པོ་ཐམས་ཅད་དབྱིབས་ཟླུམ་པོའི་རྣམ་པ་ཅན་ནོ། །ས་དཀྱིལ་གྱི་དབུས་ན་རི་རབ་ལྷུན་པོ་ཡོད་པ་གང་གི་སྟེང་དུ་སྟེ་ས་སྟེང་ནས་ཡར་འཕགས་པའི་


MR17_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོའི་ཕྱེད་ཀྱི་སྟེང་ན། ཁྱིམ་གྱི་འཁོར་ལོ་རྩིབས་སྟེ་ཆ་བཅུ་གཉིས་པ་སྐར་མའི་ཕུང་པོ་མཐའ་ཡས་པ་དང་བཅས་པ་ཉིན་དང་མཚན་མོར་འཁོར་ལོ་ལྟར་འཁོར་བ་སྟེ། ཚུལ་འདིས་ལྷུན་པོའི་མིང་ཅན་མནྡར་བ་སོགས་གཞན་ལས་རི་ཡི་རྒྱལ་པོ་ཉིད་ཀྱི་ཁྱད་ཆོས་བསྟན་པའོ། །ལྷུན་པོའི་དབུས་ཀྱི་འོག་གི་རྩ་ཐིག་གི་ལྟེ་བ་ནས་སྟེང་འོག་ཕྱོགས་བཞིའི་ཆ་དྲུག་པོ་ལ་ནི་གང་ནས་གཞལ་ཀྱང་འབུམ་ཕྲག་གཉིས་གཉིས་ཡིན་ཏེ། ཕྱོགས་བཞིར་རླུང་དཀྱིལ་གྱི་མཐའི་བར་དུ་དེ་ལྟར་ལ། སྟེང་དུ་རི་རབ་ཀྱི་རྩེ་མོ་དང་། འོག་ཏུ་རླུང་དཀྱིལ་གྱི་མ་མཐར་ཐུག་གི་བར་དུའང་དེ་དང་འདྲའོ། །དེ་ལྟར་མཐོ་རིས་ལྷ་དང་། མི་ཡུལ་དང་། ས་འོག་སྟེ་སྲིད་པ་གསུམ་པོ་མཐའ་དག། ཁམས་གསུམ་ལ་ཞེན་ཅིང་ཆགས་པ་སྐྱེད་པའི་དུས་ཀྱི་སྦྱོར་བ་དག་ལས་རབ་ཏུ་སྐྱེས་པ་ཡིན་ཏེ། ཆགས་པ་སྐྱེས་པའི་དུས་ཀྱི་དབང་གིས་ཡང་དག་པར་འཛིན་པ་དང་སྲུབ་པ་དང་། དབྱིབས་ཀྱི་རླུང་གི་དུས་ཀྱི་སྦྱོར་བ་ལས། སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་སྐྱེས་སོ། །ད་ནི་ཁོར་ཡུག་གི་ཚད་བརྗོད་པ། འཇིག་རྟེན་ཁམས་ཀྱི་ཚད་དེ་དག་གི་མཐའ་ཀུན་ནས་འཁོར་བའི་འཁོར་ཡུག་ཏུ་ནི། རང་རང་གི་ཐད་ཀའི་རྒྱ་ཚད་གང་ཡིན་པ་དེ་ཉིད་ཀྱི་སུམ་འགྱུར་དུ་ཡང་འགྱུར་བ་སྟེ། ས་ཡི་དཀྱིལ་འཁོར་ནི་ཐད་ཀར་འབུམ་ཕྲག་གཅིག་ཡིན་པས་འཁོར་ཡུག་ཏུ་འབུམ་ཕྲག་གསུམ་དུ་འགྱུར་བ་དང་། དེ་བཞིན་དུ་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་ཀྱི་འཁོར་ཡུག་ནི་དཔག་ཚད་འབུམ་ཕྲག་དྲུག་དང་དགུ་དང་ཉི་མ་སྟེ་བཅུ་གཉིས་སུ་རིམ་པས་སོ། །ཀྱེ། མི་ཡི་དབང་པོ་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ཉིད་ཀྱི་ཚད་གང་ཡིན་པ། དེ་ནི་ས་ཡི་སྟེང་གི་གནས་སུ་ནང་རང་གི་ལུས་ལ། །རང་རང་དག་གི་ལུས་ཀྱི་ཚད་ཀྱིས་ཡང་དག་པར་


MR17_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་གང་ངོ་། །དེ་ལྟར་དཔག་ཚད་བཤད་པ་དེ་དག་ཚད་ཅི་ལྟ་བུ་ཞིག་ཡིན་ཞེ་ན། རྡུལ་ཕྲ་རབ་བརྒྱད་རྣམས་ཕྲེང་བར་གནས་པ་དག་གིས་ཕྲ་མོ་ཞེས་པ་འདི་གཅིག་གི་ཚད་དུ་འགྱུར་ལ། ཕྲ་མོ་བརྒྱད་ཕྲེང་བར་གནས་པ་ཉིད་ཀྱིས་མི་རྣམས་ཀྱི་སྐྲ་ཡི་རྩེ་མོ་ཕྲ་མོ་གཅིག་གི་ཚད་དུ་སྟེ། སྐྲ་རྩེ་འདི་བརྒྱད་ཕྲེང་བར་གནས་པ་རྣམས་ཀྱིས་ནི་སྐེ༷་ཚེ་གཅིག་དང་། དེ་བརྒྱད་ཀྱིས་ཤིག་དང་། དེ་བརྒྱད་ཀྱིས་ནས་ཏེ། ལྟོས་འགྲོ་ནི་བརྒྱད་ཡིན་པས། ནས་བརྒྱད་ཀྱིས་སོར་ཏེ་སོར་མོ་ཉི་མ་སྟེ་བཅུ་གཉིས་ནི། ཟུང་སྟེ་གཉིས་ཡིན་པས། ཉིས་ལོག་བྱས་པ་ཉེར་བཞི་དག་གིས་ཁྲུའོ། །ཁྲུ་བཞིས་གཞུ་ཞེས་བྱ་བ་སྟེ། འདིར་ནི་སྟོང་ཕྲག་གཉིས་ཀྱི་གྲངས་ཀྱི་གཞུ་འདོམས་དེ་ཡིས་རྒྱང་གྲགས་དག་ཏུ་འགྱུར་ཞིང་རྒྱང་གྲགས་བཞི་རྣམས་དག་གིས་དཔག་ཚད་གཅིག་གི་ཚད་དུ་འགྱུར་པ་ཡིན་ལ། ཚད་དེ་ཡིས་ལྷ་ཡུལ་ལ་ལྷ་རྣམས་ཀྱི་ཚད་དང་། ས་ལ་མི་རྣམས་ཀྱི་གནས་སོགས་ཀྱི་ཚད་དང་། ནམ་མཁའ་དག་ལ་ཉི་མ་དང་ཟླ་བ་ལ་སོགས་པ་འཁོར་བའི་གནས་ཀྱི་ཚད་གཞལ་བ་ཡིན་ནོ། །དེ་ལྟར་རྒྱུད་འདིར་འཇིག་རྟེན་ཁམས་ཀྱི་ཚད་དཔག་ཚད་འབུམ་ཕྲག་བཞིར་གསུངས་པ་དང་། མངོན་པ་མཛོད་ལས་འཇིག་རྟེན་གྱི་ཚད་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལྷག་བཅས་སུ་གསུངས་པས་བཅོམ་ལྡན་འདས་ཀྱི་གསུང་དེ་དག་ནང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། དོན་དམ་པར་མཐའ་གཅིག་ཏུ་འཇིག་རྟེན་གྱི་ཚད་ནི་འདི་ཁོ་ནའོ་ཞེས་ངེས་པ་མེད་ནའང་། སེམས་ཅན་རྣམས་ཀྱི་དགེ་སྡིག་དབང་གིས་སྣང་བ་སྣ་ཚོགས་སུ་སྣང་བའི་སྣང་ངོ་དང་བསྟུན་ནས་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཚད་སྣ་ཚོགས་སུ་གསུངས་པ་སྟེ། དཔེར་ན་བསོད་ནམས་དང་ཡེ་ཤེས་ལྡན་པའི་བྱང་ཆུབ་སེམས་དཔའ་འམ། ཆགས་བྲལ་དག་བཞུགས་པའི་ཕུག་ཁྲུ་ལྔ་པའི་ནང་དུ་དེའི་མཐུ་དང་རྫུ་འཕྲུལ་གྱིས་འཁོར་ལོས་


MR17_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་རབ་དཔུང་གི་སྡེ་དང་བཅས་པ་ཞུགས་ཀྱང་དོག་པ་ཅུང་ཟད་མེད་པར་ཡངས་པོར་གྱུར་པ་ནི་ཕུག་རྒྱ་ཇེ་ཆེར་སྐྱིད་པ་མིན་ཡང་དེ་ལྟར་བ་ལྟར། ཡང་དག་པར་རམ་དོན་དམ་པར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཇིག་རྟེན་ཚད་ཀྱང་དེ་བཞིན་ནོ། །འདིར་རིག་བྱེད་ཀྱི་གྲུབ་པའི་མཐའི་བསམ་པ་སྣ་ཚོགས་པ་དང་། ཚངས་པའི་ཡུལ་ས་གཅིག་ནི་དཔག་ཚད་བྱེ་བའི་ཁྱོན་ནོ། །ཞེས་མུ་སྟེགས་པ་དག་གིས་ཚད་མས་མ་དམིགས་པའམ་མ་མཐོང་བར་རྫུན་དུ་སྨྲ་བ་གཞོམ་པ་དང་། ཉི་མའི་ཤིང་རྟ་ལ་སོགས་པ་སྨིན་པའི་དོན་དུ་རྒྱུད་འདིར་གཟའ་དང་རྩིས་དང་ཁྱིམ་གྱི་འཁོར་ལོ་དང་བཅས་པའི་འཇིག་རྟེན་གྱི་ཚད་བཀོད་པ་འདི་ནི་ཕྱི་རོལ་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་དང་། ནང་དུ་ལུས་ཉིད་དཀྱིལ་འཁོར་ཡིན་པས་དེ་གཉིས་གནད་མཐུན་པར་འཆར་བ། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཞེས་གསུངས་པ་ལྟར་དགོས་པ་ཁྱད་པར་ཅན་གྱི་སྒོ་ནས་འཕགས་ཤིང་ཚད་གཞན་དང་འགལ་བའང་མེད་དོ། །འདིར་སངས་རྒྱས་ཀྱིས་འཇིག་རྟེན་ཁམས་ཀྱི་ཚད་འདི་ཁོ་ནའོ་ཞེས་དམ་བཅས་པ་མ་ཡིན་ཏེ། དམ་བཅས་པ་མཛད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཡུལ་ལ་མཐའ་གཅིག་ཏུ་ལུང་སྟོན་པ་ཡིན་གྱི། འདིར་དོན་དམ་པར་ཚད་མེད་པ་གོང་དུ་བརྗོད་པ་བཞིན་ནོ། །དེ་ལྟར་ཡང་། སེམས་ཅན་མོས་པ་སྣ་ཚོགས་པ། །གྲུབ་མཐའ་སྣ་ཚོགས་རིག་པ་པོ། །སྣ་ཚོགས་ལམ་ལ་རབ་གནས་པ། །ཤེས་པའི་ང་རྒྱལ་ཁེངས་པ་ཅན། །དེ་དག་རང་གཞན་གྲུབ་མཐའ་ལ། །ཇི་སྲིད་རིགས་པ་མ་བསྟན་པ། །དེ་སྲིད་ཁེངས་པ་ཅན་དེ་དག །ཀུན་མཁྱེན་གྱི་ཡང་དབང་མི་འགྱུར། །སེམས་ཅན་ཕན་ལས་མི་བདེན་པ། །བསོད་ནམས་ཚོགས་ཀྱི་རྒྱུ་ཡིན་ཏེ། །གཞན་ལ་གནོད་ལས་བདེན་པ་ནི། །མནར་མེད་ལ་སོགས་རབ་ཏུ་སྟེར། །གཏོང་བ་པོ་མིན་ཡི་དྭགས་ཀྱིས། །ཁྱིམ་གྱི་གནས་ནི་རིར་མཐོང་སྟེ། །སྡིག་པ་བྱེད་


MR17_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གི་ཁྱིམ། །ཁབ་རྩེའི་རི་ཡི་རྣམ་པར་རོ། །ས་འོག་དངོས་གྲུབ་ཐོབ་གྱུར་ནས། །ལྷ་མོ་རྣམས་ཀྱི་གྲོང་འགྲོ་བ། །གྲུབ་པ་རྣམས་ཀྱིས་རབ་བརྟན་ས། །ཀུན་ནས་བུག་པ་བཅས་པར་མཐོང་། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་ཚད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྣང་བ་སྟེ། དེ་བཞིན་གཤེགས་པས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས། གཟུང་བ་དང་འཛིན་པའི་ངོ་བོས་དངོས་པོའི་ཚད་གསུངས་པ་ནི་འགའ་ཡང་མེད་དོ། །དེའི་ཕྱིར་གདུལ་བྱ་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་མཁྱེན་ནས། དྲང་སྲོང་རྣམས་སྨིན་པའི་དོན་དུ། འཇིག་རྟེན་ཁམས་དང་ལུས་ཀྱི་ཚད་དཀྱིལ་འཁོར་དུ་སྦྱངས་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གནས་པ་བཅུ་པ་ནང་བཅུད་སྲིད་པ་སུམ་ཅུ་རྩ་གཅིག་གི་ངོ་བོ་ཉིད་ཀྱིས་གནས་པ་ནི། དང་པོར་ཆོས་བཟང་སོགས་ཚིགས་བཅད་བཅུ་བཞི་པ་ནས་ཉེར་གཅིག་པའི་བར་གྱིས་བསྟན་ཏེ། དང་པོར་ཏེ་ཐོག་མར་ཆོས་བཟང་ཞེས་པས་གཟུགས་མེད་ཀྱི་སྲིད་པ་བརྗོད་དེ་གནས་དེ་དག་ཏུ་ཚེ་བསྐལ་པར་གནས་པས་ཆོས་བཟང་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་ཞེས་བཞི་ནི་སྲིད་རྩེ་དང་ཅི་ཡང་མེད། རྣམ་ཤེས་མཐའ་ཡས། ནམ་མཁའ་མཐའ་ཡས་བཞི་པོ་དག་སྟེ། འདི་དག་ཚེ་ནི་རིམ་བཞིན་མཆོག་བསྐལ་ལམ་བསྐལ་པ་ཆེན་པོ་བཞི་དང་གསུམ་དང་གཉིས་དང་གཅིག་གོ། འོག་ཏུ་རང་རང་གི་དབུགས་ལས་བསྒྲེས་པའི་ལོ་བརྒྱར་གསུངས་པ་ལས་འདི་རིང་ཡང་སེམས་ཅན་གྱི་དགེ་སྡིག་གི་དབང་གིས་སྣང་ཚུལ་ཐ་དད་ཡོད་པ་ལ་དགོངས་ཤིང་འོག་ནས་ཕྱི་ནང་གཞན་གསུམ་སྦྱར་བའི་དོན་དུ་ཡིན་ཞེས་བོད་འགྲེལ་རྣམས་སུ་བཤད། དེ་ལྟར་ཟད་པ་སྟོང་པ་རྣམ་པ་བཞི་བསྒོམ་པ་རྣམས་ཀྱི་གནས་གཟུགས་མེད་སྐྱེ་མཆེད་མུ་བཞི་པོ་དེ་དག་གཟུགས་ཁམས་པའི་འཇིག་རྟེན་གྱི་སྟེང་ན་གནས་


MR17_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ནང་དུ་ལུས་ལ་གཙུག་ཏོར་ནས་སྐྲ་མཚམས་བར་རོ། །དེའི་འོག་ཏུ་ཚངས་པའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་བཞི་ནི། འོག་མིན་དང་། ཤིན་ཏུ་མཐོང་དང་། མི་གདུང་བ་དང་། མི་ཆེ་བ་དང་། བཞི་ནི་ཟད་པར་རླུང་རྣམ་བཞི་བསྒོམ་པ་རྣམས་ཀྱི་གནས་ཏེ། ལུས་ལ་དཔྲལ་བའི་གནས་སོར་བཞིའོ། །འདིར་ཤིན་དུ་མཐོང་སྨྲོས་ལ། ཡེ་ཤེས་ལེའུར་གྱ་ནོམས་སྣང་བ་ཞེས་གསུངས་པ་གནས་དེ་གཉིས་གནས་གཅིག་ཏུ་བྱས་པས་གཟུགས་ཁམས་གནས་རིས་བཅུ་དྲུག་གོ། འདི་བཞི་ནི་བསམ་གཏན་བཞི་ཐོག་མའི་གནས་ཡིན་ལ། དེའི་འོག་ཏུ་ཚངས་པ་འཇིག་རྟེན་ལས་འདས་པ་ཡི་བསྐལ་པ་ཞེས་པ་བསམ་གཏན་བཞི་པའི་གནས་འོག་མ་གསུམ་ནས་མར་རིམ་པར་བགྲང་བའི་ནང་གི འབྲས་བུ་ཆེ་བ། བསོད་ནམས་སྐྱེས། སྤྲིན་མེད་འོད། དགེ་རྒྱས་བཞི་སྟེ་ཟད་པར་མེ་རྣམ་པ་བཞི་བསྒོམ་པ་རྣམས་ཀྱི་གནས་ཡིན་པ་དང་། ནང་དུ་སྣའི་གནས་སོར་བཞིའོ། །དེ་བཞིན་དུ་དཔལ་གྱི་བསྐལ་པ་ཞེས་པ། ཚད་མེད་དགེ། དགེ་ཆུང་། འོད་གསལ། ཚད་མེད་འོད་བཞི་ནི་ཟད་པར་ཆུ་རྣམ་པ་བཞི་བསྒོམ་པ་རྣམས་ཀྱི་གནས་ཏེ། ནང་དུ་ལུས་ལ། སྣའི་འོག་ཀོ་སྐོའི་སོར་བཞིའི་གནས་སོ། །དེའི་འོག་ཏུ་དཀར་པོའི་བསྐལ་པ་བཞི་ནི། འོད་ཆུང་། ཚངས་ཆེན། ཚངས་པ་མདུན་འདོན། ཚངས་རིས་ཞེས་བྱ་བ་ཡང་དེ་བཞིན་དུ་སྟེ། ཟད་པར་ས་རྣམ་པ་བཞི་བསྒོམ་པ་རྣམས་ཀྱི་གནས་དང་། ལུས་ལ་མགྲིན་པའི་གནས་སོར་དྲུག་ལ་ཀོ་སྐོ་དང་བསྣོལ་སྟབས་ཀྱིས་བཞིའོ། །དེ་ལྟར་ཚུལ་ཁྲིམས་དང་ཟད་པར་རླུང་ལ་སོགས་པ་བསྒོམ་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འོག་མིན་ལ་སོགས་པ་གཟུགས་ཁམས་བཅུ་དྲུག་ཏུ་འགྱུར་ཞིང་། དེ་དག་གི་ཚེ་ཚད་ནི་འོག་མིན་པའི་ཚེ་བར་གྱི་བསྐལ་པའམ་བསྐལ་པ་འབྲིང་པོ་བཅུ་དྲུག་ཡིན་པ་ནས་ཚངས་རིས་པ་བསྐལ་པ་གཅིག་གི་ཚེའི་བར་དུ་རིམ་པས་


MR17_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །དེའི་འོག་ཏུ་ཤིན་ཏུ་དབང་གྱུར་རམ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ནས་དམྱལ་བ་ལ་ཐུག་གི་བར་ནི་འདོད་པ་ཁམས་ལ་གནས་པ་ཡི་རིས་བཅུ་གཅིག་གོ། གང་ཞེ་ན་གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་པ་དང་། རྒྱལ་ཆེན་བཞིའི་རིས་ཏེ་འདོད་ལྷ་དྲུག་གོ། དེ་དག་གི་ཚེ་བསྐལ་པ་ཆུང་ངུ་དྲུག་ནས་གཅིག་གི་བར་དུ་མས་རིམ་དུ་ཤེས་པར་བྱའོ། །ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་སྟེ་ལྔ་དང་བཅས་པའི་འདོད་ཁམས་ཀྱི་སྲིད་པ་བཅུ་གཅིག་གོ། ལྷ་མ་ཡིན་ནི་གནས་རིས་ཕལ་ཆེར་ལྷའི་དང་ཀླུའི་ནང་དུ་འདུས་ཀྱང་རིགས་ཀྱི་དབང་གིས་ཐ་དད་དུ་བགྲང་བས། །དེ་ལྟར་ན་འདོད་པའི་སྲིད་པ་བཅུ་གཅིག་གཟུགས་ཀྱི་བཅུ་དྲུག གཟུགས་མེད་པའི་བཞི་སྟེ་སྲིད་པ་སུམ་ཅུ་རྩ་གཅིག་གོ། སྲིད་པ་སོ་གཅིག་པོའི་སྔགས་ནི། གཟུགས་མེད་པ་བཞི་པོ་དག་ནི་ཨ་སོགས་བཞི་པོ་སྟེ། ཨ་ཨཱ་ཨཾ་ཨཿ ཞེས་པ་ཧ་འཁྲིག་ཞེས་ཧ་རིང་ཐུང་ཟུང་དང་བྲལ་བ་དེ་ཟད་པར་ནམ་མཁའི་སྔགས་རྣམས་ཏེ། ཧ་འཁྲིག་བྲལ་ཞེས་མ་སྨྲོས་ཀྱང་བཞི་པོ་སྨྲོས་པས་ཆོག་གི་འདི་ལ་དགོས་པ་མེད་དོ་སྙམ་ན། ཧ་ཡིག་ཀྱང་སྟོང་པ་མཁའ་ཁམས་ཅན་ཡིན་ཡང་གཟུགས་མེད་ཁམས་རིས་བཞི་ལས་མེད། ས་བོན་གཞན་མི་དགོས་ཞེས་དང་དེ་བཞིན་སྐབས་འདིར་བསྒྱུར་བའི་དབྱངས་རྣམས་མིན་ཞེས་པའི་དོན་ཏོ། །གཉིས་ཀྱི་མངོན་བརྗོད་གཞན་ལས་འཁྲིག་པ་ཅེས་སྨྲོས་པ་ཚིག་ལ་སྡེབས་སྦྱོར་གྱི་དབང་གིས་དང་། དོན་ལ་གནས་དེ་དག་བལྟ་བ་སོགས་ཀྱི་ཆགས་པ་དང་བྲལ་བར་ཡང་བསྟན་པ་སོགས་ཀྱི་ཆེད་དུའོ། །གནས་འོག་མ་གཞན་བཞིར་ཡེ་ལེར་འཆད་པ་ལྟར་རྒོད་བལྟ་རེག་བཅིང་གི་ཆགས་བཅས་སུ་བཤད་དོ། །ཨཾ་ཨཿ


MR17_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ས་བོན་ཡིན་ཀྱང་། འདིར་ཨ་ནམ་མཁའ་ཡིན་པ་དེའི་རིགས་ལས་བྱུང་བའོ། །དེ་བཞིན་དུ་ཨི༷་ལ་སོགས་པ་བཅུ་དྲུག་ནི་གཟུགས་ཁམས་བཅུ་དྲུག་གི་ཡིན་ཏེ། ཨི་ཨཱི་ཨེ་ཨཻ་ཟད་པར་རླུང་ངོ་། །རྀ་རཱྀ་ཨར་ཨཱར་ཟད་པར་མེ། ཨུ་ཨཱུ་ཨོ་ཨཽ་ཟད་པར་ཆུ། ལྀ་ལཱྀ་ཨལ་ཨཱལ་ཟད་པར་སའོ། །དབྱངས་བསྒྱུར་པའི་དང་པོ་ཧ་ལ་སོགས་པ་ལ་ཡི་མཐའ་ལ་ཐུག་པའི་བར་ཡང་ནི་འདོད་པའི་སྲིད་པ་རྣམ་བཅུར་ལུང་ལས་རབ་ཏུ་གསལ་ཏེ། ཧ་ཧཱ། ཡ་ཡཱ། ར་རཱ། ཞེས་འདོད་པའི་ལྷ་དྲུག་ཏུ་སྦྱིན་པ་དང་སྔགས་བཟླས་པའི་སྟོབས་ཀྱིས་འགྱུར་རོ། །ཝ་ཝཱ་ཞེས་པ་ལྷ་མིན་དང་མི་སྟེ། སྦྱིན་པའི་སྟོབས་ཀྱིས་ལྷ་མིན་དང་དགེ་མི་དགེའི་ལས་ཀྱི་སྟོབས་ཀྱིས་མིར་འགྱུར་རོ། །ལ་ལཱ་ཞེས་པ་དུད་འགྲོ་དང་ཡི་དྭགས་ཏེ། སྡིག་པ་ཆུང་ངུས་དུད་འགྲོ་དང་། འབྲིང་གིས་ཡི་དྭགས་སོ། །གསལ་བྱེད་ཀྱི་ཡི་གེ་ཀུན་གྱི་ཐོག་མ་དང་མཐའ་བསྡུས་ཏེ་ཡི་གེ་གཅིག་ཏུ་བྱས་པ་ཀྵ་ཞེས་ཀ་དང་ས་སྦྱར་ཞིང་ས་ཥར་བསྒྱུར་བ་འདི་ནི་གོང་དུ་འདོད་པ་རྣམ་བཅུ་ཞེས་སྨོས་པའི་ལྷག་མ་སྲིད་པ་བཅུ་གཅིག་པ་དམྱལ་བ་ལའོ། །དམྱལ་བ་ནི་སྡིག་པ་ཆེན་པོས་འགྱུར་རོ། །ས་འོག་པ་རྣམས་ཀྱི་ཚེ་ཚད་ནི། ཀླུའི་འཇིག་རྟེན་དང་པོར་བསོད་ནམས་ཀྱི་སྟོབས་དང་། དམྱལ་བའི་གནས་དང་པོར་སྡིག་པའི་སྟོབས་ཀྱིས་སྐྱེ་ཞིང་། དེ་གཉིས་བར་གྱི་བསྐལ་པ་ཆུང་ངུའི་ཚེའོ། །དམྱལ་བའི་གནས་གཉིས་པ་དང་གསུམ་པར་བསྐལ་པ་བར་མའི་ཚེའོ། །བཞི་པ་དང་ལྔ་པར་བསྐལ་པ་མཆོག་གི་ཚེའོ། །དྲུག་པ་དང་བདུན་པར་བསྐལ་པ་ཆེན་པོའི་ཚེའོ། །བརྒྱད་པ་འཇིག་རྟེན་ཉེ་བར་སྡུད་པའི་ཚེའོ། །དེ་ལྟར་སྲིད་པ་སུམ་ཅུ་རྩ་གཅིག་དེ་དག་གིས་སམ་རྣམས་ཀྱིས་འདིར་ནི་མཐོ་རིས་དང་མི་ཡུལ་ས་འོག་གི་སྲིད་པ་གསུམ་དུ་འགྱུར་ལ། ཁམས་ཀྱི་དབྱེ་བས་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་མོ། །དེ་ལྟ་བུའི་སྲིད་པ་གསུམ་པོ་མ་ལུས་པ་འདི་ཡང་སྒྲིབ་པ་


MR17_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་དུ་འགྱུར་ཏེ་ཨ་སོགས་ཐབས་དང་ཀ་སོགས་ཤེས་རབ་ཀྱི་རབ་ཏུ་དབྱེ་བས་ཤེས་པར་བྱའོ། །ཞེས་སོ། །འདིར་འགྲེལ་པ་ལས་བསྐལ་པའི་ཚད་གསུངས་པ། ཆུ་དང་ཞེང་ལ་དཔག་ཚད་གཅིག་ཡོད་པ་ཐ་གྲུར་མཉམ་པར་བྱས་པའི་དོང་དེ་སྐྲའི་རྩེ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ་ལས་མི་ཡི་ལོ་བརྒྱ་རེ་རེ་སོང་བ་ན་སྐྲ་རྩེ་རེ་རེ་བྱུང་བས་གང་གི་ཚེ་དོང་ནང་གི་སྐྲ་ཐམས་ཅད་ཟད་པ་ལ་བསྐལ་ཆུང་གི་ཉིན་ཞག་གཅིག་ཅེས་བྱའོ། །ཉིན་ཞག་དེ་སུམ་ཅུས་ཟླ་བ། ཟླ་བ་དེ་བཅུ་གཉིས་ཀྱིས་ལོར་བྱས་པའི་ལོ་བརྒྱ་ལ་བསྐལ་ཆུང་ཞེས་བྱའོ། །དེ་བཞིན་དུ་དེའི་སྡེ་ནི་བསྐལ་པ་བར་མ་སྟེ་ཞེས་འགྲེལ་པར་གསུངས་པའི་དོན་བསྐལ་ཆུང་དེ་ཡི་དབང་དུ་བྱས་པའི་ལོ་བརྒྱ་ན་སྐྲ་རེ་བྱུང་བ་ཟད་པ་ཞག་གཅིག་ཏུ་བརྩིས་ནས་ཞག་སུམ་ཅུ་ལ་ཟླ་བ་སོགས་བརྩིས་པའི་ལོ་བརྒྱ་ནི་བར་བསྐལ། བར་བསྐལ་ལ་ལོ་རེ་བརྩིས་པས་སྐྲ་རྩེ་ཕྱུང་བ་སོགས་སྔ་མ་ལྟར་བསྒྲེས་པའི་ལོ་བརྒྱ་མཆོག་བསྐལ་ཞེས་བྱའོ། །ཞེས་ཀྱང་བཤད་པ་ཡོད། འགྲེལ་བྱེད་སྔ་མ་ཕལ་གྱིས་བསྐལ་ཆུང་གཅིག་ཞག་ཏུ་བརྩིས་ནས་རིམ་པས་ལོར་བསྒྲེས་པའི་ལོ་བརྒྱ་ལ་བར་བསྐལ། དེ་བཞིན་བར་བསྐལ་ཞག་བརྩིས་ཀྱིས་ལོ་བརྒྱ་ལ་མཆོག་བསྐལ་དུ་བཞེད་པའང་ཡོད། འོག་མ་འོག་མའི་ལོ་ཅི་ཙམ་པ་རང་རང་གིས་རང་རང་བསྒྱུར་བས་གོང་མ་གོང་མ་འགྲུབ་པ་དེའི་སྡེ་ཞེས་པའི་དོན་དུ་འགོས་ལོ་ཙཱས་གསུངས་པ་འདི་ཕལ་གྱིས་འཐད་ཕྱོགས་སུ་མཛད། བི་བྟཱུ་ཏིས་ལོ་བརྒྱ་ལོ་བརྒྱས་བསྒྱུར་བ་ལ་འཆད་དོ། །དོང་གི་སྐྲ་རྩེ་ཅི་ཙམ་པ་རྩིས་ལ་ཕབ་པ་དང་། དེ་མི་ལོ་བརྒྱས་བསྒྱུར་བ་མི་ལོ་དུ་ཡིན་པ་སོགས་ཀྱང་རྩིས་ལམ་དུ་ཞིབ་པར་ཕབ་ན་ཤེས་པར་འགྱུར་ཏེ་འདིར་ཡི་གེར་འགོད་པ་ལ་དགོས་པ་ཆེར་མི་སྣང་ངོ་། །དེ་ལྟར་དགེ་སྡིག་གི་དབང་གིས་མཐོ་རིས་ལྷ་དང་། དམྱལ་བ་རྣམས་སུ་བསྐལ་པ་དུ་མར་བདེ་སྡུག་མྱོང་


MR17_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །ད་ནི་སྲིད་པ་སོ་གཅིག་པོ་དེའི་བྱེ་བྲག་འགའ་ཞིག་གི་གནས་དང་གནས་ཅན་གྱི་ཁྱད་པར་ཅི་རིགས་གསུངས་པ། རིན་ཆེན་སྣ་ཚོགས་ཀྱི་ཁང་པ་སོགས་ཀྱི་འོད་ཀྱིས་སྣང་བར་བྱེད་པའི་གནས་ལྷ་མིན་དང་ཀླུའི་འཇིག་རྟེན་ཡིན་ལ་དེ་ཡང་ས་དཀྱིལ་ཕྱེད་མར་བྱས་ནས་སྟེང་གི་ཆ་དེ་ཡང་ཕྱེད་མར་བྱས་པའི་སྟེང་དུ་ལྷ་མིན་དང་འོག་ཏུ་ཀླུ་གནས་སོ། །དེ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉེར་ལྔའི་ཚད་ཅན་གསེག་མའི་ཆུ་ཞེས་པ་ནི་གནས་དང་པོའི་དམྱལ་བར་ངེས་པར་བརྗོད་དེ་ས་དཀྱིལ་གྱི་ཕྱེད་གོང་མར་རིན་ཆེན་སྣང་དང་། འོག་མར་གསེག་མའི་ཆུ་ཡི་དམྱལ་བའོ། །བྱེ་མའི་ཆུ་ཞེས་པ་ནི་དམྱལ་བ་གཉིས་པའོ། །འདམ་གྱི་ཆུ་དམྱལ་བ་གསུམ་པ་དང་དེ་གཉིས་ནི་ཆུ་དཀྱིལ་གྱི་ཕྱེད་གོང་འོག་ལ་གནས་ཏེ་འདམ་དང་བྱེ་མའི་ཆུ་དང་ལྡན་པ་གྲང་བའི་དམྱལ་བའོ། །མི་བཟད་པའི་དུ་བ་ཞེས་པ་དམྱལ་བ་བཞི་པ་དག་དང་། མེ་ཞེས་པ་ལྔ་པ་དང་འདི་གཉིས་འོག་གཞི་མེ་ཡི་དཀྱིལ་འཁོར་གྱི་ཕྱེད་གོང་འོག་ཏུ་གནས་པ་ཚ་བའི་དམྱལ་བ་གཉིས་སོ། །དེ་ནས་དེའི་འོག་ཏུ་མུན་པ་ཞེས་པ་དྲུག་པ་དང་ནི། ངུ་འབོད་མུན་པ་ཆེན་པོ་ནི་བདུན་པ་སྟེ། དྲག་པོའི་རླུང་གི་དམྱལ་བ་འདི་གཉིས་རླུང་དཀྱིལ་གྱི་ཕྱེད་གོང་འོག་ཏུ་སྟེ་དཔངས་ཚད་དཔག་ཚད་སྟོང་ཕྲག་ཉེར་ལྔ་རེ་དང་རྒྱའི་ཚད་ས་དཀྱིལ་དང་མཉམ་པའོ། །དངོས་སུ་མ་གསུངས་ཀྱང་དང་ཡིག་གིས། རྡོ་རྗེའི་མེ་ལྕེ་དང་བཅས་པ་དམྱལ་བ་བརྒྱད་པ་ནི། རྡོ་རྗེའི་མེ་ཁབ་རྩེའི་རྣམ་པ་ལྟར་རྣོ་བས་སའི་ཆ་རྟག་ཏུ་རབ་ཏུ་འབར་བ་སྟེ། འདི་ཀུན་གྱི་འོག་ན་གནས་ཀྱི་གནས་ཟུར་དུ་མེད་ཅིང་དེ་ལྟར་དམྱལ་བ་བརྒྱད་ནི་ས་འོག་ནའོ། །རི་རབ་ཀྱི་རྡོ་རྗེའི་འགྲམ་སྟེགས་ཀྱི་ཕྱི་རོལ་ནས་བསིལ་རི་ལ་ཐུག་གི་བར་དུ་རི་རབ་ཀྱི་བྱ་སྐྱིབས་ནང་ན་ནང་གི་གླིང་དྲུག་དང་མཚོ་དྲུག་རི་དྲུག་པོ་མུ་ཁྱུད་བཞིན་དུ་བསྐོར་ནས་རིམ་པས་སྤེལ་མར་གནས་ཏེ། རི་རབ་ཀྱི་རྡོ་རྗེའི་འགྲམ་སྟེགས་ཀྱི་མཐར་ཟླ་བའི་གླིང་།


MR17_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཐར་སྦྲང་རྩིའི་རྒྱ་མཚོ་དེའི་མཐར་རི་འོད་སྔོན་ཞེས་བྱ་བས་བསྐོར་བ་སྟེ་དེ་ལྟར་ནང་གི་གླིང་རི་དང་མཚོ་རེ་རི་རེ་རིམ་པར་བསྐོར་བས་གླིང་དྲུག་མཚོ་དྲུག་རི་དྲུག་ནི་ནང་གི་ཡིན་ལ། གླིང་བདུན་པ་ལས་ས་དུམ་བུ་བཅུ་གཉིས་པ་དང་མཚོ་བདུན་པ་ལན་ཚྭའི་རྒྱ་མཚོ། རི་བདུན་པ་རྡོ་རྗེའི་ལྕགས་རིའོ། །དེ་ལྟར་གནས་པ་ལས་མཚོ་བདུན་བཤད་པ། གླིང་དུམ་བུ་བཅུ་གཉིས་ཀྱི་ཕྱི་རོལ་ན་ལན་ཚྭ་ཡི་རྒྱ་མཚོ་དང་། དེ་བཞིན་དུ་རི་རབ་ཀྱི་བྱ་སྐྱིབས་བསིལ་རིའི་ནང་ན་ཆང་གི་མཚོ་དང་དེ་བཞིན་ཕྱི་ནས་ཕར་བརྩིས་ཏེ། ཆུ་དང་འོ་མ་དང་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་ཡོད་པ་ནི་མཚོ་བདུན་ཏེ། ཞེས་དང་། དེ་བཞིན་དུ་རི་བོ་ནི་རི་རབ་ཀྱི་ཕྱོགས་ནས་མགོ་བརྩམ་སྟེ་ནང་ནས་ཕྱིར་བགྲང་བའི་རིམ་པས་ནང་གི་གླིང་རེ་རེའི་རྒྱབ་ཏུ། འོད་སྔོན་དང་། མནྡ་ར་སྟེ། དལ་འབབ་བམ་དལ་འཛིན་ཞེས་བྱ་བའི་རི་དང་ནི་ཥ་ཊ་སྟེ་དྲུག་བྲལ་ལམ། གཙུབ་ལྡན་ནམ་མཚན་མ་སྣང་བར་ཡང་བསྒྱུར་བ་དེ་དང་ནོར་བུའི་འོད་དང་དྲོ་ཎ་སྟེ་འཇལ་བྱེད་ངམ་བྲེ་བོ་ཞེས་བྱ་བ་དང་། བསིལ་རི་དྲུག་ནང་གི་མཚོ་རྣམས་ཀྱི་མཐའ་འཁོར་བའི་རི་ཡིན་ལ། ལན་ཚའི་རྒྱ་མཚོའི་མཐར་རྡོ་རྗེ་ཡི་རི་དང་བཅས་པ་རི་བདུན་ཞེས་བྱའོ། །གླིང་ནི་ཟླ་བ་ཞེས་བྱ་བའི་གླིང་དང་། འོད་དཀར་གྱི་གླིང་ཞེས་བྱ་བ་དག་དང་། རབ་མཆོག་དུ་གཙང་བའམ་བདེ་བ་ཀུ་ཤ་ཞེས་བྱ་བའི་གླིང་དང་ནི། མི་འམ་ཅི་དང་། ཁྲུང་ཁྲུང་དང་། དྲག་པོ་ཞེས་བྱ་བ་ཡང་ནི་དྲུག་པོ་སྟེ་རི་རབ་ཀྱི་རྩ་བའི་རྡོ་རྗེའི་འགྲམ་སྟེགས་ཀྱི་རྒྱབ་ནས་བརྩམ་སྟེ་ནང་ནས་ཕྱིར་རིམ་བཞིན་གནས་པ་ནང་གི་གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་ཞེས་བྱ་བ་སྟེ་དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་ལ་སྤྱོད་པ་ཤ་སྟག་གོ། དེ་དག་གི་ཕྱི་རོལ་དུ་གླིང་བདུན་པ་འཛམ་བུ་ཡི་གླིང་ཞེས་པས་དུམ་བུ་བཅུ་གཉིས་སུ་མི་རྣམས་གནས་པ་དག་ནི་འཛམ་གླིང་ཆེན་པོ་ལས་ཀྱི་ས་པ་ཞེས་བྱ་


MR17_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མི་རྣམས་བདེ་སྡུག་གི་རྒྱུ་ལས་སྣ་ཚོགས་བསྒྲུབ་པ་ལ་སྟོབས་དང་ལྡན་པའི་ཕྱིར་རོ། །རང་རེའི་གནས་ཀྱི་དུམ་བུ་འདི་ལ་འཛམ་གླིང་ཆུང་ངུའི་ཐ་སྙད་དུ་བྱེད་པ་ཤེས་པར་བྱའོ། །ལས་ཀྱི་ས་པ་དེའི་ཤར་དུ་རླུང་དཀྱིལ་གྱི་རང་བཞིན་ཅན་གྱི་གླིང་ནི་དབྱིབས་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་ཟླ་བ་ཉ་བ་ལྟ་བུའོ། །དེ་བཞིན་དུ་ཀྱེ་མི་ཡི་བདག་པོ་ལྷོ༷་རུ་མེ་ཡི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ནི་གྲུ་གསུམ་མོ། །བྱང་དུ་ཆུ་དཀྱིལ་གྱི་རང་བཞིན་གྱི་ནི་ཕྱེད་ཀྱི་ཟླ་བའམ། ཟླ་བ་ཕྱེད་པའམ། ཟླ་གམ་དག་དང་ནུབ་ཏུ་གསེར་མཆོག་ས་ཡི་དཀྱིལ་འཁོར་གྱི་རང་བཞིན་ཅན་ནི་ཆུ་ཡི་གཏེར་ཏེ་བཞི་ཡི་རང་བཞིན་གྱི་ཟུར་ཞེས་པ་གྲུ་བཞིའོ། །འདིར་བི་བཏི་ཙནྡྲའི་ཕྱག་དཔེར། ཤར་ཟླ་ཕྱེད། བྱང་ཟླུམ་པོར་བྱས་པ་ཡོད་པ་དེ་འགྲིག་ཟེར་བ་ཡོད་ཀྱང་འབྲོ་ཤོང་གི་འགྱུར་འདིར་གོང་ལྟར་དངོས་སུ་གསལ། ཕྱི་རོལ་དུ་དཀྱིལ་འཁོར་བཞི་པོ་དེ་བཞིན་ནང་དུ་ལུས་ཀྱི་མདུན་ཕྱོགས་རླུང་། རྒྱབ་ས། གཡོན་ཆུ་གཡས་མེའི་རང་བཞིན་ཕན་ཚུན་ཐད་ཀར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དབུས་སུ་རི་རབ་ལྷུན་པོ་སྟོང་པའི་དཀྱིལ་འཁོར་གྱི་རང་བཞིན་ཅན་ཟླུམ་པོ་ཐིག་ལེའི་རྣམ་པ་ནི། རྡོ་རྗེ་མཆོག་གི་རང་བཞིན་ཤར་རླུང་ལྷོ་མེ་སོགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་སྟེ། དེ་ལྟར་གླིང་བཞི་རི་རབ་དང་བཅས་པ་ཁམས་ལྔ་རིགས་ལྔ་སྟེ་སྟོང་ཆེན་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་ནོ། །གླིང་བཞི་ཡི་དཀྱིལ་འཁོར་བཞི་ནི་ས་ཡི་སྟེང་དུ་འདི་ལྟར་གྱེན་དུ་འཕགས་པའི་དཔང་ཚད་ནི་དཔག་ཚད་སྟོང་ཕྲག་རྣམས་ནི་རིམ་བཞིན་ཤར་གྱི་རི་སྟེ་བདུན་དང་། ལྷོའི་ཀླུ་སྟེ་བརྒྱད་དང་། བྱང་གི་གཟའ་སྟེ་དགུ་དང་། ནུབ་ཀྱི་ཕྱོགས་ཏེ་བཅུ་རྣམས་དག་ཏུ་འགྱུར་རོ། །འདིར་གླིང་བཞི་པོ་ལ་དཔག་ཚད་སྟོང་ཕྲག་བདུན་དང་བརྒྱད་སོགས་གསུངས་པ་འདིར། ས་སྟེང་དུ་གླིང་བཞི་རང་རང་གི་རྒྱ་ཚད་དུ་འདོད་པ་ནི་ཆུང་ཆེས་ནས་ཡུལ་


MR17_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སོགས་མི་ཤོང་བའི་སྐྱོན་ཡོད་ལ། གླིང་བཅུ་གཉིས་པོ་བསིལ་རི་དང་ལན་ཚྭའི་རྒྱ་མཚོའི་བར་གྱི་ཚད་ཅན་དུ་འདྲ་བས་མི་འཐད་ཅིང་། ཡང་ཁ་ཅིག་གླིང་བཞི་པོའི་རྩ་བའི་དབང་གི་རིང་ཐུང་ལ་འདོད་པའང་མི་འཐད་དེ། གླིང་ཐམས་ཅད་ཀྱི་རྩ་བ་ཆུ་དཀྱིལ་ལ་ཟུག་པར་མཚུངས་པ་ལས། གླིང་འགའ་ཞིག་གི་རྩ་བ་ཆུ་དཀྱིལ་མ་རེག་པར་ཟད་པ་མི་སྲིད་དོ། །འགའ་ཞིག་སོ་སོའི་གླིང་གི་མཐའ་ནས་དབུས་སུ་དེ་ལྟར་མཐོ་ཟེར་ཀྱང་། དེ་ལྟ་ན་རྒྱ་གར་ཡུལ་དབུས་སུ་མཐའ་ཁོབ་པ་རྣམས་བགྲོད་མི་ནུས་པས་མི་འཐད་དོ། །ཡང་འགའ་ཞིག་གདེངས་ཅན་གྱི་གནས་ཀྱི་ཡ་མཐའ་ནས་གླིང་དེ་དག་གི་སའི་དབང་དེ་ལྟར་མཐོ་བར་འདོད་པ་ལྟར་ན། འཇིག་རྟེན་གྱི་ཁམས་ཀྱི་དཔང་འབུམ་བཞིར་བཤད་པ་ལས་དེ་དག་ལྷག་པར་འགྱུར་བས། དེས་ན་གླིང་སོ་སོའི་དབུས་ནས་ཚད་དེ་ཙམ་ཞིག་ཟླུམ་པོ་དང་ཟླ་ཕྱེད་སོགས་ཀྱི་རྣམ་པར་ཡོད་པ་ལ་བཤད་པ་འདུག་ཀྱང་། ཕལ་ཆེ་བས་ཚད་འདི་དག་ས་ཡི་སྟེང་དུ་གླིང་སོ་སོ་གྱེན་དུ་འཕགས་པའི་ཚད་ལ་བཞེད་པ་དེ་ལྟར་བྱས་ཀྱང་། འཇིག་རྟེན་གྱི་དཔང་ཚད་བཞི་འབུམ་དུ་གསུངས་པ་ལས་ལྷག་མི་དགོས་པ་འདྲ་སྟེ། དེ་དག་རི་རབ་ཀྱི་སྟེང་ལས་བརྒལ་བར་མཐོ་བ་མ་ཡིན་ལ། གླིང་སོ་སོའི་ས་ཡི་སྟེང་དུ་རི་རྣམས་གྱེན་དུ་མཐོ་ཡང་དེ་བཞི་འབུམ་ལས་ལྷག་པར་བརྩི་མི་དགོས་པ་བཞིན་དང་། ས་ཡི་སྟེང་དུ་དཔག་ཚད་སྟོང་ཕྲག་རྣམས་ནི་ཞེས་པས་གླིང་རྣམས་ས་སྟེང་དུ་འཕགས་ཚད་བྱས་ཀྱང་མི་འགྲིག་པ་མེད་པ་འདྲ་སྙམ་མོ། །རི་རབ་ལྷུན་པོ་ཡི་ནི་སྟེང་གི་རྒྱ་ལ་ཤར་ནུབ་དང་ལྷོ་བྱང་དུ་ཐད་ཀར་དང་། ས་གཞི་དག་གི་གནས་ལ་ཐད་ཀར་རྒྱར་རིམ་བཞིན་སྟེང་གི་ཞེང་ལ་དཔག་ཚད་རྣམས་ནི་སྟོང་ཕྲག་ནི་ལྔ་བཅུ་དང་། རྩ་བའི་ཞེང་ལ་བཅུ་དྲུག་དག་གོ་ཞེས་རི་རབ་ཀྱི་སྟེང་རྒྱ་ཆེ་ཞིང་རྩ་བ་ཕྲ་བའི་ཚད་དེ་ལྟ་བུ་ཡིན་ལ། དཔག་ཚད་སྟོང་ཕྲག་གཅིག་ནི་


MR17_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཆོག་ས་ཡི་གཞི་ལ་རི་རབ་ཀྱི་རྩ་བ་དཀྲིས་པ་ལྟ་བུའི་རྡོ་རྗེའི་ཁོར་ཡུག་དག་གི་ཞེང་ཡང་དག་པ་སྟེ། རི་རབ་རྩ་བ་གཅིག་པ་དེ་ཉིད་ལ་རྩེ་མོའི་རྭ་ལྔ་ཡོད་པ་ཞེས་བང་རིམ་བཞི་དང་། སྟེང་གི་རྩེ་མོ་བཅས་ལ་རྭའམ་རྩེ་མོ་ལྔ་པའི་ཐ་སྙད་བྱེད་ལ། རྩེ་མོའམ་རྭ་ནི་ལྔ་པོ་རྣམས་དེ་དག་སྟེང་ནས་སྟེང་དུ་བརྩེགས་པ་དང་། ས་གཞི་དག་གི་གནས་ལ་ཕྱོགས་ཐམས་ཅད་ཀུན་དུ་ནི་ཕྱིར་སོན་ཡོད་ཅིང་ཁོར་ཡུག་ཏུ་འཁོར་བ་དག་གོ། འདི་ལ་ཇོ་འགྱུར་ལས། སྟེང་གི་རྩེ་མོ་ལྔ་པོ་རྣམས་ནི་ས་གཞིའི་གནས་རྣམས་ལ་སྟེ་ཕྱོགས་ཀུན་དུ་ནི་ཁོར་ཡུག་གོ། ཞེས་གསུངས། རི་རབ་ཀྱི་ཁོར་ཡུག་དེ་ཡི་ཕྱི་རོལ་དུ་རྭ་བཞིའི་ཁང་སྐྱིབས་ཀྱི་གནས་སུ་ནང་གི་གླིང་དྲུག་དང་། མཚོ་དྲུག་དང་རི་དྲུག་སྟེ་དེ་རྣམས་ལས་ཁ་བའི་རི་དང་རི་རབ་ཀྱི་རྭ་བཞི་པ་ཕྱིར་གྱེད་པ་དག་ཕྱི་མཐའ་མཉམ་པའོ། །རི་རབ་ལྷུན་པོ་དེ་ཡི་ཕྱི་རོལ་དུ་ནང་དང་ཕྱིའི་གླིང་བདུན་དང་། རི་བོ་བདུན་པོ་དག་དང་ཆུ་གཏེར་བདུན་པོ་རྣམས་ཏེ་མཚོ་བདུན་པ་ལན་ཚའི་རྒྱ་མཚོའི་མཐར་ཕྱོགས་རྣམས་ཀུན་ཏུ་མེ་དང་ང་གི་དཀྱིལ་འཁོར་གྱི་ཟླུམ་པོར་བསྐོར་བའོ། ནང་གི་སྤྲང་རྩི་ལ་སོགས་པའི་ཆུ་གཏེར་དྲུག་པོ་ཐམས་ཅད་དག་ཀྱང་ཟླ་བ་ཟླ་བ་གཅིག་སྟེ་བརྒྱ་བཅུ་གཅིག་གིས་དམན་པའི་སྟོང་ཕྲག་རེ་རེ་སྟེ། དཔག་ཚད་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་དགུའི་ཞེང་གི་ཚད་ཅན་ནོ། །དེ་བཞིན་དུ་ནང་གི་གླིང་དྲུག་པོ་རྣམས་དང་ནི་རི་ཡི་རྒྱུད་ཁོར་ཡུག་ཏུ་འཁོར་བ་མཆོག་རྣམས་དག་ཀྱང་ཚད་དེ་འདྲ་སྟེ་ནང་གི་རི་མཚོ་གླིང་གསུམ་བཅོ་བརྒྱད་པོ་ཀུན་ཚད་མཉམ་མོ། །དེའི་ཕྱིར་གོང་བཤད་བརྒྱ་བཅུ་གཅིག་གིས་དམན་པ་དེ་ལྟའི་སྟོང་ཕྲག་གི་ཚད་ཅན་ནོ། །ཞེས་སོ། །ཚིག་རྐང་འདི། ཇོ་འགྱུར་ལས། གླིང་དང་རི་རྒྱུད་མཆོག་རྣམས་དག་ཀྱང་དེ་ལྟའི་སྟོང་ཕྲག་རྣམས་ཏེ་ཉི་ཤུ་རྩ་ལྔ་ནི། །ཞེས་གསུངས། འདིར་ནང་གི་རི་གླིང་མཚོའི་ཚད་འདི་ནི་རགས་པའི་རྣམ་གཞག་རྩིང་པོའི་ཚད་མདོར་བསྡུས་སུ་བརྗོད་པ་སྟེ།


MR17_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཏུ་ན་ནང་གླིང་གི་ས་ཁྱོན་དཔག་ཚད་སྟོང་ཕྲག་བཅུ་དྲུག་ལ་བཅོ་བརྒྱད་ཀྱིས་བགོས་པས་བརྒྱད་བརྒྱ་དང་གྱ་བརྒྱད། ལྷག་མ་བཅུ་དྲུག་པོ་བཞིས་བསྒྱུར་ལ་བཅོ་བརྒྱད་ཀྱིས་ཐོབ་པ་རྒྱང་གྲགས་གསུམ། ལྷག་མ་བཅུ་ཡོད་པ་ཉིས་སྟོང་གིས་བསྒྱུར་ཐོབ་གཞུ་འདོམས་སྟོང་བརྒྱ་བཅུ་གཅིག་ལྷག་མ་གཉིས་ལུས་པ་བཞིས་བསྒྱུར་བ་བཅོ་བརྒྱད་ཀྱིས་མ་ཐོབ་པས་ཁྲུ་མེད་ལ། བརྒྱད་པོ་དེ་ཉེར་བཞིས་བསྒྱུར་ཐོབ་སོར་མོ་བཅུ། ལྷག་སོར་བཅུ་གཉིས་པོ་བརྒྱད་ཀྱིས་བསྒྱུར་ཐོབ་ནས་ལྔ། ལྷག་མ་ནས་དྲུག་ཡོད་པ་བཅོ་བརྒྱད་ཀྱི་ཆར་ཕྱེ་བས་ནས་གཅིག་གི་སུམ་ཆ་རེ་ཐོབ་པ་ནི་ཞིབ་པར་གཏན་ལ་ཕབ་པ་ཡིན་ནོ། །དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་འཛམ་བུའི་གླིང་ཆེན་པོ་དག་གི་ས་གཞི་ཡངས་པ་དག་གི་ཚད་དང་དེའི་མཐར་ཕྱོགས་ཐམས་ཅད་དུ་འཁོར་བ་ལན་ཚྭའི་ཆུ་ཡི་གཏེར་ནི་ཁ་ཞེང་འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ཏེ། སྲིད་པ་གསུམ་པོ་འདེགས་ཤིང་འཛིན་པ་ཡི་ནི་དཀྱིལ་འཁོར་བཞིའི་མཐའ་མ་ན་གནས་པ་དག་གི་མེ་དཀྱིལ་དང་ང་གི་ཚད་དག་ཀྱང་ཞེང་དུ་ཆུ་དེ་བཞིན་འབུམ་གྱི་ཕྱེད་ཡིན་ནོ། །ཁ་ཅིག་འདིར་འཛིན་མ་ལ་འཛིན་པ་ཞེས་ཕོའི་རྟགས་སུ་བྱས་པའོ་ཟེར་ཀྱང་རྒྱ་དཔེའི་སྐྱོན་དེ་དེར་མ་ངེས་སོ་ཞེས་བཤད། དེ་ལྟར་ལྷུན་པོའི་རྩ་བའི་ཚངས་པའི་གནས་དབུས་ཐིག་དེ་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་བརྒྱད་དང་དེ་སྟེང་ཁོར་ཡུག་གི་གཅིག་བསྣན་པས་དགུའོ། །དགུ་པོ་དེའི་ཕྱི་རོལ་ཕྱོགས་ཀུན་ཏུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་ས་ནི་གླིང་དྲུག་ལ་སོགས་པའི་སའོ། །དེའི་ཕྱི་རོལ་དུ་ལས་ཀྱི་ས་པའི་གནས་ཞེང་དུ་སྟོང་ཕྲག་ཉེར་ལྔ་དང་། དེའི་མཐར་ཆུ་མེ་རླུང་དཀྱིལ་གསུམ་འབུམ་ཕྲག་ཕྱེད་རེའི་ཞེང་དུ་མཉམ་པས་བསྐོར་བ་སྟེ། དེ་ལྟར་ན་ལྷུན་པོའི་དབུས་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་རླུང་དཀྱིལ་གྱི་མཐའི་བར་དུ་དཔག་ཚད་འབུམ་ཕྲག་གཉིས་རེ་ཡིན་ཏེ་གཡས་


MR17_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཉིས་གཡོན་དུ་གཉིས་ཡིན་ནོ། །ནང་དུ་ལུས་ལ་བྲང་ནི་ས་ཡི་དཀྱིལ་འཁོར་ཡིན་པས་བྲང་གི་དབུས་ནས་གཡས་སུ་ཕྱེད་དང་གཡོན་དུ་ཕྱེད་དུ་འགྱུར་རོ། །ལག་པ་གཉིས་ཀྱི་དཔུང་པ་ཆུའི་དཀྱིལ་འཁོར་རོ། །ཉེ་བའི་དཔུང་པ་སྟེ་ལག་ངར་ནི་མེའི་དཀྱིལ་འཁོར་རོ། །ནོར་བུ་འཆིང་བ་སྟེ་མཁྲིག་མ་ནས་ལག་པའི་རྩེ་མོའི་བར་ནི་རླུང་གི་དཀྱིལ་འཁོར་རོ། །དེ་ལྟར་འཇིག་རྟེན་ཁམས་དེའི་རི་རབ་ཀྱི་གཙུག་ཏོར་གྱི་དབུས་དྲང་པོ་ཚངས་པའི་ཡུལ་སའམ་ཚངས་པའི་གནས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བཞུགས་ཏེ། ནང་དུ་ལུས་ལ་གཙུག་ཏོར་ནོར་བུ་ལའོ། །འགྲེལ་པ་འགར་ལྷུན་པོའི་སྟེང་དབུས་སུ་དུས་འཁོར་བཞུགས་པར་གསུངས་པ་བསྒོམ་པའི་དབང་དུ་བྱས་ཀྱི་དངོས་སུ་ཕྱི་འཇིག་རྟེན་གྱི་རི་རབ་སྟེང་དབུས་སུ་དུས་འཁོར་བཞུགས་པ་མི་འཐད་པར་བཤད་ཀྱང་། བསྒོམ་པའི་དུས་སུ་དུས་འཁོར་གྱི་དཀྱིལ་འཁོར་རི་རབ་སྟེང་དུ་བསྒོམ་པ་ལྟར། ཁམས་གསུམ་གྱི་གནས་སུ་སེམས་ཅན་གྱི་དོན་དུ་རི་རབ་སྟེང་དུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དང་། ཞིང་དང་ཉེ་ཞིང་ལ་སོགས་པར་དཔའ་བོ་དང་རྣལ་འབྱོར་མ་རྣམས་བཞུགས་པར་གྱུར་ནའང་འགལ་བ་ག་ལ་ཡོད་དེ། སྒྲིབ་བྲལ་གྱི་སྐུས་གཞན་གོ་བཀག་པ་དང་། ཀུན་གྱིས་མཐོང་བར་ཐལ་བ་ནི་བསྒྲུབ་མི་ནུས་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་འཇིག་རྟེན་གྱི་ཁམས་ན་མི་བཞུགས་པའང་བསྒྲུབ་མི་ནུས་སོ། །དུས་ཀྱི་འཁོར་ལོ་དེ་ཉིད་ཕུང་ཁམས་སྒྲིབ་བྲལ་གྱི་རྒྱལ་བ་མཆོག་བཅས་ཏེ་སངས་རྒྱས་ཐམས་ཅད་འདུས་ཤིང་གཅིག་ཏུ་འདྲེས་པར་གྱུར་པ་དང་། བྱང་སེམས་དང་ཚངས་པ་ཆེན་པོ་སོགས་ལྷ་ཡི་ཚོགས་ཀྱིས་ཡང་དག་པར་མཆོད་ཅིང་བསྟོད་པ་སྟེ། ལྷུན་པོ་ལ་ནི་གང་ཞིག་དམོད་པ་འགྲུབ་པའི་ཚིག་གི་མདའ་ཅན་ནི་ལྷའི་མིང་སྟེ། དེ་ལྟར་ཚིག་མདའི་ཚོགས་ཚངས་པ་སོགས་ཕྱོགས་སྐྱོང་བའི་ལྷ་རྣམས་དང་།


MR17_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞིའི་འོག་ན་གནས་པ་ཀླུ་རྣམས་དག་ནི་བྲམ་ཟེ་དང་རྒྱལ་རྗེ་དམངས་དང་གདོལ་པའི་རིགས་ལྔའོ། །དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་ས་ཡི་དཀྱིལ་འཁོར་ལ་སོན་པ་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞིར་རང་བཞིན་གྱིས་གནས་པ་ཤར་གྱི་ལུས་འཕགས་དང་། ལྷོ་འཛམ་གླིང་ཆུང་ངུ་དང་། བྱང་སྒྲ་མི་སྙན་དང་། ནུབ་བ་ལང་སྤྱོད་དེ་ཕྱོགས་བཞི་ན་གནས་པ་འདི་རྣམས་ནི་གནས་བཅུ་གཉིས་ཀྱི་ནང་ནས་གནས་རྣམས་ཀུན་ཞེས་བྱ་བ་དང་། གླིང་དེ་དག་གི་མཚམས་བཞི་སྟེ། ཤར་དང་ལྷོའི་མཚམས་ནི་མེ་ཡི་ཕྱོགས་དང་། དེ་བཞིན་བདེན་བྲལ་ཏེ་སྲིན་པོ་དང་། དབང་ལྡན་དང་རླུང་གི་ཕྱོགས་ནི་ཉེ་བའི་གནས་ཡིན་ནོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ནི་ལན་ཚྭའི་རྒྱ་མཚོའི་ཕྱེད་སྔ་མའི་ཕྱོགས་དང་མཚམས་སུ་ཤེས་པར་བྱའོ། །འདུས་པ་དང་ཉེ་བའི་འདུན་པ་དག་ནི་རྒྱ་མཚོའི་ཕྱེད་ཕྱི་མའི་ཕྱོགས་བཞི་དང་མཚམས་བཞི་ལ་གནས་པ་དང་དེ་བཞིན་དུ། འདུས་པ་ཅན་དང་ཉེ་བའི་འདུས་པ་ནི་མེའི་དཀྱིལ་འཁོར་གྱི་ཕྱེད་སྔ་མ་ལའོ། །རོ་ཡི་ཁང་པ་ཡིན་པས་རོ་ཁང་གི་གནས་དུར་ཁྲོད་ནི་མེ་དཀྱིལ་དང་རླུང་དཀྱིལ་ནི་མཚམས་ཀྱི་ས་དང་། མཐར་གནས་ཏེ་ཇི་ལྟར་ན་ཁང་པ་དང་ཉེ་བའི་ཁང་པ་ནི་མེ་དཀྱིལ་གྱི་ཕྱེད་ཕྱི་མར་རོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་སྔ་མ་ལའོ། །དུར་ཁྲོད་ཆེན་པོ་བརྒྱད་ནི། རླུང་གི་དཀྱིལ་འཁོར་གྱི་མཐའ་ལའོ། །འདིར་ཁང་པ་ཞེས་པ་འཐུང་གཅོད་དང་དོན་གཅིག་གོ། དུར་ཁྲོད་རྣམས་གཅིག་ཏུ་བརྩིས་ན་ཧེ་རུ་ཀའི་གནས་བཅུ་ཞེས་ཀྱང་བྱ་ལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱང་ཉེ་བའི་དུར་ཁྲོད་ཀྱི་ཁོངས་སུ་བསྡུས་ཏེ། དེ་ལྟར་ཕྱི་རོལ་དུ་གནས་བཅུ་གཉིས་སུ་བསྟན་པ་ནི་དོན་གྱི་ངོ་བོས་བགྲོད་བྱ་ས་བཅུ་གཉིས་ཡིན་ལ། ནང་དུ་ལུས་ལ་རྐང་ལག་གི་ཚིགས་ཆེན་བཅུ་གཉིས་སོ། །ཕྱོགས་སྐྱོང་བ་རྣམས་ཀྱི་གནས་ནི་ལྷུན་པོའི་སྟེང་གི་ཤར་དུ་བརྒྱ་བྱིན། མེར་


MR17_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེ་ལྷ་དང་གཤིན་རྗེ་ཞེས་ལྷོ་ཕྱོགས་དང་བདེན་བྲལ་ཞེས་པ་སྲིན་པོའི་མིང་སྟེ་དེའི་ཕྱོགས་ལྷོ་ནུབ་དང་། ནུབ་ཕྱོགས་སུ་ནི་རིམ་པ་ལྟར་གཤིན་རྗེ་དང་སྲིན་པོ་དང་ཆུ་བདག་སྟེ་ཀླུའི་གཙོ་བོ་གནས་སོ། །དེ་བཞིན་ཕྱོགས་ཀྱི་བདག་པོའི་མིང་གིས་ཕྱོགས་ཉིད་བརྗོད་པ་རླུང་ནུབ་བྱང་དང་། ནོར་སྦྱིན་བྱང་དང་འཕྲོག་བྱེད་དབང་ཕྱུག་གི་ཕྱོགས་བྱང་ཤར་གྱི་ཆ་རྣམས་སུ་རིམ་བཞིན་རླུང་གི་ལྷ་དང་། གནོད་སྦྱིན་གྱི་རྒྱལ་པོ་དང་། དྲག་པོ་དབང་ཕྱུག་གམ། དབང་ལྡན་ཞེས་བྱ་བ་གནས་ཤིང་། སྟེང་གི་ཆ་དང་འོག་ཏུ་ཡང་། རིམ་བཞིན་ཚངས་པ་དང་ཁྱབ་འཇུག་གནས་སོ། །ཕྱོགས་སྐྱོང་བའི་གཙོ་བོ་དེ་རྣམས་ཀྱང་། མཚོན་ཆ་དང་ལྡན་པ། རང་རང་གི་འཁོར་གྱི་སྐྱེ་བོ་མང་པོ་དང་བཅས་པ་སོ་སོ་རང་རང་གི་ཕྱོགས་ནི་སྲུང་ཞིང་སྐྱོང་བ་སྟེ། དེ་ཐམས་ཅད་ཀྱི་གཙོ་བོ་གང་ཞིག་སྲིད་པ་གསུམ་གྱིས་མཆོད་ཅིང་བསྟོད་པ་ནི། ཕྱོགས་སྐྱོང་བ་དེ་དག་གི་དབུས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གང་ཞིག་རྩ་དབུ་མར་རླུང་འགག་པས་ཐིག་ལེ་འཛག་མེད་དུ་འཆིང་བས་ལྷན་སྐྱེས་འགྱུར་མེད་ཡེ་ཤེས་ཀྱིས་ཕུང་པོ་ཐམས་ཅད་སྒྲིབ་བྲལ་དུ་སྐྱེད་པར་བྱེད་པས་ན་རྒྱལ་བ་མཆོག་གི་སྐྱེད་མཛད་གཞོམ་དུ་མེད་པ་རྡོ་རྗེའི་སྐུ་ཉིད་དུ་བཞུགས་པ་སྟེ། ནང་དུ་སྙིང་གའི་རྩ་བརྒྱད་དང་སྟེང་འོག་གི་ཆ་སྟེ་བཅུ་ཕྱོགས་སྐྱོང་བཅུའི་དབུས་སུ་འཁོར་ལོ་ལྔའི་ལྟེ་བར་དྭངས་མ་མི་ཤིགས་པའི་ཡེ་ཤེས་གཞོམ་དུ་མེད་པ་གནས་པའོ། །གནས་པ་བཅུ་གཅིག་པ་འཁོར་ལོས་སྒྱུར་བ་ཆེན་པོ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ལྷུན་པོའི་རྒྱབ་ཀྱི་སོགས་ཚིགས་བཅད་ཉེར་གཉིས་དང་ཉེར་གསུམ་པ་གཉིས་ཀྱིས་བསྟན་ཏེ། འདིས་ལས་ཀྱིས་དུམ་བུ་བཅུ་གཉིས་སུ་དེ་བཞིན་གཤེགས་པའི་ཆོས་འཇུག་ཚུལ་བསྟན་པ་སྟེ། གང་ཞེ་ན་རི་རབ་ལྷུན་པོའི་རྒྱབ་སྟེ་ཕྱི་རོལ་ཉིད་ཀྱི་ཕྱོགས་ལས་ཀྱི་ས་དུམ་བུ་བཅུ་གཉིས་པོ་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་ཀླ་ཀློ་རྣམས་ཀྱིས་རྒྱལ་བར་དཀའ་བ་


MR17_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཅན་འཁོར་བར་འགྱུར་ཏེ། སའི་དུམ་བུ་བཅུ་གཉིས་པོ་གང་དུ་དེ་བཞིན་གཤེགས་པའི་ཆོས་ནི་རྣམ་པར་ཉམས་ཤིང་རྩོད་པའི་དུས་ཞེས་པ་སྐབས་འདིར་ཆོས་མ་ཡིན་པ་ལ་བརྗོད་ཅིང་ཆོས་མིན་དེ་འཇུག་པ་དེ་དང་དེར་ནི། ཆོས་ཀྱི་འཁོར་ལོ་ཅན་རབ་ཏུ་བགྲོད་པར་བྱེད་ཅིང་རིམ་པས་འཁོར་བར་བྱེད་དེ། ཆོས་མིན་འཛིན་པ་ཀླ་ཀློ༷་རྣམས་དང་ཀྱང་ཡིག་གིས་བསྡུས་པ་ལྷ་མིན་རྣམས་དང་བཅས་པ། འཁོར་ལོ་ཅན་དེས་གཡུལ་དུ་བཅོམ་སྟེ་སངས་རྒྱས་པ་རང་གི་ཆོས་ལ་དགོད་པ་ཉིད་བྱས་ནས་སླར་ཡང་མདུན་གྱི་ཕྱོགས་ཉིད་དུ་ཆོས་མིན་གཞན་འཇོམས་པའི་ཆེད་དུ་རྣམ་པར་རྒྱུའོ། །དེ་ལྟར་དུམ་བུ་སོ་སོར་ཆོས་དང་། ཆོས་མིན་དར་བའི་ཆ་ལས་བཏགས་པའི་དུས་བཞི་ནི་རྫོགས་ལྡན་དང་གསུམ་ལྡན་དང་གཉིས་ལྡན་དག་དང་རྩོད་པའི་དུས་ཞེས་པའི་མིང་ཅན་གྱི་བསྟན་པའི་དུས་བཞི་གཞན་ནི་ཞེས་བསྐལ་པ་རྫོགས་ལྡན་སོགས་ཀྱི་དུས་བཞི་ཆེན་པོ་ལས་གཞན་པ་དེ་ནི་ས་ཡི་རྩིབས་བཅུ་གཉིས་སུ་རིམ་པར་འཁོར་བ་བསྟན་པའི་འཕེལ་འགྲིབ་ཀྱི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར་ཏེ། ཇི་ལྟར་ཞེ་ན། སའི་དུམ་བུ་གང་དུ་ཆོས་མིན་ཀླ་ཀློ་འཇོམས་པའི་སྟོབས་དང་ལྡན་པ་ཆོས་ཀྱི་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི་ཡང་དག་པའི་ཆོས་མ་ཉམས་པ་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་ཡོངས་སུ་རྫོགས་པའི་རྫོགས་ལྡན་གྱི་དུས་བགྲོད་པའམ་སླེབས་པ་ཉིད་དེ་ཆོས་ཀྱི་རྒྱལ་པོའི་རྒྱབ་ཏུ་སྟེ་དེས་བགྲོད་ཟིན་པའི་སའི་དུམ་བུ་གང་དུ་ལུང་རྟོགས་ཀྱི་ཆོས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་ཆ་བཞི་ཡི་རྐང་པ་གཅིག་མེད་པའི་སུམ་ལྡན་གྱི་དུས་ཞེས་བྱ་བ་དང་། རྩོད་པའི་དུས་ཆོས་ཡང་དག་པའི་རྐང་པ་བཞི་ཀ་ཅི་རིགས་ཉམས་པ་ཆོས་མིན་གྱི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་སྟེ། དེར་ཆོས་ཀྱིས་མ་སླེབས་པའི་ཕྱིར་ད་གཟོད་འཁོར་ལོ་ཅན་གྱིས་གཞོམ་བྱར་འགྱུར་རོ། །རྩོད་དུས་དང་གསུམ་ལྡན་གཉིས་ཀྱི་བར་དུ་ཆོས་ཀྱི་རྐང་པ་


MR17_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་རྫོགས་ལ་གཉིས་དང་ལྡན་པ་གཉིས་ལྡན་གྱི་དུས་བགྲོད་པ་ཡིན་ནོ། །དེ་ལྟར་ན་ལས་ཀྱི་ས་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ལ་སངས་རྒྱས་ཀྱི་ཆོས་འཇུག་པའི་ཡུལ་དེ་དག་ཏུ་སངས་རྒྱས་ཀྱི་བསྟན་པ་འཇུག་པ་དང་ནུབ་པའི་དབང་གིས་བཞག་པའི་ས་མཚམས་ཀྱི་དབྱེ་བས་དུས་བཞི་པོ་དེ་འཁོར་ཏེ་དུམ་བུ་གསུམ་རེ་དུས་རེ་རེས་ཁྱབ་པའི་ཚུལ་གྱིས་སོ། །འཁོར་ཚུལ་འདི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དངོས་དུམ་བུ་བཅུ་གཉིས་སུ་བྱོན་ཏེ་འཁོར་བ་དང་། དེ་དང་ཆ་འདྲ་སངས་རྒྱས་ཀྱི་བསྟན་པ་གླིང་བཅུ་གཉིས་སུ་འཁོར་བའི་ཚུལ་ལའང་བཤད་དུ་ཡོད་ན་ཡང་། རིགས་ལྡན་དྲག་པོ་འཁོར་ལོ་ཅན་དངོས་ལ་འཆད་པ་མང་ངོ་། །དེ་ལྟར་དུས་བཞི་པོ་དེ་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་སྟེ་དྲུག་བརྒྱ་དག་དང་བཅས་པ་སྟེ། མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་གླིང་ཐམས་ཅད་ཀྱིའོ། །དུམ་བུ་རེ་རེའི་དུས་བཞི་པོ་རེ་རེ་དག་གི་ཚད་ནི་དུས་དང་མདའ་སྟེ་ལྔ་བཅུ་ང་བཞི་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ཞེས་ལོ་ལྔ་སྟོང་བཞི་བརྒྱ་ཡིན་ནོ། །གནས་པ་བཅུ་གཉིས་པ་ཤིན་ཏུ་ཕྲ་བའི་དབུགས་སོགས་ཀྱིས་ཉིན་མོའི་ཚད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཕྲ་དབུགས་དྷྲུ་དང་སོགས་ཚིགས་བཅད་ཉེར་བཞི་པ་དང་ཉེར་ལྔ་པས་བསྟན་ཏེ། འདིས་ནི་དུས་ཀྱི་ཆ་ཇི་ལྟར་ཡིན་པ་བསྟན་ཏེ། དེ་ཡང་ཕྲ་དབུགས་དྷྲུ་དང་ཆུ་ཚོད་ཉིན་ཞག་དྷྲུ་དང་དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། དྲུག་བརྒྱ་རྣམས་ནི་ཞེས་པ་འཆད་འགྱུར་སོ་སོའི་ཉིན་ཞག་གཅིག་བརྩི་བའི་གཞི་ཡིན་ལ། དེ་རྣམས་རིམ་པས་ལུས་སྐྱེས་ཕྲ་མོ་དང་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་དང་ནི། ནུས་དང་གཙོ་བོའི་ཉིན་ཞག་གཅིག་གི་ཚད་ཡིན་པར་བཤད་དེ། དེའི་དོན་བཀྲོལ་ན་མིའི་དབུགས་གཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ཕྱེ་བའི་ཆ་གཅིག་ནི་ཕྲ་མོའི་དབུགས་ཞེས་བྱ་སྡེ། མིའི་ལུས་སྐྱེས་


MR17_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་རྣམས་ཀྱི་དབུགས་གཅིག་གོ། འདི་ལྟར་དབུགས་ཕྱིར་འབྱིན་པ་དང་ནང་དུ་འཇུག་པ་ཟུང་གཅིག་ལ་ཆ་དེ་ལྟར་ཕྱེ་བའོ། །ཕྲ་དབུགས་དྲུག་གིས་ལུས་སྐྱེས་སྲིན་བུའི་རིགས་ལ་སོགས་པ་དེ་དག་རང་རང་གི་ཆུ་སྲང་གཅིག་ཅེས་བྱའོ། །ཆུ་སྲང་དྲུག་ཅུ་ནི་ཆུ་ཚོད་དོ། །ཆུ་ཚོད་དྲུག་ཅུ་ནི་དེ་དག་གི་ཉིན་ཞག་གཅིག་གོ། དེ་ལ་ཕྲ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པས་མིའི་དབུགས་གཅིག་ནི་དེ་དག་གི་ཞག་གཅིག་གོ། མི་རྣམས་ནི་རང་རང་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ཞག་གཅིག་ཡིན་པ་ཡོངས་སུ་གྲགས་པ་བཞིན་ནོ། །དྷྲུ་ཞེས་པ་མིའི་དབུགས་སུམ་ཅུ་ལ་དབུགས་གཅིག་ཏུ་བྱས་པའི་མིང་སྟེ། དེ་འདྲ་བའི་དབུགས་དྲུག་ལ་ཆུ་སྲང་སོགས་བྱས་པའི་ཞག་གཅིག་ནི་མིའི་ཞག་སུམ་ཅུ་ཡིན་པས་འབྱུང་པོ་སྟེ་ཡི་དྭགས་མཚུན་རྣམས་ཀྱི་ཞག་གཅིག་ཡིན་ལ་དེ་ཡང་མི་རྣམས་ཀྱི་ནག་ཕྱོགས་ཀྱི་ཞག་བཅོ་ལྔ་དེ་དག་གི་ཉིན་མོ་དང་། དཀར་ཕྱོགས་བཅོ་ལྔ་མཚན་མོར་བྱས་པའི་ཞག་གཅིག་གོ། འདི་ལ་ཡི་དྭགས་ཕ་མེས་དང་། སེར་སྣ་ཅན་ཡང་ཟེར་རོ། །ཆུ་ཚོད་གཅིག་ནི་མི་རྣམས་ཀྱི་དབུགས་སུམ་བརྒྱ་དྲུག་ཅུ་ཡིན་ལ་དེ་འདོད་ལྷ་ཚེ་ཐུང་བ་རྣམས་ཀྱི་དབུགས་གཅིག་ཡིན་པས་དེའི་ཚུལ་གྱིས་མི་ལོ་སུམ་བརྒྱ་དྲུག་ཅུ་ལ་འདོད་ལྷའི་ཞག་གཅིག་གོ། དེ་བཞིན་དུ་ཉིན་ཞག་ཅེས་པ་མི་རྣམས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ལྷ་མིན་རྣམས་ཀྱི་དབུགས་གཅིག་གོ། སྟོད་འགྲེལ་དུ་ལྷ་རྣམས་ཀྱི་ལོ་ནི་ལྷ་མིན་གྱི་ལོ་དྲུག་ཅུའོ་ཞེས་སོ། །དྷྲུ་ཞེས་པ་མི་རྣམས་ཀྱི་ལོ་གཅིག་ནུས་པའི་དབུགས་གཅིག་གོ། ནུས་པ་ཞེས་གཟུགས་ཁམས་འོག་མིན་པར་སྐྱེས་པ་རྣམས་ཀྱིའོ། །འདི་སྐབས་འོག་མིན་པའི་དབུགས་ཞེས་པ་དངོས་སུ་དེ་དག་ལ་དབུགས་འབྱིན་རྡུབ་ཡོད་པས་མིན་ཡང་དབུགས་ཀྱི་ཚད་ལས་ཚེ་ཚད་བརྩི་བའི་ཐོབ་ཐང་བཤད་པ་ཡིན་ནོ། །ཞེས་སྔ་འགྲེལ་རྣམས་སུ་གསུངས་སོ། །དེ་


MR17_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནུས་པའི་ཞག་གཅིག་གོ། དུས་བཞི་ཞེས་པ་བསྟན་པའི་དུས་བཞིའི་ཚད་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་གཙོ་བོའི་དབུགས་གཅིག་གི་ཚད་དོ། །གཙོ་བོ་ཞེས་པ་སྲིད་རྩེ་བ་རྣམས་ཀྱིའོ། །དེ་ལྟར་དེ་དག་རང་རང་སོ་སོའི་དབུགས་དེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སོ་སོའི་ཉིན་ཞག་གཅིག་ཏུ་བརྩི་བ་ཡིན་ནོ། །ལས་ཀྱི་ས་གཞི་དག་ལ་འཁོར་ལོ་ཅན་གྱི་དུས་བཞི་ནི་ནུས་པའི་ཞག་གཅིག་གི་ཚད་དང་གཙོ་བོའི་དབུགས་གཅིག་གི་ཚད་དུ་འཇུག་པ་ཡིན་ནོ། །ས་ཡི་དུམ་བུ་དུམ་བུར་ཞི་བའི་གོ་འཕང་སྟེར་བའི་ཆོས་སྟོན་པ་པོ་འཁོར་ལོ་ཅན་བགྲོད་པ་ནི་ནུས་པའི་ཉིན་ཞག་གཅིག་ལ་མི་ཤེས་པའི་མུན་པ་འཇོམས་པའི་ཉི་མ་བཅུ་གཉིས་སུ་གནས་སོ། །དེ་ལྟར་དུམ་བུ་སོ་སོར་བསོད་ནམས་དང་ཡེ་ཤེས་ཀྱི་ལམ་རབ་ཏུ་སྟོན་པ་ཆོས་ཀྱི་ཉིན་མོར་བྱེད་པ་ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཉི་མ་བཅུ་གཉིས་སོ་སོ་རེ་འབྱུང་སྟེ། ནུས་དབུགས་སྟོང་དང་བརྒྱད་བརྒྱའམ་མི་ལོ་སྟོང་དང་བརྒྱད་བརྒྱར་དུམ་བུ་རེར་འཁོར་བསྒྱུར་རེ་རེ་བགྲོད་དོ། །དེ་ཕྱི་རོལ་དུ་ལོ་གཅིག་ལ་ཁྱིམ་བཅུ་གཉིས་སུ་བགྲོད་པའི་དབང་གིས་ཉི་མ་བཅུ་གཉིས་སུ་འགྱུར་རོ། །ནང་དུ་ལུས་ལ་ཞག་གཅིག་གི་བཅུ་གཉིས་ཆ་དབུགས་སྟོང་དང་བརྒྱད་བརྒྱ་སྟེ་ཆུ་ཚོད་ལྔའི་རང་བཞིན་དུས་སྦྱོར་བཅུ་གཉིས་སོ། །འདིར་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་དཀར་ནག་གི་ཕྱོགས་ཉེར་བཞི་དང་། ཟླ་བ་མཐའ་དག་སྟེ་རིལ་པོ་བཅུ་གཉིས་དང་སྨིན་དྲུག་དང་ནི་མགོ་ཟླ་དགུན་སྟོད་བྱས་ཏེ་ཟླ་བ་གཉིས་རེ་རིམ་བཞིན་དགུན་སྨད་དཔྱིད་སོས་ཀ་དབྱར་སྟོན་ཏེ་དུས་དྲུག་དང་། དབོ་ནག་པ་ས་གའི་ཟླ་བ་གསུམ་དཔྱིད་དང་དེ་ནས་གསུམ་རེ་རིམ་པར་དབྱར་སྟོན་དགུན་ཏེ་དཔྱིད་ལ་སོགས་པའི་དུས་བཞི་དང་ནི། མེ་དུས་ཏེ་དབོ་ནག་པ་ས་ག་སྣྲོན་བཞི་དཔྱིད་དང་དེ་བཞིན་ཟླ་བ་བཞི་རེ་དབྱར་དང་དགུན་གྱི་སྟེ་དུས་གསུམ་དང་། ལྷོ་བྱང་གི་བགྲོད་པ་རྣམ་པ་གཉིས་དང་། རྒྱལ་པོ་


MR17_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བོས་ནས། ལོ་ནི་མཐའ་དག་སྟེ་རིལ་པོ་འདི་ལ་རྗེས་སུ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་དང་། དུས་སྦྱོར་བཞི་སྟོང་སུམ་བརྒྱ་ཉི་ཤུ་དང་། ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་དང་། ཆུ་ཡི་སྲངས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་རྣམས་ཏེ་དེ་དྲུག་གིས་བསྒྱུར་བ་ནི་དབུགས་ཀྱི་གྲངས་སོ། །འདི་རྣམས་དེ་ལྟར་བགྲོད་པ་ལུས་སྐྱེས་ཕྲ་མོ་དང་མི་དང་འབྱུང་པོ་དང་ལྷ་དང་ལྷ་མིན་རྣམས་དང་ནི། ནུས་པ་འོག་མིན་པ་དང་གཙོ་བོའི་སྟེ་སྲིད་རྩེ་བའི་ཞག་རེ་ལ་སྟེ། ཕྱི་རོལ་དུ་སྲིད་པ་གསུམ་གྱི་གནས་འཇིག་རྟེན་དུ་ལོའི་ཡན་ལག་དང་། ནང་དུ་རང་རང་གི་ལུས་ཀྱི་དབུས་སུ་དེ་བཞིན་དུ་དབུགས་ཀྱི་དབྱེ་བས་བགྲོད་པ་ཅན་ནོ། །དེ་ཡང་ནང་དུ་དབུགས་དགུ་བརྒྱས་ཕྱོགས་སུ་འགྱུར་ཏེ། དེ་འདྲའི་ཕྱོགས་ཉེར་བཞིས་ཕྱི་རོལ་དུ་ཉིན་ཞག་གཅིག་དང་ནང་དུ་ལོ་གཅིག་ཏུ་འགྱུར་རོ། །འདི་ལ་ནང་དུ་ཉིན་ཞག་དང་ཕྱིར་ལོར་འགྱུར་ཞེས་འོག་གི་སྐབས་རྣམས་སུའང་དེ་ལྟར་སྦྱར་བ་ལ་ཡང་གོ་བ་ལེན་ཚུལ་དེ་ལྟ་བུ་ཡོད་མོད་ཀྱི་ནང་གི་དབུགས་དང་ཕྱིའི་ཆུ་ཚོད་ཆོས་མཐུན་བྱས་ནས་འདི་ལྟར་སྦྱར་བར་བྱའོ། །དབུགས་སྟོང་བརྒྱད་བརྒྱས་ནང་དུ་ཟླ་བ་སྟེ་ཟླ་བ་བཅུ་གཉིས་ཀྱིས་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་ཏེ་ནང་གི་ཟླ་བ་བཅུ་གཉིས་རྫོགས་པས་ལོར་བཏགས་པའོ། །དེ་བཞིན་དུ་དབུགས་སུམ་སྟོང་དྲུག་བརྒྱས་ཉིན་ཞག་གཅིག་གི་དྲུག་ཆ་ནང་གི་དུས་ཏེ་དུས་དྲུག་གིས་ཕྱིར་ཉིན་ཞག་གཅིག་དང་ནང་དུ་ལོར་འགྱུར་རོ། །དེ་བཞིན་དབུགས་ལྔ་སྟོང་བཞི་བརྒྱས་ནང་གི་དུས་བཞི་ཡི་དུས་གཅིག་ཏུ་འགྱུར་ཏེ། དུས་བཞིས་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །དབུགས་བདུན་སྟོང་ཉིས་བརྒྱས་ནང་གི་དུས་གསུམ་གྱི་དུས་གཅིག་ཏུ་འགྱུར་ཏེ་དུས་གསུམ་གྱིས་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །དབུགས་ཁྲི་བརྒྱད་བརྒྱས་ནང་གི་བགྲོད་པར་འགྱུར་ཏེ་བགྲོད་པ་གཉིས་ཀྱི་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །དེ་ལྟར་ལུས་


MR17_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ལ་སོགས་པ་རྣམས་ཀྱི་རང་རང་གི་ཚད་བཤད་པ་དེས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་སོ་སོའི་ཉིན་ཞག་དང་ལོར་འགྱུར་རོ། །དེ་བཞིན་དབུགས་དྲུག་ཅུས་ནང་དུ་ཉིན་ཞག་གཅིག་ཏུ་འགྱུར་ཏེ། དེ་འདྲའི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །དབུགས་ལྔས་དུས་སྦྱོར་དུ་འགྱུར་ཏེ། དེ་འདྲའི་དུས་སྦྱོར་བཞི་སྟོང་སུམ་བརྒྱ་ཉི་ཤུས་ཕྱི་རོལ་དུ་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །དེ་ལྟར་ནང་དུ་དབུགས་གཅིག་གིས་ཆུ་ཚོད་དུ་འགྱུར་རོ། །དེའི་ཕྱིར་དབུགས་གཅིག་གི་དྲུག་ཅུའི་ཆའི་ནང་གི་ཆུ་སྲང་དུ་འགྱུར་རོ། །དབུགས་གཅིག་གི་སུམ་བརྒྱ་དྲུག་ཅུའི་ཆ་གཅིག་ནང་གི་དེའི་དབུགས་སུ་འགྱུར་ཏེ། དེ་འདྲའི་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །ཆུ་སྲང་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་གིས་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །དབུགས་ས་ཡ་བདུན་དང་བདུན་འབུམ་བདུན་ཁྲི་དྲུག་སྟོང་གིས་ཕྱིར་ཉིན་ཞག་དང་ནང་དུ་ལོར་འགྱུར་རོ། །འདིར་ནུས་པའི་དཀྱིལ་འཁོར་བཅུའི་དབུགས་གྲངས་སོ། །དེ་བཞིན་དུ་དབུགས་ཀྱི་གྲངས་དེ་ལྟ་བུ་བརྒྱས་བསྒྱུར་བས་དབུགས་དུང་ཕྱུར་བདུན་དང་བྱེ་བ་བདུན་དང་ས་ཡ་བདུན་དང་འབུམ་ཕྲག་དྲུག་གིས་ཕྱི་རོལ་དུ་ཉིན་ཞག་བརྒྱ་དང་ནང་དུ་ལོ་བརྒྱར་འགྱུར་རོ། །འདི་གཙོ་བོ་སྲིད་རྩེ་བའི་དཀྱིལ་འཁོར་བཅུའི་ཚད་ཀྱི་དབུགས་གྲངས་སོ། །དེ་ལྟར་ཚེ་ལོ་བརྒྱ་ཐུབ་པའི་དུས་སུ་མཆོག་གི་ཚེ་ལོ་བརྒྱ་ཐམ་པའོ་ཞེས་གྲགས་པ་འདི་ནི་སེམས་ཅན་རང་རང་གི་ལས་ཀྱི་དབང་གིས་ཚད་དེ་ལས་ལྷག་པ་དང་དམན་པར་ཡང་འགྱུར་ཚུལ་ནི་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་དང་དཀའ་ཐུབ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བརྒྱ་ལས་ལྷག་པར་འགྱུར་ཏེ་དབུགས་གཅིག་ཆུ་ཚོད་ཀྱི་ཡུན་དུ་འཕེལ་བར་འགྱུར་ནས་འདོད་པའི་ལྷའི་ཚེ་དང་མཉམ་པར་འཚོ་བ་སོགས་སོ། །སེམས་ཅན་སྡིག་པ་ཅན་རྣམས་སྡིག་པའི་སྟོབས་ཀྱིས་ལོ་


MR17_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལས་དམན་པར་འགྱུར་རོ། །སྐྱེས་བུའི་ཚེ་ཚད་ལོ་བརྒྱ་ཞེས་པ་འདིར་ལུང་དང་རིགས་པ་དམ་པས་དེ་ལྟར་བརྒྱར་ངེས་པ་མེད་ཀྱང་། རིག་བྱེད་ལས་སྐྱེས་བུ་ཚེ་ལོ་བརྒྱ་པ། སྲོག་གི་དབང་པོ་བརྒྱ་པ་ཞེས་བརྗོད་དེ་སྲོག་ལོ་བརྒྱའི་ཡུན་དུ་འཚོ་བས་ན་འདིར་མཆོག་ལོ་བརྒྱ་འོ་ཞེས་སྤྲོས་པས་བརྗོད་དོ། །དབང་པོ་བརྒྱ་པ་ཞེས་པ་མིའི་དབང་པོ་འཁོར་ལོ་ཅན་ཚེ་ལོ་བརྒྱ་པ་ཞེས་འཆད་པའང་སྣང་ངོ་། །རྫོགས་ལྡན་གྱི་དུས་ཀྱི་མི་རྣམས་ཚེ་འཕེལ་བའི་དབང་གིས་བརྒྱ་ལས་ལྷག་ཅིང་། བསྐལ་པ་མར་འགྲིབ་ཀྱི་ཐ་མར་བརྒྱ་ལས་ཇེ་ཐུང་དུ་འགྱུར་རོ། །འདིར་ཐ་སྙད་ཀྱི་ངེས་པའི་དོན་དུ་སྐྱེས་བུའི་སྒྲས་ལུས་སྐྱེས་ཕྲ་མོ་སོགས་སེམས་ཅན་རང་རང་གི་ནང་དུ་ཉིན་ཞག་སོ་སོ་དང་། ཕྱིའི་ལོ་སོ་སོ་བརྗོད་དེ། ནང་དུ་རང་རང་གི་ཉིན་ཞག་བརྒྱ་དང་ཕྱི་རོལ་དུ་རང་རང་གི་ལོ་བརྒྱས་རིམ་བཞིན་ནང་དང་ཕྱི་རོལ་ལ་བརྒྱ་རེ་འགྲོ་བ་དེའི་དབང་དུ་བྱས་ནས་སྐྱེས་བུ་ཚེ་ལོ་བརྒྱ་པའི་ཐ་སྙད་བྱས་པའོ། །བརྒྱ་པོ་དེ་རྗེས་སླར་ཡང་དབུགས་ཀྱི་འཁོར་ལོ་བརྒྱ་པ་གཞན་ལ་འཇུག་པའི་ཕྱིར་སྐྱེས་བུ་ཚེ་ལོ་བརྒྱ་པ་ཞེས་བརྗོད་པའོ། །ནང་དུ་ཉིན་ཞག་བརྒྱ་ཕྲག་གཉིས་ཀྱི་དབུགས་ཀྱི་གྲངས་ཀྱིས་དུས་བཞི་ཆེན་པོའི་ལོ་གྲངས་རྣམས་སུ་འགྱུར་ཏེ། གང་ཞེ་ན་དབུགས་ས་ཡ་བཞི་དང་འབུམ་ཕྲག་གསུམ་དང་ཉི་ཁྲིའི་གྲངས་ཀྱིས་སོ། །ཕྱི་རོལ་དུ་ནི་ལོ་ས་ཡ་བཞི་དང་སུམ་འབུམ་ཉི་ཁྲིའི་གྲངས་དེས་ཕྱི་རོལ་གྱི་དུས་བཞི་ཆེན་པོའི་ཚད་རྫོགས་པར་འགྱུར་རོ། །དེ་ལྟར་ནང་དང་ཕྱིའི་དུས་བཞི་ཆེན་པོའི་འཁོར་ལོ་གཉིས་ཀ་ཡོངས་སུ་འཁོར་བས་ནང་དང་ཕྱིའི་དབང་དུ་བྱས་པའི་སྐྱེས་བུ་གཉིས་ཀའི་ཚེ་ཚད་ལས་ཟླ་བ་གཉིས་ལ་ནི་སོ་སོའི་དུས་དྲུག་གི་ནང་ཚན་དུས་གཅིག་གོ། དེའི་གྲངས་ནི་དུས་བཞི་ཆེན་པོའི་ནང་ནས་གསུམ་ལྡན་གྱི་ལོ་གྲངས་དང་མཉམ་པ་སྟེ་རྫོགས་ལྡན་སོགས་ཀྱི་རྐང་པ་རེ་རེ་ཞག་ཉི་ཤུའི་དབུགས་ཀྱི་གྲངས་དང་མཉམ་པའི་ལོ་ཡིན་པས་སོ། །དེའི་ཕྱིར་


MR17_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་ལ་རྐང་པ་བཞི་ཡོད་པས། རྐང་པ་རེ་རེ་ཞག་ཉི་ཤུའི་དབུགས་གྲངས་དང་མཉམ་པའི་ལོ་ཡིན་པས། ཁྱོན་ཞག་བརྒྱད་ཅུའི་དབུགས་ཀྱི་གྲངས་ཀྱི་ལོ་དང་། དེ་བཞིན་ཟླ་བ་གཉིས་ཏེ་ཞག་དྲུག་ཅུའི་དབུགས་དང་གྲངས་མཉམ་ཀྱི་ལོ་ནི་སུམ་ལྡན་གྱི་ལོ་གྲངས་དང་། ཞག་བཞི་བཅུའི་དབུགས་དང་གྲངས་མཉམ་གྱི་ལོ་ཉིས་ལྡན་དང་རྩོད་ལྡན་ལ་རྐང་པ་གཅིག་ལས་མེད་པས། ཞག་ཉི་ཤུའི་དབུགས་ཀྱི་གྲངས་ཏེ་འོག་ཏུ་སྟོང་འཇུག་གི་རུས་བཞི་ཆེན་པོ་བཤད་པའི་སྐབས་སུའང་འཆད་པར་འགྱུར་རོ། །དེ་ཡང་གཙོ་བོའི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུའི་ནང་གི་དཀྱིལ་འཁོར་རེ་རེའི་ཚད་དང་གྲངས་འདྲ་བ་སྟེ། ཞག་ཉི་ཤུའི་དབུགས་ཀྱི་གྲངས་དང་མཚུངས་པ་ལོ་བཞི་འབུམ་སུམ་ཁྲི་ཉིས་སྟོང་གིས་གཙོ་བོའི་དཀྱིལ་འཁོར་གཅིག་ལ་སྲོག་སྟེ་རླུང་འབབ་བོ། །དེ་བཞིན་གཡོན་དང་གཡས་ཀྱི་དཀྱིལ་འཁོར་ལྔ་རེ་ལྔ་རེ་རྣམས་ཏེ་དཀྱིལ་འཁོར་བཅུའི་སྲོག་འབབ་པ་རྫོགས་ནས་གཟའ་ཐམས་ཅད་རང་རང་གི་རྐང་པའམ་ལོངས་སྤྱོད་སྐྱེ་བའི་གནས་སྟོང་པ་ལ་འཇུག་སྟེ་ཟད་བྱེད་མེ་སྟག་གི་ལོའི་དཔྱིད་ར་བའི་གནམ་སྟོང་ལ་རྩིས་འཕྲོ་ཐམས་ཅད་སྟོང་པར་འགྱུར་རོ། །འདི་ནི་གོང་བསྟན་ཞག་ཉི་ཤུའི་དབུགས་གྲངས་ཀྱི་ལོ་དེ་བཅུས་བསྒྱུར་བས། ས་ཡ་བཞི་འབུམ་ཕྲག་གསུམ་ཁྲི་གཉིས་སུ་གྱུར་པ་ནི་དུས་བཞི་ཆེན་པོའི་ཚད་དེ། ཚད་འདི་དག་གིས་གཟའ་རྣམས་ཀྱི་རྩིས་འཕྲོ་སྟོང་པར་འཇུག་པ་ཡིན་ལ། དེ་ལྟར་ཕྱི་ནང་གི་དུས་བཞིའི་འཁོར་ལོ་རེ་རྫོགས་པ་དེའི་ཚེ་སྐྱེས་བུ་དེའི་སྲོག་དབུ་མར་ཞུགས་པའི་ཐ་སྙད་བྱེད་དོ། །དེ་ནས་ཡང་གཙོ་བོའི་དཀྱིལ་འཁོར་བཅུའི་རྒྱུ་བ་གཞན་ལ་འཇུག་པས་སྐྱེས་བུ་གཞན་དབུ་མ་ལས་ངེས་པར་འབྱུང་ཞེས་པ་སྟེ་འཆད་པར་འགྱུར་རོ། །དེ་བཞིན་གཟའི་རྩིས་འཕྲོའི་ངེས་པ་ཡང་སླར་སྐྱེ་བར་འགྱུར་རོ། །འདི་རྣམས་ས་རིས་ཀྱིས་རི་མོས་གཏན་ལ་ཕབ་སྟེ་ནང་དུ་དབུགས་ཀྱི་འཁོར་ལོ་ལས་བརྩམ་པའི་ཉིན་ཞག་དང་ཕྱོགས་ལ་སོགས་པ་མཐའ་དག་དང་དུས་


MR17_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྫོགས་ཚུལ་དང་། ཕྱི་རོལ་དུ་ཞག་དང་ཕྱོགས་ལ་སོགས་པ་དུས་བཞིའི་བར་རྫོགས་ཚུལ་སྦྱར་ཏེ་ཤེས་པར་བྱའོ། །དེ་ནས་གནས་པ་བཅུ་གསུམ་པ་འཇམ་དཔལ་ལུང་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ལོ་འདི་ནས་ནི་སོགས་ཚིགས་བཅད་ཉེར་དྲུག་པས་བསྟན་ཏེ། དེ་བཞིན་གཤེགས་པས་དུས་འཁོར་རྩ་རྒྱུད་བསྟན་པའི་ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་ཡི་བདག་པོ་འཇམ་དཔལ་གྲགས་པ་ཞེས་བྱ་བ་ཆུ་བོ་ཤཱི་ཏའི་བྱང་ཤམ་བྷ་ལ་ཞེས་བྱ་བར་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་སྟོན་པར་བྱེད་པ་ཡི་སྤྲུལ་པའི་སྐུ་འཛིན་པའམ་འབྱུང་བར་འགྱུར་རོ། །གྲགས་པ་ཞེས་པ་ལུང་གི་བརྗོད་པ་སྟེ་ཞེས་འགྲེལ་བར་གསུངས་པ་སྡེབ་སྦྱོར་གྱི་དབང་གིས་ཡ་ཤ་ལ་རྣམ་དབྱེ་ཐོབ་ཀྱང་མ་སྦྱར་བ་ཞེས་སྔ་འགྲེལ་རྣམས་སུ་བཤད། གྲགས་པས་བསྡུས་རྒྱུད་བསྟན་ཅིང་མྱ་ངན་ལས་འདས་པ་དེ་ནས་ཀླུ་ཡི་ལོ་བརྒྱ་ཞེས་པ་བརྒྱད་བརྒྱ་རྣམས་ཀྱིས་ངེས་པར་ཏེ་གདོན་མི་ཟ་བར་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་མཁའི་ཡུལ་གྲོང་བྱེ་བས་བརྒྱན་པ་དེ་ཉིད་དུ་ཀླ་ཀློ༷འི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ་ཀླ་ཀློ་སྟག་གཟིག་པ་རྣམས་ཀྱིས་ལྷ་མ་ཡིན་གྱི་ཆོས་རབ་ཏུ་འཇུག་པར་བྱེད་དོ། །དེ་ཡང་པད་དཀར་ཁྲིར་བཞུགས་པ་ནས་ཤིན་ཏུ་བཟང་པོའི་བར་རིགས་ལྡན་བརྒྱད་ཀྱི་ཁྲིར་བཞུགས་ཀྱི་ལོ་བརྒྱད་བརྒྱ་རྫོགས་པ་ནའོ། །ཀླ་ཀློ་འཇུག་པ་དེ་ཡི་དུས་སུ་འཛིན་མ་ས་གཞི་ལ་ནི་ཉུང་ངུའི་བྱེད་པ་ཡི་རྩིས་གསལ་བར་འགྱུར་བ་མི་རྣམས་དག་གིས་རིག་པར་བྱའོ། །ཉུང་དུ་ཞེས་པ་གྲུབ་མཐའི་རྩིས་ལྟར་ཞིབ་ཅིང་རྒྱས་པ་མིན་པར་རགས་པ་བརྩི་བའི་དོན་ཏོ། །དེའི་ཚེ་ཆུ་བོ་ཤི་ཏཱའི་ལྷོ་ཕྱོགས་མཁའི་ཡུལ་ལ་སོགས་པ་གང་དུ་སྔར་མུ་སྟེགས་པའི་རྩིས་ཀྱི་གྲུབ་པའི་མཐའ་འཛིན་པའི་ཡུལ་མཐའ་དག་གི་ས་གཞི་ལ་ནི་ཚངས་པ་པ་དང་། ཉི་མ་པ་དང་། གཅེར་བུ་པ་དང་། སྐྲ་ཅན་གྱི་སྐར་རྩིས་ཀྱི་གྲུབ་པའི་མཐའ་སྟེ་འདི་བཞི་རྣམ་པར་ཉམས་པ་ནི། གྲུབ་པའི་མཐའ་


MR17_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྣམ་པར་ཉམས་པ་ཞེས་གསུངས་ཏེ། ཤམ་བྷ་ལ་ལ་སོགས་པའི་ཡུལ་དུ་སངས་རྒྱས་པའི་རྩིས་ཀྱི་གྲུབ་མཐའ་རྣམ་པར་ཉམས་པ་ནི་མ་ཡིན་ནོ། །དེ་ལྟར་ཀླ་ཀློའི་ཆོས་ཀྱི་ལུགས་སམ་གྲུབ་མཐའ་ལ་མི་རྣམས་ཕལ་ཆེར་སྦྱོར་བའི་དུས་ཀྱི་སྦྱོར་བ་གྲུབ་མཐའ་ཞེས་པ་སྐར་རྩིས་ཀྱི་རྣམ་དག་གྲུབ་མཐའ་ལ་གོ་བར་བྱ་སྟེ་ཟུར་གྱིས་ཆོས་ཀྱི་གྲུབ་མཐའང་ངོ་། །མཆན། ལ་ནི་དེ་ལྟ་བུ་འབྱུང་བར་འགྱུར་རོ་ཞེས་རྣམ་དབྱེ་ལྔ་པའི་དོན་ལ་བདུན་པ་བྱས་པ་སྟེ། དོན་ལ་དུས་ཀྱི་སྦྱོར་བ་ལས་ཞེས་པར་འགྱུར་རོ། །གྲུབ་པའི་མཐའ་ཉམས་པ་དེའི་ཕྱིར་ཉུང་ངུའི་བྱེད་པ་གསལ་ཞེས་པ་མའི་ལ་དུའི་ཚིག་ལྟ་བུ་སྟེ། བྱིས་པ་ལ་འདིར་ཤོག་དང་ལ་དུ་སྦྱིན་ནོ་ཞེས་ཆང་པ་སྟོང་པ་བསྟན་ནས་འགུག་པ་ལྟར། མུ་སྟེགས་རྣམས་ཀྱི་ཉུང་ངུའི་བྱེད་པ་ནི་ཡང་དག་པར་གསལ་བ་མ་ཡིན་ཏེ། གང་གི་ཕྱིར་གྲུབ་མཐའ་ཉམས་ཞེས་པའི་ཚིག་ཟུར་གྱིས་སོ། །གལ་ཏེ་བྱེད་པ་ལ་སོགས་པ་གསལ་བ་ཡིན་ན་གྲུབ་མཐའི་རྩིས་ཉམས་པར་མི་འགྱུར་ཏེ། བྱེད་པས་ཀྱང་རེས་གཟའ་ཡང་དག་པར་འགྲུབ་པའམ་གཟའ་རྣམ་པར་དག་པ་ཤེས་པའི་ཕྱིར་རོ། །ཉི་མ་བྱང་དུ་ལྡོག་པའི་ཉིན་མོར་ཐུར་གྲིབ་བརྟག་པས་བྱེད་པའི་ཉི་མའི་ལོངས་སྤྱོད་མ་དག་པར་ཤེས་ནུས་ཤིང་། ཉི་མའི་ལོངས་སྤྱོད་མ་དག་པས་ཟླ་བའི་ལོངས་སྤྱོད་དང་། བཀྲ་ཤིས་ལ་སོགས་པ་གཟའ་རྣམས་ཀྱང་མི་དག་སྟེ། དེ་ཐམས་ཅད་ཉི་མའི་ལོངས་སྤྱོད་ལ་ལྟོས་ནས་དག་པར་བསྒྲུབ་དགོས་པའི་ཕྱིར་རོ། །གཟའི་ལོངས་སྤྱོད་མ་དག་ན་མུ་སྟེགས་པ་རྣམས་ཀྱི་གཟའི་འབྲས་བུ་སྐྱེས་རབས་སམ་ཚེ་རྩིས་ལ་སོགས་པ་བརྩི་བ་དོན་མེད་དེ། འདི་ལྟར་གཟའ་རྣམས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་དང་རིགས་དང་ནུས་པ་བྱེད་ལས་ཞི་དྲག་སོགས་དང་དེ་ལ་སྐྱེས་པ་དང་ལས་བརྩམ་པའི་འབྲས་རྩིས་བསྟན་པ་དོན་མེད་པར་འགྱུར་ཏེ་གཟའ་མ་དག་པ་ལ་གཟའ་དེ་དང་དེར་བཟུང་བའི་འབྲས་བུ་འོང་བ་སྲིད་པ་མ་ཡིན་ནོ། །དེ་ཡང་མུ་སྟེགས་རྣམས་ཀྱིས་གཟའི་


MR17_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྣམ་པར་དག་པ་ཉིད་དུ་མི་གསལ་བ་བྱེད་རྩིས་འདི་ཅིའི་ཕྱིར་བཀོད་ཅེ་ན། མུ་སྟེགས་པའི་བྲམ་ཟེ་གདུག་པ་ཅན་རྣམས་ཀྱི་སྐར་རྩིས་ཀྱི་གྲུབ་པའི་མཐའ་ལས་གཟའ་རྣམས་ཀྱི་བགྲོད་པ་གསལ་བ་འདི་ལེགས་པར་བཀོད་ན། བྱིས་པ་དང་བུད་མེད་ཀྱིས་ཀྱང་བདེ་བླག་ཏུ་ཤེས་པར་གྱུར་ནས། བདག་ཅག་ལ་གུས་པར་མི་འགྱུར་བས། དེའི་ཕྱིར་སྐར་རྩིས་རྣམ་དག་གྲུབ་པའི་མཐའ་སྔར་ཡོད་རྣམས་སྦས་ཏེ། རྒྱུད་ཀྱི་བྱེད་པ་ལ་སོགས་པ་བྱའོ་ཞེས་གྲོས་བྱས་ནས་གྲུབ་པའི་མཐའ་རྣམས་སྦས་ཤིང་། རང་རང་གི་ལུགས་ཀྱི་རྒྱུད་ཀྱི་བྱེད་པ་སོགས་གསལ་བར་བྱས་ནས། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཤེས་དཀའ་བས་དེ་དག་སྐར་རྩིས་ལ་འཇུག་པ་ལས་རིང་དུ་འབྲོས་པར་བྱེད་པའི་ཉིན་ཞག་གི་ཚོགས་མང་པོ་དང་། བྱེད་པ་ལ་ཡང་དལ་མྱུར་སོགས་ཀྱི་སྤྲོས་པ་བྱས་སོ། །དེ་ལྟར་བྱེད་པ་ལ་གཟའི་ངེས་པ་མི་གསལ་ཞིང་དུས་ཅི་ཙམ་རིང་བ་བཞིན་སྐྱོན་གྱི་ཆ་འཕེལ་བས་ཉི་མའི་ལོངས་སྤྱོད་ཀྱང་མི་དག་ལ། དེའི་དབང་གིས་གཟའ་གཞན་ཀྱང་མི་དག་སྟེ། དེ་ལྟར་གདུག་པའི་མུ་སྟེགས་དེ་དག་གིས་གཞན་ལ་གནོད་པ་བྱས་པ་ཡིན་ནའང་། དུས་ཀྱི་དབང་གིས་དེ་འཛིན་པ་རྣམས་ཀྱིས་དེ་ལྟར་ཡིན་པ་མི་ཤེས་སོ། །དེའི་ཕྱིར་གཞན་ལ་གནོད་པ་བྱེད་པ་འདི་ལྟ་བུ་ལ་སོགས་པ་ཐམས་ཅད་དུ་འགལ་བ་ཡིན་པས་སྤངས་བར་བྱའོ། །བཅུ་བཞི་པ་གྲུབ་པའི་མཐའ་དང་བྱེད་པའི་སྐར་རྩིས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། མེ་མཁའ་རྒྱ་མཚོ་སོགས་ཚིགས་བཅད་ཉེར་བདུན་པ་ནས་རླུང་གཉིས་པའི་རྐང་པ་གསུམ་པའི་བར་གྱིས་བསྟན་ཏེ། གླིང་བཞིའི་འཇིག་རྟེན་འདིར་དུས་ཀྱི་ཆ་འཛིན་པ་གཟའ་སྐར་ཁྱིམ་གྱི་བགྲོད་པ་གཏན་ལ་ཕབ་ནས། དེ་ནང་དུ་རྩ་རླུང་ཐིག་ལེའི་འཕོ་བ་དང་སྦྱར་བས་ཕྱི་ནང་གནད་གཅིག་པའི་དག་པ་འཆར་བ་ལ་ངེས་པ་འདྲོངས་པའི་ཕྱིར་གཟའ་སྐར་གྱི་རྩིས་རྣམས་ཁམས་ལེ་འདིར་བརྗོད་བྱའི་གཙོ་བོར་བསྟན་པ་ཡིན་ལ། དེ་ཡང་བསྡུས་


MR17_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་འདིར་ཉུང་ངུའི་བྱེད་པ་བསྟན་ཅིང་རྩ་བའི་རྒྱུད་ལས་གསུངས་པའི་གྲུབ་པའི་མཐའི་རྩིས་གསལ་པོར་མ་གསུངས་པར་འགྲེལ་བཤད་ལ་ལྟོས་པར་མཛད་པ་ནི་བསྡུས་རྒྱུད་འདིར་དེ་གསལ་པོར་བསྟན་ན། མུ་སྟེགས་རྣམས་ཀྱིས་བསྡུས་རྒྱུད་མཐོང་ནས། ངེད་ཀྱི་བྱེད་རྩིས་ལའང་ཉི་མའི་ལོངས་སྤྱོད་དག་པ་ཡོད་དོ་ཞེས་རང་གི་བྱེད་པའི་ནང་དུ་བཀོད་པར་འགྱུར་བའི་ཕྱིར་དགོས་པའི་དབང་གིས་དེ་ལྟར་གསལ་བར་མ་མཛད་དོ། །སྐར་རྩིས་ཀྱི་སྐབས་འདིར་རྒྱུད་ཚིག་དངོས་བསྟན་ལྟར་ཉུང་ངུའི་ངག་གིས་བརྗོད་པར་བྱ་སྟེ། འགྲེལ་པའི་འབྲུ་མནན་ན་ཤིན་ཏུ་མང་ཞིང་ཚོགས་ཆེ་བར་འགྱུར་ཞིང་། བོད་དུའང་བྱེད་གྲུབ་གཉིས་ཀའི་ལུགས་ཀྱི་ཆོ་ག་ཡོད་ཅིང་། དེ་དག་གི་རི་མོའི་གོ་བའི་གནད་རྣམས་ཀྱང་དེ་དང་དེ་དག་ཏུ་གསལ་བའི་ཕྱིར་རོ། །དེ་ལ་ཡན་ལག་ལྔའི་རྩིས་བརྗོད་པ་ལ། ཐོག་མར་ལོ་གང་ནས་མགོ་བཟུང་སྟེ་བརྩི་བའི་ལོ་དག་གསུངས་ཏེ། དེ་བཞིན་གཤེགས་པས་རྒྱུད་བསྟན་པའི་ལོ་དེ་ནས་ལོ་དྲུག་བརྒྱ་ན་རིགས་ལྡན་འཇམ་དཔལ་གྱི་དུས་སོ། །དེ་ནས་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལ་བརྒྱ་གྱ་གཉིས་ཕྲི་བ་ནི་རིགས་ལྡན་རྒྱལ་དཀའ་གང་གིས་བརྩམ་པའི་བྱེད་རྩིས་ཀྱི་མགོ་ཟུག་པ་སྟོན་ཕྱིར་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ནས་དེས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་སུ་ཆོས་བསྟན་པ་ཡིན་པས། རྒྱ་མཚོ་རྣམ་རྒྱལ་ཁྲིར་བཞུགས་ཀྱི་ལོ་དེ་རྣམས་ཕྲི་བ་ཡིན་ཏེ་ཅིའི་ཕྱིར་ན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པའི་ལོ་དེ་ལ་ཕྱི་རོལ་བ་ཀླ་ཀློའི་སྟོན་པ་བདུན་པས་བྱེད་པའི་རྩིས་མགོ་ཐོག་མར་ཟུག་པ་ཡིན་པའི་དེ་ནས་མགོ་བརྩམ་སྟེ་སྟོན་པ་ཡིན་ནོ། །དེའི་རྗེས་སུ་རིགས་ལྡན་རྒྱལ་དཀའ་ཁྲིར་ཕེབས་ཏེ་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་བསྟན་པར་མཛད་དོ། །རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པའི་ལོ་དང་པོ་ཕྱི་རོལ་པའི་བྱེད་པའི་རྩིས་མགོ་ཟུག་པ་ནས་བརྩམ་སྟེ། རིགས་ལྡན་ཉི་མ་ཁྲིར་ཕེབ་པའི་ལོ་དེ་ལ་དུས་འཁོར་བསྡུས་རྒྱུད་འཕགས་པའི་ཡུལ་དུ་ཕེབས་པ་དང་། རབ་བྱུང་


MR17_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སོགས་བརྩི་བའི་ཐ་སྙད་ཀྱང་ཐོག་མར་ཆགས་པ་ཡིན་ལ། རབ་བྱུང་ལོའི་དང་པོར་བརྩི་བ་ནི་བྱེད་རྩིས་པ་རྣམས་ལ་ཡོངས་སུ་གྲགས་པ་སྟེ་གཟའི་དང་པོ་ཉི་མ་བཞིན་ནོ། །བྱེད་རྩིས་མགོ་ཟུག་པ་ནས་དེའི་བར་ལ་ལོ་བཞི་བརྒྱ་དང་གསུམ་ཡོད་པས་མེ་མཁའ་རྒྱ་མཚོ་ཞེས་དོན་དུ་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའི་ཁྲི་བཞུགས་ཀྱི་ལོ་གྲངས་བསྡོམ་པའོ། །དེས་ན་མེ་མཁའ་རྒྱ་མཚོ་རྣམས་ལ་ལོ་དྲུག་ཅུ་སྐོར་རེ་ལ་ཐོག་མ་མེ་ཡོས་རབ་བྱུང་ཞེས་པའི་མིང་ཅན་ཡིན་པས་དེ་ལ་སོགས་པ་རབ་བྱུང་སྐོར་དུ་འདས་པ་དང་། ད་ལྟ་རབ་བྱུང་དུ་ཡིན་པ་དེའི་ནང་གི་ལོ་སྔ་མ་ཡན་ཆད་ཀྱི་ལོ་དུ་འདས་པ་རྣམས་བསྲེས་པ་ནི་ཀླ་ཀློ༷འི་སྟོན་པ་བདུན་པ་སྦྲང་རྩིའི་བློ་གྲོས་ཀྱིས་བྱེད་རྩིས་བརྩམ་པའི་ལོར་ནི་རབ་ཏུ་གྲུབ་བོ། །ཀླ་ཀློའི་དབང་པོའི་སྟེ་བླ་མའམ་རྗེ་བོར་གྱུར་པ་སྦྲང་རྩིའི་བློ་གྲོས་ཀྱིས་བྱེད་རྩིས་ཀྱི་མགོ་བཟུང་བའི་ལོ་མེ་མཁའ་རྒྱ་མཚོ་ནི་ལག་པ་གདེངས་ཅན་ཟླ་བས་ཏེ་བརྒྱ་གྱ་གཉིས་ཀྱིས་དམན་པ་ནི་རིགས་ལྡན་རྒྱལ་དཀས་བྱེད་རྩིས་ཀྱི་རྩིས་མགོ་གང་ནས་བཟུང་བའི་ལོ་དག་སྟོན་པའོ། །རིགས་ལྡན་རྒྱལ་དཀས་བྱེད་རྩིས་མཛད་པ་དེ་བཞིན་རྒྱུད་འདིར་ཡང་མ་འོངས་པ་ན་འབྱུང་བའི་རྩིས་དེ་ལྟར་བསྟན་པའོ། །དེ་ལྟར་དམན་པའི་ལྷག་མ་དག་ཀྱང་ཟླ་དག་གི་ཆེད་དུ་ཉི་མས་བསྒྱུར་བ་ནི་ལོ་ཉིད་ཟླ་བའི་གྲངས་སུ་སྤེལ་བའོ། །དེ་ལ་ད་ལྟའི་ལོ་དེའི་ནག་པ་ལ་སོགས་པ་འདས་པའི་ཟླ་བ་བསྲེས་ཏེ་གནས་སྟེང་འོག་གཉིས་སུ་བྱས་ཏེ་བཞག་ལ། འོག་ཏུ་དུས་ཀྱིས་ཞེས་བཞིས་བསྒྱུར་བ་དེ་ལ་རྩིས་འཕྲོ་ཐིག་ལེ་ཡིན་པས་སྦྱིན་བྱ་མེད་དོ། །དེ་ཉིད་མཁའ་མེ་ཟླ་བས་ཏེ་བརྒྱ་དང་སུམ་ཅུས་རྣམ་པར་དབྱེ་བའམ། བགོས་པའི་རྙེད་པའམ་ཐོབ་ནོར་སྟེང་གི་གནས་དེ་ཉིད་དུ་བསྲེས་པ་དག་ནི། མི་ཡི་བདག་པོ་ཞེས་བོས་ཏེ། བརྩི་བའི་དུས་དེ་ཡན་ཆད་དུ་སྔར་ཟླ་བཤོལ་དུ་ཙམ་སོང་བ་དང་བཅས་པའི་ཟླ་བའི་ཚོགས་པ་རྣམ་པར་དག་པར་འགྱུར་རོ། །


MR17_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འོག་མ་མིག་བསྒྱུར་རེ་ལྔས་བགོས་པས་ཆོག་མོད་དེ་ཉིས་ལོག་བྱས་པའི་ཚེགས་ཅན་འདིས་ཅི་བྱ་ཟེར་ན་དོན་འདྲ་ཡང་སྡེབ་སྦྱོར་བསྒྲིག་པའི་ཆེད་ཡིན་ཞེས་བླ་མ་སྔ་མ་དག་གསུངས། རེས་གཟའི་དོན་དུ་དེ་ལྟ་བུའི་ཟླ་བ་དག་པ་སྟེང་འོག་ཏུ་གནས་གསུམ་བྱས་ཏེ་བཞག་པར་གྱུར་པའི་དབུས་མའི་ཕུང་པོ་དག་ལ་གང་གནས་པ་དེ་ཟླ་བ་གཅིག་གི་རྟག་ལོངས་རགས་པ་ལག་པ་རྩེ་མོ་ཅན་གྱིས་ཞེས་སུམ་ཅུ་རྩ་གཉིས་ཀྱིས་བསྒྱུར། རྩ་བ་སྟེ་གནས་འོག་མ་དག་ལ་དྲུག་གི་ཆས་བགོས་པའི་རྙེད་པ་དེ་ཡང་དབུས་མ་ལ་བུ་ལོན་དུ་འགྱུར་བས་དབུས་མ་ལ་ནི་དེས་སྦྱང་བར་བྱ་སྟེ། འོག་མ་དྲུག་གིས་བགོས་པའི་ཐོབ་ནོར་དེས་གནས་པར་མར་ཕྲི་བར་བྱ་བའོ།། དེའི་སྟེང་གཟའ་ཡི་གནས། འོག་ཆུ་ཚོད་ཀྱི་གནས་གཉིས་པོ་དག་ལས་ཞེས་བདུན་པའི་དོན་ལ་ལྔ་པ་འབྱུང་ཁུངས་ཀྱི་སྒྲར་མཛད་པ་སྟེ། མིག་དང་སུམ་ཅུའི་ནོར་ནི་བསྲེས་པ་ཞེས་པ་སྟེང་དུ་གཉིས་དང་། དེའི་འོག་མར་སུམ་ཅུ་ནི་ནོར་ཏེ་སྟེར་བྱའི་རྩིས་འཕྲོའོ། །དེ་ལྟར་གསལ་བར་རམ་ངེས་པར་བྱ་སྟེ་དྲུག་ཅུའི་ཆ་དག་གིས། རྙེད་པ་སྟེང་དུ་རབ་ཏུ་བསྲེས་ལ་དེ་ཉིད་ཐུབ་པ་མཆོག་རྣམས་ཏེ་བདུན་གྱི་གྲངས་དག་གིས་བཅད་པའི་ལྷག་མ་དག་ནི་རེས་ཀྱི་གཟའ་རུ་འགྱུར་རོ། །ཞེས་པ་ནི་རེས་གཟའི་སྒྲུབ་གཞི་དྷྲུ་བ་ཀའོ། །འདིར་དེ་དག་གི་གནད་ཅུང་ཟད་བརྗོད་ན། གྲུབ་མཐའི་ཚེས་ཀྱི་རྟག་ལོངས་ འདི་སུམ་ཅུས་བསྒྱུར་བ་འདི་ལ་བྱ་སླ་བའི་ཆེད་དུ་རགས་རྩིས་ཀྱི་འོག་མ་ལྔ་བཅུ་པོ་ཆུ་ཚོད་གཅིག་ཏུ་བྱས་ནས་གོང་མར་བསྲེས་པས་ཆུ་ཚོད་སོ་གཉིས་དེས་གོང་གི་ཟླ་དག་གི་ཕུང་པོ་དབུས་མ་བསྒྱུར་བ་དེའི་དོན་ཡིན་ནོ། །དེ་རགས་རྩིས་ཡིན་པའི་སྐྱོན་གྱིས་ཟླ་བ་རེ་ལ་ཆུ་སྲང་བཅུ་རེ་བསགས་པས་ཟླ་བ་དྲུག་ན་ཆུ་ཚོད་གཅིག་ལྷག་པ་དེ་བསལ་ཕྱིར་འོག་མར་དྲུག་གིས་ཐོབ་པས་སྟེང་མར་ཕྲི་བའོ། །འདིར་གཟའ་གནས་གཉིས་མ་ཡིན་ཡང་། གལ་ཏེ་ཆུ་སྲང་བྱེད་


MR17_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན་འོག་མ་དྲུག་གིས་བགོས་ལྷག་དྲུག་ཅུས་བསྒྱུར་ནས་ཆུ་ཚོད་ནས་གཅིག་ཕབ་སྟེ་སྦྱང་ལྷག་ཆུ་སྲང་ངོ་། །དེ་ནས་གཟའི་རྐང་རྩིས་ཀྱི་དོན་དུ་རིལ་པོ་དང་ཆ་ཤས་བཟོ་བ་ནི། སླར་ཡང་ཟླ་དག་གནས་གཉིས་སུ་བྱས་པའི་འོག་མ་ལ་ཉི་ཟླ་སྟེ་བརྒྱ་དང་བཅུ་གཉིས་བསྲེས་པ་དག་ལས་དུས་དང་ཉི་མས་ཞེས་བརྒྱ་ཉེར་དྲུག་གིས་ཐོབ་པ་ལ་འབྱུང་བ་སྟེ་ལྔ་བསྲེས་པ་མཐའ་དག་ནི། དེ་ཡི་སྟེང་གི་ཕུང་པོར་སྦྱིན་ཏེ། དེ་ཡང་གནས་དང་པོ་དེ་ཐོག་མར་ལག་པས་བསྒྱུར་བ་ལའོ།དེ་ནས་དེ་ལ་བརྒྱད་དང་གཉིས་ཀྱིས་ཕྱེ་བ་ནི་ཉེར་བརྒྱད་ཀྱིས་བགོ་བའོ། །དེ་ནི་རིལ་པོའམ་ཆོགས་ཞེས་བྱའོ། །དུས་ཉིའི་ལྷག་མ་ནི་ཆ་ཤས་སོ། །དེ་ལ་འདིའི་གནད་ནི་གྲུབ་རྩིས་ལ་གཟའི་རྐང་རྩིས་ཟླ་དག་གནས་གཉིས་སྟེང་མིག་འོག་གཟུགས་བསྒྱུར་རྩིས་འཕྲོ་བསྲེ་སོ་སོའི་འཁོར་ལོས་བགོས་པའི་རིལ་ཆ་གྲུབ་པར་བྱས་ནས་རིལ་པོར་ཚེས་བསྲེས་བཅུ་བཞིས་བགོས་པས་ཟླ་རྐང་འཛིན་པ་དེའི་དོན་ཅན་ཏེ། གཟའ་བདུན་གྱི་རྐང་པ་རིལ་ཆ་ཡིན་ལ། ཚེས་ཞག་གཅིག་གི་བཞི་ཆ་ཆུ་ཚོད་བཅོ་ལྔ་ཅུང་མེད་པས་འཕེལ་འགྲིབ་ཆ་སྟེ། དོན་དུ་ཚེས་ཞག་རེ་ལ་ཉིན་ཞག་གི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་རེས་འཕེལ་འགྲིབ་བྱེད་པ་དེ་ཟླ་བའི་བར་དུ་བསགས་པ་རིལ་པོའོ། །དེས་ཟླ་རྐང་བཅུ་བཞི་པོ་ལན་གཉིས་སྤྱོད་པ་ཡིན་ཞིང་། འདིར་དེའི་དོན་གོང་གི་རི་མོས་གྲུབ་པའོ། །དེ་ནས་ཉི་སྐར་གྱི་ཆེད་དུ་ཟླ་བ་དག་པ་སྟེང་འོག་གནས་གསུམ་དུ་བཞག་པའི་དབུ་མ་སྟེ་བར་མ་དག་ནི་དབང་ཕྱུག་སྟེ་བཅུ་གཅིག་གིས་བསྒྱུར་ལ། གནས་འོག་མ་ལ་དགུ་དང་ཡོན་ཏན་རྣམས་ཀྱིས་ཆ་ཇི་ཐོབ་པར་ཞེས་གནས་འོག་མ་སུམ་ཅུ་རྩ་དགུས་བགོས་ཐོབ་ལ། གཉིས་བསྲེས་པ་དེས་དམན་པར་བྱས་པའི་དབུ་མར་ཆུ་ཚོད་དེ་དྲུག་ཅུ་དག་གིས་ཐོབ་པ་ནོར་ཏེ། ནོར་དེ་ཉིད་དེ་ཡི་སྟེང་གི་ཕུང་པོར་གཉིས་ཀྱིས་ནི། བསྒྱུར་ནས་བྱིན་ལ་སྐར་མས་༧བགོས་ལྷག་ནི། ཀྱེ་མི་ཡི་བདག་པོ་ཉི་མའི་སྐར་མ་དང་ལ་སོགས་


MR17_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲས་ཟླ་རྐང་སོགས་ཀྱི་ལོངས་སྤྱོད་དག་ཏུ་ཡང་འགྱུར་རོ། །འདི་ཡི་གནད་ནི། ཉི་མའི་རྟག་ལོངས་ཧཱུྃ འདི་འདོད་ཆར་དགུ་ཅུང་མེད་ཀྱང་འཇུག་བདེ་ཕྱིར་རགས་རྩིས་སུ་དགུར་མཛད། དེ་འཇུག་བདེ་ཕྱིར་ཆ་ཤས་སུ་བཞི་བསྣན་ཏེ་རང་འཁོར་གྱིས་དྲིལ་བས་ཆུ་སྲང་ཉེར་གཉིས་སུ་འགྱུར། དེ་སུམ་ཅུས་བསྒྱུར་བས་ཆུ་ཚོད་བཅུ་གཅིག་འོང་པ་དེས་ཟླ་དག་གནས་བར་མ་བསྒྱུར་བ་ཡིན་ནོ། །ཚེས་རེར་ཆ་ཤས་བཞི་རེ་ལྷག་པས་ཟླ་བ་རེ་ན། ཆུ་སྲང་གཅིག་དང་དབུགས་གསུམ། ལྷག་པ་དེ་བསགས་པས་ཟླ་བ་སུམ་ཅུ་རྩ་དགུ་ན་ཆུ་ཚོད་གཅིག་ལྷག་པ་དེས་མ་དག་པ་འདོན་ཕྱིར་འོག་མ་སོ་དགུས་བགོས་པའི་ནོར་གྱིས་སྟེང་མར་ཕྲི་བས་སྐྱོན་བཏོན་པ་ཡིན་ནོ། །གཉིས་བསྲེས་པ་ནི་རྩིས་འཕྲོ་ལ། ཡོད་པས་ང་བརྒྱད་བྱིན་པའམ་གཉིས་ཕྲི་བ་དོན་འདྲ་བས་སོ། །རྙེད་ནོར་གཉིས་ཀྱིས་བསྒྱུར་བ་ནི། ཚེས་ཀྱི་རྟག་ལོངས་ཆུ་ཚོད་བཞི་སུམ་ཅུས་བསྒྱུར་བས་སྐར་མ་གཉིས་ལོངས་པ་དེའི་དོན་ཏོ། །ཉི་སྐར་འོག་ཏུ་ཆུ་སྲང་བྱེད་འདོད་ན་སོ་དགུའི་ལྷག་མ་དྲུག་ཅུས་བསྒྱུར། སོ་དགུས་ཐོབ་པའི་སྟེང་ནས་གཅིག་ཕབ་དྲུག་ཅུར་བྱས་པ་ལ་སྦྱང་ལྷག་ཆུ་སྲང་། སྔར་ལྷག་དྲུག་གིས་བསྒྱུར་སོ་དགུས་ཐོབ་པས་ཆུ་སྲང་ལས་གཅིག་ཕབ་དྲུག་ཅུར་བྱས་པར་སྦྱང་ལྷག་དབུགས། དེ་ལྷག་བཅུ་གསུམ་གྱིས་བསྒྱུར་སོ་དགུས་ཐོབ་པས་དབུགས་ལས་གཅིག་ཕབ་པ་བཅུ་གསུམ་བྱས་པར་སྦྱང་ལྷག་འདོད་ཆའོ། །བྱེད་སླ་རགས་རྩིས་འདི་ལ་ཆ་འོག་མའི་སྐྱོན་རྣམས་ཆུ་ཚོད་དུ་མ་ལོངས་པའི་བར་གྱིས་ཉེས་པ་ཆེན་པོ་མི་སྐྱེད་པས་རྒྱུད་ལས་གནས་གཉིས་མ་ལས་ཆུ་སྲང་མ་མཛད་དོ། །སླར་ཡང་རགས་རྩིས་ལས་ཀྱང་རགས་པའི་མགྱོགས་རྩིས་གང་ཞིག་ཟླ་བ་སྔ་མའི་དྷྲུ་པ་ལ་བྱིན་ན་ཕྱི་མའི་དྷྲུ་བ་འཆར་པའི་བྱ་སླ་བྱིས་པ་རྣམས་ཀྱིས་རྟོགས་ཕྱིར་གསུངས་པ། གཟའ་ལ་སྟེ་གཟའི་གནས་སུ་གཟའ་གཅིག་ནི་རབ་ཏུ་སྦྱིན་པར་བྱའོ། །མི་བདག་ཉིས་འགྱུར་ནི་སོ་གཉིས་ཏེ་དེ་ཆུ་ཚོད་རྣམས་ལ་སྦྱིན་


MR17_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ། ཆུ་ཚོད་ཀྱི་འོག་ཏུ་ཚོགས་དག་ལ་ཡང་གཉིས་ཞེས་པ་རིལ་པོ་ལ་གཉིས་སྦྱིན་ཞིང་། ཉི་མའི་སྐར་མར་གཉིས་དང་ཆུ་ཚོད་དུ་དྲག་པོ་ནོར་དུ་རབ་གསལ་ཏེ་ངེས་པར་ཉི་མའི་ལོངས་སྤྱོད་དག་ལ་རབ་ཏུ་སྦྱིན། འདི་དག་ཟླ་བའི་ཞེས་ཟླ་བ་རེ་རེའི་དྷྲཱུ་བའི་ངེས་པར་འགྱུར་ཏེ་དེའི་རིམ་བས་སླར་ཡང་ཟླ་བ་ཟླ་བ་དག་ལ་སྔ་མ་སྔ་མར་རབ་ཏུ་སྦྱིན་པར་བྱས་པས་ཕྱི་མ་ཕྱི་མ་འཆར་བར་གསུངས་སོ་ཞེས་བཅོམ་ལྡན་འདས་ཀྱིས་འདི་ལྟར་བྱེད་རྩིས་མ་འོངས་པ་ལུང་བསྟན་པར་མཛད་དོ། །ད་ནི་ཟླ་བའི་ངེས་པ་ལས་ཚེས་ལ་སོགས་པའི་ལྔ་བསྡུས་ཀྱི་རྩིས་གསུངས་པ། ཚེས་གཅིག་གནས་སུམ་ཅུའི་བར་གྱི་ཚེས་གང་བརྩི་ཉིན་གྱི་གྲངས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན་པ་དག་ནི་རིམ་པ་ལྟར་གཟའ་དང་ཆུ་ཚོད་དང་རྐང་པ་རྣམས་སུ་སྟེ། གཟའ་གནས་སུ་སྦྱིན་ཆུ་ཚོད་དུ་དོར་ཚོགས་ཀྱི་གནས་སུ་སླར་ཡང་སྦྱིན་ཏེ་ཟླ་རྐང་གི་དོན་དུའོ། །དེ་ནས་ཟླ་རྐང་བཟུང་བའི་དོན་དུ་ཚོགས་ཀྱི་སྟེ་རིལ་པོའི་ཆ་ལ་ཆུ་གཏེར་ཟླ་བས་ཞེས་བཅུ་བཞིས་བགོས་པའི་ཐོབ་ནོར་ཐིག་དང་གཉིས་དང་བཞི་མཉམ་པ་དང་། གཅིག་གསུམ། མི་མཉམ་ཐོབ་པ་དག་ལ་རིམ་པ་ལྟར་མཉམ་པར་སྦྱིན་པ་དང་། མི་མཉམ་པ་ལ་དོར་དགོས་པ་ཡིན་པར་ཤེས་པར་བྱ་ཞིང་སྦྱིན་དོར་བྱ་རྒྱུ་ནི་འཆད་འགྱུར་རྐང་སྡོམ་སོགས་ཡིན་ནོ། །བཅུ་བཞིས་བགོས་ལྷག་ནི་རྐང་པའི་དོན་ཞེས་པ་རྐང་པ་འཛིན་པའི་དོན་ཏོ། །འདིའི་གནད་ནི། གཟའ་གནས་སུ་ཚེས་གྲངས་གང་ཡིན་དེ་བྱིན་པས་རེས་གཟའ་དང་ཚེས་གྲངས་དེ་ཡུལ་ལོངས་མཉམ་མམ་ཞེ་ན་མ་ཡིན་ཏེ། ཟླ་བའི་ཡེ་ཤེས་ཆ་ལ་ཕྲ་རགས་གཉིས་ལས། རགས་པར་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུའི་ཆ་ཆུ་ཚོད་རེ་རེ་དམན་པའི་ཕྱིར། ཆུ་ཚོད་ཀྱི་གནས་སུ་ཚེས་གྲངས་དོར་བས་ཆུ་ཚོད་ང་དགུ་བྱིན་པ་སྟེ། ཞིབ་པར་བརྩིས་ན་གཟའ་ལ་ཚེས་བྱིན་ཆུ་སྲང་ནས་ང་དྲུག་དང་། དབུགས་ལ་གཉིས་ཕྲི་ན་གཟའི་ཚེས་ལོངས། འདི་


MR17_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་དང་དོན་འདྲ་བར་འགྱུར་མོད་ཀྱང་། རྒྱུད་ལས་དེ་ལྟར་མ་བསྟན་པས་ཟླ་བ་གཅིག་ལ་ཆུ་སྲང་བརྒྱ་དང་བཅུ་ཆད་ཀྱང་། ཟླ་བའི་ངེས་པའི་སྐབས་སུ་སྐྱོན་དེ་བཏོན་པས་སོས་པར་འགྱུར་བ་དང་། ཟླ་བའི་ངེས་པ་ལ་ལྷག་པོ་ཅུང་ཟད་ཡོད་པའི་གཉེན་པོ་དེ་ལྟར་མཛད་དོ། །རིལ་པོ་ནི་ཞག་རེ་རྐང་པ་རེ་འཕོ་བས་ན་ཚེས་གྲངས་དེ་བྱིན་པས་འཐུས་སོ། །དེ་ལ་རྐང་པ་བཟུང་ནས་རྐང་བསྡོམ་བྲི་ཚུལ་ནི། བཟུང་བྱ་ཟླ་རྐང་ནི། འབྱུང་བ་འབྱུང་བ་མདའ་དང་རིག་བྱེད་སོགས་འཆད་འགྱུར་རྐང་གནས་བདུན་རིམ་རིམ་མིན་དུ་བརྩེགས་པ་བཅུ་བཞི་པོ་དེ་ཡིན་ནོ། །འཛིན་བྱེད་ནི་བཅུ་བཞིས་བགོས་ལྷག་སྟོང་པ་ཐིག་ལེར་ཤར་བ་ལ་རྐང་བསྡོམ་གྱི་གནས་སུ་སྟོང་པ་རྣམ་དག་སྟེ་སྦྱིན་དོར་བྱ་རྒྱུ་མེད་པས་ཐིག་ལེབྲིའོ། །བཅུ་གསུམ་ཡོད་ན་ཕྱི་རྐང་དྲུག་པར་ཟིན་པས་སླར་སྤྱོད་རྒྱུ་ལྔ་དང་། ཟླ་བའི་རྐང་པར་ཞེས་གཅིག་ལྷག་ན་སྔ་རྐང་དང་པོའི་འོག་ཏུ་ཟིན་པས་སྤྱོད་ཟིན་ལྔ་རྐང་བསྡོམ་གྱི་གནས་སུ་བྲི་བར་བྱ་སྟེ། དེ་བཞིན་དུ་མིག་དང་ཉི་མ་དག་ལ་ཕྱོགས་ཏེ་བཅུ་དང་། བཅུ་གཅིག་མེ་ལ་ཚེས་ཞེས་བྱ་བ་སྟེ། བཅུ་དང་ཆུ་གཏེར་རྐང་པར་ཉི་ཤུར་གཅིག་གིས་དམན་པ་བཅུ་དགུའོ། །ལྔ་དང་བུག་པར་ཉི་ཤུ་རྩ་གཉིས། དུས་དང་ནོར་ལ་རྒྱལ་བ་དང་། ལྷག་བདུན་པར་གྱུར་ན་སྔ་ཕྱིའི་རྐང་མཚམས་སུ་ཟིན་པས། རྐང་བསྡོམས་ཉི་ཤུ་རྩ་ལྔ་སྟེ་དེ་ལྟར་བྲི་བར་བྱའོ། །ཟླ་བའི་རྐང་རྩིས་ཀྱིས་དག་པར་བྱས་པའི་ཚེས་ཀྱི་ལོངས་སྤྱོད་དེ་ལ། སླར་ཡང་འཆད་འགྱུར་ལྟར་ཉི་མའི་རྐང་པ་སྦྱིན་དོར་གྱི་རབ་ཏུ་དབྱེ་བས་གསལ་བར་བྱས་པའི་ཉི་མའི་རྐང་པ་དག་ནི། ཉི་མ་ལ་སྦྱིན་བྱ་ཡིན་ན་ཚེས་དེ་ལའང་ནོར་དུ་འགྱུར་ཏེ་སྦྱིན་པར་བྱ་བ་དང་། ཉི་མར་འབྲི་བྱེད་ཡིན་ན་འདི་ལའང་བུ་ལོན་དུ་འགྱུར་ཏེ་དོར་བར་འགྱུར་རོ། །དེ་ཡང་ཚེས་ཀྱི་ལོངས་སྤྱོད་དུ་གྱུར་པ་གཟུང་བྱ་ཟླ་བའི་རྐང་པ་ནི། འབྱུང་བ་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་ནི་སྟེང་ནས་འོག་ཏུ་རིམ་པར་


MR17_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་སྔ་མའི་སྟེ་སྔ་རྐང་གི་ཆ་དང་། གཞན་ཕྱི་རྐང་ལ་ཡང་དེ་དག་ལྡོག་སྟེ་གཅིག་ནས་ལྔའི་བར་དུ་བཀོད་པར་བྱའོ། །འདི་དག་ནི་ས་ལ་སྒྲ་དྲི་སོགས་ཡོན་ཏན་ལྔ་ཚང་བ་དེ་ཉིད་རྡུལ་མུན་སྙིང་སྟོབས་ཀྱི་དབྱེ་བས་ལན་གསུམ་དུ་ལྔ་ཉིད་བརྩེགས་པ་དང་། དེ་ནས་ཆུའི་ཡོན་ཏན་བཞི་སོགས་ནས། རླུང་ལ་རེག་སྒྲ་གཉིས་དང་ནམ་མཁའ་སྒྲ་གཅིག་པུའི་ཡོན་ཏན་གྱི་བར་དུ་ཤེས་པར་བྱའོ། །དེ་ལྟར་རྐང་བསྡོམ་བྲིས་པ་དང་སྦྱིན་པའམ་དོར་བར་བྱ་བ་གང་ཡིན་ཞེ་ན། ཚོགས་ཀྱི་ཆའམ་རིལ་པོ་ལ་ཆུ་གཏེར་ཟླ་བས་བགོས་ཚེ་མཉམ་དང་མི་མཉམ་པའི་ཐོབ་པ་ལ་ལྟོས་ནས་རིམ་པ་བཞིན་ཡང་དག་རྒྱུ་བ་རྣམས་ནི་སྦྱིན་པ་དང་དོར་བར་བྱ་བ་ཡིན་ནོ། །རྒྱུ་ཞིང་ཡོད་པས་ཞེས་པ་བཅུ་བཞིའི་ལྷག་མ་གང་ཡིན་པ་དེས་རྐང་པ་གང་དུ་ཟིན་པའི་མདུན་མ་དེ་ནི་རྒྱུ་ཞིང་ཡོད་པའམ། ཡང་དག་རྒྱུའི་ཆུ་ཚོད་ཅེས་བྱ་སྟེ་དེས་རིལ་པོའི་ལྷག་མའམ་སྔར་གྱི་ཆ་ཤས་ཉིད་བསྒྱུར་བར་བྱ་སྟེ། རྐང་འཛིན་སྟོང་ན་སྔ་རྐང་དང་པོ་དང་། རྐང་མཚམས་སུ་ཕྱི་རྐང་གི་གཅིག་དང་། བཅུ་གསུམ་པ་ལ་ཕྱི་རྐང་གི་ལྔ་ལྟ་བུ་དེ་ཡིས་སོ། །དེ་ལྟར་བསྒྱུར་བ་དེ་ལས་ནི་དུས་དང་ཉི་མས་ཆ་ཅི་ཙམ་ཐོབ་པ་དག་ཀྱང་སྦྱིན་དོར་བྱ་ཚུལ་སྔར་བཤད་དེ་བཞིན་ནོ། །དེས་གཟའ་ཕྱེད་དག་ཏུ་འགྱུར་རོ། །ཡང་དག་རྒྱུ་བའི་ཆུ་ཚོད་བཤད་མ་ཐག་པ་དུས་ཉིས་ཐོབ་པ་དེ་ཉིད་ལ་ནི་འཆད་འགྱུར་ཉི་མའི་རབ་ཏུ་དབྱེ་བས་ཉི་མའི་རྐང་པའི་ཡང་དག་རྒྱུའི་ཆུ་ཚོད་ཀྱང་ཉི་མ་ལྟར་སྦྱིན་དང་དོར་བར་འགྱུར་ཏེ། དེ་ལྟར་བྱིན་ནས་རང་འཁོར་དྲིལ་བ་དེ་རེས་གཟའ་དང་ཚེས་ཀྱི་ལོངས་སྤྱོད་རྣམ་དག་ཏུ་འགྱུར་རོ། །ད་ནི་ཉིན་ཞག་སོ་སོའི་ཉི་མའི་ལོངས་སྤྱོད་རྣམ་དག་གི་ཆེད་དུ་ཉི་མའི་རྐང་རྩིས་གསུངས་པ། གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་ཞེས་པ་ཚེས་གྲངས་གང་ཡིན་པ་དེ་བཞིས་བསྒྱུར་པ་ནི་གསལ་བར་ནོར་དུ་འགྱུར་ཏེ། དེ་ལྟར་བསྒྱུར་བའི་ཚེས་གྲངས་དེ་ཡི་སུམ་ཆ་


MR17_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་བསྲེས་པའོ་ཞེས་པ། བསྒྱུར་བའི་ཚེས་གྲངས་དེ་གནས་གཉིས་བྱས་པའི་གཅིག་ལ། གནས་གཅིག་གསུམ་གྱིས་བགོས་པའི་རྙེད་པ་བསྲེས་པར་བྱ་བའོ། །འདིའི་གནད་དོན་ནི། ཉི་མའི་རྟག་ལོངས་ཧཱུྃ འདི་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུར་བྱས་པ་སྟེ། དེ་ཡང་ཆུ་ཚོད་བཞི་ཚེས་རེ་རེ་བཞིན་དུ་སྦྱིན་པའི་དོན་དུ་ཚེས་གྲངས་བཞིས་བསྒྱུར་ནས་སྦྱིན་པ་སྟེ་འདི་ལྟར་ཚེས་གྲངས་གནས་གནས་གཉིས་བྱས་ལ་སྟེང་མ་བཞིས་བསྒྱུར་བ་ཉི་སྐར་ལོངས་སྤྱོད་དུ་སྟེར། ཡང་འོག་མ་བཞིས་བསྒྱུར་བ་ལ་གསུམ་གྱིས་བགོས་ཐོབ་ཀྱང་ཉི་མའི་དབྱུག་གུར་བསྲེ་བ་ནི་དེ་ཡི་སུམ་ཆ་བསྲེས་པ་སྟེ་དེ་ནི་ཆུ་ཚོད་གཅིག་གི་སུམ་ཆ་ཆུ་སྲང་ཉི་ཤུ་བསྲེས་པ་དང་དོན་འདྲའོ། །གསུམ་ལྷག་ཉི་ཤུས་བསྒྱུར་བ་ཆུ་ཚོད་དུ་མ་ལོང་བའི་ཆུ་སྲང་ཡིན་ནོ། །འོ་ན་ཞག་རེ་ལ་ཆུ་སྲང་གཉིས་སུ་ཆ་ཤས་བཞིས་ཆད་པ་མ་ཚང་བ་ཇི་ལྟར་བྱ་སྙམ་ན། ཟླ་བའི་ངེས་པའི་སྐབས་སུ་གནས་གསུམ་གྱི་དབུས་མ་དབང་ཕྱུག་གིས་བསྒྱུར་བས། ཆུ་ཚོད་བཞི་སྲང་ཉེར་གཉིས་རེ་ཚེས་རེ་རེ་ལ་ཆ་ཤས་བཞི་རེ་བཞི་རེ་ལྷག་བཅུག་པས་སྔ་མའི་ཆད་པ་སོས་ནས་ཅུང་ཞིག་དག་པར་འགྱུར་རོ། །ལོ་གཅིག་ཚེས་ཞག་སུམ་བརྒྱ་དོན་གཅིག་དེའི་ཟླ་བ་བཅུ་གཉིས་པོ་སྟེང་མིག་འོག་མ་བཅུ་གཅིག་གིས་བསྒྱུར་བ་དང་། ལྷག་མ་ཚེས་ཞག་བཅུ་གཅིག་པོའི་ཆུ་ཚོད་བཞི་དང་སྲང་ཉི་ཤུས་བསྒྱུར་ཏེ་དེ་རྣམས་བསྲེས་པས་ཆུ་སྲང་ཉི་ཤུ་ཆད་པའི་རྒྱུ་སྐར་འཁོར་ལོ་ལོངས་ལ་ཚེས་རེ་རེ་ལ་བཅུ་གསུམ་ཆ་བཞི་ལྷག་པ་བསགས་པས་ཞག་སུམ་བརྒྱ་དོན་གཅིག་ན་བཅུ་གསུམ་ཆ་གཉིས་ཀྱིས་ལྷག་པའི་ཆུ་སྲང་བཅུ་དགུ་འབྱུང་བས་ཆད་ལྷག་སྟོབས་ཕལ་ཆེར་མཚུངས་པར་འགྱུར་རོ། །དག་པར་བརྩི་ན་ཚེས་གྲངས་གནས་གསུམ་བྱས་པའི་སྟེང་བཞི་དང་བར་མ་ཉེར་གཉིས་ཀྱིས་བསྒྱུར་ཏེ་དབྱུག་སྲང་དུ་བྱིན། འོག་མར་གང་བྱུང་གིས་དབུགས་ལ་སྦྱང་བས་དག་སྟེ་ཉི་མ་ཕྱེད་དག་གོ། ཉི་མ་ཕྱེད་དག་གནས་


MR17_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྱས་པའི་ཕྱོགས་གཅིག་ལ་དུས་ཀྱི་རྒྱུ་སྐར་ཞེས་པ་དྲུག་དང་རྐང་པ་གསུམ་ནི་རྒྱུ་སྐར་གྱི་རྐང་པ་རེ་ཆུ་ཚོད་བཅོ་ལྔ་ཡིན་པས་རྐང་པ་གསུམ་ནི་ཆུ་ཚོད་ཞེ་ལྔ་སྟེ་དོན་ལ་སྐར་དྲུག་ཆུ་ཚོད་ཞེ་ལྔ་དང་བཅས་པ་ནི་བུ་ལོན་དག་ཡིན་པ་སྟེ་ལུག་ནས་ཉི་མ་རང་གི་སྐྱེས་ཁྱིམ་བར་དུ་སྦྱང་བའི་ཆེད་དུའོ། །དེའི་ཕྱིར་དེས་ཉི་མའི་ལོངས་སྤྱོད་ཀྱི་ནང་ངམ་དབུས་ནས་སྦྱང་བར་བྱ་ཞིང་། དེར་ཡང་མ་ལྡང་ན་འཁོར་ལོ་བསྣོན་པ་དང་འཁོར་ཕྱེད་པས་ལྷག་ན་འཁོར་ཕྱེད་དོར་བ་སོགས་བྱ་བ་ལྷག་མ་རྣམས་ནི་འཆད་འགྱུར་མིག་དམར་གྱི་རྐང་རྩིས་ཇི་བཞིན་དུ་བྱའོ། །རྐང་པ་ནི་རོ་དྲུག་དང་དུས་བཞི་དང་རི་བོང་ཅན་གསུམ་རྣམས་སྔ་རྐང་དང་བཟློག་པ་ཕྱི་རྐང་སྟེ་རྐང་གནས་དྲུག་པོ་དེ་ནི། ཉི་མའི་དལ་བའི་ལས་ལ་རྐང་པ་སྟེ། ཁྱིམ་རེ་ལ་རྐང་པ་རེའོ། །འཁོར་ཕྱེད་དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར་ཆུ་ཚོད་བཅུག་ལ་མདའ་ཡོན་ཟླ་བས་ཐོབ་པས་རྐང་པ་འཛིན་པར་བྱའོ། །རྐང་བཟུང་སྡུན་མ་ལོངས་སྤྱོད་བཞིན་པ་དེ་ཉིད་ཀྱིས་ནི། ཆུ་ཚོད་བསྒྱུར་ནས་མདའ་དང་ཡོན་ཏན་ཟླ་བས་ཆ་ཇི་ཙམ་ཐོབ་པ་དེ་རྐང་པ་སྡོམ་ལ་སྔ་རྐང་དུ་བྱིན་ཕྱི་རྐང་དུས་ཕྲི་བའི་ལོངས་སྤྱོད་དང་བཅས་པ་དེ་ནི། ཉི་མའི་བགྲོད་པ་འགྲོ་བའི་དབང་གིས་ཉི་མ་དལ་བ་ལ་ནི་འཁོར་ཕྱེད་དོར་བ་བྱང་བགྲོད་ལ་སྦྱིན་པ་དང་། མ་དོར་བ་ལྷོ་བགྲོད་ལ་དོར་དགོས་ཏེ། གཞན་དུ་དེ་ལྟར་མ་བྱས་ན་རྐང་པའི་ལོངས་སྤྱོད་དག་པ་ཡོད་པ་མ་ཡིན་ནོ། །འདིར་བྱེད་པ་ལ་བརྗོད་པའི་སྣོན་འབྲིད་གསུངས་པ། ཉི་མ་ཀརྐ་ཊའི་ཁྱིམ་ནས་ལྷོར་བགྲོད་རྩོམ་པས་ཀརྐ་ཊའི་ཕྱེད་དམ་ཕྱོགས་དང་པོ་ལ་ནི་དུས་ཞེས་པ་ཆུ་ཚོད་གསུམ་དང་། ཕྱོག་གཉིས་པར་རོ་སྟེ་དྲུག་གོ། དེ་བཞིན་དུ་སེང་གེ་ལ་སྤྲུལ་ཏེ་བརྒྱད་དང་བཅུ་དང་། བུ་མོར་འཕྲོག་བྱེད་དང་འཕྲོག་བྱེད་དེ་བཅུ་གཅིག་ལན་གཉིས་སོ། །སྲང་ལ་དྲག་པོ་ཕྱོགས་ཞེས་བཅུ་གཅིག་དང་བཅུའོ། །སྡིག་པ་ལ་ཀླུ་སྟེ་བརྒྱད་དང་དྲུག་གོ། གཞུ་ལ་མེ་དང་ནམ་མཁའ་ཐིག་གོ །


MR17_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལྷོ་བགྲོད་ཡིན་པས་བུ་ལོན་དུ་བྱས་ཏེ་ཕྲི་བར་བྱའོ། །དེ་ནས་ཆུ་སྲིན་སོགས་དྲུག་ལ་ཡར་བཟློག་ནས་སྦྱིན་པར་བྱ་སྟེ། ཆུ་སྲིན་གྱི་ཕྱོགས་སྔ་མར་སྟོང་ཕྱི་མར་མེ། བུམ་པའི་སྔ་མར་དྲུག་ཕྱི་མར་བརྒྱད་སོགས་ནས། འཁྲིག་པའི་སྔ་མར་དྲུག་ཕྱི་མར་གསུམ་བསྣོན་པའི་བར་དུ་ཤེས་པར་བྱ་སྟེ། དེ་ལྟ་བུའི་གྲངས་དག་ཀྱང་ལྷོ་བྱང་དུ་བགྲོད་པའི་མཐར་སྦྱར་ཏེ་བྱང་དུ་བགྲོད་པ་དང་། ལྷོ༷་རུ་བགྲོད་པ་དག་ལ་རིམ་བཞིན་ནོར་དང་བུ་ལོན་དག་ཏུ་འགྱུར་བ་ཡིན་ནོ། །ཟླ་བ་བཅུ་གཉིས་ལ་ཉི་ཁྱིམ་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཏེ་ཟླ་བ་ཕྱེད་ཀྱི་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་བྱེད་པས་གོང་དུ་ཇི་སྐད་བཤད་པ་དེ་བཞིན་ལོངས་སྤྱོད་དོ། །འདི་དག་བྱེད་པའི་དབང་དུ་སྟེ་གྲུབ་པའི་མཐས་ནི་མ་ཡིན་ནོ། །དེ་ཡི་དོན་ནི་ཉི་མ་ཀརྐ་ཊ་ལ་གནས་པ་ནས་ལྷོ་བགྲོད་རྩོམ་པས་ཆུ་ཚོད་དྲུག་བུ་ལོན་དུ་འགྱུར་བ་དེ་ཉིད་ཕྱེད་མར་བགོས་ནས་ཕྱོགས་ཏེ་ཟླ་ཕྱེད་དང་པོའི་ལོངས་སྤྱོད་ལ་ཆུ་ཚོད་གསུམ། ཀརྚའི་ཕྱོགས་གཉིས་པ་ལ་དྲུག །དེ་བཞིན་སེང་གེའི་བཞི་ཕྱེད་དུ་བྱས་པ་གཉིས་ལ་སྔ་མའི་དྲུག་བསྣན་པས་བརྒྱད། ཕྱི་མར་བཅུ་གྲུབ་པ་དང་། དེ་བཞིན་བུ་མོ་ལ་ཆུ་ཚོད་སྔ་མ་གཅིག་གམ་གཉིས་བུ་ལོན་དུ་འགྱུར་བས་ཕྱེད་བྱས་པས་སྔ་ཕྱི་གཉིས་ཀར་བཅུ་གཅིག །དེ་ནས་རིམ་པས་ཕྱི་རྐང་ལ་སྲང་ལ་བུ་མོ་དང་ལོངས་སྤྱོད་མཚུངས་པས་ཕྱོགས་སྔ་མར་བཅུ་གཅིག །ཕྱི་མར་དེ་ལས་གཅིག་ཕྲི་བ་བཅུ། དེ་བཞིན་སྡིག་པ་སེང་གེ་དང་འདྲ་བས་ཕྱོགས་སྔ་མར་བཅུ་ལས་གཉིས་ཕྲི་བརྒྱད། ཕྱི་མར་དེ་ལ་སླར་ཡང་གཉིས་ཕྲི་དྲུག །དེ་ནས་གཞུ་ཀརྚ་དང་འདྲ་བས་དྲུག་བུ་ལོན་ཏེ་སྔ་མར་དྲུག་ལ་གསུམ་ཕྲི་གསུམ། ཕྱི་མར་གསུམ་ཡང་ཕྲི་བས་སྟོང་པ་སྣོན་འབྲི་མེད་པའོ། །ད་ནི་ཚེས་འཁྱུད་ཟླ་སྐར་བྱ་བའི་དོན་ཉི་མ་དག་པ་གནས་གཉིས་བཀོད་ལ་གཅིག་གི་སྐར་གནས་སུ་བྱིན་པའི་ཚེས་གྲངས་དག་ཀྱང་ཞེས་དང་པོ་ཉི་དག་གི་སྐར་གནས་སུ་ཚེས་གྲངས་གང་ཡིན་བྱིན་ལ། བྱིན་པའི་ཚེས་གྲངས་དེ་སྐར་གནས་ཀྱི་འོག་ཏུ་རོ་ཡིས་བསྒྱུར་བ་


MR17_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ཉིན་རེས་ཀྱི་གཟའ་ཡི་ལོངས་སྤྱོད་ཚེས་ལོངས་བསྲེས་པ་དག་གིས་སྐར་མའི་ཆུ་ཚོད་ལ་བྲི་བའམ་དམན་པར་གྱུར་པ་ནི་རི་བོང་མཚན་མར་ཞེས་ཟླ་བའི་རེས་འགྲོགས་ཀྱི་ལོངས་སྤྱོད་དུ་འགྱུར་ཏེ་ཟླ་སྐར་རོ། །འདིའི་གནད་ནི།ཉི་དག་གི་སྐར་གནས་སུ་ཚེས་གྲངས་བརྩིས་ལ་སྦྱིན་པ་ནི་ཉི་མ་ལ་ཟླ་བའི་ལོངས་སྤྱོད་ཐུན་མོང་མིན་པ་ཤེས་པའི་ཆེད་དེ་དེ་ཡང་ཞིབ་པར་ཞག་རེ་བཞིན་ཟླ་ལོངས་ཆུ་ཚོད་ལྔ་བཅུ་ང་བཞིས་ལྷག་པ་ཡིན་ནའང་། འདིར་སྔ་མར་ཞག་རེ་བཞིན་ཆུ་ཚོད་དྲུག་ཅུ་ཡོད་པའི་དབང་དུ་བྱས་ཏེ་རགས་རྩིས་བྱ་སླ་བ་ཚེས་རེ་བཞིན་སྐར་མ་འགྲོ་བའི་དབང་ལྟར་ཚེས་གྲངས་སྦྱིན་པར་བྱའོ། །དེ་ལྟ་ན་ཆུ་ཚོད་དྲུག་གིས་མང་བའི་སྐྱོན་འདོན་དུ། སྐར་མའི་འོག་ཏུ་ཆུ་ཚོད་ཀྱི་གནས་ལ་ཚེས་གྲངས་དྲུག་གིས་བསྒྱུར་བས་ཕྲི་བས་དོན་འདྲ་བར་བྱས་པ་ཡིན་ནོ། །དྲུག་པོ་བསགས་པས་ཞག་བཅུས་སྐར་གནས་སུ་གཅིག་ལོངས་པའི་ཕྱིར་མཁའ་རོས་དྲིལ་ནས་སྐར་གནས་ལ་སྦྱང་བར་བྱའོ། །རེས་གཟའི་ལོངས་སྤྱོད་ཀྱིས་ཟླ་སྐར་གྱི་དབྱུག་གུ་ལ་སྦྱངས་པ་ནི་ཚེས་འཕོས་ནས་ནམ་ལངས་གོང་དུ་ཇི་ཙམ་སྤྱད་པ་རྟོགས་པའི་དོན་ཏེ། རེས་གཟའི་འོག་གི་ལོངས་སྤྱོད་དེ་དེ་རིང་གི་ནམ་ལོངས་པ་ནས་བརྩམས་ཏེ་ཚེས་དེ་ཇི་ཙམ་ཞིག་ན་རྫོགས་པའི་བར་གྱི་ཚེས་ཀྱི་ལོངས་སྤྱོད་ཡིན་པའི་ཕྱིར་ནའོ། །དེའི་ཕྱིར་གཟའ་ལོངས་དང་ཚེས་གྲངས་དྲུག་བསྒྱུར་བ་བསྲེས་ཏེ་དྲུག་ཅུར་ལོངས་ན་དྲིལ་བ་དེས་སྐར་གནས་དང་ཆུ་ཚོད་དུ་ཕྲི་བར་བྱ་ཞིང་སྐར་གནས་ཆུ་ཚོད་དུ་ཕྲི་བར་མ་འདང་ན་སྟེང་ནས་ཕབ་ལ་ཕྲི་བར་བྱའོ། །སྦྱོར་བ་བཤད་པ། ཀྱེ་མི་ཡི་བདག་པོ་ཉི་དག་དང་ཟླ་སྐར་གཉིས་བསྲེས་པ་ལ་ཆུ་ཚོད་དང་སྐར་མའི་འཁོར་ལོས་དྲིལ་བ་ནི་སྦྱོར་བའོ། །བྱེད་པ་དག་ནི་ཚེས་གང་ཡིན་པའི་གྲངས་ལ་མིག་གིས་བསྒྱུར་བ་ཟླ་བ་སྟེ་གཅིག་བྲལ་བའམ་ཕྲི་བ་གང་ཞིག་བདུན་གྱི་ཆ་ཡི་རྙེད་པ་དོར་བས་ཞེས་མདོར་ན་བདུན་གྱིས་བགོས་པའི་ལྷག་མ་ནི་ཚེས་དེའི་ཕྱི་ཆའི་བྱེད་པ་སྟེ་སྔ་བྱེད་དེ་ཡི་ཤུགས་


MR17_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེས་ཞིང་གཅིག་བྱུང་ན་གདབ་པ་ནས་ཐིག་བིཥྚི་བར་དུ་སྦྱར་ཏེ་ཚེས་གཅིག་གི་ཕྱེད་ཕྱི་མ་ནས་ཉེར་དགུའི་ཕྱེད་སྔ་མའི་བར་དུ་ལན་བཞིར་འཁོར་བ་པ་ནི་འཕོ་བའི་བྱེད་པ་བདུན་ནོ། །ཉེར་དགུའི་ཕྱི་མ་དང་གནམ་སྟོང་གི་སྔ་ཕྱི་གཉིས་ཀ་དང་། ཚེས་གཅིག་གི་སྔ་ཆ་བཞི་ལ་ཤ་ཀུ་ནི་ལ་སོགས་པ་བཞི་ལན་གཅིག་སྤྱོད་པ་ནི་རྟག་པའི་བྱེད་པ་བཞིའོ། །དེ་ལྟར་རེས་གཟའ་ཚེས་ཀྱི་ལོངས་སྤྱོད་དང་བཅས་པ་དང་། ཟླ་སྐར་དང་། ཉི་སྐར་དང་། སྦྱོར་བ་དང་། བྱེད་པ་ལྔ་པོ་འདི་ལ་ཡན་ལག་ལྔ་ཡི་རྩིས་ཞེས་བྱ་ཞིང་། འབྲས་རྩིས་ཀྱི་སྐབས་སུ་བླང་དོར་བྱ་བའི་གཞི་གཟའ་ཚེས་སྐར་སྦྱོར་བྱེད་པའི་ཡན་ལག་ལྔ་ཞེས་བགྲང་ངོ་། །དེ་ལ་རེས་ཀྱི་གཟའ་ནི་གཅིག་བྱུང་ན་ཉི་མ་ཡིན་པ་ནས་ཐིག་ལེ་སྤེན་པའི་བར་གྱི་བདུན་པོ། ཁོ་ན་སྟེ་དེ་ནི་ཉིན་ཞག་ལ་དབང་བའི་ཕྱིར་ད་ནང་ནམ་ལངས་ནས་སང་གི་ནམ་ལངས་པའི་སྔ་ལོགས་ཀྱི་བར་དུ་གནས་སོ། །དེ་འོག་གི་ཆུ་ཚོད་ནི་ཚེས་གཅིག་ནས་སུམ་ཅུའི་བར་གྱི་དེ་རིང་གི་ཚེས་གྲངས་གང་ཡིན་པ་དེ་ཇི་ཙམ་གནས་པའི་ཡུན་མ་འོངས་པའོ། །ཟླ་སྐར་ནི་སྐར་མ་དེ་དེ་རིང་གི་རེས་གཟའ་དང་ཇི་ཙམ་འགྲོགས་པའི་ཡུན་སྟོན་པ་སྟེ། ནམ་ལངས་ཡན་ཆད་དུ་ཇི་ཙམ་ལོངས་སྤྱད་ཟིན་པ་དེའི་ཆུ་ཚོད་སོགས་ཀྱིས་སྟོན་པས་འདས་པའོ། །དེས་དྲུག་ཅུ་ལ་ཕྲི་ཞིང་གནས་ལྔ་པ་ལྟར་ན་ཆུ་སྲང་སོགས་ཀྱིས་ཀྱང་རིམ་བཞིན་སྟེང་ནས་ཕབ་ལ་ཕྲི་བའི་ལྷག་དེ་སྐར་མ་དེ་དེ་རིང་ནམ་ལངས་ཀྱི་ཐོག་མ་ནས་ཇི་ཙམ་གནས་པའི་ཡུན་ནོ། །ཡུན་དེ་རྫོགས་ནས་སྐར་མ་གཞན་འབྱུང་བར་འགྱུར་རོ། །ཉི་སྐར་ནི་དེ་རིང་ནམ་ལངས་ཀྱི་ཐོག་མར་གཟའ་ཉི་མ་རྒྱུ་སྐར་དེ་དང་དེའི་ཡུལ་གྱི་ཆུ་ཚོད་སོགས་དེ་ལ་གནས་པ་སྟོན་ཏོ།། རགས་པ་ཚེས་ལངས་རྫོགས་པའི་བར་དུའང་མཆན། དེ་ཡང་ཐིག་ཐ་སྐར་ནས་གཅིག་བྲ་ཉེའི་བར་དུའོ། །སྦྱོར་བ་ནི་ཉི་ཟླའི་སྐར་མ་འཕྲོད་ཚུལ་གྱི་དབང་ལས་དུས་ཀྱི་དགེ་མི་དགེའི་མིང་ཞིག་གོ། དེ་ཡང་གཅིག་སེལ་བ་ནས་ཁོན་


MR17_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་བར་ཉེར་བདུན་ནོ། །འདིའི་ལོངས་སྤྱོད་ནི་ནམ་ལངས་ཕན་ཆད་འདས་ཟིན་དུ་བཞེད་དོ། །བྱེད་པ་བཅུ་གཅིག་ནི་ཚེས་ཞག་གི་སྔ་ཆ་དང་ཕྱི་ཆ་ལའོ། །འདི་རྣམས་ཀྱི་དུས་སུ་དགེ་བ་དང་། མི་དགེ་བའི་འབྲས་བུ་སྣ་ཚོགས་སུ་འབྱུང་སྟེ་འབྲས་རྩིས་རྣམས་ལས་གསུངས་པ་ལྟར་ཤེས་པར་བྱའོ། །རྒྱུ་སྐར་ཉེར་བདུན་པོ་དེ་དག་ཁྱིམ་བཅུ་གཉིས་ལ་གནས་ཏེ། རྒྱུ་སྐར་རེ་རེའི་ཡུལ་གྱི་ས་ཁྱོན་དྲུག་ཅུར་བཅད་པའི་བཅོ་ལྔ་རེ་ལ་རྐང་པ་གཅིག་ཏུ་བརྩིས་པའི་རྒྱུ་སྐར་གྱི་རྐང་པ་དགུ་རེ་ཁྱིམ་གཅིག་ཏུ་གནས་ཏེ། ཐ་སྐར་བྲ་ཉེའི་རྐང་པ་བཞི་བཞི་དང་། སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་གི་ཁྱིམ་མོ། །དེ་བཞིན་རིམ་པར་བརྩིས་ཏེ། ཁྲུམས་སྟོད་ཀྱི་རྐང་པ་ཐ་མ་དང་། ཁྲུམས་སྨད་དང་ནམ་གྲུའི་རྐང་པ་བརྒྱད་ཀྱིས་ཉ་ཡི་ཁྱིམ་རྫོགས་པའི་བར་དུ་ཤེས་པར་བྱའོ། །ཁྱིམ་གྱི་ཞིང་བཅུ་གཉིས་པོ་དེའི་བདག་པོའི་གཟའ་ནི། ལུག་དང་སྡིག་པའི་ཞིང་བདག་མིག་དམར་ཡིན་པ་སོགས་སོ། །འདིར་སྐྱེས་བུ་རྣམས་གང་ལ་སྐྱེས་པའི་དུས་ཀྱིའམ། སྐྱེས་རབས་ཀྱི་དཀྱིལ་འཁོར་གྱི་དབྱངས་དང་གསལ་བྱེད་ཡོངས་སུ་མ་ཤེས་པའི་ཕྱིར་མུ་སྟེགས་རྣམས་ཀྱི་མིང་གི་ཡི་གེ་བརྟགས་ནས་བཀོད་པ། ཨ་ཨི་ཨུ་ཨེ་སྨིན་དྲུག་གིའོ། །ཨོ་ཝ་ཝི་ཨུ་སྣར་མའི་ཡི་གེ་སོགས་བཀོད་པ་དེས་སེམས་ཅན་རྣམས་ཀྱི་མིང་གི་དང་པོས་ཁྱིམ་གང་ཡིན་ཤེས་པར་བྱས་ནས། དེ་ལས་དགེ་མི་དགེའི་འབྲས་བུ་འབྱུང་བར་སེམས་པ་ནི་རིགས་པས་སྟོང་པ་སྟེ། དགེ་མི་དགེ་བ་འབྱུང་བ་ནི་སེམས་ཅན་སོ་སོའི་ལས་ཀྱི་དབང་གིས་འབྱུང་བ་ལ་གཟའ་སོགས་ཀྱིས་བྱས་སོ་སྙམ་དུ་བརྟག་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལྟར་ཡང་། དུས་འཁོར་རྩ་རྒྱུད་ལས། གཟའ་ཚེས་རྒྱུ་སྐར་སྦྱོར་བ་དང་། །བྱེད་པ་ཉིད་དང་དུས་སྦྱོར་དང་། །གདུག་པའི་གཟའ་སྟེ་འདི་དག་ནི། །བསོད་ནམས་བྱེད་པ་རྣམས་ལ་དགེ། སྐད་ཅིག་གཅིག་ལ་སྐྱེས་རྣམས་ཀྱི། །


MR17_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རབས་ཐ་དད་ཐ་དད་འབྲས། །རང་རང་ལས་ལ་ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་པ་མིན། །གཡུལ་དང་ནགས་བསྲེག་པ་དང་ནི། །ཉ་པས་རྒྱ་ནི་བཅིངས་པ་ལ། །གང་གིས་ལུས་ཅན་མང་པོ་རྣམས། །ཅིག་ཆར་དུ་ནི་འཆི་བར་འགྱུར།བ་དེ་དག་སྐྱེས་དུས་གཅིག་མིན་པའོ། །ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱིས། །ཚེ་སྟོབས་བརྩོན་འགྲུས་རྫུ་འཕྲུལ་དང་། །སྐལ་བཟང་གཟུགས་ཉིད་སྡིག་པས་ནི། །ཚེ་ཟད་བརྩོན་འགྲུས་རྫུ་འཕྲུལ་ཉམས། །ཞེས་གསུངས་སོ། །དེ་ཡན་ཆད་ཀྱིས་ཡན་ལག་ལྔའི་བྱེད་པ་བསྟན་པའོ། །ད་ནི་བྱེད་པའི་ལོ་འཕོ་བའི་ངེས་པ་གསུངས་པ། དག་པའི་ལོ་ནི་བྱེད་པའི་ལོ་དག་ལ་ཀླུ་བསྲེས་པ་མཁའ་དང་ནམ་མཁའ་ཆུ་གཏེར་གྱིས་ཞེས་པ་བཞི་བརྒྱས་བསྒྱུར་བ་ལ། སླར་ཡང་བྱེད་པའི་ལོའི་ཀླུ། བསྲེས་པ་རྣམས་ཀྱིས་སྦྱང་བ་དག། རི་ཟླ་མེ་ཡིས་ཞེས་སུམ་བརྒྱ་བཅུ་བདུན་གྱིས་རབ་ཏུ་ཕྱེ་བ་སྟེ་ཞེས་བགོས་ཐོབ་གཟའ་དང་། དེའི་ལྷག་མ་ནམ་མཁའ་རོས་བསྒྱུར་བ་རི་ལ་སོགས་པས་ཞེས་གོང་གི་བགོད་བྱེད་དེས་བགོས་པ་ཆུ་ཚོད་དེ། །དེ་ལ་སྟེང་དུ་གཉིས་དང་འོག་ཏུ་སུམ་ཅུའི་གྲངས་གཟའ་གནས་དང་ཆུ་ཚོད་དུ་རྩིས་འཕྲོའི་ངེས་པ་འདིར་ལྡན་པ་སྟེ་བྱིན་པ་རང་འཁོར་དྲིལ་བ་ནི། ཟླ་བ་དག་ལ་ལོ་ཡིས་འཕོ་བའོ་ཞེས་པ་ལོ་སྔ་མ་ནས་ཕྱི་མར་འཕོ་མཚམས་ཀྱི་གཟའ་དང་ཆུ་ཚོད་དོ། །དེ་བཞིན་བྱ་སླ་བའི་ལུག་སོགས་རྣམས་ཀྱི་རིམ་པས་སྣོན་བྱེད་དག་ལ་བཤད་མ་ཐག་པའི་ལོ་འཕོ་བའི་གཟའ་དང་ཆུ་ཚོད་རིམ་པར་ཡོངས་སུ་བཀོད་པ་བཅུ་གཉིས་པོ་ལ་སྦྱིན་བྱ་འདི་དག་སྟེ། ཟླ་བ་རི་འབྱུང་བསྟན་པས་ལུག་ཁྱིམ་དུ་འཕོ་བའི་གཟའ་དབྱུག་གོ། དེ་བཞིན་དུ་རིག་བྱེད་དག་དང་ཞེས་གཉིས་ཚིག་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་ལ་ཡོན་ཏན་མདའ་སྟེ། གླང་གིའོ། །རི་བོང་ཅན་དང་རི་ཟླ། ཁྱིམ་གསུམ་པ་འཁྲིག་པ་ལའོ། །རིག་བྱེད་མེ་འབྱུང་། ཀརྐ་ཊའི་འཕོ་བ་ལའོ། །ཟླ་


MR17_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བ་མིག་དང་ལག་པ་སེང་གེ་ལའོ། །དུས་དང་རིག་བྱེད་མིག་ནི་ཁྱིམ་དྲུག་པ་བུ་མོའི་འཕོ་བ་དག་ལའོ། །དྲུག་དང་ཟླ་བ་མདའ་དང་ཞེས་པ་སྲང་གི་འཕོ་བ་ལའོ། ཟླ་བ་རི་དུས་སྡིག་པའི་འཕོ་བ་ལའོ། །མེ་དང་དྲུག་ཟླ་གཞུའི་འཕོ་བ་ལའོ། །རིག་བྱེད་རི་དང་འཇིག་རྟེན་དང་ཞེས་པ་ཆུ་སྲིན་གྱི་འཕོ་བ་ལའོ། །དྲུག་དང་རིག་བྱེད་སྟོང་པ་དག་སྟེ་ཞེས་བུམ་པའི་འཕོ་བ་ལའོ། །སྟོང་པ་དག་སྟེ་ཞེས་ཅི་ལ་སྨྲོས་ན་སྐབས་འདིར་གཞན་ཐམས་ཅད་ལ་ཆུ་ཚོད་ཀྱི་གནས་སུ་ཟུང་རེ་ཡོད་མོད་འདི་ལ་རིག་བྱེད་ཀྱི་རྗེས་སུ་སྟོང་པ་དག་སྟེ་ཞེས་རིག་བྱེད་འབའ་ཞིག་ལས་གཞན་མེད་ཅེས་པའི་ཚིག་སྟེ་སྡེབ་སྦྱོར་གྱི་ཡིན་པ་འདྲའོ། །སྟོང་པ་མིག་མདའ་ཉི་མའི་གོ་འཕང་ངམ་བགྲོད་པ་ཉ་ཡི་ཁྱིམ་དུ་འཕོ་བ་ལའོ། །སྟོང་པ་ནི་ཐིག་ལེ་ཡིན་པས་གཟའ་གནས་སུ་ཐིག་ལེ་བྱིན་ནའང་ཅི་ཡང་མ་བྱིན་པ་དང་དོན་འདྲའོ། །འདིའི་གནད་དོན་ནག་ཟླ་ནས་ནག་ཟླའི་བར་ལོ་སོ་སོ་ཙམ་གྱི་ལོ་འཕོ་སྟེ། ཞི་བ་ཏུ་ན་ཉི་མའི་ཉིན་ཞག་གི་ལོངས་སྤྱོད་སོ་སོ་ལ་དབུགས་བཞི་དང་ཆུ་སྲང་གསུམ་མེད་པས་མ་དག་སྟེ་སྐྱོན་དེས་ཟླ་བ་གཅིག་ལ་ཆུ་ཚོད་ཉེར་ལྔ་དང་། ལོ་གཅིག་ལ་ཞག་ལྔ་ཆད་པས་སོ། །བྱེད་པ་འཕོ་དུས་ནས་འཕོ་དུས་ཀྱི་ཟླ་བ་སོ་སོའི་འཕོ་ཞག་ལ་ཆུ་ཚོད་ཉེར་ལྔ་ལྷག་པ་དེས་འཕོ་ཞག་སུམ་བརྒྱ་དྲུག་ཅུ་ལ། གཟའ་སུམ་བརྒྱ་རེ་ལྔ་བྱུང་བས་གཟའ་ལྔ་ལྷག་གོ། འདིར་ཆད་པ་དང་ལྷག་པ་ཅིས་ཤེས་ཞེ་ན། ཉི་མ་བྱང་དུ་བགྲོད་པའི་ཟླ་བ་དང་པོ་སྟེ་ཐོག་མ་ཆུ་སྲིན་ཁྱིམ་ཟླ་ལ་ཉི་མ་ལྡོག་པར་ཉེ་བའི་སྔ་རོལ་དུ་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མ་ཡོངས་སུ་བརྟག་པར་བྱ་སྟེ། ཉིན་ཞག་གང་ནས་བརྩམ་སྟེ་ཐུར་གྲིབ་བྱང་ནས་ལྷོར་ལོག་པར་གྱུར་པའི་ཚེས་དེ་དང་གཟའ་དང་སྦྱོར་བ་བྱེད་པ་དེས་ཉི་མ་འཕོ་བའི་ཉིན་ཞག་ཤེས་ཏེ། ཉིན་ཞག་དེ་ལ་ཉི་སྐར་གྱི་ལོངས་སྤྱོད་ཀྱི་སྐར་གནས་སུ་ཉི་ཤུ་དང་། ཆུ་


MR17_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་ཀྱི་གནས་སུ་བཅོ་ལྔ་ཞེས་པ་རྩ་བའི་ངེས་པའོ། །ངེས་པ་དེ་ལ་ཉིན་ཞག་སོ་སོར་ཉི་དཀྱིལ་གྱི་ཉིན་ཞག་རྣམས་ཀྱིས་ཐོབ་པ་རྟག་པའི་ལོངས་སྤྱོད་བསྲེས་ཏེ། ཉི་མའི་རྐང་རྩིས་བྱས་པས་ཉིན་ཞག་སོ་སོའི་ཉི་མ་དག་པ་ཤེས་པའི་ཕྱིར་རོ། །དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་དང་དབུགས་དང་ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པའི་མཐར་ཐུག་པར་གསུངས་པ་འདི་ལྟ་སྟེ། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །གནས་གཉིས་འོག་མ་གཉིས་ཀྱིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟེང་གི་ཕུང་པོར་ནོར་དུ་སྦྱིན། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ཡི་འོག་ཏུ་ཡང་། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །དབུགས་ཀྱི་ཚོགས་ཏེ་མི་ཡི་བདག །དེ་ཡི་ཡང་ནི་འོག་ཏུ་བཞག །ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། །དབུགས་སུ་བྱས་ནས་རྣམ་གསུམ་སླར། །འོག་མ་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོར་ནོར་དུ་བྱིན། །དེ་ལས་དྲུག་ཅུ་རྩ་བཞིས་ཐོབ། །སྟེང་གི་ཕུང་པོར་བུ་ལོན་དབྲོག །ལྷག་མ་འདི་ནི་ཉིན་ཞག་དང་། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །འདི་དག་འཁོར་ལོ་ལོངས་སྤྱོད་པས། །ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཉི་མའི་དཀྱིལ་འཁོར་ལོངས་སྤྱོད་ཀྱིས། །ཐོབ་པ་ཞག་རེའི་ཆུ་ཚོད་དོ། །སླར་ཡང་དྲུག་ཅུས་བསྒྱུར་ཆུ་སྲང་། །དྲུག་གིས་བསྒྱུར་ལས་དབུགས་སུ་འགྱུར། །ལོངས་སྤྱོད་འདི་ནི་ཉི་མ་ཡི། །རྒྱུ་སྐར་ཆུ་ཚོད་སོགས་ལ་སྦྱར། །བགྲོད་ནས་ཉིན་ཞག་སོ་སོར་སླར། །བགྲོད་པར་འགྱུར་གྱི་བར་དུ་སྦྱིན། །བརྗོད་པའི་ལས་ཀྱི་ཆོ་ག་ཡིས། །ཉི་མའི་རྐང་པ་སྦྱང་བར་བྱ། །གཞན་དུ་བྱེད་པའི་ལམ་གྱིས་ནི། །ཉི་མ་རྟག་ཏུ་དག་


MR17_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད། །ཉི་མའི་ལོངས་སྤྱོད་མ་དག་ན། །འདི་ལ་སྦྱངས་པའི་མིག་དམར་སོགས། །རྩ་བ་ཉམས་པའི་ལྗོན་པ་བཞིན། །འདིར་ནི་གསལ་བ་ཉིད་མི་འགྱུར། །ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པས། །ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། །ཟླ་བའི་ལོངས་སྤྱོད་བསྲེས་པ་དག །སུམ་ཅུའི་ཆས་ཐོབ་ཟླ་ལོངས་སྤྱོད། །ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། །ཟླ་བས་ཉིན་ཞག་ཆུ་ཚོད་དང་། །ཆུ་སྲང་དབུགས་ནི་གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཉིན་ཞག་སྟོང་ཕྲག་དྲུག་དང་ནི། །དགུ་བརྒྱ་སྒྲ་གཅན་དཀྱིལ་འཁོར་ཏེ། །མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱི་ནི་རྣམ་པར་དབྱེ། །ཐོབ་པ་དག་ནི་སྐར་མར་འགྱུར། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་འཁོར་ཆ་ཡིས་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང་། །དཀྱིལ་འཁོར་ཆས་ཐོབ་གཟའ་རྣམས་ཀྱི། །ཉིན་ཞག་སོ་སོར་མི་ཡི་བདག །དེ་ཉིད་སྦྱིན་པ་བྱས་ནས་ནི། །གཟའ་ཡི་རྒྱུ་བས་གཟའ་སྦྱར་བྱ། །གང་ཚེ་གཟའ་ཡི་ལོངས་སྤྱོད་དག །དེ་ཚེ་ཟླ་བའི་ཆ་འཆར་ལ། །བགྲོད་པའི་རི་མོ་ལ་གནས་པ། །ཟླ་བའི་ལོངས་སྤྱོད་ཀྱིས་ཤེས་བྱ། །བགྲོད་པས་ཉི་མ་སྦྱང་བྱས་ཏེ། །ལོངས་སྤྱོད་ཆ་གཅིག་ལ་གནས་པའི། །ཟླ་བ་ཉི་མས་སྦྱང་བར་བྱ། །ཟླ་བས་མིག་དམར་ལ་སོགས་སོ། །ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཟླ་བ་ཉི་མ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །གྲུབ་མཐའི་ལོངས་སྤྱོད་རྣམ་པ་གཞན། །རྣམ་གཞན་ཉུང་ངུའི་བྱེད་ལ་སོགས། །འདི་ལས་མ་དག་རྣམ་པར་སྤངས། །ཞེས་གསུངས་པ་ལྟར་ཞག་གསུམ་གྱི་དཀྱིལ་འཁོར་དང་


MR17_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྣམ་པར་དབྱེ་བ་ལས་བརྩམ་སྟེ་ཆ་ཤས་ཀྱི་ཉེས་པ་ཕྲ་མོའི་སྐྱོན་ཡང་རྣམ་པ་ཀུན་ཏུ་སྤངས་པ་རྣམ་དག་གྲུབ་རྩིས་ལ་ངེས་པ་རྙེད་པས་རགས་རྩིས་བྱེད་སླ་བ་བྱེད་པ་རྣམས་ཀྱི་མ་དག་པ་འདོར་ཤེས་པར་བྱའོ། །ད་ནི་ཉིན་མཚན་འཕེལ་འགྲིབ་གསུངས་པ་འདི་ལྟར། ཟླ་བ་དྲུག་གིས་འཕེལ་བ་དང་ཟླ་བ་དྲུག་གིས་འགྲིབ་པར་འགྱུར་ཏེ། གང་ཞེ་ན་ཉིན་མོ་དང་མཚན་མོ་དག་ཀྱང་ངོ་། །ཇི་ལྟར་ཞེ་ན་ཟླ་བ་དྲུག་གིས་ཉིན་མོ་འཕེལ་བའི་སྐབས་སུ་མཚན་མོ་འབྲི་བ་དང་། ཟླ་བ་དྲུག་ལ་ཉིན་མོ་འགྲིབ་པའི་སྐབས་སུ་མཚན་མོ་འཕེལ་བ་དེ་ལྟ་བུ་འབྱུང་བའི་རྒྱུ་མཚན་ནི། །ཉི་མ་ཁྱིམ་བཅུ་གཉིས་པོ་སོ་སོར་རབ་ཏུ་རྒྱུ་བས་སོ། །དེ་ཡང་ཀཻ་ལ་ཤའི་བྱང་གི་ཆ་ཁ་བ་ཅན་ཏེ་རི་གངས་ལྡན་གྱི་བར་དུ། ཆུ་གཏེར་སྲོག་ཞེས་པ་དབུགས་བཞི་དང་ཆུ་སྲང་མེ་ནི་ཉིན་ཞག་སོ་སོའི་དུས་སུ་འཕེལ་འགྲིབ་བྱེད་པའི་ཆེད་དུ་ལྷོ་བྱང་གི་བགྲོད་པའི་ཡན་ལག་ཞེས་པ་ཞག་ཕྱེད་དང་བཅས་པའི་བརྒྱ་བརྒྱད་ཅུ་གྱ་གཉིས་ཡིན་ཏེ། ཉིན་ཞག་སུམ་བརྒྱ་དང་རེ་ལྔ་ཕྱེད་མར་བྱས་པས་བརྒྱ་གྱ་གཉིས་ཐོབ་ཅིང་ཞག་གཅིག་ལྷག་པ་ཕྱེད་དུ་བྱས་པའི་དབང་གིས་སོ། །ཁྱིམ་ཞག་གི་དབང་དུ་བྱས་ན་བརྒྱ་བརྒྱད་ཅུའོ། །ལྷོ་ཕྱོགས་སུ་མཚན་མོ་འཕེལ་བའི་ཚེ་བྱང་དུ་ཉིན་མོ་འཕེལ་བར་འགྱུར་རོ། །ཀཻ་ལ་ཤའི་ལྷོ་ཕྱོགས་ལ་ནི་འཆད་པར་འགྱུར་རོ། །ཚད་འདིས་ལྷོར་བགྲོད་པར་འཕོ་བ་ཐོག་མར་རྩོམ་པའི་ཉིན་ཞག་བྱང་བགྲོད་མཐར་ཐུག་པའི་དུས་སུ་ཆུ་ཚོད་སུམ་ཅུ་རྩ་དྲུག་ཉིན་ཚད་དང་མཚན་ཉེར་བཞིར་འགྱུར་ལ། བྱང་དུ་བགྲོད་པ་རྩོམ་པའི་ཉིན་ཞག་ལྷོར་བགྲོད་མཐར་ཐུག་གི་དུས་སུ་ཉིན་ཆུ་ཚོད་ཉེར་བཞི་དང་མཚན་སོ་དྲུག་ཏུ་འགྱུར་རོ། །དེ་ལྟར་ཉི་མ་ལྷོ༷འི་ཕྱོགས་སུ་ནི་བགྲོད་པས་མཚན་མོ་དག་ཀྱང་འཕེལ་བར་འགྱུར་ཏེ། ཁ་བའི་རི་ཡི་བྱང་དུ་བགྲོད་པས་ཉིན་མོ་འཕེལ་བ་ཉིད་དུ་འགྱུར་བའོ། །དེ་ནས་སྒྲ་གཅན་རྒྱུ་སྐར་ལ་ལོངས་སྤྱོད་པ་གསུངས་པ།


MR17_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་དག་པ་ལ་མིག་དང་ཉི་མ་ཞེས་བརྒྱ་ཉི་ཤུ་བསྲེས་པ་ཟླ་བ་དུ་ཡིན་གྱི་རྩིས་འཕྲོའོ། །འདི་ཡང་བྱེད་པས་ལྟོས་པ་ཡིན་གྱི་གྲུབ་རྩིས་ཀྱི་མ་ཡིན་ནོ། །ཉ་སྟོང་གི་ཕྱོགས་ཀྱི་དོན་དུ་མིག་གིས་རྣམ་པར་བསྒྱུར་བ་ལ་ཟླ་བའི་ཚིགས་མཚམས་ལ་གཅིག་བསྲེས་ཏེ་ཞེས་པས་ཚིགས་དང་པོ་ཉ་ལ་གཅིག གཉིས་པ་སྟོང་ལ་ཚིགས་གཉིས་པ་ཡིན་པས་གཉིས་བསྲེས་པ་ནི་ཕྱོགས་ཀྱི་ཕུང་པོའོ། །དེ་ལ་སྒྲ་གཅན་གྱི་ཕྱོགས་ཀྱི་དཀྱིལ་འཁོར་མཁའ་དུས་ཆུ་ཡིས་ཞེས་པ་བཞི་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བས་རྙེད་པ་ནི་འཁོར་ཟིན་པས་དོར་བར་བྱའོ། །ལྷག་མ་ཐུབ་པ་ལག་པས་ཞེས་ཉེར་བདུན་གྱིས་བསྒྱུར་བ་ལས་ཀྱང་གོང་ལྟར་བགོད་བྱེད་མཁའ་སོགས་ཆ་ཡིས་རྙེད་པ་སྐར་མའོ། །དེའི་ལྷག་མ་དྲུག་ཅུས་བསྒྱུར་བ་གང་ཡིན་དེ་ལས་བགོད་བྱེད་ཀྱིས་ཐོབ་པ་ཆུ་ཚོད། སླར་ཡང་དེ་དྲུག་ཅུས་བསྒྱུར་བ་ལས་ཐོབ་པ་ཆུ་སྲང་སྟེ། ལྷག་དྲུག་གིས་བསྒྱུར་ཐོབ་དབུགས་སུ་འགྱུར་རོ། །དེ་ལྟར་སྐར་མ་ལ་སོགས་པ་ཐོབ་པས་དམན་པའི་འཁོར་ལོ་སྟེ། ཉེར་བདུན་ལ་སྐར་མ་ལ་སོགས་པས་ཕྲི་བ་ནི་གདོང་དུ་འགྱུར་ཏེ། སྒྲ་གཅན་དེའི་སྐར་གནས་ཀྱིས་ཉེར་བདུན་ལ་ཕྲིས་ནས་ཆུ་ཚོད་ལ་སོགས་པས་སྟེང་ནས་རང་འཁོར་ཕབ་པ་ལ་རིམ་བཞིན་ཕྲི་བར་བྱས་པའོ། །གང་གི་གདོང་ཡིན་ཞེ་ན་སྒྲ་གཅན་འདི་ལ་མུན་པ་ཡོད་པའི་ཕྱིར་མུན་ཅན་ཏེ་སྒྲ་གཅན་གྱི་གདོང་ཡིན་ནོ། །མུན་ཅན་དེའི་མཇུག་མ་དག་ཀྱང་གདོང་གི་ལོངས་སྤྱོད་དེ་ལ་རྒྱུ་སྐར་གྱི་ཕྱེད་དེ་སྐར་མ་བཅུ་གསུམ་དང་ཆུ་ཚོད་སུམ་ཅུ་སྟེ་འཁོར་ཕྱེད་བསྲེས་པའོ། །དེ་ནས་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་ཉིན་ཞག་ཏུ་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ། ཟླ་བ་དག་པ་དེ་ཉིན་ཞག་གི་ཕུང་པོར་བྱ་བའི་དོན་དུ་སུམ་ཅུས་བསྒྱུར་བ་ནི་ཚེས་ཞག་གོ། དེ་ལ་སྔར་གྱི་རྩིས་འཕྲོ་ཐིག་ལེ་སྟོང་པ་ཡིན་པས་བསྲེ་རྒྱུ་མེད་ལ་གང་བརྩི་བའི་ཉིན་ཞག་སོ་སོ་བསྲེས་པ་དག་དང་བཅས་པ་གནས་སྟེང་


MR17_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གསུམ་དུ་བཞག་ལ། ཚེས་ཞག་དང་ཉིན་ཞག་གི་བར་ཁྱད་སྟོན་པའི་ཆེད་དུ། འོག་མ་ལས་ནི་རི་མཁའ་རིས་ཐོབ་པ། གནས་གསུམ་པོའི་དབུས་སུ་ཡོད་པ་ལ་རྣམ་པར་བསྲེས་པ་དེ་ལས་ཀྱང་ཆུ་གཏེར་རོས་ཏེ་རེ་བཞིས་ཐོབ་པས་སྟེང་མ་ལ་དམན་པ་ནི་མི་གསལ་པའི་ཉིན་ཞག་གོ། མི་གསལ་ཞག་དེ་གནས་གཉིས་བྱས་པའི་ཕྱོགས་གཅིག་ལ་རིས་བགོས་པས་བརྩི་ཉིན་གྱི་རེས་གཟའ་དང་མཐུན་ན་དེ་གར་བཞག །མི་མཐུན་ན་གཅིག་ཕྲི་བའམ་གཅིག་བསྣན་ན་འགྲིག་སྟེ་དེ་ནི་གསལ་བའི་ཉིན་ཞག་ཅེས་བྱའོ། །གསལ་ཞག་དེ་ནི་གཟའ་ལྔ་སྤྱིའི་ཉིན་ཞག་གོ། དེ་ལ་གཟའ་སོ་སོའི་རྩིས་འཕྲོ་སྟེར་དགོས་པས། འདིར་བྱེད་པ་ལ་ལྟོས་པའི་རྩིས་འཕྲོ་ནི། རི་དུས་གཅིག་གིས་ཏེ་བརྒྱ་རེ་བདུན་བསྲེས་པ་དག་ཀྱང་མིག་དམར་གྱི་གསལ་བའི་ཉིན་ཞག་ཚོགས་ཏེ། དེ་ལ་བཀྲ་ཤིས་ཀྱི་དཀྱིལ་འཁོར་རི་ཀླུ་དུས་ཀྱིས་ཞེས་ཉིན་ཞག་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱིས་བགོས་པ་ཡི་ཐོབ་པ་ནི་ཞག་འདི་ཙམ་གྱིས་མིག་དམར་གྱིས་རྒྱུ་སྐར་འཁོར་ལོ་ཡོངས་སུ་བསྐོར་བའམ་འཁོར་ཟིན་པ་སྟོན་པ་ཡིན་པར་ཤེས་ནས་ཐོབ་པ་དེ་ཉིད་དོར་བར་བྱའོ། །བགོས་པའི་ལྷག་མ་སྐར་མས་ཏེ་ཉེར་བདུན་གྱིས་བསྒྱུར་བ་གོང་གི་དཀྱིལ་འཁོར་དེས་བགོས་ཐོབ་སྐར་མའོ། །སླར་ཡང་ལྷག་མ་ནམ་མཁའ་རོ་ཡིས་བསྒྱུར་ལས་དཀྱིལ་འཁོར་གོང་བཤད་རི་ལ་སོགས་པས་བགོས་པ་ཡི་ཐོབ་པ་ཆུ་ཚོད་དོ། །དེ་ལྟའི་སྐར་དབྱུག་དེ་དག་གནས་གཉིས་བཞག་པའི་གཅིག་ལ་གཟའ་ཡི་སྐྱེས་ཁྱིམ་སྦྱང་དགོས་པས། སྐྱེས་ཁྱིམ་གང་ཞེ་ན་མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱང་ཞེས་པ་སྐར་མ་དགུ་དང་སྐར་མའི་ཕྱེད་ཆུ་ཚོད་སུམ་ཅུས་སྦྱང་བར་བྱའོ། །གལ་ཏེ་སྦྱོང་བྱེད་བུ་ལོན་ཉིད་མང་པའམ་ལྷག་པར་གྱུར་ན། སྐར་གནས་སུ་འཁོར་ལོ་བསྲེས་ལ་རྣམ་པར་སྦྱང་བར་བྱའོ། །སྦྱང་ལྷག་དེ་འཁོར་ལོ་ཕྱེད་དེ་འདི་ལས་ལྷག་པར་ཏེ་མང་བར་གྱུར་ནའང་འཁོར་ལོ་


MR17_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ནི་དོར་བར་བྱ་སྟེ་དོར་བའི་ལྷག་མ་ལ་ནི་རྐང་པ་རིམ་མིན་དུ་འཛིན་དགོས་པར་འགྱུར་ཞིང་། མདོར་ན་རིམ་པས་འཛིན་ནོ་གཟའ་ཐམས་ཅད་ཀྱི་དལ་བའི་ལས་ལ་རིམ་པ་མིན་པས་ནོར་དང་རིམ་པས་ནི་བུ་ལོན་དུ་འགྱུར་རོ། །རྐང་པ་འཛིན་བྱེད་ནི། དོར་ལྷག་གམ་དོར་རྒྱུ་མེད་པ་གང་ཡིན་ཀྱང་དེ་ཡི་སྐར་མ་དྲུག་ཅུས་བསྒྱུར་ཏེ། འོག་གི་ཆུ་ཚོད་གཞུག་པ་དག་དང་རབ་ཏུ་ལྡན་པར་གྱུར་པ་འབྱུང་མེ་ཟླ་བས་བགོ། གང་ཐོབ་པའི་ནོར་དེ་དལ་བའི་རྐང་པའི་ལས་དག་ལ་ཡང་འཛིན་བྱེད་དུ་འགྱུར་ཏེ་དེ་དལ་བ་ལ་ནོར་དང་བུ་ལོན་དུ་གྱུར་པ་གང་ཡིན་པ་དག་ནི་རིམ་པ་མིན་དང་རིམ་པས་སོ། །ཁྱིམ་གྱི་རྐང་པ་དལ་རྐང་ནི་དེ་ཉིད་བཅོ་བརྒྱད་རི་ནི་རབ་ཏུ་གསལ་བར་རོ་རྐང་ཞེས་པ་རྐང་གནས་དྲུག་གོ། དེ་ཡང་ཁྱིམ་གྱི་འཁོར་ལོ་ཕྱེད་དེ་ཁྱིམ་དྲུག་ལ་སྤྱོད་པའི་དབང་གིས་སྟེང་དུ་སྔ་རྐང་གསུམ་གོང་ལྟར་དང་འོག་ཏུ་ཕྱི་རྐང་རི་ལ་སོགས་པ་གསུམ་ནི་སྔ་རྐང་ལས་བཟློག་པ་སྟེ། སྔར་གྱི་ཐོབ་པས་རྐང་པ་དྲུག་ལས་གང་བབ་བཟུང་ནས། རྐང་བར་ལོངས་སྤྱོད་བཞིན་པ་རྐང་བཟུང་སྡུན་མའམ་གདོང་མ་དེ་ཉིད་ཀྱིས་ནི་ཆུ་ཚོད་ལྷག་མ་བསྒྱུར་བ་ལས་མདའ་དང་ཡོན་ཏན་ཟླ་བས་འཁོར་ལོ་ཕྱེད་ལས་མི་མང་བདེ་ལས། ཡང་རྒྱུའི་ཆ་ཇི་ཙམ་ཐོབ་པ་སྔ་མ་ཕྱེད་དེ་སྔ་རྐང་ལ་གཟུང་བྱར་ཞེས་བསྣན་པར་འདོད་དེ་རྐང་པའི་དབང་གིས་དེ་བཞིན་ཕྱི་མ་ཕྱེད་ལ་དོར་བྱར་འགྱུར་རོ། །སྔ་རྐང་ལ་སྔར་སོང་ཕྱི་རྐང་ལ་ཕྱིར་ཡོད་རྣམས་ཟོས་པ་སྟེ་ལོངས་སྤྱོད་ཀྱི་ངོ་བོར་ཚོགས་གཅིག་ཞེའམ། ཡང་ན་སྔ་རྐང་ལ་ཟོས་པ་དང་ཕྱི་རྐང་ལ་དེ་སྔ་མ་ཟོས་པ་ཚོགས་གཅིག་ཏུ་བསྡོམ་པར་བྱས་ནས། གཟའ་ཡི་བགྲོད་པའི་ཞེས་རིམ་པ་མིན་པ་དང་། རིམ་པའི་དབང་གིས་སྦྱིན་པ་དང་དོར་བ་དག་ཀྱང་གནས་གཅིག་ཤོས་དལ་བའི་ཆུ་ཚོད་ལའོ། །དེས་བཀྲ་ཤིས་ཀྱི་དལ་དག་ཏུ་འགྱུར་རོ། །དེ་ནས་མྱུར་དག་གི་ཆེད་དུ་ཉི་མར་ཞེས་པ་ཉི་མའི་དལ་བ་བར་པ་ལ་ས་སྐྱེས་ཏེ་མིག་


MR17_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གྱི་དལ་བས་རྣམ་པར་སྦྱང་བར་བྱ་སྟེ། དེ་བཞིན་དུ་བླ་མ་ཕུར་བུ་དང་ཉི་སྐྱེས་སྤེན་པ་དག་ཀྱང་མྱུར་བའི་ལས་ལའོ། །ཞེས་པ་དྲག་གསུམ་གྱི་དལ་བས་ཉི་བར་ལ་སྦྱངས་དགོས་ཏེ་ཉི་བར་འདི་གཟའ་དྲག་པོ་དེ་གསུམ་གྱིས་མྱུར་བའི་སྐབས་སུ་ཐུན་མོང་བའི་ལོངས་སྤྱོད་དུ་འགྱུར་བ་ཡིན་ནོ། །ཟླ་སྐྱེས་ལྷག་པ་དང་། དཀར་པོ་པ་སངས་ཏེ་ཞི་གཉིས་ལ་ཡང་ཉི་མ་ཡི་དལ་བ་དག་གིས་སྦྱང་བར་བྱ་སྟེ་ཞེས་སམ། ཉི་མ་ཡིས་ཏེ་ཞེས་བསྒྱུར་བའང་ཡོད་དོ། །དེ་ལྟར་གཟའ་མཐོན་པོས་དམའ་མོ་ལ་སྦྱང་བ་ནི་ངེས་པའོ། །ཉི་བར་ནི་ཞི་གཉིས་ཀྱི་རྐང་པ་འཛིན་བྱེད་ཡིན་པས་སོ། །དེ་ལྟར་དྲག་གསུམ་གྱི་ཉི་དལ་ལ་དང་། ཞི་གཉིས་ཀྱི་དལ་བར་ཉི་དལ་གྱིས་སྦྱངས་ཚེ་མ་ལྡང་འཁོར་ལོ་བསྣན་ནས་སྦྱང་བ་དང་སྦྱང་ཤུལ་འཁོར་ཕྱེད་ལྷག་ན་དོར་བ་སོགས་གོང་བཤད་བཞིན་ནོ། །དེའི་ཕྱིར་དོར་མ་དོར་གྱི་དབང་གིས་མྱུར་བའི་ལས་ལ་ནི་ངེས་པར་རིམ་པས་ནོར་དུ་འགྱུར་ལ། གཅིག་ཤོས་རིམ་མིན་གྱིས་བུ་ལོན་དུ་འགྱུར་བ་ཤུགས་ལ་བསྟན་ཏེ་དེ་ལྟར་བསྣན་པ་དང་ཕྲི་བར་བྱའོ། །སྦྱངས་པའི་ལྷག་མས་ཞེས་སྐར་མས་འདིར་ནི་གཟའ་རྒྱུ་བའི་རྐད་པ་དག་སྟེའམ་རྣམས་ནི་བཟུང་ཞིང་། གཟའ་རྒྱུ་བ་ཡི་མདུན་གྱི་རྐང་པ་སྟེ་རྐང་བཟུང་མདུན་མ་རྣམས་ཀྱིས་ནི་ལྷག་མའི་ཆུ་ཚོད་བསྒྱུར་ལ། དྲུག་ཅུའི་ཆ་ཡིས་ཐོབ་པ་དང་ཆུ་ཚོད་ལྷག་ཆུ་སྲང་དང་དབུགས་ཀྱི་བར་དུ་ཡང་འདོད་ན་བྱའོ། །ཐོབ་པ་དེ་དག་གཟའ་རྒྱུ་བ་ཡི་རྐང་པ་དག་ལས་གཟུང་བྱ་སྣོན་པ་དང་ནི་ཕྲོག་བྱ་ཕྲི་བ་ནི་རྐང་པ་སྔ་ཕྱིའི་དབང་གིས་སྔར་བརྗོད་པ་དེ་བཞིན་ཉིད་དོ་ཞེས་སྔ་རྐང་ཕྱི་རྐང་གི་དབང་གིས་སོ། །ཟོས་པ་དང་མ་ཟོས་པ་དག་ནི་ཚོགས་གཅིག་ཏུ་བསྡོམ་པར་བྱས་ནས་གཟའ་ཡི་བགྲོད་པའི་དབང་གིས་སྔ་རྐང་ལ་སྦྱིན་དང་ཕྱི་རྐང་ལ་དོར་བ་མཐའ་དག་སྟེ་ཞེས་པ་གནས་ཐམས་ཅད་དུའོ། །དེ་ཡང་བཟུང་བྱ་མྱུར་རྐང་ནི་ས་སྐྱེས་མིག་དམར་ལ་ནི་རྐང་པ་རྒྱལ་བ་སྟེ་རྐང་གནས་


MR17_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་ཉེར་བཞི་སོགས་ཡིན་ཏེ་རབ་གསལ་མ་ནུའི་གནས་ཞེས་རྒྱུ་སྐར་བཅུ་བཞིའི་གནས་ལ་རྐང་པ་དེ་མཐའ་དག་བཞག་པར་བྱའོ། །དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི་ནི་རིམ་པར་རིགས་བསྒྲེས་ཏེ་མྱུར་བའི་ཆོ་ག་ཡོངས་སུ་བརྩི་བ་རིག་པར་བྱའོ། །ཀྱེ་མི་ཡི་དབང་པོ་ཟླ་སྐྱེས་དང་དཀར་པོ་ལས་ནི་ཉིན་མོར་བྱེད་པས་སྦྱངས་ཏེ་རྣམ་པར་དག་པའི་ཟླ་སྐྱེས་དང་དཀར་པོ་ཡི་མྱུར་བ་དག་ཏུ་ཡང་དག་འགྱུར་རོ། །བཀྲ་ཤིས་ཀྱི་མྱུར་བ་ལ་གཞི་བྱས་ནས་གཟའ་གཞན་གྱི་མྱུར་དག་བྱ་ཚུལ་གསུང་ནས། ལྷག་པའི་ལོངས་སྤྱོད་བཤད་པ་ནི་སྟོང་དང་ནམ་མཁའ་ཟླ་བས་ཏེ་བརྒྱས་བསྒྱུར་བའི་མཐའ་དག་ཉིན་ཞག་ཚོགས་ལ་མེ་དང་ཉི་མ་རི་ཡིས་ཞེས་བདུན་སྟོང་བརྒྱ་ཉེར་གསུམ་གྱིས་དམན་པར་བྱས་པ་ནི་ལྷག་པའི་རྐང་པའི་ལོངས་སྤྱོད་ཀྱི་རྩིས་འཕྲོ་སྟོང་དང་དྲུག་བརྒྱ་དོན་བཞི་ཡིན་པས་དེ་བསྲེ་བའམ། དེས་རི་བུག་རི་ཀླུ་ལ་ཕྲི་ལྷག་མེ་ཉི་རི་ཡིན་པས་དེས་ཕྲི་བདེ་གཉིས་དོན་འདྲ་བའི་དབང་གིས་སོ། །རི་ནས་བུག་པ་རི་དང་ཀླུ་ཡིས་ཞེས་བརྒྱད་སྟོང་བདུན་བརྒྱ་གོ་བདུན་གྱིས་བགོ་སྟེ་སླར་ཡང་ལྷག་མ་སྐར་མ་ཉེར་བདུན་ལ་སོགས་པའི་ཆུ་ཚོད་དྲུག་ཅུ་སོགས་ཀྱི་དབྱེ་བས་བསྒྱུར་ནས་གོང་དུ་རབ་བརྗོད་རི་བུག་རི་ཀླུའི་ཆ་ཡིས་ཐོབ་པ་རྒྱུ་སྐར་དག་དང་སླར་ཡང་ཆུ་ཚོད་རྣམས་ནི་ཟླ་སྐྱེས་ལྷག་པའི་རྐང་པའི་ལོངས་སྤྱོད་དག་ཏུ་འགྱུར་རོ། །འདིའི་དོན་ནི། ལྷག་པའི་སྔར་གྱི་རྩིས་འཕྲོ་སྟོང་དྲུག་བརྒྱ་དོན་བཞི་སྟེ། ཉིན་ཞག་བཅུ་དྲུག་ཆུ་ཚོད་ཞེ་བཞི། ཆུ་སྲང་ཉེར་བཞི་ཡིན་ལ། གོང་གི་རྩིས་འཕྲོ་བརྒྱས་བགོས་ན་ཞག་བཅུ་དྲུག་སོགས་འདི་ཉིད་འབྱུང་ངོ་། །དེའི་ཕྱིར་གསལ་ཞག་ལ་མེ་ཉི་རིས་དམན་པས་གོང་གི་རྩིས་འཕྲོ་དེ་འབྱུང་ངོ་། །གཟའ་ལྷག་གི་མྱུར་རྐང་ནི་ཉིན་ཞག་རི་བུག་སོགས་ཀྱི་དོན་ནི། ཞག་གྱ་བདུན་ཆུ་ཚོད་ང་བརྒྱད། སྲང་བཅུ་གཉིས་ཀྱིས་བདག་ཉིད་ཡིན་ཀྱང་དེས་བགོད་མི་བདེ་བས་བརྒྱས་བསྒྱུར་


MR17_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་འཁོར་དྲིལ་བས་ཞག་དེ་དག་འབྱུང་ངོ་། །ཟླ་སྐྱེས་ཀྱི་དལ་དག་ཆེད་དུ་སྐྱེས་ཁྱིམ་དོར་བར་བྱ་སྟེ་ཇི་ལྟར་ན་ཉི་མའི་དལ་བའི་དབུས་ནས་ཀྱེ་མི་བདག་བཟང་པོ་མི་བདག་སྐར་མ་བཅུ་དྲུག་དང་། ཆུ་ཚོད་དྲུག་ཅུའི་ཕྱེད་སུམ་ཅུ་ཐམ་པ་དག་ཀྱང་ཡང་དག་སྤངས་པ་སྟེ་དོར་བར་བྱའོ། །ལྷག་མའི་བྱ་བ་ནི་ནོར་དང་བུ་ལོན་དུ་འགྱུར་བ་དེ་དག་དལ་བ་དང་མྱུར་བའི་ལས་ལ་སྦྱར་ཚུལ་ཀྱང་མིག་དམར་གྱི་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ཟླ་སྐྱེས་ཀྱི་རྐང་པ་དལ་བའི་ལས་ལ་བཅུ་རི་མེ་སྟེ་རྐང་གནས་དྲུག་ཁྱིམ་རེ་རེ་ལའོ། །མྱུར་བའི་ལས་ལ་མི་བདག་ལ་སོགས་པ་རྐང་གནས་བཅུ་བཞི་ནི་རྒྱུ་སྐར་རེ་རེ་ལ་གནས་སོ། །གཟའ་ལག་ཡོངས་སུ་དག་པའོ། །དེ་ནས་ཕུར་བུ་གསུངས་པ། སྔར་གྱི་གསལ་བའི་ཉིན་ཞག་གི་ཚོགས་ནི་མཁའ་མཁའ་རོ་དང་མིག་གིས་དམན་པར་བྱས་ནས་ཞེས་ཉིས་སྟོང་དྲུག་བརྒྱས་ཕྲི་བའི་ལྷག་དེ་ཕུར་བུའི་དཀྱིལ་འཁོར་སོ་མེ་ཆུ་གཏེར་དག་གིས་ཞེས་བཞི་སྟོང་སུམ་བརྒྱསོ་གཉིས་ཀྱིས་བགོ། ལྷག་མ་སྐར་མས་བསྣུན་པ་ཞེས་བསྒྱུར་བ་ལས་གོང་གི་བགོད་བྱེད་དེས་རྙེད་པ་ནི་སྐར་མའོ། །སླར་ཡང་དྲུག་ཅུས་བསྒྱུར་བ་ལས་རྙེད་པ་ཆུ་ཚོད། བླ་མ་ཡི་ཡང་དལ་བའི་ལས་ལའོ། །དལ་རྐང་གི་རྒྱུ་སྐར་གྱི་གནས་སུ་ཉི་མ་སྦྱང་སྟེ་འཕྲོག་བྱེད་བཅུ་གཅིག་དང་དགུ་དང་རྩེ་མོ་ཅན་གསུམ་སྔ་རྐང་དང་ཕྱི་རྐང་བཟློག་བརྩེགས་རྐང་གནས་དྲུག་ནི་དལ་བའི་ལས་ལ་ཁྱིམ་རེའི་རྐང་པའོ། །སླར་ཡང་མྱུར་བ་དག་ལ་རྐང་པ་རབ་གསལ་མ་ནུའི་གནས་ལ་ཕྱོགས་ཏེ་བཅུ་དང་པོར་བྱས་པའི་རྐང་པ་ལ་སོགས་པ་དེ་དག་གོ། འདིར་ཕུར་བུའི་སྔར་གྱི་ཉིན་ཞག་གི་རྩིས་འཕྲོ་སྟོང་དང་བདུན་བརྒྱ་སོ་གཉིས་ཡིན་པས་དེ་བསྲེ་བ་ལས། དེས་དཀྱིལ་འཁོར་ལ་དམན་པ་ཉིས་སྟོང་དྲུག་བརྒྱས་ཕྲི་བ་དོན་འདྲའོ། །པ་སངས་ཀྱི་རྐང་པའི་ལོངས་སྤྱོད་གསུངས་པ། གསལ་བའི་ཉིན་ཞག་མཁའ་དང་ཟླ་བས་ཏེ་བཅུས་བསྒྱུར་ནས། ཆུ་གཏེར་ནོར་གྱིས་ཞེས་


MR17_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་བཞིས་དམན་པ་པ་སངས་ཀྱི་རྐང་པའི་འཁོར་ལོ་རི་དང་རྒྱལ་བ་མིག་གིས་ཏེ་ཉིས་སྟོང་ཉིས་བརྒྱ་ཞེ་བདུན་གྱིས་བགོ། སྐར་མས་བསྒྱུར་བ་ལས་ཀྱང་བགོ་བྱེད་ཀྱིས་ཐོབ་པ་སྐར་མའི་ལོངས་སྤྱོད་དང་དེ་ལྷག་སླར་ཡང་དྲུག་ཅུས་བསྒྱུར་ལ་རང་འཁོར་གྱིས་ཐོབ་པ་ཆུ་ཚོད་ཡིན་ཞིང་མྱུར་བའི་ལས་ལ་པ་སངས་ཀྱི་རྐང་འཛིན་ནོ། །འདིར་པ་སངས་ཀྱི་རྩིས་འཕྲོ་དང་དཀྱིལ་འཁོར་གྱི་དོན་ནི་རྩིས་འཕྲོ་ཞག་བརྒྱ་དང་བཅུ་དྲུག་ཆུ་ཚོད་བཅོ་བརྒྱད་བསྲེ་བའི་དོན་དུ་གྱ་བཞིས་ཕྲི་བ་ཡིན་ནོ། །འཁོར་ལོའི་དོན་ནི། ཞག་ཉིས་བརྒྱ་ཉེར་བཞི་ཆུ་ཚོད་ཞེ་གཉིས་ཡིན་ཀྱང་དེས་བགོད་མི་བདེ་བས་གནས་གཉིས་བཅུས་བསྒྱུར་ཏེ་ཆུ་ཚོད་དྲུག་ཅུས་ཞག་གནས་དྲིལ་བས་རི་རྒྱལ་མིག་འབྱུང་བ་ཡིན་ནོ། །དེའི་ཕྱིར་པ་སངས་ཀྱི་སྔར་གྱི་རྩིས་འཕྲོ་ཉིས་སྟོངབརྒྱ་རེ་གསུམ་བསྲེ་བའམ། དེས་དཀྱིལ་འཁོར་ལ་ཕྲི་ལྷག་བརྒྱད་ཅུ་གྱ་བཞིས་ཕྲི་བ་དོན་འདྲའོ། །དཀར་པོའི་སྐྱེས་ཁྱིམ་རྒྱུ་སྐར་དུས་ཏེ་དྲུག་ནི་པ་སངས་ཀྱི་དལ་བ་ཉིད་དུ་མྱུར་བ་ཉི་མ་ཡི་དལ་བ་ལ་སྦྱངས་ནས་མདའ་དུས་རི་བོང་ཅན་ཏེ་རྐང་གནས་དང་པོར་ལྔ་གཉིས་པར་བཞི་གསུམ་པར་གཅིག་སྔ་རྐང་དང་ཕྱི་རྐང་ལ་གསུམ་པོ་བཟློག་སྟེ་བཀོད་པའི་རྐང་གནས་དྲུག་ནི་པ་སངས་ཀྱི་དལ་བའི་ལས་ལ་རྐང་པ་སྟེ། དེ་ཡང་པ་སངས་ཀྱི་ཞག་ཉི་ཤུ་དང་ཆུ་ཚོད་ཉེར་ལྔ་ན་ཁྱིམ་རེ་རྫོགས་པས། ཁྱིམ་དང་པོའི་དུས་དེ་ལ་ཁྱིམ་རེ་ཆུ་ཚོད་བརྒྱ་སོ་ལྔ་ལས་ཆུ་ཚོད་བརྒྱ་སུམ་ཅུ་ལས་མི་སྤྱོད་པས་རྟགས་ལོངས་ལ་ལྔ་འབྲིད། གཉིས་པར་བརྒྱ་སོ་གཅིག་ལས་མི་སྤྱོད་པས་བཞིས་འབྲིད། གསུམ་པར་བརྒྱ་སོ་བཞི་ལས་མི་བགྲོད་པས་གཅིག་འབྲིད། བཞི་པ་ནས་འཕེལ་ཏེ་བཞི་པར་བརྒྱ་སོ་དྲུག་བགྲོད་པས་སྣོན་བྱེད་རྐང་པའི་བཞི་ཆ་གཅིག །ལྔ་པར་བརྒྱ་སོ་དགུ་སྤྱོད་པས་བཞི་སྣོན། དྲུག་པར་བརྒྱ་བཞི་བཅུ་སྤྱོད་པས་ལྔ་སྣོན་པའོ། །དེ་བཞིན་སྤེལ་བས་ཞག་བརྒྱད་བརྒྱ་གོ་


MR17_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དང་ཆུ་ཚོད་བཅུ་ན་ཁྱིམ་རེ་རྫོགས་པས། ཁྱིམ་དང་པོར་ཆུ་ཚོད་བརྒྱ་བཅུ་གསུམ་ལས་མི་བགྲོད་པ་ནས། དྲུག་པར་བརྒྱ་དང་བདུན་བགྲོད་པའི་བར་རོ། །པ་སངས་ཀྱི་མྱུར་རྐང་ལ་དེ་ཉིད་ཞེས་རྐང་གནས་དང་པོ་ཉེར་ལྔ་ལ་སོགས་དབྱེ་བས་རབ་གསལ་མ་ནུའི་གནས་དག་ལས་ཏེའམ་ལ་སྟེ། སྦྱིན་དོར་བྱ་ཚུལ་མིག་དམར་བཞིན་ནོ། །འདི་སྐོར་ལ་ཞེས་བདུན་པའི་དོན་ལ་ལས་ཞེས་ལྔ་པ་བྱས་པ་དུ་མ་ཡོད་པ་ཤེས་པར་བྱའོ། །སྤེན་པའི་དལ་བ་གསུངས་པ། མཁའ་མིག་ཀླུ་དང་རིག་བྱེད་ཀྱིས་ཞེས་པ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུས་དམན་པའི་གསལ་བའི་ཉིན་ཞག་ཚོགས་ནི། དྲུག་རོ་རི་མཁའ་ཟླ་བ་ཡིས་ཞེས་པ་སྤེན་པའི་ཉིན་ཞག་གི་དཀྱིལ་འཁོར་ཁྲི་དང་བདུན་བརྒྱ་རེ་དྲུག་གིས་བགོ་ཞིང་། ལྷག་མ་སྐར་མས་བསྒྱུར་ལས་དཀྱིལ་འཁོར་གྱིས་ཐོབ་པ་སྐར་མར་འགྱུར་ཏེ། ཆུ་ཚོད་ཀྱང་སྔར་ལྟར་བྱས་ལ་སྤེན་པ་ཡི་ནི་དོར་བྱ་སྐྱེས་ཁྱིམ་སྦྱང་བ་དག་ཀྱང་སྐར་མ་བཅོ་བརྒྱད་དོ། །རྐང་པ་ནི་ཉི་ཤུ་རྩ་གཉིས་དང་ཚེས་བཅོ་ལྔ་དང་དུས་དྲུག་ནི་སྔ་རྐང་དང་ཕྱི་རྐང་བཟློག་པ་བཅས་རབ་གསལ་རོ་ཡི་སྟེ་དྲུག་གི་གནས་ནི་ཁྱིམ་དྲུག་ལའོ། །སྤེན་པའི་སྔར་གྱི་ཉིན་ཞག་གི་རྩིས་འཕྲོ་ལྔ་སྟོང་དགུ་བརྒྱ་ཞེ་དྲུག་ཡིན་པས་དེ་གསལ་ཞག་ལ་བསྣན་པའམ། ཡང་ན་རྩིས་འཕྲོས་དཀྱིལ་འཁོར་ལ་ཕྲི་ལྷག་བཞི་སྟོང་བརྒྱད་བརྒྱ་ཉི་ཤུས་དམན་པ་གང་ཡིན་ཀྱང་རི་མོའི་རྣམ་འགྱུར་ཙམ་ལས་དོན་འདྲ་བ་ཡིན་ནོ། །མྱུར་བའི་ལས་ལ་རྐང་པ་ནི་རོ་སྟེ་དྲུག་དང་པོར་བྱས་པའི་དེ་ལ་སོགས་པ་རྐང་གནས་བཅུ་བཞི་སྐར་མ་རེ་རེའི་སྟེང་ནས་སྤྱོད་དོ། །གཟའ་རྣམས་ཀྱི་འགྲོས་བཞི་གསུངས་པ། མྱུར་འགྲོས་དང་དལ་འགྲོས་ཀྱིས་རྒྱུ་བ་དག་ཀྱང་རིམ་པས་གཟའི་རྐང་པ་བགྲོད་པ་ལ་སྟེ། རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །ཞེས་པ་བཞིན་ནོ། །


MR17_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱོགས་པོ་ཡི་འགྲོས་ཉིད་ནི་རིམ་མིན་གྱིས་ཏེ་འཁོར་ཕྱེད་དོར་བ་ལས་སོ། །དེ་ཡང་རྐང་གནས་ཀྱི་ཕྱེད་སྔ་མ་དང་སྦྱར་ཏེ་འཁྱོགས་འགྲོས་སུ་འགྱུར་རོ། །དེ་ནས་ཕྱེད་སྔ་མ་དང་ཕྱེད་ཕྱི་མར་ཡང་ཉི་མ་འགྲོ་བའི་དབང་གིས་གཟའ་རྣམས་ཀྱི་ནི་འབྱུང་བ་ཡི་འགྲོས་ཞེས་པར་ཡང་འགྱུར་ཏེ་འཁྱོགས་འགྲོས་བཏང་ནས་འབྱུང་འགྲོས་སུ་བྱེད་དེ། རིམ་མིན་སྔ་རྐང་འཁྱོགས་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །ཞེས་སོ། །འདིར་ཉི་མ་ལས་ཤར་ནས་རིམ་པར་བགྲོད་པ་ལ་ཕྱེད་སྔ་མའི་བར་དུ་རྐང་པའི་ནོར་འཕེལ་བས་དལ་བ་ལས་ཆེས་མང་བས་མྱུར་འགྲོས་སོ། །དེ་ནས་རྐང་པའི་ཕྱེད་ཕྱི་མ་ལ་འཁོར་ལོ་ཕྱེད་ཀྱི་བར་དུ་ནོར་འགྲིབས་པས་དལ་བ་ལས་ཆེས་ཉུང་བའི་དལ་འགྲོས་སོ། །འཁོར་ཕྱེད་དོར་ནས་རིམ་མིན་གྱི་རྐང་པའི་ཕྱེད་སྔ་མ་ལ་བུ་ལོན་འཕེལ་བས་དལ་བ་ལས་ཆེས་ཉུང་སྟེ་འཁྱོགས་འགྲོས་སོ། །ཕྱེད་ཕྱི་མ་ནས་ཉི་མའི་རྒྱུ་སྐར་ལ་རབ་ཏུ་ཞུགས་ཀྱི་བར་དུ་བུ་ལོན་འགྲིབས་པས་དལ་བ་དང་མཉམ་པར་རྒྱུ་བ་འབྱུང་འགྲོས་སོ། །དེ་ནས་ཉི་མར་ནུབ་སྟེ་སླར་ཡང་འཆར་བའི་རིམ་པ་དེ་ཉིད་ཀྱིས་རིག་པར་བྱའོ། །དེ་ནས་མཇུག་རིང་གི་ལོངས་སྤྱོད་མདོ་ཙམ་བསྟན་པ། སུམ་ཅུ་རྩ་བདུན་ལག་པས་བསྒྱུར་བའི་ཟླ་བ་རྣམས་ཀྱིས་དུ་བ་མཇུག་རིང་དག་ནི་མྱུར་དང་འཁྱོག་པོར་འགྱུར་ཞེས་པ། ཟླ་བ་ཕྱེད་པ་བདུན་ཅུ་རྩ་བཞི་དང་ཟླ་བ་ཕྱེད་བསྣན་པས་ཟླ་ཕྱེད་དོན་ལྔས་དུ་མཇུག་ཉི་མ་ལས་འཆར་ནུབ་བྱེད་དེ། ལོ་གསུམ་དང་ཕྱོགས་གསུམ་གྱིས་ཉི་མའི་མདུན་དུ་མྱུར་བའི་འགྲོས་ཀྱི་དབང་གིས་སྲོད་ལ་ནུབ་ཏུ་འཆར་ལ། ལོ་གསུམ་ཕྱོགས་གསུམ་གྱིས་ཉི་མའི་རྒྱབ་ཏུ་འཁྱོགས་པོར་འགྲོ་ཞིང་དེའི་མཐར་ཐོ་རེངས་ཤར་དུ་འཆར་བར་འགྱུར་བ་སྟེ་རྗེས་ནས་རྒྱས་པར་འཆད་དོ། །གཟའ་ལྔའི་འཆར་ནུབ་ནི་བཀྲ་ཤིས་ལ་སོགས་པའི་གཟའ་གང་དག་སུ་ཞིག་


MR17_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་ལོངས་སྤྱོད་ལ་ནི་རབ་བཞུགས་གཟའ་དེ་དག་ཀྱང་ངེས་པར་ཉི་མའི་འོད་ཀྱིས་བསྒྲིབ་ནས་ཉི་མ་ལ་ནུབ་པར་འགྱུར་ཏེ་མི་མཐོང་ངོ་། །གཟའ་དེ་དག་རང་འགྲོས་ཀྱི་དབང་གིས་ཉི་མ་དང་ལྷན་ཅིག་འགྲོགས་པ་བཏང་ནས་སམ་དོར་ནས་སླར་ཡང་འགྲོ་བ་རྣམས་ཀྱི་མཐོང་བའི་ལམ་དུ་འཆར་བར་འགྱུར་ཏེ། གཟའ་བཀྲ་ཤིས་ལ་སོགས་པ་དེ་ཡི་ལམ་ཡང་ཉི་མས་ལྷོ་དང་བྱང་དུ་བགྲོད་པ་གངས་ཅན་དང་མེ་ཡི་བར་དུ་ཕྱེད་དང་བཅས་པའི་ཉིན་ཞག་གྱ་གཉིས་ཀྱིས་འགྲོ་བའི་རྣམ་པར་དབྱེ་བས་གཉིས་སུ་ཡོད་པ་དེ་བཞིན་དུ་ཤེས་སོ། །གཡོན་པའི་ལམ་ལ་གནས་པ་གང་ཡིན་པ་ནི་ཞི་གཟའ་ལྷག་པ་སོགས་ཏེ་ལྷག་སངས་མཇུག་རིང་ངོ་། །དེ་རྣམས་ནི་གོང་བཤད་ལྟར་གཡོན་གྱི་ཡན་ལག་ལས་བྱུང་བའི་ཕྱིར་ཞི་གཟའ་སྟེ་དུ་མཇུག་ཀྱང་གཡོན་གྱི་ཡན་ལག་ལས་བྱུང་བས་ན་ལུས་ཀྱི་དབྱེ་བས་ཞི་བར་བསྡུའོ། །དེ་ལྟར་ཞི་གཟའ་རྣམས་འཆར་བ་དང་ནུབ་པ་ནི་ཉི་མ་རང་གི་རྐང་པའི་ལོངས་སྤྱོད་ཀྱིས་རྒྱུ་སྐར་འཁོར་ལོར་འགྲོ་བའི་དབང་གིས་ཉི་མ་དེའི་གཡོན་ནས་འགྲོ་བ་ཞེས་གཡོན་ནས་འཇུག་ཅིང་ནུབ་ལ་གཡོན་ནས་འཆར་བ་ཤེས་པར་བྱ་སྟེ། སྤྱིར་ཞི་གཟའ་འདི་རྣམས་ཉི་མའི་རྒྱབ་ཏུ་ནུབ་ཅིང་མདུན་ནས་འཆར་བ་ཡིན་ཏེ་ཉི་མ་ལས་འགྲོས་མྱུར་བའི་ཕྱིར་རོ། །གཡོན་ཞེས་པ་ནུབ་ཕྱོགས་དང་གཡས་ཤར་ཕྱོགས་སུ་གོ་བར་བྱའོ་ཞེས་ཀྱང་ཟེར། དེ་བཞིན་གཡས་ལ་གནས་པ་དག་སྟེ་དམར་ཕུར་སྤེན་གསུམ་ནི་གཡས་ཀྱིས་ཞེས་ཉི་མའི་གཡས་ནས་འཇུག་ཅིང་གཡས་ཀྱི་ཆ་ནས་འཆར་བར་འགྱུར་རོ། །དྲག་པོ་རྣམས་ཞི་གཟའ་རྣམས་ཀྱི་གཡས་ནས་འགྲོ་སྟེ་གཡས་ཀྱི་ཡན་ལག་ལས་བྱུང་བའི་ཕྱིར་རོ། །ཕུར་བུ་ནི་གཡས་ཀྱི་ཡན་ལག་ལས་བྱུང་བའི་ཕྱིར་ལུས་ཀྱི་དབྱེ་བས་དྲག་པོ་དང་བསམ་པས་ཞི་བའོ། །སླར་ཡང་གསལ་བར་འདིར་ནི། ཞི་དྲག་ཕན་ཚུན་འཐབ་ཏེ་ཇི་ལྟར་ན་ལྷག་མིག་གཉིས་དང་། ཕུར་སངས་གཉིས་དང་སྤེན་པ་དུ་མཇུག་གཉིས་ཕན་ཚུན་དགྲ་ཡིན་པའི་ཕྱིར་


MR17_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཟའ་རྣམས་རང་རང་གི་ཞིང་སོ་སོ་ལ་ཡང་དག་པར་གནས་པ་དེ་རྣམས་ཀྱི་དྲུང་དུ། གལ་ཏེ་ཞིང་དེ་ལ་དེ་ཡི་དགྲ་དག་འོང་བར་འགྱུར་ན་ངེས་པར་རྩོད་ཅིང་འཐབ་པའོ། །རང་རང་གི་ཞིང་གང་ཞེ་ན། མིག་དམར་གྱི་རང་གི་ཞིང་ནི་ལུག་དང་སྡིག་པའི་ཁྱིམ་ཡིན་ལ་དེར་མིག་དམར་ཞུགས་ཤིང་གནས་པའི་ཚེ་གཟའ་ལག་འོང་ནས་ལོངས་སྤྱོད་ན་ངེས་པར་འཐབ་བོ། །དེ་བཞིན་དུ་འཁྲིག་པ་བུ་མོའི་ཁྱིམ་གྱི་བདག་པོ་ལྷག་པའོ། །ལྷག་པ་དེར་ཞུགས་པའི་དུས་སུ་དེར་མིག་དམར་འོང་ན་འཐབ་བོ། །གཞུ་དང་ཉ་ནི་ཕུར་བུའི་ཞིང་ལ་ཕུར་བུ་རང་གི་ཞིང་དེར་གནས་ཚེ་པ་སངས་ཞུགས་པ་དེ་གཉིས་འཐབ་བོ། །གླང་དང་སྲང་གི་ཁྱིམ་གྱི་ཞིང་བདག་པ་སངས་སོ། །དེར་པ་སངས་ཡོད་ཅིང་ཕུར་བུའང་ཞུགས་ན་དེ་གཉིས་འཐབ་བོ། །ཆུ་སྲིན་དང་བུམ་པ་སྤེན་པའི་ཞིང་ཡིན་ལ། དེར་སྤེན་པ་ཡོད་ཚེ་མཇུག་རིང་ཞུགས་ན་དེ་གཉིས་འཐབ་བོ། །ཀརྐ་ཊ་ཟླ་བའི་ཞིང་། སེང་གེ་ཉི་མའི་ཞིང་ངོ་། །དེ་ལྟར་རེས་གཟའ་བདུན་གྱི་ཞིང་བཅུ་གཉིས་པོ་དེ་ཡིན་ལ། གཞན་ཡང་བུ་མོ་ལ་སྒྲ་གཅན་དང་། བུམ་པ་ལ་དུས་མེའི་དབང་བྱེད་པ་ཡིན་ཀྱང་ཟླ་ཉི་གདོང་མཇུག་རྣམས་ལ་དགྲ་ཟླས་འཐབ་པ་མེད་དོ། །འོན་ཀྱང་ཟླ་བའི་ཞིང་ཀརྐ་ཊ་ལ་སྤེན་པ་ཞུགས་ན་དེའི་ཚེ་མཇུག་རིངས་དང་ལྷན་ཅིག་ཏུ་གྱུར་ན་དེ་གཉིས་རྩོད་དོ། །ཉི་མའི་ཞིང་སེང་གེ་ལ་སྤེན་པ་ཡོད་ཚེ་མཇུག་རིངས་འོང་ན་སྤེན་པས་རྩོད་དོ། །དེར་མ་ཟད་གཟའ་རང་རང་སྐྱེས་པའི་སྐར་མ་ལ་ཡང་དགྲར་གྱུར་པ་དག་ལྷན་ཅིག་གྱུར་ན་འཐབ་སྟེ། སྐྱེས་སྐར་ནི་པ་སངས་ནབ་སོ་ལ་སྐྱེས་པའོ། །དེ་བཞིན་དུ་མིག་དམར་མཆུ། ཕུར་བུ་མེ་བཞི། གཟའ་ལྷག་ལྷ་མཚམས། སྤེན་པ་སྣུབས། མཇུག་རིང་ཆུ་སྨད་ལའོ། །ལྷག་པ་དང་མིག་དམར་རང་སྐྱེས་སྐར་མར་ལྷན་ཅིག་གྱུར་ན། ཕན་ཚུན་འཐབ་པ་སོགས་གཞན་ལའང་


MR17_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་ཤེས་པར་བྱའོ། །དེ་ལྟར་རང་རང་གི་ཞིང་དུ་གྱུར་པའི་ཁྱིམ་དང་སྐྱེས་སྐར་དེ་དག་མ་ཡིན་པའི་ཞིང་དང་སྐར་མ་གཞན་ལ་འཐབ་པ་མིན་པར་ངེས་ཤིང་། ཁྱིམ་དང་སྐར་མ་གཞན་འདིར་ནི་དགྲ་ཟླ་དེ་དག་ཀྱང་ཕན་ཚུན་གཉིས་ཀ་ལྷན་ཅིག་ཏུ་འཐབ་པ་མེད་པར་མཚུངས་པ་དག་ཏུ་ལྡན་པར་འགྱུར་རོ། །དེ་ནས་ཟླ་བའི་རྭ་མཐོ་དམན་བཤད་པ། གལ་ཏེ་ཉི་མ་ཡི་ནི་གཡོན་དུ་ཟླ་བ་རབ་ཏུ་ཞུགས་པར་གྱུར་ཅིང་སླར་འབྱུང་བ་ཡང་ནི་ཉི་མའི་གཡོན་པ་ཡི་ཆ་ནས་ཡིན་པ་དེ་ཡིས། ཟླ་བའི་བྱང་གི་ཕྱོགས་ཀྱི་རྭ་ནི་མཐོ་བར་འགྱུར་ཏེ། ཞེས་སོ། །འདིར་འགྱུར་ལ་ལར། རྩེ་མོ་བྱང་དུ་མཐོ་བར་འགྱུར་ཏེ་ཞེས་དང་། བྱང་གི་རྭ་རྩེ་བྱང་དུ་མཐོ་བར་འགྱུར་ཏེ་ཞེས་བཀོད་པ་ཡོད་དོ། །ཡང་ཁ་ཅིག་དུ་ནི་ཟླ་བ་བགྲོད་པའི་དབང་གིས་ཉི་མའི་ལྷོ་རུ་བགྲོད་ཅིང་འབྱུང་བ་གཡས་པ་ནས་བྱེད་པ་ཡང་ཡོད་པ་དེས་ཟླ་བའི་ལྷོ་ཡི་རྭ་མཐོ་བ་ནི་ཆར་མི་འབབ་པ་ལ་སོགས་པའི་ལྟས་སུ་ཕྱིན་ཅི་ལོག་དེ་ལྟར་སྣང་གི་ངོ་བོ་ཉིད་ལས་མ་ཡིན་ཏེ་ཟླ་བ་ནི་འགྲོས་མྱུར་བས་རྟག་པར་ཉི་མའི་མདུན་ནས་འཆར་བ་ཡིན་ནོ། །འདི་ལ་ཟླ་བ་ཉི་མའི་གཡས་ནས་འཆར་ནུབ་བྱེད་ཚེ་རྭ་ལྷོ་ངོས་མཐོ་བ་ནི་མི་ཤིས་པའི་ལྟས་ཡིན་ནོ་ཞེས་ཟེར་བ་དང་། ཡང་རྭ་གཉིས་མཐོ་དམན་དུ་སྣང་བའི་རྒྱུ་གཉིས་ཀ་ལྟས་ཀྱི་དབང་གིས་ཡིན་གྱི་ཟླ་བ་ཉི་མའི་གཡས་ནས་འཆར་ནུབ་བྱེད་མི་སྲིད་དེ་རྟག་པར་ཉི་མའི་མདུན་ནས་རྒྱུ་བས་སོ་ཞེས་ཀྱང་ཟེར་རོ། །ད་ནི་ཉི་ཟླ་ལ་སྒྲ་གཅན་འཇུག་པ་གསུངས་ཏེ། དཀར་ནག་གི་ཚིགས་མཚམས་སུ་ཡང་ཞེས་ཉའི་ཚིག་མཚམས་སུ་ཟླ་བ་ལ་སྒྲ་གཅན་འཇུག་པ་དང་། ཡང་ཡིག་གིས་སྟོང་གི་ཚིགས་མཚམས་སུ་ཉི་མ་ལ་འཇུག་པ་བསྟན་ཏོ། །དེ་ཡང་སྒྲ་གཅན་གྱི་གདོང་དང་ཟླ་བ་མཉམ་པར་འགྲོ་བ་སྟེ་གདོང་གི་སྐར་མའི་མདུན་ན་ཟླ་སྐར་གནས་པ་སྟེ་དེའི་ཚེ་གདོང་ཟླ་བ་ལ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནའོ། །ཞེས་བཟླ་བ་འགྲོས་མྱུར་བས་སྒྲ་


MR17_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གྱི་གདོང་གང་དུ་གནས་པ་དེར་འགྲོ་བའི་དབང་གིས་ཟླ་བའི་ཆ་ཤར་གྱི་ཕྱོགས་ནས་དང་པོར་སྒྲིབ་པར་འགྱུར་རོ། །ཟླ་བའི་གཡོན་ཏེ་བྱང་དུ་སྒྲ་གཅན་རྒྱུ་བའམ་བགྲོད་པ་དག་ལ་ཟླ་བའི་གཡས་མིན་དུ་སྟེ་བྱང་ཕྱོགས་ནས་འཛིན་པར་འགྱུར་རོ། །དེ་བཞིན་དུ་གདོང་སྐར་གྱི་ལྷོ་ནུབ་ན་ཟླ་སྐར་གནས་པའི་ཚེ་ཟླ་བའི་བྱང་ཤར་གྱི་ཆ་ནས་འཛིན་པའོ། །ཉི་མའི་ལོངས་སྤྱོད་ལས་བྱུང་བ་ཟླ་བ་བགྲོད་པའི་དབང་གིས་ཟླ་བའི་གཡས་ཏེ་ལྷོར་སྒྲ་གཅན་ཡོད་པ་ལ་ཟླ་བའི་གཡས་པའི་ཆར་ཏེ་ལྷོ་ཡི་ཕྱོགས་ཆ་ནས་འཛིན་པར་འགྱུར་རོ། །དེ་བཞིན་དུ་སྒྲ་གཅན་གྱི་སྐར་མའི་ནུབ་བྱང་དུ་ཟླ་བ་གནས་ན་ཟླ་བ་ཤར་ལྷོ་ནས་དང་། བྱང་ཤར་དུ་གནས་ན་ཟླ་བའི་ལྷོ་ནུབ་དང་། ཤར་ལྷོར་གནས་ན་ཟླ་བ་ནུབ་བྱང་ནས་འཛིན་ཏེ། དེ་ལྟར་སྒྲ་གཅན་གྱིས་ནི་ཕྱོགས་དང་མཚམས་དེ་རྣམས་སུ་འཛིན་ཏེ་གང་ལ་ན་རི་བོང་འཛིན་པ་ལའོ། །སྒྲ་གཅན་ཤར་ལ་སོགས་པའི་ཕྱོགས་གཞན་འཁོར་ནས་འབྱུང་བ་ཡི་འགྲོས་ལ་གནས་པ་དག་ནི་ཟླ་བའི་ནུབ་ཏུ་འཁོར་བས་ན་སྒྲ་གཅན་གྱི་ཤར་དུ་ཟླ་བའི་སྐར་མ་གནས་པའི་ཚེ་ཟླ་བའི་རྒྱབ་སྟེ་ནུབ་ཏུ་ཡང་འཛིན་པར་འགྱུར་རོ། །དེ་ལྟར་སྒྲ་གཅན་སྐར་མ་ལ་འཁོར་བའི་དབང་གིས་དུས་སུ་གཟའ་འཛིན་འབྱུང་བ་འདི་ནི་སྒྲ་གཅན་གདོང་མཇུག་དང་ཉི་ཟླའི་སྐར་མ་ཕན་ཚུན་ཕྲི་ལྷག་གིས་བརྟག་པའི་ཚུལ་རྣམས་བྱེད་གྲུབ་ཀྱི་རྩིས་རྣམས་སུ་ཡོངས་སུ་གྲགས་པའི་ཕྱིར་རྒྱུད་འདིར་རྣམ་པར་ཕྱེ་སྟེ་མ་བསྟན་ཏོ། །འདིར་ཟླ་བ་ཡོངས་སུ་རྫོགས་པའི་ཆ་བཅུ་དྲུག་པ་ནི་ཟླ་བའི་ཤར་མཐའ་ཁོ་ནར་བཞག་དགོས་པའི་ཕྱིར་དངོས་པོ་ལ་ཟླ་བ་ཤར་གྱི་ཕྱོགས་སུ་གཏོགས་པ་ཁོ་ན་ནས་འཛིན་ཀྱང་། ཕྱོགས་གཞན་ནས་བཟུང་བར་སྣང་བ་ནི་ཟླ་བ་འཁོར་བའི་དབང་གིས་ཡིན་ནོ་ཞེས་བླ་མ་དག་འཆད་དོ། །དེ་ལྟར་ན་སྐར་རྩིས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ལ་ནང་གསེས་སུ། ཡན་ལག་ལྔ་དང་། ལོ་འཕོ་དང་། ཉིན་མཚན་གྱི་ཆ་འཕེལ་འགྲིབ་དང་། སྒྲ་གཅན་


MR17_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཟའ་ལྔའི་ལོངས་སྤྱོད་དང་། མཇུག་རིང་དང་གཟའི་འཆར་ནུབ་དང་། འཕྲོས་དོན་ཟླ་བའི་རྭ་བརྟག་པ་དང་། གཟའ་འཛིན་དང་བཅས་པའི་བར་གྱིས་སྐར་རྩིས་ཀྱི་ཆོ་གའི་རིམ་པའམ་གནས་པ་སོང་ནས། ད་ནི་བཅོ་ལྔ་པ་ཁྱིམ་བཅུ་གཉིས་ཀྱིས་ས་འཁོར་བའི་ངོ་བོ་ཉིད་ཀྱིས་གནས་པ། ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་ས་ལ་དུས་བཞིར་འགྱུར་ཚུལ་གསུངས་པ། ཐ་སྐར་ལ་སོགས་ཞེས་ང་གཉིས་པའི་རྐང་པ་ཐ་མ་ནས། ཚིགས་བཅད་རེ་གསུམ་པའི་བར་གྱིས་བསྟན་ཏེ། གནས་པ་འདི་རྩ་རྒྱུད་ལྟར་ན་དབུ་མའི་དབུགས་ལས་གཟའ་རྒྱུ་སྐར་གྱི་རྐང་པ་སྐྱེ་བའི་གནས་པའི་རྗེས་སུ་ཡིན་ཀྱང་། བསྡུས་རྒྱུད་འདིར་སྡེབ་སྦྱོར་སོགས་ཀྱི་དབང་གིས་སྔ་མར་མཛད་དེ་དེ་ལྟར་རྩ་རྒྱུད་དང་དོན་འདྲ་ཡང་གོ་རིམ་མི་འདྲ་བ་ཅུང་ཟད་འོག་ཏུ་ཡང་འབྱུང་ངོ་། །དེ་ཡང་བྱང་ངམ་གཡོན་དུ་ཐ་སྐར་ལ་སོགས་པ་ནས་ནག་པ་ཡི་ཕྱེད་ཀྱི་བར་དུ་རྒྱུ་སྐར་ཕྱེད་བཅུ་གསུམ་ལུག་སོགས་ཁྱིམ་དྲུག་དང་། ཡང་ལྷོ་འམ་གཡས་སུ་ནག་པའི་ཕྱེད་ནས་ནམ་གྲུའི་བར་སྐར་མ་ཕྱེད་བཅུ་གསུམ་སྲང་སོགས་ཁྱིམ་དྲུག་སྟེ། དེ་ལས་ཉིན་དང་མཚན་མོ་མཉམ་པའི་དུས་སུ་ཉི་མ་རྒྱུ་བའི་ལྷོ་བྱང་གི་ཁྱིམ་གྱི་དབུས་སུ། ཉིན་མཚན་ཆུ་ཚོད་སུམ་ཅུ་རེར་མཉམ་པའི་ཉིན་ཞག་གཅིག་གི་ཉི་མ་གནས་པའི་མཚན་མ་གོ་ལའི་རི་མོ་ལ་ཕྱེད་དུ་བྱས་པའི་དབུས་སུ་ཐིག་དྲང་པོ་བྱའོ། །དེ་ཡང་ལྷོ་གླིང་དབུས་མ་ལ་ཉི་མ་ཐ་སྐར་གྱི་སྟེང་དུ་སླེབས་ཚེ་དཔྱིད་ཉིན་མཚན་མཉམ་ལ། ནག་པའི་ཕྱེད་དུ་སྟོན་མཉམ་འོང་བས་ཉིན་མཚན་མཉམ་པའི་གཡས་སམ་ལྷོར་རྒྱུ་སྐར་རངས་པོ་བཅུ་གསུམ་དང་ཕྱེད་པ་གཅིག་སྟེ། གཡོན་དུའང་དེ་ལྟར་ཕྱེད་བཅུ་བཞི་གནས་ཤིང་། དེ་ལྟར་རྒྱུ་སྐར་གྱི་གནས་གཡས་ལྷོ་ཕྱོགས་དང་གཡས་མིན་བྱང་ཕྱོགས་དག་ལ་ངེས་པར་སྲིད་པའི་གནས་སམ་བཅུ་བཞིའི་གནས་སུ་ཉི་མ་ལྷོ་དང་བྱང་དུ་བགྲོད་པ་ཡི་ཁྱིམ་དྲུག་རེ་དྲུག་རེ་ཅན་གྱི་


MR17_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་ཡང་དག་པར་གནས་སོ། །སྐབས་འདིར་འགྲེལ་ཆེན་ལས་མུ་སྟེགས་པའི་གོ་ལ་འདོད་ཚུལ་བཀག་པ་ནི་ལས་ཀྱིས་ཁྱད་པར་ཅན་འཛམ་གླིང་ཆུང་དུ་འདིར་མི་ཤེས་པའི་དབང་གིས་གོ་ལའི་འདོད་པ་སྣ་ཚོགས་པ་དང་གཟའ་རྣམས་གང་ནས་བགྲོད་པའི་གནས་ལ་སོགས་པ་ཐ་དད་པའི་ཞེ་འདོད་མུ་སྟེགས་རྣམས་ཀྱིས་བརྗོད་དེ། ཇི་ལྟར་ན་གོ་ལ་ལ་གཟའ་བརྒྱད་པོ་དག་འགྲོས་མྱུར་དལ་ཡོད་ཀྱང་། ཁྱིམ་བཅུ་གཉིས་ལ་ལོངས་སྤྱོད་ནས་རི་རབ་འཁོར་བར་མཉམ་སྟེ། དཔེར་ན་སོ་བའི་སྤུན་པ་འཆག་པའི་ཕྱིར་སོ་བའི་སྟེང་དུ་བ་ལང་ཀ་བ་ལ་འཁོར་དུ་བཅུག་པ་རྣམས་ལས་ཀ་བའི་ཉེ་ཕྱོགས་སུ་གནས་པ་རྣམས་དལ་བར་འགྲོ་ཞིང་གོམ་པ་ཉུང་དུས་ཀ་བར་འཁོར་ལ། ཀ་བའི་རིང་ཕྱོགས་སུ་གནས་པ་རྣམས་མགྱོགས་པར་འགྲོ་བའི་གོམ་པ་མང་པོས་ཀ་བ་འཁོར་བ་ལྟར། གཟའ་རྣམས་ཀྱང་འབྲུ་སྙིལ་བ་དེ་ལྟར་རི་རབ་ལ་ཉེ་རིང་དུ་གནས་པའི་དབང་གིས་འགྲོས་མྱུར་བུལ་དུ་སྣང་བ་ཡིན་ཏེ་རྒྱུ་སྐར་འཁོར་ལོ་ཡོངས་རྫོགས་སྤྱད་ནས་རི་རབ་འཁོར་བ་ལ་ཁྱད་མེད་ཅེས་མུ་སྟེགས་པས་འདོད་དོ། །འཇིག་རྟེན་པས་ཐོག་མར་བཞག་པའི་འདོད་པ་དེ་ལ་རིགས་པས་དཔྱད་ན་མི་འཐད་ཞེས་སམ། འདིར་འགྲེལ་བྱེད་ཁ་ཅིག་མུ་སྟེགས་རང་གི་གྲུབ་མཐའི་བསམ་པའི་དབང་གིས་བཞག་པས་རྩིས་ཀྱི་ཐ་སྙད་རྣམ་དག་མེད་ཅིར་གོ་ལ་སོགས་འདོད་ཚུལ་མི་གཅིག་པར་བཤད་པའང་ཡོད་ལ། ཡང་ན་འདིར་རང་རང་གི་གྲུབ་པའི་མཐའི་བསམ་པའི་དབང་གིས་ཞེས་གསུངས་པའི་དོན་ནང་པ་སངས་རྒྱས་པའི་ལུགས་སམ་དུས་འཁོར་གྱི་གྲུབ་མཐའི་ལུགས་འདིའི་ཚུལ་གྱི་རིགས་པས་དཔྱད་ན་ཕྱི་རོལ་པ་དེ་དག་གི་ལུགས་ལ་གཟའི་བགྲོད་པའི་རྩིས་ཀྱི་ཐ་སྙད་མ་ནོར་བ་མེད་ཅིང་དེ་དག་རང་རང་གི་སྔོན་གྱི་གྲུབ་མཐའི་བསམ་པའི་དབང་གིས་བཞག་པ་ཙམ་ཡིན་པས་དེ་རྣམས་དང་རང་ལུགས་ཀྱི་འདོད་པ་གཅིག་ཏུ་མི་འགྱུར་ཏེ་དེ་དག་གི་འདོད་ཚུལ་


MR17_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་རྟོག་ཏུ་ཤེས་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་དཔྱད་པར་བྱ་སྟེ། འདིར་གོ་ལ་ལ་ཟླ་བ་སོགས་གཟའ་ཁ་ཅིག་ཉི་མ་ལས་མྱུར་བར་འགྲོ་བ་དང་། སྤེན་པ་སོགས་ཁ་ཅིག་ཉི་མ་ལས་དལ་བར་འགྲོ་བའི་གཟའ་གང་ཡིན་དེ་དག་སྟེང་ནས་སྟེང་དང་འོག་ནས་འོག་ཏུ་མཐོ་དམན་དུ་རིམ་པས་གནས་སམ། འོན་ཏེ་གཡོན་དང་གཡས་ཀྱི་ཆར་འཕྲེད་དུ་བསྒྲིག་ནས་གནས་པའི་དབང་གིས་རི་རབ་དང་ཉེ་རིང་དུ་གྱུར་པ་གང་ཡིན་ཞེས་དྲིས་ན། དེ་གཉིས་གང་ཡང་འགལ་ཏེ། གལ་ཏེ་སྟེང་འོག་ཏུ་གནས་སོ་ཞེ་ན། འགྲོས་མྱུར་དལ་གྱི་དབང་གིས་ལྷན་ཅིག་ཕྲད་པར་མི་འགྱུར་ཏེ། རང་གི་གནས་ཡོངས་སུ་མི་གཏོང་བས་ནམ་ཡང་འཕྲད་པར་མི་འགྱུར་རོ། །རིགས་པའི་གཙོ་བོ་འདི་ཡིན་ཡང་། ཅི་སྟེ་ཕ་རོལ་པོས་སྨྲས་པ། གཟའ་སྐར་དེའི་འོག་ན་གནས་པའི་སེམས་ཅན་རྣམས་ཀྱིས་སྟེང་འོག་གི་གཟའ་ཕྲད་པར་སྣང་སྟེ་འོག་གི་གཟས་སྟེང་གི་གཟའ་སྒྲིབ་པར་སྣང་བ་ནི་སྟེང་འོག་མཉམ་པར་གྱུར་བས་སོ་ཞེ་ན། དེ་ལྟ་ན་ཉི་མ་གུང་གི་དུས་སུ་ཡར་བལྟས་ན་འོག་མས་སྟེང་མ་བསྒྲིབ་སྟེ་མི་སྣང་བར་འགྱུར་དུ་ཆུག་མོད། འཆར་བ་དང་ནུབ་པའི་དུས་སུ་གཟའ་གཉིས་པོ་སྟེང་འོག་ཏུ་བརྩེགས་པ་མཐོང་དགོས་ནའང་དེ་ལྟར་མ་ཡིན་པས་གནོད་དོ། །དེ་བཞིན་དུ་གཡས་གཡོན་དུ་འཕྲེད་ལ་གནས་ན་རང་རང་གི་གནས་དེ་ཉིད་ཡོངས་སུ་མི་གཏོང་བས་གཟའ་ལྷན་ཅིག་ཚོགས་པར་མཐོང་བ་ནམ་ཡང་མི་སྲིད་མོད། འདིར་ནི་ཤིན་ཏུ་འགྲོས་མྱུར་བའི་ཟླ་བ་ལྟ་བུ་ཡང་རི་རབ་དང་རིང་བ་གོ་ལའི་མཐའ་རུ་བགྲོད་པ་དང་། འགྲོས་བུལ་བ་སྤེན་པ་ཡང་རེས་རི་རབ་དང་ཉེ་བའི་གོ་ལའི་ཕྱོགས་སུ་མཐོང་ཞིང་། དེ་ལྟར་གཟའ་བདུན་པོ་ཀུན་ལ་མཐོ་དམན་སྣ་ཚོགས་སུ་མངོན་སུམ་མཐོང་བ་འདིས་རི་རབ་དང་ཁད་ཉེ་རིང་གི་དབང་གིས་འགྲོས་དལ་མྱུར་དུ་སོང་བ་མིན་པར་ངེས་ནུས་སོ། །མུ་སྟེགས་པའི་འདོད་པ་དེ་ལྟར་ན་གཟའ་རྣམས་ཉི་མའི་


MR17_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་འཆར་བ་དང་ནུབ་པ་འདི་ནམ་ཡང་མི་སྲིད་པར་འགྱུར་རོ། །འདི་དང་ཚུལ་འདྲ་བར་གོ་ལ་བཅུ་གཉིས་སྟེང་ནས་སྟེང་དུ་བརྩེགས་པ་དང་། ནང་ནས་ཕྱིར་བསྐྱེད་དེ་རིམ་པ་བཅུ་གཉིས་སུ་གནས་པར་འདོད་པ་ཡང་འདི་དང་ཆ་འདྲ་བར་རིགས་པས་སུན་དབྱུང་བར་བྱའོ། །དེའི་ཕྱིར་དོན་དམ་པར་གཟའ་རྣམས་ཀྱི་གནས་ཐ་དད་པ་གཞན་པ་མེད་དོ་ཞེས་པའི་དོན་དམ་ནི་བདེན་གཉིས་སུ་ཕྱེ་བའི་དོན་དམ་ལ་གོ་དོན་ཅི་ཡང་མེད་དེ། ཡང་དག་པར་ན་གོ་ལ་ཁྱིམ་བཅུ་གཉིས་པོ་འདི་ལ་གཟའ་རྣམས་རང་འགྲོས་ཀྱིས་བགྲོད་པ་ལས་གཟའ་སོ་སོའི་གནས་ཀྱི་གོ་ལ་རི་རབ་ལ་ཉེ་རིང་དུ་གྱུར་པ་གང་ཡང་མེད་དོ་ཞེས་པའོ། །བྱིས་པ་རྨོངས་པ་བསྐྱེད་པའི་ཚིག་རིགས་པ་དང་བྲལ་བ་འདི་དག་སྐྱེ་བོ་མི་ཤེས་པ་རྣམས་ཀྱིས་བཀོད་པ་སྟེ། གང་ཞེ་ན། འདིར་གནས་དང་པོ་ལ་ཟླ་བ། གཉིས་པར་གཟའ་ལག །གསུམ་པར་པ་སངས། བཞི་པར་ཉི་མ། ལྔ་པར་མིག་དམར། དྲུག་པར་ཕུར་བུ། བདུན་པར་སྒྲ་གཅན། བརྒྱད་པ་ལ་སྤེན་པ་གནས་སོ་ཞེས་སྲིད་པའོ་བྱ་བ་ནི། འགྲོས་མྱུར་བུལ་འོང་བའི་དབང་གིས་གོ་རིམ་དེ་ལྟར་བྱས་ཀྱང་འགྲོས་མྱུར་བུལ་ནི་གཟའ་རང་རང་གི་རྒྱུ་སྐར་རྐང་པ་བགྲོད་པའི་མྱུར་བུལ་ཡོད་པ་ལས་ཡིན་གྱི་རི་རབ་དང་ཉེ་མི་ཉེའི་ཕྱོགས་ཀྱི་གོ་རིམ་གྱི་ཅི་ཡང་མ་ཡིན་ཏེ་གཟའི་འགྲོས་ལ་བརྟགས་པས་མངོན་སུམ་གྱིས་རྟོགས་ནུས་སོ། །སྲིད་པའོ་ཞེས་བྱ་བ་ནི་ཤིན་ཏུ་མི་སྲིད་པའི་ཚིག་འདི་ཡང་དེ་དག་གི་ལུགས་ལ་སྲིད་པ་སྟེ་ཡོད་པའོ་ཞེས་པའི་དོན་ཏོ། །འགྱུར་གཞན་ལས་གནས་སོ་ཞེས་འབྱུང་ངོ་ཞེས་བསྒྱུར། །ཁ་ཅིག་མུ་སྟེགས་འདོད་པ་ལྟར་གནས་དེ་དང་དེར་ངེས་པ་མིན་གྱི་ལན་རེ་ཙམ་སྲིད་པའོ་ཞེས་འཆད་ཀྱང་ལན་རེ་ཙམ་སྲིད་པས་སྲིད་གོ་མི་ཆོད་དེ། ཟླ་བ་བརྒྱད་པའི་གནས་སུ་དང་། སྤེན་པ་དང་པོའི་གནས་སུ་འོང་བའང་ལན་དུ་མར་སྲིད་


MR17_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེས་ན་མགྱོགས་བུལ་གྱི་གོ་རིམ་ཙམ་ལ་དེ་ལྟར་རིམ་པ་བརྒྱད་དུ་བྱས་ན་མི་སྲིད་པ་མ་ཡིན་ཏེ་སྲིད་མོད་ཀྱི། མུ་སྟེགས་པས་རང་གི་མགྱོགས་བུལ་གྱི་གོ་རིམ་མ་ཡིན་པར་རི་རབ་དང་ཉེ་བའི་གོ་རིམ་དུ་བྱས་པའི་ཕྱིར་ཤིན་ཏུ་མི་རིགས་པ་རྟོགས་སླ་ཡང་། འདི་སྐབས་དཔྱིས་ཕྱིན་པར་བཤད་པ་མ་མཐོང་བས་གོ་རྒྱུ་ཆེན་པོ་མི་སྣང་ལ་དོན་ཇི་བཞིན་མ་འཚལ་བའི་བཤད་པར་སོང་ན་མཁས་པ་དག་གིས་འཆོས་པར་མཛོད་ཅིག །འོན་ཀྱང་ཤིན་ཏུ་མི་རིགས་པའི་སྨྲ་བ་འདི་ལྟ་བུའང་འཇིག་རྟེན་འདིར་སྨྲ་བ་སྲིད་དོ་ཞེས་ཕ་རོལ་གྱི་འདོད་པའི་མཚངས་འབྱིན་པ་ཙམ་ལ་རིགས་པ་འདི་རུང་བས་དེའི་དགོས་པ་ཡིན་ནམ་སྙམ་མོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་རི་རབ་ལ་ཉེ་བར་འགྲོ་བ་དང་། ལྷོར་རི་རབ་ལས་རིང་བར་འགྲོ་བ་ཡོད་དེ། དཔེར་ན་ཉི་མས་ལྷོ་བྱང་གི་ཁྱིམ་དྲུག་དང་རྒྱུ་སྐར་ཕྱེད་དང་བཅུ་གསུམ་ལོངས་སྤྱོད་པའི་དབང་གིས་རི་རབ་དང་ཉེ་རིང་དུ་གྱུར་པ་བཞིན་ནོ། །གཟའ་རང་རང་ལྷོ་བྱང་དུ་བགྲོད་པའི་དབང་གིས་ལྷོ་བྱང་དུ་འགྲོ་བའི་ཉི་མ་དང་འཕྲད་པ་ན་ནུབ་པར་འགྱུར་གྱི། གཟའ་འགའ་ཞིག་སྟེང་འོག་ཏུ་འགྲོ་བའི་དབང་གིས་ནུབ་པ་གཞན་ནི་མེད་དོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་རང་འགྲོས་ཀྱིས་ཉི་མ་ལས་དལ་བར་འགྲོ་བའི་དབང་གིས་གཟའ་འགའ་ཞིག་ཉི་མས་སླེབས་ཏེ་ནུབ་པ་སླར་ཡང་ཉི་མའི་རྒྱབ་ནས་ཏེ་རྗེས་སུ་ལུས་ནས་འཆར་བ་འོང་ངོ་། །ཉི་མ་ལ་ནུབ་པ་སླར་ཡང་ཤར་བར་གྱུར་པ་ན་ཟླ་བ་ནི་ཉི་མའི་མདུན་དུ་སྔོན་ནས་འགྲོ་སྟེ་ཉི་མ་ལས་མྱུར་པར་བགྲོད་པའི་དབང་གིས་སོ། །ལྷག་སངས་གཉིས་ནི་རྐང་པའི་མྱུར་བུལ་གྱི་དབང་གིས་རེས་མདུན་དང་རེས་རྒྱབ་ཏུ་ཤར་ནས་བགྲོད་དོ། །འདི་དག་གི་བགྲོད་པ་ཤེས་པར་བྱ་བའི་དོན་དུ། སྔར་བཤད་ལྷོ་བྱང་གི་ཁྱིམ་དྲུག་དྲུག་པོ་དེ་དག་གཞུ་ཡི་རྣམ་པས་དུས་ཁྱིམ་ཞེས་ཁྱིམ་དྲུག་རེའི་རྒྱུ་སྐར་ཕྱེད་དང་བཅུ་གསུམ་ཙམ་རེ་གླིང་འདིས་མཐོང་དགོས་ཀྱང་དེ་


MR17_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། གོ་ལའི་དབུས་རི་རབ་ལ་ཉེ་བའི་ཕྱོགས་ནས་ལྷོར་ནི་ལྷོར་བགྲོད་ཀྱི་ཁྱིམ་རྣམས་ནི་སྐེད་ཉག་གཞུ་ཁ་སྦྱོར་བ་ལྟ་བུ་ཡི་རྣམ་པའི་མཐའ་དེ་ནི། གླིང་སོ་སོའི་དགུན་ཉི་ལྡོག་པའི་སྐར་མ་ཡོད་པའི་གནས་དེ་ཡིན་ལ། དེ་ལ་སོགས་པ་དུས་ཁྱིམ་ཞེས་ཁྱིམ་དྲུག་པོ་དེ་དག་ལ་གོ་ལའི་དབུས་ནས་ལྷོར་ནི་སྟེ། ལྷོ་ཕྱོགས་སུ་མེ་ཡི་དཀྱིལ་འཁོར་གྱི་ཕྱོགས་གང་ལ་གནས་ཤིང་། བྱང་བགྲོད་མཐར་ཐུག་པའི་ཁྱིམ་དེ་དབུས་སུ་བྱས་པའི་བྱང་དུ་གནས་པའི་ཁྱིམ་དྲུག་དེ་ནི་བྱང་དུ་བསིལ་བའི་རི་ལ་ཉེ་བ་སྟེ། དབྱིབས་པད་མའི་འདབ་མ་བཟང་པོ་བཞིན་དུ་གནས་སོ། །དེས་ན་གླིང་འདིར་དགུན་ཉི་ལྡོག་པའི་སྐར་མ་ཡོད་པའི་ཁྱིམ་དེ་ནི་མདུན་གྱི་གླིང་བདུན་པ་བྱང་གླིང་དབུས་མའི་སྟེང་དུ་བསིལ་རི་ལ་ཉེ་བ་པད་འདབ་ཀྱི་རྣམ་པར་དབུས་ཀྱི་ཆར་གནས་སོ། །གླིང་འདིར་བྱང་བགྲོད་མཐར་ཐུག་གི་སྐར་མ་གནས་པའི་ཁྱིམ་དེ་ནི་བྱང་གླིང་བདུན་པའི་སྟེང་དུ་མེ་དཀྱིལ་གྱི་ཕྱོགས་སུ་གཞུ་ཡི་རྣམ་པའི་མཐའི་ཆ་ཉིད་དུ་གནས་སོ། །འདིའི་གོ་བ་ནི་སྤྱིར་རི་རབ་ལ་གོ་ལ་ཁྱིམ་བཅུ་གཉིས་པོ་རི་རབ་ཀྱི་མགུལ་བར་སོ་སོ་ནས་བསྐོར་ཏེ་འཁོར་བའི་ནང་ཐིག་ཙམ་ཞིག་བོད་རྩིས་ཉིན་སྣང་སོགས་ལས་གསལ་བ་དེ་ལྟར་ལ་དེ་རྒྱ་མཚོའི་བཞི་ཆ་ཕྱིར་ལུས་པའི་མཚམས་སུ་ཡིན། དེ་ཡི་ཕྱི་ཐིག་བཅུ་གཉིས་ཀྱང་རྒྱ་མཚོའི་བཞི་ཆ་དང་མཉམ་པར་བྱས་པའི་ལན་ཚའི་རྒྱ་མཚོ་དང་མེ་རིའི་མཚམས་སུ་སླེབས་པ་ནི། རྒྱུད་ལས་ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་བར་དུ་འགྲོ་བར་བྱེད། ཅེས་གསུངས་པའི་དོན་ཡིན་ལ། དེ་ལྟར་ཐིག་བཏབ་ནས་གོ་ལ་ཟླུམ་ལེབ་བཅུ་གཉིས་པོ་རེ་རེའི་དཀྱུས་སུ་ཆ་བཅུ་གཉིས་སུ་བགོས་པའི་ཆ་གཅིག་ལ་གཟའི་རྒྱུ་ལམ་རྒྱུ་སྐར་ཉེར་བདུན་པོའི་རྐང་པ་རྣམས་རིམ་པར་བཀོད་པའི་ཡུལ་གྱི་ཆུ་ཚོད་སྤྱིར་མཁའ་མིག་རྒྱལ་པོ་ལས། ཁྱིམ་རེའི་ཆུ་ཚོད་མདའ་ཡོན་ཟླ་བ་དང་། དེ་ཡང་དགུས་


MR17_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་པས་བཅོ་ལྔ་རེ་ཐོབ་པའི་ཕྱིར། ཁྱིམ་རེ་ན་རྒྱུ་སྐར་གྱི་ཡུལ་གྱི་ཆུ་ཚོད་བཅོ་ལྔ་རེ་ལ་རྐང་པ་རེར་བྱས་པའི་རྐང་པ་དགུ་རེ་གནས་པའི་རྐང་པ་དེ་རྣམས་རིམ་པར་ཕྲེང་བ་ལྟར་བཀོད་པའི་ཁྱིམ་བཅུ་གཉིས་པོའི་ཆ་དེ་དག་རྒྱུ་སྐར་གནས་པའི་ས་ཁྱོན་དང་གཟའ་ཡི་བགྲོད་ལམ་ཡིན་གྱི། ཁྱིམ་བཅུ་གཉིས་པོའི་ཆ་གཞན་བཅུ་གཅིག་ནི། སྐར་མ་ཕལ་པ་མང་པོའི་གནས་ཡུལ་དུ་ཤེས་པར་བྱ་སྟེ། དེར་རྒྱུ་སྐར་མེད་པས་གཟའ་དགུའི་བགྲོད་ལམ་ཡང་མིན་ནོ། །དེ་ལྟར་ན་གོ་ལ་ལེབ་ཆགས་གཅིག་གི་སྟེང་ན་ཁྱིམ་བཅུ་གཉིས་ཕྲེང་བ་བཞིན་དུ་བསྒྲིག་པ་མ་ཡིན་ལ། གོ་ལ་བཅུ་གཉིས་པོ་ནང་ནས་ཕྱིར་མུ་ཁྱུད་བཞིན་དུ་རིམ་པར་ཡོད་པའམ་སྟེང་ནས་སྟེང་དུ་རྨོག་བརྩེགས་པ་ལྟ་བུ་མ་ཡིན་པར། དྲུ་གུ་འཛིང་བ་བཞིན་དུ་ཁྱིམ་བཅུ་གཉིས་པོ་སོ་སོ་ནས་ལྷས་མ་ལྟ་བུར་ཕན་ཚུན་སྟེང་འོག་ཏུ་འཛིང་བར་ཡོད་པ་ཡིན་ཡང་། མགྱོགས་བུལ་གྱི་འགྲོས་རྣམ་པ་ཀུན་ཏུ་མཉམ་པའི་ཕྱིར་རྒྱུ་སྐར་རྐང་པའི་ཁྱོན་ནི་དུས་ཀུན་ཏུ་མི་འབྲལ་བར་འཁོར་ལ། གླིང་འདིའི་ཁྱིམ་གང་ཞིག་གི་སྐར་མ་ལྷོ་བགྲོད་མཐར་ཐུག་ཏུ་གྱུར་པ་དེ། གླིང་འདིར་ལྷོ་ཕྱོགས་ཀྱི་དབུས་སུ་མེ་དཀྱིལ་ལ་ཕྱོགས་པར་འཆར་བ་ན་དེའི་སྔ་ལོགས་དང་ཕྱི་ལོགས་སུ་གནས་པའི་སྐར་མ་རྣམས་ཚུར་ཚུར་བྱང་གི་ཕྱོགས་སུ་ཇེ་ཉེར་འཁོད་ལ་གླིང་འདིའི་ལྷོ་བགྲོད་མཐར་ཐུག་གི་སྐར་མ་དེ་བྱང་གླིང་དབུས་མའི་སྟེང་དུ་བསིལ་རི་ལ་ཉེ་བའི་ཚེ། དེའི་སྔ་མ་དང་ཕྱི་མར་གནས་པའི་སྐར་མ་རྣམས་ཕར་ཕར་མེ་དཀྱིལ་ལ་ཕྱོགས་པར་གནས་པར་འགྱུར་ཏེ། མདོར་ན་གླིང་འདིའི་ཡུལ་དབུས་ཀྱི་དབང་དུ་བྱས་ན། སྐར་མ་ནབས་སོ་དེ་བས་རི་རབ་ལ་ཉེ་བའི་སྐར་མ་གཞན་མེད་ཅིང་། ཆུ་སྨད་ལས་ལྷོ་ཕྱོགས་སུ་མེ་རི་ལ་ཉེ་ཆེ་བ་མེད་པ་དེས་མཚོན་ནས་གླིང་དུམ་བུ་བཅུ་གཉིས་སོ་སོར་ལྷོ་བྱང་གི་བགྲོད་པ་མཐར་ཐུག་པའི་སྐར་མ་བཅུ་གཉིས་དང་། མཉམ་གཉིས་ཀྱི་སྐར་མ་བཅུ་གཉིས་བཅུ་གཉིས་སུ་ཤེས་


MR17_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །འདི་ལ་མང་དུ་བཤད་ཀྱང་གོ་བ་བདེ་བླག་ཏུ་རྙེད་པ་མི་འོང་ལ། གོང་དུ་བཤད་པ་བཞིན་ཐིག་བཏབ་ནས་དཔྱད་ན་ངེས་པ་བདེ་བླག་ཏུ་འདྲོང་བར་འགྱུར་ཏེ། ཁོ་བོས་བྱས་པའི་གོ་ལ་དྲུ་འཛིང་མའི་ཐིག་རིས་ལ་བལྟས་པས་གསལ་ལོ། །འདིའི་ཐད་ནས་དཔྱིས་ཕྱིན་པར་ཤེས་པ་སྔར་ཡང་དཀོན་པར་སྣང་ངོ་། །དེ་ལྟར་ཤེས་ན་རྒྱུད་འདིའི་དཀའ་གནད་ཆེན་པོ་ཞིག་ཤེས་ཤིང་རྒྱུད་དོན་ལ་ཡ་མཚན་གྱི་བློ་ཡང་རྙེད་པ་ཞིག་འོང་ལ། གོ་ལའི་དོན་ལོག་པར་བཤད་པའི་མུན་པ་ཐམས་ཅད་ཀྱང་ཅིག་ཆར་འཇིག་པར་འགྱུར་རོ། །ད་ནི་དཀྱུས་ཀྱི་ཚིག་དོན་ལ་འཇུག་པར་བྱ་སྟེ། གོ་ལ་ཞེས་པ་འདི་སྔར་གྱི་ལོ་ཙཱ་ཆེན་པོ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་སོར་བཞག་པ་སྟེ། ལོ་ཙཱ་སྔ་མ་གཞན་རྣམས་ཀྱིས་ཁོངས་དང་། སྤུབས་དང་། ཟླུམ་པོ་དང་། སྒང་གཤོང་དང་། ལྕི་ཡང་སོགས་སུ་བསྒྱུར་ཞིང་། ཁ་ཅིག་གིས་གོ་དོན་དགུ་ལ་འཇུག་པའི་ནང་ཚན་གྱི་མཐོ་རིས་དང་ལ་འཛིན་པའི་དོན་དུ་བྱས་ཏེ། མཐོ་རིས་འཛིན་ཞེས་ཀྱང་ཟེར་ཏེ་ངོ་བོ་གཟའ་སྐར་གྱི་གནས་འདེགས་བྱེད་ཁྱིམ་བཅུ་གཉིས་དྲུ་གུ་འཛིངས་པ་ལྟ་བུ་ཟླུམ་པོའི་རྣམ་པ་རླུང་གི་ཤུགས་ཀྱིས་ཉིན་ཞག་རེ་ལ་རི་རབ་ལ་གཡས་སུ་འཁོར་བར་བྱེད་པའོ། །ཁྱིམ་བཅུ་གཉིས་པོའི་རེ་རེའི་ཡང་བཅུ་གཉིས་ཀྱི་ཆ་གཅིག་ལ་རྒྱུ་སྐར་ཆུ་ཚོད་གནས་པ་དེ་ལ་ཁྱིམ་བཅུ་གཉིས་པོའི་སྤྱི་མིང་བྱེ་བྲག་ལ་ཞུགས་ནས་རྒྱུ་སྐར་གྱི་གོ་ལ་དང་། གཟའ་གང་དུ་བགྲོད་པའི་གོ་ལ་ཞེས་བཏགས་ཤིང་། དེ་འདྲའི་རྒྱུ་སྐར་ལམ་གྱི་གོ་ལ་བཅུ་གཉིས་པོར་ཉི་མ་བགྲོད་པའི་དབང་གིས་སའི་དུམ་བུ་བཅུ་གཉིས་སུ་དུས་བཅུ་གཉིས་འཁོར་བ་ལ་སའི་གོ་ལ་ཞེས་བཏགས་པ་ནི། གོ་ལའི་དབང་གིས་དུས་བཞི་འཁོར་བའི་ཕྱིར་རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། གླིང་དུམ་བུ་སོ་སོའི་སྟེང་གི་ཁྱིམ་བཅུ་གཉིས་པོ་ལྷོ་བྱང་མཉམ་གཉིས་སོགས་ཀྱི་རྒྱུ་ལམ་སྟོན་པའི་ཐིག་ཟླུམ་


MR17_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རེ་བཏབ་པ་ནི། ས་འདིར་ཁྱིམ་བཅུ་གཉིས་པོ་འཆར་ཚུལ་ཤེས་པའི་ཆེད་ཙམ་ཡིན་པས་དེ་ལའང་གོ་ལའི་མིང་འཇུག་པ་ཡིན་ཀྱང་། ཁྱིམ་བཅུ་གཉིས་དེ་ལྟར་གླིང་དེའི་སྟེང་ན་ཅིག་ཆར་ཡོད་པ་ནི་མི་སྲིད་མོད་ཀྱི། འཆར་ས་དེ་དང་དེ་ཡིན་པ་ཤེས་པར་བྱེད་དོ། །ཁ་ཅིག་གོ་ལ་དང་དེ་འདེགས་བྱེད་ཀྱི་རླུང་ཐ་དད་ཡིན་པར་བཞེད་ཀྱང་། གོ་ལ་ཉིད་རླུང་ཡིན་ཅིང་དེ་ཉིད་འཁོར་བ་ལས་བསྐོར་བྱེད་གཞན་མི་དགོས་ལ། འཇིག་རྟེན་གྱི་གོ་ལ་སྤྱི་ཞེས་པ་འདི་བསིལ་རི་ནས་མེའི་བར་དུ་ཁྱབ་པའི་བར་སྣང་ལ་གཟའ་སྐར་ཐམས་ཅད་འདེགས་པའི་ང་དེ་ཡིན་ལ། དེ་ཐམས་ཅད་ཀྱང་ཁྱིམ་བཅུ་གཉིས་སུ་འདུ་མོད་ཀྱི། དེའི་ཆ་ཤས་རྒྱུ་སྐར་རྐང་པ་དགུ་རེ་ལ་ཁྱིམ་རེར་འཇོག་པ་འདིར་གཟའ་རྒྱུ་བའི་ཆ་ནས་དུས་ཀྱི་ཆ་ཐམས་ཅད་འཇོག་དགོས་པའི་ཕྱིར། རྣམ་གཞག་ཕལ་མོ་ཆེ་འདིའི་སྟེང་ནས་བྱ་དགོས་པས་དེ་ལྟར་གོ་ལ་ཞེས་པ་ལ་སྤྱི་དང་བྱེ་བྲག དངོས་དང་བཏགས་པའི་མིང་འཇུག་ཚུལ་གྱི་ཤན་ལེགས་པར་མ་ཕྱེད་ན་མགོ་རྨོངས་པར་འགྱུར་བས་དེ་ལྟར་ཤེས་པར་བྱས་ནས། གླིང་སོ་སོའི་སྟེང་གི་ཁྱིམ་བཅུ་གཉིས་པོའི་རྒྱུ་ལམ་གྱི་ཐིག་འདེབས་ན། ཟླུམ་སྐོར་གྱི་དབུས་ཕྱེད་མར་བྱས་པའི་དཀྱིལ་དྲང་པོར་མཉམ་གཉིས་ཀྱི་ཁྱིམ་བཀོད། ཁྱིམ་བཅུ་གཉིས་པོའི་ཕྱེད་བྱང་དང་ཕྱེད་ལྷོ་རུ་གནས་ཏེ། ཐ་སྐར་དབུས་མཉམ་གྱི་རི་མོའི་ཐད་དུ་འཆར་ཚེ་ཤར་གྱི་ཕྱེད་ཕྱི་མ་ཉིད་དུ་ལུག་དང་། དབང་ལྡན་དུ་གླང་སོགས་ནས། ནུབ་ཀྱི་ཕྱེད་ཕྱི་མར་སྲང་ལ་སོགས་པ་རིམ་པར་བཀོད་པ་ལ་བརྟེན་ནས་དུས་ཀྱི་བགྲོད་པ་རྣམས་ཤེས་པར་བྱའོ། །དེ་ཡང་ཤར་གྱི་ཕྱེད་ཕྱི་མར་ལུག དབང་ལྡན་དུ་གླང་། བྱང་གི་ཕྱེད་སྔ་མར་འཁྲིག་པ། ཕྱེད་ཕྱི་མར་ཀརྐ་ཊ། རླུང་དུ་སེང་གེ། ནུབ་ཀྱི་ཕྱེད་སྔ་མར་བུ་མོ། ཕྱེད་ཕྱི་མར་སྲང་། བདེན་བྲལ་དུ་སྡིག་པ། ལྷོའི་ཕྱེད་སྔ་མར་གཞུ། ཕྱི་མར་ཆུ་སྲིན། མེ་རུ་བུམ་པ། ཤར་གྱི་ཕྱེད་སྔ་མར་ཉ་ཞེས་བྲིས་པ་ནི་ཁྱིམ་


MR17_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པའོ། །ལུག་ཤར་བ་ན་སྲང་ནུབ་པ་སོགས་ཤར་བ་ནས་བརྩིས་པའི་ཁྱིམ་བདུན་པ་ནུབ་པར་ཤེས་པར་བྱའོ། །འདིར་བཀོད་ཚུལ་འདི་ཁོ་ནའི་དབང་དུ་བྱས་ཏེ་ལྷོ་ཁྱིམ་དྲུག་གཞུ་དང་བྱང་ཁྱིམ་དྲུག་པད་འདབ་ཀྱི་རྣམ་པར་བཤད་པའང་ཡོད་དོ། །དེས་ན་གོ་ལ་འདི་ལ་གླིང་ཐམས་ཅད་སྤྱིའི་སྟེང་དུ་དུས་བཞི་འཆར་ཚུལ་དང་། གླིང་དུམ་བུ་རེ་རེའི་སྟེང་དུ་འཆར་ཚུལ་གྱི་ཐིག་གཉིས་ཡོད་པ་སྤྱི་དང་བྱེ་བྲག་ཏུ་གོ་བར་བྱའོ། །ད་ནི་རྒྱུ་སྐར་གྱི་རྐང་པ་ཡོད་པའི་གོ་ལའི་ཆ་ཤས་ལ་ཁྱིམ་གྱི་མིང་བྱེ་བྲག་ཏུ་ཆགས་པ་དེ་ཙམ་ཞིག་མིན་པར་ཁྱིམ་བཅུ་གཉིས་པོ་ཕྱོགས་ཐམས་ཅད་དུ་འཁོར་བའི་འཇིག་རྟེན་སྤྱིའི་སྟེང་གི་གོ་ལའི་རྒྱ་ཚད་གསུངས་པ། གླིང་ཐམས་ཅད་ཀྱི་ལྷོ་ཕྱོགས་མེ་ཡི་དཀྱིལ་འཁོར་ནས་བྱང་ཁ་བ་ཅན་ཆེན་པོའམ། བསིལ་བའི་རི་ཡི་མཚམས་སུ་སླེབ་པའི་གོ་ལའི་ཞེང་གི་ཐད་ཀར་དཔག་ཚད་སྟོང་ཕྲག་མཁའ་དང་ནམ་མཁའ་མཁའ་དང་མདའ་རིའོ། །ཞེས་བདུན་ཁྲི་ལྔ་སྟོང་ཡོད་དོ། །ས་ལ་ལན་ཚྭའི་རྒྱ་མཚོ་དང་ས་དཀྱིལ་གྱི་ཁ་ཞེང་བསྡོམ་པ་ལའང་ཚད་འདི་དག་གོ །ཚད་དེའི་དབུས་སུ་དཔག་ཚད་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་བར་རྒྱུ་སྐར་འཁོར་ལོ་ཕྱེད་ཀྱི་རི་མོ་དེ་ལ་ཉི་མའི་བགྲོད་པ་དག་ཀྱང་སླེབ་པ་དེའི་དུས་སུ་མཚན་མོ་ཞེས་པ་ཉིན་མཚན་གཅིག་ནི་ཉིན་མཚན་རིང་ཐུང་གི་ཚད་མཉམ་པ་ལ་སླེབས་པ་ཤེས་པར་བྱའོ། །ཀྱང་ཡིག་གི་སྒྲས་གཟའ་གཞན་ཀུན་སྡུད་དེ་དེར་སླེབས་དུས་མཉམ་ལམ་ལ་འགྲོ་བའོ། །མཉམ་པའི་ཉིན་ཞག་གཅིག་པོ་དེ་ཡི་ཕྱི་ནས་གཡས་ཏེ་ལྷོ་དང་གཡས་མིན་བྱང་དག་ཏུ་ཉི་མ་སོགས་གཟའ་རྣམས་རྒྱུ་སྟེ་ཉིན་དང་མཚན་མོ་སོ་སོར་རྒྱུ་སྐར་འཁོར་ཕྱེད་ལ་ལོངས་སྤྱོད་པའི་དབྱེ་བའི་རིམ་པ་ཡིས་སྲང་ལ་སོགས་པ་དང་ལུག་ལ་སོགས་པ་ལའོ། །ཞེས་པ་ཉི་མ་ཁ་ཤར་ལ་བལྟས་པའི་གཡས་ལྷོ་ཕྱོགས་སུ་ལྷོ་བགྲོད་མཐར་ཐུག་པའི་བར་དུ་རིམ་གྱིས་འགྲོ་བ་ལ་ཁྱིམ་གསུམ། དེ་ནས་བྱང་


MR17_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་ཀྱི་མགོ་བརྩམ་སྟེ་རིམ་གྱིས་བྱང་དུ་འོང་བས་ཉིན་མཚན་མཉམ་པའི་གནས་ཀྱི་ཚད་དེར་སླེབས་ཀྱི་བར་ལ་ཁྱིམ་གསུམ་སྟེ་སྲང་ལ་སོགས་པ་ཁྱིམ་དྲུག་དང་། ཉིན་མཚན་མཉམ་པའི་གནས་དེ་ནས་གཡས་མིན་བྱང་དུ་རིམ་གྱིས་བྱང་བགྲོད་མཐར་ཐུག་གི་བར་ལ་ཁྱིམ་གསུམ། དེ་ནས་ལྷོ་བགྲོད་ཀྱི་མགོ་བརྩམ་སྟེ་ཚུར་འོངས་པས་ཉིན་མཚན་མཉམ་པའི་གནས་དེར་སླེབས་ཀྱི་བར་ལ་ཁྱིམ་གསུམ་སྟེ་ལུག་ལ་སོགས་པ་ཁྱིམ་དྲུག་ལ་རྒྱུའོ། །ལྷོ་བྱང་གི་བགྲོད་པ་མཐར་ཐུག་པའི་ཞག་གཅིག་པོ་དེ་ལས་མགོ་བརྩམ་ནས་བགྲོད་པ་རེ་ལ་ལམ་རྣམས་ཁྱིམ་ཞག་གི་གྲངས་སུ་བྱས་ན་མཁའ་ཀླུ་ཟླ་བ་སྟེ་བརྒྱ་དང་བརྒྱད་ཅུ་འདོར་ཞིང་དེའི་རིང་ལ་ཉིན་མོ་མཚན་མོ་དག་ཀྱང་ཇི་སྲིད་བགྲོད་པ་གཉིས་པོ་དག་གི་མཐར་ཐུག་པའི་བར་དུ་རིམ་པས་རིང་ཐུང་དུ་འགྱུར་ཏེ་ཉི་མ་ཞེས་པ་ཉི་མའི་ཆ་ཉིན་མོ་དང་། རི་བོང་ཅན་ཞེས་པ་ཟླ་བའི་ཆ་མཚན་མོ་སྟེ། དེ་ལྟར་ཉི་མ་དང་རི་བོང་ཅན་གྱི་ཉིན་དང་མཚན་མོ་ཡི་ཆུ་ཚོད་བསྡོམ་ན། དྲུག་ཅུ་ཉིད་དུ་ངེས་པ་དག་ལས་མར་འགྲིབ་པ་དང་ཡར་འཕེལ་བ་དག་ནི་དྲུག་ཆས་སོ་ཞེས་པ་དྲུག་ཅུའི་དྲུག་ཆ་ནི་བཅུ་ཡིན་པས་ཀརྚ་ནས་གཞུའི་མཐར་ཐུག་པའི་བར་གྱི་ལྷོ་བགྲོད་ཀྱི་ཁྱིམ་ཟླ་དྲུག་རྫོགས་པའི་ཉིན་ཞག་ཐ་མ་ལ་ཉིན་མོ་ཆུ་ཚོད་བཅུས་ཐུང་ཞིང་མཚན་མོ་བཅུས་རིང་བ་དང་། ཆུ་སྲིན་ནས་འཁྲིག་པའི་མཐར་ཐུག་པའི་བར་གྱི་ཁྱིམ་ཟླ་དྲུག་རྫོགས་པའི་བྱང་བགྲོད་མཐར་ཐུག་གི་ཉིན་ཞག་དེ་ལ་དེ་ལས་ལྡོག་སྟེ་ཉིན་མོ་ཆུ་ཚོད་བཅུས་རིང་ཞིང་མཚན་མོ་བཅུས་ཐུང་ངོ་ཞེས་བགྲོད་པ་རེའི་འཕེལ་བའམ་འགྲིབ་པ་ཐམས་ཅད་བསྡོམ་པའི་དབང་དུ་བྱས་པའོ། །འདིར་ཞིབ་པར་ན་ཆུ་ཚོད་བཅུ་ཆུ་སྲང་བརྒྱད་དབུགས་གཉིས་ཀྱིས་འཕེལ་འགྲིབ་བྱེད་པར་བཤད་དོ། །འོ་ན་གླིང་འདིའི་དུམ་བུ་ཐམས་ཅད་དུ་འཕེལ་འགྲིབ་དེ་ལྟར་ངེས་སམ་ཞེ་ན་མ་ཡིན་ཏེ། ཀཻ་ལ་ཤའི་དུམ་བུ་སྟེ་ཤམ་བྷ་ལ་ལ་ཐུར་གྲིབ་ཀྱི་ངེས་པ་ལས་ཉིན་མཚན་


MR17_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་འགྲིབ་བཤད་པ་དེ་ལྟ་བུ་འཕགས་ཡུལ་ལ་མ་ཡིན་ཏེ་སོ་སོའི་ཡུལ་གྱི་ཐུར་ཤིང་གི་གྲིབ་མ་བརྟག་པའི་སྒོ་ནས་འཕེལ་འགྲིབ་མི་འདྲ་བ་ཡོད་པར་ཤེས་སོ། །དེའི་ཕྱིར་འཕགས་ཡུལ་དུ་བགྲོད་པ་རེ་ལ་གོང་ལྟར་བཅུ་ཆས་འཕེལ་འགྲིབ་བྱེད་ལ། དེ་བཞིན་བོད་དུ་དགུ་ཆ། ལི་ཡུལ་དུ་བརྒྱད་ཆ། རྒྱ་ནག་ཏུ་བདུན་ཆ་དག་གིས་འཕེལ་འགྲིབ་བྱེད་པ་ནས་ཤམ་བྷ་ལའི་བར་དུ་ཐུར་གྲིབ་ཀྱི་དབང་གིས་འཕེལ་ཞིང་འགྲིབ་པ་རིག་པར་བྱའོ། །ཞེས་གསུངས་སོ། །འདིར་ཤམ་བྷ་ལ་དྲུག །ཤམ་བྷ་ལའི་བྱང་གངས་ལྡན་ཏེ་དུམ་བུ་དྲུག་པར་ལྔ་ཞེས་བཤད། འདིར་གླིང་འདིར་ལྷོ་ནས་བྱང་དུ་ཤར་ནུབ་ཏུ་ཐིག་གིས་ཆ་མཉམ་དྲུག་ཏུ་ཕྱེ་བའི་ཆ་གང་ན་ཡུལ་བའི་གཙོ་བོ་འཕགས་ཡུལ་ཡོད་པའི་དུམ་བུ་ལ། འཕགས་ཡུལ་གྱི་དུམ་བུ་སོགས་ཡུལ་དྲུག་སོ་སོའི་དུམ་བུར་འདོགས་ལ། ཡུལ་གྱི་གཙོ་བོ་དེ་དག་སའི་དུམ་བུ་དེའི་ནང་ན་ཡོད་པ་ཙམ་དུ་འདྲ་ཡང་། དེའི་ཡུལ་འགའ་ཞིག་ཤར་དང་། འགའ་ཞིག་ནུབ། འགའ་ཞིག་དབུས་ཀྱི་ཆ་ལ་གནས་པ་སོགས་སྣ་ཚོགས་ཡོད་པས་ལི་དང་རྒྱ་ནག་སོགས་ལྷོ་བྱང་ཐད་མཉམ་ལ་ཡོད་མི་དགོས་ཀྱི། དུམ་བུ་དེ་དང་དེ་ན་ཡོད་པའི་ཡུལ་གྱི་གཙོ་བོས་མཚོན་ནས་དུམ་བུ་དེ་དང་དེའི་མིང་གི་ཐ་སྙད་བྱས་པ་ཤེས་པར་བྱའོ། །ཞེས་མཁས་གྲུབ་རྗེས་གསུངས་པ་ལེགས་ཏེ། ལྷོ་བྱང་དུ་ཡུལ་དྲུག་ཆ་བགོས་ནའང་ཚུལ་དེ་འདྲ་རགས་པའི་རྣམ་བཞག་སྟེ། ཞིབ་ཏུ་ས་སོ་སོའི་ལྡོག་གཉིས་སོགས་ཐུར་གྲིབ་ཀྱིས་ཤེས་པར་བྱའོ། །ད་ནི་སྟེང་དུ་རྒྱུ་སྐར་གྱི་ཁྱིམ་སོ་སོ་ལ་གནས་པའི་ཉི་མ་འཁོར་བའི་དབང་གིས་དུམ་བུ་བཅུ་གཉིས་ལ་སའི་གོ་ལ་འཁོར་ཚུལ་གསུངས་པ་ལས་དང་པོར་སྟོན་མཉམ་དང་། དཔྱིད་མཉམ་བཅུ་གཉིས་ས་དུམ་བུ་བཅུ་གཉིས་སུ་རིམ་ཅན་དུ་འཁོར་ཚུལ་ནི། གང་གི་ཕྱིར་སའི་དུམ་བུ་གང་དུ་ལུག་གི་ཉི་མ་ལ་དཔྱིད་ཕྱེད་ཀྱི་ཉིན་མཚན་མཉམ་


MR17_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན། སྲང་གི་ཉི་མ་ལ་སྟོན་གྱི་ཕྱེད་མཉམ་དུ་འགྱུར། ལུག་ལ་སྟོན་མཉམ་དུ་གྱུར་ན་སྲང་ལ་དཔྱིད་མཉམ་དུ་འགྱུར་ཏེ། དེ་ལྟར་ཕན་ཚུན་ལྟོས་པ་ཤེས་པར་བྱས་ནས། གང་གི་ཕྱིར་རི་སྟེ་སའི་དུམ་བུ་གང་ནས་བགྲང་བའི་དུམ་བུ་བདུན་པ་ལ་ནི་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ། ལྷོ་གླིང་དབུས་མའི་གླིང་འདི་ཉིད་ཀྱི་དབང་དུ་བྱས་ན་ལུག་ཁྱིམ་དུ་ཉི་མ་སླེབས་པ་ལ་དཔྱིད་མཉམ་དང་། སྲང་གི་ཁྱིམ་དུ་ཉི་མ་གནས་པ་ལ་སྟོན་མཉམ་སྟེ་དེ་ལྟར་མཉམ་གཉིས་ནི་ཁྱིམ་དེ་གཉིས་ལའོ། །དེའི་ཚེ་སའི་དུམ་བུ་འདི་ནས་བགྲང་བའི་དུམ་བུ་བདུན་པ་བྱང་གླིང་དབུས་མར་ལུག་ལ་སྟོན་མཉམ་དང་། སྲང་ལ་དཔྱིད་མཉམ་དུ་འགྱུར་རོ། །བདུན་པ་ཕན་ཚུན་མཉམ་པ་དེ་ཡི་ཕྱིར་དུམ་བུ་དང་པོ་གླིང་འདིར་བྱས་ནས་གཡས་སྐོར་གྱིས་བགྲང་བས་དུམ་བུ་གཉིས་པ་ལྷོ་ནུབ་ཀྱི་གླིང་སྟེ་ལྷོའི་གླིང་གཡོག་ནུབ་མ་དང་། དེ་ནས་བརྩིས་པས་བདུན་པ་ཡིན་ཡང་འདི་ནས་བརྩིས་པའི་བརྒྱད་པ་བྱང་ཤར་གྱི་ཆ་བྱང་གླིང་ནུབ་མའི་དུམ་བུ་དག་ལ་ངེས་པར་ཉི་མ་གླང་ཁྱིམ་ལ་གནས་པ་དང་སྡིག་པ་ལ་གནས་པ་ན་དུམ་བུ་དང་པོ་དང་བདུན་པ་ལ་བཤད་པ་དེ་བཞིན་དུ་དཔྱིད་མཉམ་དང་སྟོན་མཉམ་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་སྦྱར་ནས་བུག་པ་ཞེས་བྱ་དགུ་དང་མེ་གྲངས་གསུམ་དག་གི་དུམ་བུ་ལ་འཁྲིག་པ་དང་གཞུར་ཉི་མ་གནས་པས་སོ། །ཕྱོགས་ཀྱི་ཚད་བཅུ་དང་བཞི་པ་དག་ལ་ནི་ཉི་མ་ཀརྐ་ཊ་ལ་གནས་པ་དག་དང་ཆུ་སྲིན་ལ་གནས་པས་སོ། །ལྔ་པ་དང་བཅུ་གཅིག་པ་གཉིས་ལ་ཡང་། ཉི་མ་སེང་གེ་དང་བུམ་པར་རབ་ཏུ་ཞུགས་པས་སོ། །བཅུ་གཉིས་པ་དང་རོ་ཡི་སྟེ་དྲུག་གི་དུམ་བུའི་སར་ནི་ཉ་དང་བུ་མོར་གནས་པ་དག་ལའོ། །ས་དུམ་བུ་བཅུ་གཉིས་པོར་བགྲོད་པ་གཉིས་དང་པོར་རྩོམ་པའི་ཁྱད་པར་བཤད་པ་རང་རེ་གནས་པ་གླིང་དུམ་བུ་བཅུ་གཉིས་ཀྱི་ནང་ཚན་འཛམ་གླིང་ཆུང་ངུ་དེ་བཞིན་གཤེགས་པས་ཆོས་བསྟན་པའི་གླིང་འདི་དང་པོར་


MR17_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། གླིང་འདིར་ནི་གཡོན་བགྲོད་དེ་བྱང་བགྲོད་དུ་འགྱུར་བ་བྱང་བགྲོད་རྩོམ་པའི་ཐོག་མ་ནི་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་གནས་པ་ལ་སྟེ། དེ་བཞིན་དུ་གཡས་བསྐོར་གྱིས་བུམ་པར་ཉི་མས་བགྲོད་ཚེ་སའི་དུམ་བུ་གཉིས་པ་ལ་བྱང་དུ་བགྲོད་པར་བྱེད་དོ། །ཉ་ལ་དུམ་བུ་གསུམ་པར་རོ། །མི་རྣམས་ཀྱི་ནི་བྱང་དུ་བགྲོད་པ་དག་ཀྱང་འདི་ལྟར་ལུག་གི་ཁྱིམ་དུ་ཉི་མས་བགྲོད་པས་དུམ་བུ་བཞི་པར་རོ། །དུམ་བུ་འབྱུང་བ་ཞེས་བྱར་ཉི་མ་གླང་ལ་གནས་པས་སོ། །འཁྲིག་པར་ཉི་མ་གནས་པས་ས་ཡི་དུམ་བུ་ནི་དྲུག་པ་དང་། ས་ཡི་དུམ་བུ་བདུན་པར་ཡང་ཉི་མ་ཀརྐ་ཊ་ལ་གནས་པས་འགྱུར་ཏེ། སེང་གེ་ལ་གནས་པས་ས་ཡི་དུམ་བུ་བརྒྱད་པར་རོ། །བུ་མོས་བུག་པར་ཏེ་ས་ཡི་དུམ་བུ་དགུ་པར་རོ། །སྲང་གི་ཁྱིམ་གྱི་ཉི་མས་དུམ་བུ་བཅུ་པར་འགྱུར་ཏེ། སྡིག་པ་ཡིས་ཀྱང་དྲག་པོའི་དུམ་པུ་ལའོ། །གཞུ་ལ་ཉི་མ་གནས་པས་ལྷོ་གླིང་ཤར་མ་དུམ་བུ་བཅུ་གཉིས་པར་ཉི་མ་བྱང་དུ་བགྲོད་པར་འགྱུར་ཏེ། དེ་ལྟར་ས་དུམ་བུ་བཅུ་གཉིས་ཀྱི་མི་རྣམས་ཀྱི་བྱང་དུ་བགྲོད་པ་དག་ཀྱང་བཅུ་གཉིས་ཀྱི་རྩིབས་སམ་སའི་དུམ་བུ་བཅུ་གཉིས་ཀྱི་ས་ལ་འཁོར་བའོ། །དེ་བཞིན་ལྷོར་བགྲོད་པ་བཅུ་གཉིས་ཉིད་དུ་འགྱུར་བ་ནི་ཉི་མ་ཁྱིམ་སོ་སོར་བགྲོད་པའི་དབང་གིས་གླིང་འདིར་ཀརྐ་ཊ་དང་དེ་ནས་གཡས་བསྐོར་གྱིས་གཉིས་པར་སེང་གེ་གསུམ་པར་བུ་མོ་སོགས་འཁྲིག་པའི་བར་དུ་རིམ་པར་བགྲང་བ་ཡི་ཁྱིམ་རྣམས་དག་ལའོ། །ད་ནི་གླིང་བདུན་པ་འཛམ་གླིང་ཆེན་པོའི་ས་ཡི་དཀྱིལ་འཁོར་ལ་ཉི་མ་སྟེང་དུ་འགྲོ་བའི་ཚད་གསུངས་པ། ས་ཡི་དཀྱིལ་འཁོར་ནས་སྟེང་དུ་དཔག་ཚད་དྲུག་དང་ཀླུ་ཡི་སྟེ་བརྒྱད་ཅུ་རྩ་དྲུག་གི་གྲངས་ནི་ཉི་མའི་ཚ་བའི་གདུང་བྱེད་དག་ཀྱང་བྱང་དུ་བགྲོད་པ་དག་གི་མཐར་ཐུག་པར་འཕགས་སོ། །དེ་ནས་གཡས་ཕྱོགས་སུ་ལྷོར་བགྲོད་པ་ན་ཡང་རིམ་བཞིན་ཟད་པར་འགྱུར་ཏེ་ཇི་ཙམ་ཞེ་ན། ཀྱེ་མི་ཡི་བདག་པོ་ཞེས་བོས་ནས་བྱང་བགྲོད་ཐོག་མའི་བར་དུ་སྟོང་ཕྲག་དག་ནི་དྲག་པོའི་


MR17_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཏེ། སྟོང་ཕྲག་བཅུ་གཅིག་རིམ་པར་ཟད་ནས་ལྷོ་བགྲོད་མཐར་ཐུག་པ་དེ་དུས་གདུང་བྱེད་ས་ལས་སྟོང་ཕྲག་བདུན་ཅུ་རྩ་ལྔ་མཐོའོ། །དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་ལ་མདའ་ནི་བརྒྱད་དང་ཞེས་ལྔ་བརྒྱ་བྲལ་བར་གྱུར་པ་ནི་དབུས་ནས་ཉིན་མཚན་མཉམ་པའི་གོ་ལའི་རི་མོ་སྟེ་དེ་ཡི་སྟེང་དུ་ཉི་མ་ཡོད་པའི་ཚེས་ནས་གདུང་བྱེད་ཀྱི་བར་གྱི་གྱེན་ཚད་ལ་དཔག་ཚད་བརྒྱད་ཁྲི་ལྔ་བརྒྱའོ། །མཉམ་དུས་ཀྱི་གོ་ལའི་དབུས་ཀྱི་རི་མོ་དེ་ལས་ཉི་མ་སྟེང་དུ་འཕགས་པའི་དཔག་ཚད་ཀྱི་གྲངས་གང་ཞིག་བྱང་བགྲོད་ལ་འཕེལ་བ་དང་ལྷོ་བགྲོད་ལ་འགྲིབ་པར་འགྱུར་པ་དེ་ནི་མཁའ་མཁའ་མདའ་དང་མདའ་ནི་ལྔ་སྟོང་ལྔ་བརྒྱའོ། །དེ་ལྟར་ཚད་དེས་བྱང་དུ་མཐོ་བ་དང་ལྷོར་དམའ་བར་ཡང་ངོ་། །དེ་ཡང་རི་རབ་དཔངས་ཚད་དཔག་ཚད་འབུམ་ཡིན་ཞིང་བྱང་བགྲོད་མཐར་ཐུག་གི་ཉིན་ཉི་མ་མཐོ་དམན་རི་རབ་ཀྱི་ར་བཞི་པ་དང་མཉམ་མོ། །དེའི་ཚེ་གདུང་བྱེད་ཀྱི་སྣེ་མོ་ནས་སའི་བར་ལ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་ཏུ་བཤད་པའི་ཕྱིར། གདུང་བྱེད་ཀྱི་རྩ་བ་ཉི་མའི་དཀྱིལ་འཁོར་ལ་ཟུག་པ་ནས། ཐུར་ལ་བབ་པའི་སྣེ་མོའི་བར་གྱི་དཔངས་ཚད་སྟོང་ཕྲག་བཅུ་བཞིའོ། །དེ་ནས་ཉིན་ཞག་རེ་ལ་ཉི་མ་ཐད་ཀར་འགྲོ་བའི་རྒྱ་ཚད་ནི། ལྷོ་བགྲོད་དུ་ལན་ཚའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ༷་རུ་མེ་ཡི་དཀྱིལ་འཁོར་ལ་ཐུག་པའི་བར་དུའམ། མཚམས་སུ་སྟེང་གི་མཁའ་ལ་ཐད་ཀར་འགྲོ་བར་བྱེད་ཅིང་། དེ་ལས་ཚུར་ལོག་སྟེ་བྱང་བགྲོད་དུ་ཀཻ༷་ལ་ཤ་སྟེ་གངས་ཅན་ཆེན་པོ་བསིལ་བའི་རི་ཡི་བྱང་དུ་འགྲོ་སྟེ། ཇི་ཙམ་དུ་ཞེ་ན་གངས་ཀྱི་རི་ཡི་དཔངས་ལ་ཐུག་གི་བར་རོ། །དུས་ནི་བྱང་གི་ལམ་དུ་ཡང་ནི་བྱང་བགྲོད་ལ་གནས་པ་དེ་ཙམ་དུའོ། །མདའ་རྣམས་ཚེས་ཀྱིས་བསྒྱུར་བའི་བདུན་ཅུ་རྩ་ལྔ་ཡི་དཔག་ཚད་སྟོང་ཕྲག་རྣམས་ནི། ལྷོ་བྱང་གི་ཕྱོགས་ཀྱིས་བགྲོད་པ་དག་ལ་ཉི་མ་དེ་གངས་ཅན་ནས་མེའི་བར་དང་མེ་ནས་གངས་ཅན་གྱི་བར་དུ་འགྲོ་བར་བྱེད་དོ། །


MR17_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་སྐབས་སུ་འདིའི་དོན་འཆད་པའི་སྔ་མ་དག་གིས་མེ་དང་བསིལ་རི་ལ་རེག་པར་བཤད་པ་ཉི་མའི་གདུང་བྱེད་ཡིན་གྱི་ཉི་མ་མ་ཡིན་ཏེ་རྒྱུ་མཚན་ཉི་མ་བོད་ཀྱི་ཐད་ཀ་ལས་བྱང་དུ་མི་འགྲོ་བ་བྱང་བགྲོད་མཐར་ཐུག་དུས་ཐུར་གྲིབ་ཅུང་ཟད་བྱང་དུ་ལུས་པས་ཤེས་ལ། ལྷོ་ཕྱོགས་མེ་རི་ནི་ལྕགས་རི་ཡིན་ལ་དེའི་ཕྱི་རོལ་ན་སྐར་མ་མེད་པར་མངོན་པ་ནས་བཤད་ཀྱང་། ད་ལྟ་ལྷོ་བགྲོད་མཐར་ཐུག་པའི་ཕྱི་རོལ་ན་སྐར་མ་ཡོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །འོད་ཟེར་གྱིས་རེག་པ་ཙམ་ལ་བྱས་ན་ཧ་ཅང་ཐལ་ཏེ། དེས་ནི་བགྲོད་གཉིས་ཀྱི་མཐར་ཐུག་གི་དུས་མིན་ཡང་། མེ་རི་དང་གངས་རི་ལ་འོད་ཀྱིས་རེག་དགོས་སོ་སྙམ་པའོ། །དེ་ལ་མཁས་གྲུབ་རྗེའི་འགྲེལ་ཆེན་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས། འཛམ་གླིང་ཆུང་ངུའི་རྒྱ་ཚད་དཔག་ཚད་སྟོང་ཕྲག་ཉེར་ལྔ་ལ་འཕགས་ཡུལ་དང་བོད་སོགས་དུམ་བུ་དྲུག་ཏུ་བགོས་པས་རེ་རེའི་ཐོབ་སྐལ་ལ་དཔག་ཚད་སྟོང་ཕྲག་བཞི་དང་བརྒྱ་དང་དྲུག་ཅུ་རེ་ཕྱེད་དང་བདུན། རྒྱང་གྲགས་ཕྱེད། གཞུ་འདོམ་སུམ་བརྒྱ་དང་སོ་གསུམ། ཁྲུ་གང་སོར་བརྒྱད་འབྱུང་ཞིང་། བོད་ཀྱི་བྱང་མཐའ་ཕན་ཆད་ལ་ད་དུང་དུམ་བུ་བཞི་ཡོད་པས་གོང་གི་ཚད་བཞིས་བསྒྱུར་བས་དཔག་ཚད་ཁྲི་གཅིག་སྟོང་དྲུག་དྲུག་བརྒྱ་རེ་དྲུག་དང་རྒྱང་གྲགས་གཉིས་སོགས་འབྱུང་བས། བྱང་བགྲོད་མཐར་ཐུག་གི་ཉིན་ཉི་མ་བོད་ཀྱི་བྱང་མཐའི་སྟེང་ཐད་ནས་ཚུ་རོལ་ན། གནས་པ་ལྟ་ཞོག བྱང་མཐའི་སྟེང་ཐད་ན་གནས་པའི་དབང་དུ་བྱས་ཀྱང་། དེ་ཚེ་ཉི་དཀྱིལ་དང་ལྷུན་པོའི་བར་ལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་སོགས་བཤད་མ་ཐག་པ་དེ་ཙམ་ཡོད་པས། གདུང་བྱེད་ལ་རིང་ཚད་དཔག་ཚད་སྟོང་ཕྲག་བཅུ་བཞིར་བཤད་པས་དེའི་ཚེ་གདུང་བྱེད་རྭ་ལ་རེག་པ་ག་ལ་སྲིད། མེ་རི་དང་གངས་རིའི་བར་གྱི་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་ལ། ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་གཉིས་དང་ཕྱེད་ཀྱིས་བགོས་པས་རྙེད་


MR17_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞག་རེར་ལྷོ་བྱང་དུ་འགྲོ་བའི་ཚད་ཡིན་པས། དེ་ལ་ཞག་རེར་དཔག་ཚད་བཞི་བརྒྱ་དང་བཅུ་ནས་ཕྲ་རབ་དྲུག་གི་བར་དུ་ཡོད་པ་ནི་འཆད་པ་པོ་དེ་དག་གིས་ཀྱང་འདོད་པ་ཡིན་ནོ། །དེ་ལྟར་ན་བྱང་བགྲོད་བརྩམ་ནས་ཉིན་ཞག་བརྒྱ་དང་ལྔ་བཅུར་སོན་པ། ཉིན་ཞག་ཕྱེད་དང་བཅས་པའི་གཉིས་ཙམ་མ་ལོངས་པ་ན། ཉི་མས་དཔག་ཚད་སྟོང་ཕྲག་དྲུག་ཅུ་རེ་གཅིག་དོར་ཟིན་པ་དེ་ནས་ལྷུན་པོའི་རྭའི་བར་ལ། དཔག་ཚད་སྟོང་ཕྲག་བཅུ་བཞི་ལས་མེད་ཅིང་། གདུང་བྱེད་ལ་ཡང་ཚད་དེ་ཡོད་པས་བྱང་བགྲོད་མགོ་བརྩམ་ནས་ཉིན་ཞག་བརྒྱ་དང་ལྔ་བཅུར་ཉིན་ཞག་ཕྱེད་དང་གཉིས་ལྷག་ཙམ་གྱིས་མ་ལོངས་པ་ན་གདུང་བྱེད་ལྷུན་པོའི་རྭ་ལ་རེག་པའི་ཕྱིར་དུས་དེར་བྱང་བགྲོད་མཐར་ཐུག་པར་ཐལ་ཞིང་དེ་བཞིན་ལྷོ་བགྲོད་ལ་ཡང་མཚུངས་པས། བགྲོད་པ་གཉིས་རེ་རེ་ལ་ཟླ་བ་ལྔ་ཅུང་མེད། ལོ་རེ་ལ་ཟླ་བ་བཅུ་ཅུང་མེད་རེ་ལས་མེད་པར་ཐལ་བའི་གནོད་པ་ཐོག་ཏུ་འབབ་བོ། །དེས་ན་ཉི་མའི་དཀྱིལ་འཁོར་མཐའི་མེ་རིའི་བར་དུ་འགྲོ་ཡང་ཉི་དཀྱིལ་མེ་རི་ལ་རེག་པར་འདོད་མི་དགོས་ཀྱི། ཁོར་ཡུག་གི་ནང་མཐའི་སྟེང་ཐད་ཀྱི་ནམ་མཁའ་ལ་སླེབ་པས་ཆོག་ལ། དེ་ལྟར་གནས་པའི་ཚེ་མེ་རི་དང་ཉི་མའི་བར་ན་བར་ཐག་ཤིན་ཏུ་རིང་བའི་མཐོ་དམའི་ཁྱད་ཡོད་པའི་ཕྱིར། ལྷོ་བགྲོད་མཐར་ཐུག་གི་ཚེ་ཉི་མ་ཁོར་ཡུག་གི་སྟེང་ཐད་ན་ཡོད་ཀྱང་། ཉི་མ་དང་ཁོར་ཡུག་གི་བར་གྱི་ནམ་མཁའ་མཐོང་བ་མི་འགལ་ཞིང་། མངོན་པ་ནས་ཁོར་ཡུག་གི་ཕྱི་རོལ་ན་ནམ་མཁའ་མེད་པར་བཤད་ཀྱང་དེའི་ལུགས་ཀྱི་ཁོར་ཡུག་གི་ཞེང་ཚད་ལ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡོད་ཅིང་། དུས་འཁོར་ལུགས་ལ་ཞེང་ཚད་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡོད་པས་དེ་རྣམས་ཀྱི་ཁྱོན་གྱི་སྟེང་གི་ནམ་མཁའ་ལ་སྐར་མ་དུ་མ་ཡོད་པ་མི་འགལ་བས་སྐར་མ་དུ་མ་ལྷོ་བགྲོད་མཐར་ཐུག་གི་ཉི་མའི་མཐར་མཐོང་ཡང་འགལ་བ་མེད་དོ། །མངོན་པ་ཁུངས་སུ་བྱས་ན་ཉི་མའི་


MR17_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གཞི་མེ་ཤེལ་ལས་གྲུབ་པ་ཐུར་དུ་ས་ལ་བསྟན་ཅིང་། ལོགས་གཞན་མེ་ཤེལ་མིན་པར་བཤད་པས་གདུང་བྱེད་འཕྲེད་ལ་འགྲོ་བའི་ཤེས་བྱེད་ཀྱང་མེད་དོ། །གཞན་ཡང་ཉི་དཀྱིལ་མེ་ལ་རེག་ན་གདུང་བྱེད་སོར་གང་ཡང་དེའི་བར་དུ་ག་ལ་ཡོད། ཉི་དཀྱིལ་མེ་དང་ཆུ་ལ་རེག་ན་དེ་མཐོང་ཐབས་ཀྱང་ག་ལ་ཡོད། དེ་ལ་སོགས་པའི་ཉེས་པ་དུ་མར་འགྱུར་བ་བརྗོད་ནས། རང་ལུགས་ལ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའོ་ཞེས་གསུངས་པ་ལ། མེ་ལ་རེག་པའི་མཚན་གཞི་ཉི་དཀྱིལ་དང་གདུང་བྱེད་གཉིས་གང་རུང་ཡིན་དགོས་པར་བསམ་ནས་ལུགས་ཐ་དད་པ་སྨྲ་བར་བྱས་སོ། །དེས་ན་མེ་རི་དང་ལྷུན་པོའི་རྭ་ལ་རེག་པར་འགྲོ་བ་འདི་གོ་ལའི་དཔེ་རིས་ཀྱི་རི་མོ་བཀོད་པ་ལ་མཚོན་ནས་བསྟན་པ་སྟེ། དབུས་སུ་བསིལ་རིའི་ཕྱི་ཐིག་ཟླུམ་པོ་དང་། ཕྱི་མཐའ་མེ་རིའི་ཟླུམ་པོའི་བར་དུ་གོ་ལའི་རི་མོ་དེ་ལྟར་འཁོར་བ་དེའི་དབང་དུ་མཛད་དེ། བྱང་བགྲོད་མཐར་ཐུག་དུས་ལྷུན་པོའི་རྭ་དང་ཐད་མཉམ་དུ་ཉི་མ་སླེབས་པ་དང་། ལྷོ་བགྲོད་མཐར་ཐུག་ཉི་མ་མེ་རིའི་ནང་མཐའི་སྟེང་གི་ཐད་དྲང་ལ་སླེབས་པའི་དོན་ཡིན་ལ། དེའི་ཚེ་ཉི་མའི་གདུང་བྱེད་ཀྱི་མར་སྣེའི་རྩེ་མོ་ནས་མེ་རིའི་བར་ལ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་ཡོད་ཀྱང་། རི་མོར་བྲིས་པ་ལ་སྟེང་འོག་གི་བར་སྟོང་འཆར་ས་མ་བྱུང་བས་ལྷོ་བགྲོད་མཐར་ཐུག་གི་གོ་ལའི་རི་མོ་མེ་རི་ལ་རེག་པ་ཡིན་ནོ། །ཞེས་གསུངས་པ་ལེགས་བཤད་ཆེན་པོ་ཡིན་ནོ། །དེ་ལྟར་ཡང་ཉི་མ་གླིང་གཞན་གྱི་སྟེང་གི་ཐད་དྲང་ན་ཡོད་ཀྱང་། རང་རེས་སོ་སོའི་ཡུལ་གྱི་ཤར་རིའི་རྩེ་ཐད་ནས་ཤར་བ་ལྟ་བུར་མཐོང་བ་ཐག་རིང་པོས་བསྐལ་བའི་དོན་འདི་ལྟ་བུ་ལ་ལེགས་པར་དཔྱད་མ་ཤེས་ན་མགོ་རྨོངས་པར་འགྱུར་རོ། །དེ་ནས་ཞག་རེ་ལ་ལྷོ་འམ་བྱང་དུ་ཉི་མས་ས་ཁྱོན་ཇི་ཙམ་ཞིག་


MR17_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་ཅེ་ན། གོང་བཤད་ལྷོ་བྱང་དུ་བགྲོད་པའི་ཚད་རིལ་པོ་དེ་ལ་ཞག་ཕྱེད་དང་བཅས་པའི་མིག་ཀླུ་ཟླས་ཐོབ་ཞེས་ཉིན་ཞག་བརྒྱ་དང་བརྒྱད་ཅུ་གྱ་གཉིས་དང་ཞག་ཕྱེད་བཅས་ཀྱིས་བགོད་བྱ་བགོད་བྱེད་ཤེད་མཚུངས་སུ་བྱས་ཏེ་བགོས་པའི་ཐོབ་པ་ནི་ཉིན་ཞག་དང་ཉིན་ཞག་རེ་ལས་ས་དེ་ཙམ་ཉི་མས་འདོར་བ་ཡིན་ནོ། །ལྷོ་བྱང་དུ་བགྲོད་པའི་ས་ཁྱོན་རིལ་པོ་གང་ཞེ་ན། གོང་དུ་བསྟན་པ་ལྟར་ལྔ་དང་ས་འཛིན་སྟོང་ཕྲག་དག་ལས་སོ་ཞེས་དཔག་ཚད་སྟོང་ཕྲག་བདུན་ཅུ་དོན་ལྔ་ལ་གོ་བར་བྱའོ། །འདིར་ཞག་ཕྱེད་པོ་བཅུག་ཕྱིར་ཞག་བརྒྱ་གྱ་གཉིས་མིག་གིས་བསྒྱུར་བ་ལ་ཕྱེད་པོ་བཅུག་པས་ཞག་ཕྱེད་སུམ་བརྒྱ་རེ་ལྔ་འོང་ཞིང་། བགོད་བྱ་དཔག་ཚད་བདུན་ཁྲི་ལྔ་སྟོང་ཡང་བགོད་བྱེད་དང་ཤེད་མཚུངས་ཕྱིར་གཉིས་ཀྱིས་བསྒྱུར་བས་ཆིག་འབུམ་ལྔ་ཁྲི་ལ་བགོས་ཐོབ་དཔག་ཚད། དེ་ལྷག་བཞི་ས་བསྒྱུར་ཐོབ་རྒྱང་གྲགས། དེ་ལྷག་རྣམས་རིམ་བཞིན་ཉིས་སྟོང་དང་། བཞི་དང་། ཉེར་བཞི་དང་། བརྒྱད་པ་ལན་དྲུག་གིས་བསྒྱུར་ཐོབ། གཞུ་འདོམ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་རིམ་པར་བསྒྱུར་བགོད་བྱའོ། །དེ་ལྟར་བགོས་པས་དཔག་ཚད་བཞི་བརྒྱ་དང་བཅུ། རྒྱང་གྲགས་གསུམ། གཞུ་འདོམས་སྟོང་དང་དྲུག་བརྒྱ་དོན་གཅིག །ཁྲུམ་ཐོབ། སོར་ཉེར་གཉིས། ནས་གཉིས། ཤིག་དྲུག །སྐེ་ཚེ་དྲུག་སྐྲ་རྩེ་གཉིས། ཕྲ་མོ་དྲུག ཕྲ་རབ་དྲུག་ཐོབ་ལ། ལྷག་ཅུང་ཟད་ལུས་པ་མ་བརྩིས་ཤིང་། དེ་ལྟ་བུ་རྣམས་ཞག་རེ་ལ་བགྲོད་དོ། །དེ་ལྟར་ལུག་ལྟ་བུའི་ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དྲུག་དང་བཞི་དང་ཟླ་བ་བཅུ་གཉིས་དང་ནི་ཕྱོགས་ཉེར་བཞི་རྣམས་བྱེད་དེ་འདི་ལྟར་ས་ཡི་དུམ་བུ་དུམ་བུ་དག་ཏུ་མི་འདྲ་བའི་ཟླ་བར་འགྱུར་ཏེ་དེ་ཡང་ས་གཞི་བཅུ་གཉིས་ཀྱི་རྩིབས་རྣམས་ལ་ནི་རིམ་པས་སོ་ཞེས་པ། འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོར་བའི་


MR17_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་དུམ་བུ་སོ་སོའི་མེ་ལ་རེག་པ་གང་ཡིན་པ་དེ་ནི་མདུན་ཐད་ཀྱི་སའི་དུམ་བུ་བདུན་པའི་ཕྱོགས་སུ་བགྲོད་པ་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའོ་ཞེས་པའི་རིགས་པས་ཉི་མ་ཁྱིམ་སོ་སོར་གནས་པའི་དབང་གིས་དཔྱིད་ལ་སོགས་པའི་དུས་ཀྱི་ཚོགས་མཐའ་དག་འབྱུང་བར་རིག་པར་བྱ་སྟེ། ལྷུན་པོའི་ལྷོ་གླིང་གི་དུམ་བུ་རང་ཅག་གནས་པ་འདི་ལས་མཚོན་ན་ལུག་ཁྱིམ་ལ་ཉི་མ་གནས་པས། གླིང་འདིར་དཔྱིད་ཀྱི་དུས་ས་གའི་ཟླ་བ་བྱེད་དོ། །ས་གའི་ཟླ་བ་དེ་ནི་རང་རེའི་དཔྱིད་ཐ་ཆུང་ཡིན་ཡང་མདུན་གྱི་གླིང་བདུན་པ་བྱང་གླིང་དབུས་མར་རང་རེའི་སྨིན་དྲུག་གི་ཟླ་བ་སྟོན་ཐ་ཆུང་གི་དུས་དེ་ལྟ་བུ་དེ་ལ་འཆར་རོ། །དེས་ན་གླིང་འདིར་ས་གས་ཉ་བ་སྟེ་ཟླ་བ་ཉ་གང་བ་དང་ས་ག་ལྷན་ཅིག་འགྲོགས་པའི་དུས་དེ་ནི་གླིང་ཐམས་ཅད་ལ་འདྲ་བས། འདིར་ས་གའི་ཉ་བའི་ནུབ་མོ་གླིང་བདུན་པར་སྨིན་དྲུག་གིས་ཉ་བ་མ་ཡིན་ཏེ་དེར་ཟླ་བ་དང་སྨིན་དྲུག་འགྲོགས་པ་མེད་ཀྱང་གླིང་འདིར་སྨིན་དྲུག་གི་ཟླ་བའི་དུས་དེ་གླིང་བདུན་པར་འཆར་བ་བཞིན་གཞན་ཐམས་ཅད་ལ་གོ་བར་བྱའོ། །ཉི་མ་ལུག་ཁྱིམ་ལ་གནས་ཚེ་གླིང་འདི་ཉིད་ནས་གཡོན་སྐོར་གྱིས་བརྩིས་པས་དུམ་བུ་གཉིས་པ་གླིང་འདིའི་ཕྱོགས་བཞིའི་དབང་དུ་བྱས་པའི་རི་རབ་ཀྱི་ཤར་ལྷོའི་ཟུར་ན་གནས་པ་གླིང་འདིའི་ལྷོ་གླིང་ཤར་མ་ལུང་གཞན་ལས་རྔ་ཡབ་གཞན་དུ་གྲགས་པ་དེར་སྣྲོན་གྱི་ཟླ་བའམ་དབྱར་ར་བ་འཆར་རོ། །དུམ་བུ་གསུམ་པ་ཤར་གླིང་ནུབ་མ་མེའི་ཟུར་གྱི་ཕྱེད་གཞན་པ་ལུང་གཞན་ལས་ལུས་ཞེས་ཤར་གླིང་དབུས་མའི་གླིང་གཡོན་དུ་གྲགས་པ་དེར་ཆུ་སྟོད་ཟླ་བའམ་དབྱར་འབྲིང་པོར་བྱེད་དོ། །དུམ་བུ་བཞི་པ་ཤར་གླིང་དབུས་མ་ལུས་འཕགས་པོའི་གླིང་དུ་ནི་དབྱར་ཐ་ཆུང་གྲོ་བཞིན་གྱི་ཟླ་བ་བྱེད་དོ། །དུམ་བུ་ལྔ་པ་རི་རབ་ཀྱི་བྱང་ཤར་གྱི་ཕྱེད་ཀྱི་དུམ་བུ་ལ་གནས་པ་ཤར་གླིང་ཤར་མ་དེར་སྟོན་ར་བ་ཁྲུམས་སྟོད་ཟླ་བར་བྱེད་དོ། །དུམ་བུ་དྲུག་པ་དབང་ལྡན་གྱི་ཟུར་ཕྱེད་


MR17_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་བྱང་གླིང་ནུབ་མར་སྟོན་འབྲིང་ཐ་སྐར་ཟླ་བར་བྱེད་དོ། །དུམ་བུ་བདུན་པ་བྱང་གླིང་དབུས་མ་སྒྲ་མི་སྙན་ལ་སྟོན་ཐ་ཆུང་སྨིན་དྲུག་ཟླ་བར་བྱེད་དོ། །དུམ་བུ་བརྒྱད་པ་རླུང་གི་ཟུར་གྱི་ཕྱེད་བྱང་གླིང་ཤར་མར་དགུན་ར་བ་མགོའི་ཟླ་བ་བྱེད་དོ། །དུམ་བུ་དགུ་པ་རླུང་གི་ཕྱེད་གཞན་ལ་གནས་པ་ནུབ་གླིང་ནུབ་མ་ལ་དགུན་འབྲིང་རྒྱལ་གྱི་ཟླ་བ་བྱེད་དོ། །དུམ་བུ་བཅུ་པ་ནུབ་གླིང་དབུས་མ་བ་ལང་སྤྱོད་དུ་དགུན་ཐ་ཆུང་མཆུའི་ཟླ་བ་བྱེད་དོ། །དུམ་བུ་བཅུ་གཅིག་པ་བདེན་བྲལ་གྱི་ཟུར་ཕྱེད་ཀྱི་དུམ་བུ་ནུབ་གླིང་ཤར་མ་ལ་དཔྱིད་ར་བ་དབོའི་ཟླ་བ་བྱེད་དོ། །དུམ་བུ་བཅུ་གཉིས་པ་ལྷོ་གླིང་ནུབ་མ་རྔ་ཡབ་གླིང་ཕྲན་དུ་གྲགས་པ་རི་རབ་ཀྱི་བདེན་བྲལ་ཏེ་སྲིན་པོའི་ཕྱོགས་ཀྱི་ཟུར་ཕྱེད་གཞན་ལ་གནས་པ་དེར་དཔྱིད་འབྲིང་པོ་ནག་པའི་ཟླ་བ་བྱེད་དོ། །དེ་ལྟར་དུམ་བུ་སོ་སོར་ཟླ་བ་གཉིས་ཀྱིས་དུས་གཅིག་ཏུ་འགྱུར་བས་དུས་དྲུག་དང་། ཟླ་བ་བཅུ་གཉིས་དང་། ཕྱོགས་ཉི་ཤུ་རྩ་བཞི་རྣམས་ས་དུམ་བུ་བཅུ་གཉིས་ལ་འཁོར་ལོའི་རྣམ་པས་འཁོར་བར་ཤེས་པར་བྱའོ། །གླིང་འདིར་ལུག་གི་ཁྱིམ་ལ་ཉི་མ་གནས་པས་དཔྱིད་ཐ་ཆུང་གང་ཡིན་པའི་དུས་དེ་ནི་ཉི་ཁྱིམ་འཕོ་བའི་ཚེ་གཡས་བསྐོར་གྱིས་ལྷོ་གླིང་ནུབ་མ་རྔ་ཡབ་ཏུ་འགྲོ་ཞིང་། ལྷོ་གླིང་ཤར་མའི་དབྱར་ར་བ་དེ་གླིང་འདིར་འཕོ་བ་དེ་ལྟར་ཟླ་བ་བཅུ་གཉིས་དང་དུས་བཞི་སོགས་ཐམས་ཅད་གཡས་སྐོར་གྱིས་ས་དུམ་བུ་བཅུ་གཉིས་སུ་རིམ་པ་བཞིན་འཁོར་བ་ཡིན་ནོ། །ཉིན་མཚན་གྱི་ཚད་གང་ཞིག་ས་ཡི་དུམ་བུ་གང་དུ་ཉིན་མོའི་དབང་གིས་ཡིན་པ་དེ་ནི་དུམ་བུ་དེ་ནས་རིམ་བཞིན་བགྲང་བའི་བདུན་པ་དག་ཏུ་མཚན་མོ་ལའོ། །ཞེས་རང་གླིང་འདིའི་ཉིན་མོ་ལ་ཆུ་ཚོད་སོ་དྲུག་ཡོད་ན། བྱང་གླིང་དབུས་མ་སྒྲ་མི་སྙན་ལ་མཚན་མོ་ཆུ་ཚོད་སོ་དྲུག་ཡོད་པས་མཚན་རིང་བར་འགྱུར་ཞིང་ཉིན་མོ་ཆུ་ཚོད་ཉེར་བཞི་ལས་མེད་པར་འགྱུར་རོ། །དེའི་ཉིན་མོའི་ཆུ་ཚོད་ཉེར་བཞི་པོའི་རིང་ལ་གླིང་འདིར་མཚན་མོར་འགྱུར་རོ། །སྒྲ་མི་སྙན་དུ་མཚན་ཆུ་ཚོད་སོ་དྲུག་ཡོད་པ་དེའི་རིང་ལ་


MR17_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་འདིར་ཉིན་མོར་འགྱུར་རོ། །དེའི་ཚུལ་གྱིས་དུམ་བཅུ་གཉིས་པོ་ཐམས་ཅད་དུ་རང་རང་གི་ཐད་ཀའི་གླིང་རྣམས་སུ་ཉིན་མཚན་འཕེལ་འགྲིབ་ཤེས་པར་བྱའོ། །དེ་བཞིན་ཉིན་མཚན་མཉམ་པའང་ཐད་ཀར་ཡོད་པའི་དུམ་བུ་བདུན་པ་རྣམས་ལ་མཉམ་ཡང་ཅིག་ཤོས་ལ་ཉིན་དུ་གྱུར་པའི་ཚེ་ཅིག་ཤོས་ལ་མཚན་དུ་གྱུར་པ་ཡིན་ནོ། །ཉི་མའི་འོད་ཀྱིས་ཇི་ཙམ་ཁྱབ་པ་གསུངས་པ། ལན་ཚྭའི་རྒྱ་མཚོའི་མཐའ་སྐོར་འབུམ་ཕྲག་དྲུག་གིས་འཁོར་བའི་ཟླུམ་པོར་གནས་པ་དེ་ལས། ཉི་མའི་ལམ་ཕྱེད་དེ་རྒྱ་མཚོའི་དབུས་ནས་ཕྱེད་མར་བྱས་པའི་ཟླུམ་པོའི་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་འོད་ཀྱིས་ཁྱབ་ནུས་ཏེ་དེའི་ཕྱིར་ཉི་མའི་མདུན་དུ་ཞེས་གོ་ལའི་རླུང་འགྲོས་ཀྱི་དབང་གིས་ཉི་མ་ཤར་བ་ན་ཉིན་མོ་དང་ནི། རྒྱབ་ཏུ་སྟེ་ཉི་མ་ནུབ་པ་ན་མཚན་མོའོ། །དེ་ལྟ་ན་ཉི་འོད་ཀྱིས་རྒྱ་མཚོའི་ཕྱེད་ཀ་རེ་ཁྱབ་སྟེ། རི་ཡི་རྒྱལ་པོ་རི་རབ་དག་ནི་ས་དུམ་བུ་བཅུ་གཉིས་ལ་གནས་པའི་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ན་གནས་པར་འགྱུར་རོ་མི་ཡི་བདག་པོ་ཟླ་བ་བཟང་པོ་ཞེས་བོད་པའོ།། དེའི་རྒྱུ་མཚན་ཕྱོགས་གང་ནས་ཉི་མ་འཆར་བ་དེ་ཤར་དུ་འགྱུར་ཏེ། དབུས་ཀྱི་རི་རབ་ལྷུན་པོ་དང་མཉམ་པ་སྟེ་རི་རབ་ཀྱི་དབུས་དྲང་པོའི་ཐད་དུ་རི་རབ་ཀྱི་ཕྱི་རོལ་ན་ཡོད་པའི་གངས་རིའི་བར་འགྲོ་བ་དེ་ཕྱོགས་ལ་བྱང་དང་། མེ་རིའི་བར་བགྲོད་པའི་ཐད་ཀ་དེ་ལ་ལྷོ་ཞེས་བྱ་སྟེ། གླིང་གི་དབུས་ནས་ལྷོ་བྱང་དུ་བགྲོད་པ་ཡི་ལམ་དེ་ལ་ལྷོ་དང་བྱང་དག་ཏུ་མིང་འདོགས་པ་དང་། ཉི་མ་དེ་ནི་ནུབ་པ་ནུབ་ཀྱི་ཕྱོགས་ཞེས་བྱའོ། །དེའི་ཕྱིར་ལྷོ་འཛམ་བུ་གླིང་ན་གནས་པ་རྣམས་ཀྱིས་ཤར་ན་ལུས་འཕགས་པོའི་གླིང་ཡོད་པར་བྱེད་དོ། །ནུབ་བ་ལང་སྤྱོད་པ་རྣམས་ཀྱིས་འཛམ་བུ་གླིང་ཤར་ན་ཡོད་པར་བྱེད་དོ། །སྒྲ་མི་སྙན་པས་བ་ལང་སྤྱོད་ཤར་ཕྱོགས་སུ་ཡོད་པར་བྱེད་དོ། །ལུས་འཕགས་པོའི་གླིང་ན་གནས་པ་རྣམས་ཀྱིས་སྒྲ་མི་སྙན་ཤར་ཕྱོགས་སུ་ཡོད་པར་བྱེད་དེ་ཉི་


MR17_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁོར་བའི་དབང་གིས་སོ། །གླིང་འདི་ཉིད་དུ་ཉི་མ་ཤར་ནས་ཆུ་ཚོད་ལྔ་སོང་བ་ན། ལྷོ་གླིང་ནུབ་མར་ཉི་མ་འཆར་བར་འགྱུར་བ་ལྟར་དུམ་བུ་སོ་སོར་གཡས་སྐོར་གྱི ས་དབྱུག་གུ་ལྔ་རེ་ལྔ་རེས་སྔ་མ་ཤར་བའི་རྗེས་སུ་ཕྱི་མར་འཆར་བ་ཤེས་པར་བྱའོ། །དུས་ནི་ཉིན་མོ་གཅིག་ལ་སྔ་དྲོ་ཉིན་གུང་ཕྱི་འཕྲེད་གསུམ་དང་། ཐུན་མཚམས་ནི་ཉིན་མཚན་གཅིག་ལ་སྔ་དྲོའི་ཐུན་མཚམས་དང་། ཉིན་གུང་གི་ཐུན་མཚམས་དང་། ཕྱི་འཕྲེད་ཀྱི་ཐུན་མཚམས་དང་། མཚན་ཕྱེད་ཀྱི་ཐུན་མཚམ་བཞི་སྟེ་གུང་གཉིས་དང་འཆར་ནུབ་གཉིས་པོ་དང་། ཐུན་ཚོད་ནི་བརྒྱད་དེ་ཉིན་མོ་ལ་བཞི་དང་མཚན་ལ་བཞིར་བགོས་པ་ཡི་ཆ་རེའི་དུས་སོ། །དེ་ལྟར་ཉིན་དང་མཚན་མོ་ཡི་དུས་ཀུན་ཏུ་ནི་དུས་དང་ཐུན་མཚམས་ལ་སོགས་པའི་རྣམ་པར་ཡང་དག་པར་རྒྱུ་བ་རྣམས་ནི་སའི་དུམ་བུ་ནས་དུམ་བུར་ལྷུན་པོའི་ཕྱོགས་རྣམས་སུ་རིམ་པར་འཁོར་རོ། །དེ་ལྟར་འབྱུང་བ་ཡང་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་དུས་སོ་སོར་ཕྱེ་བར་གྱུར་པ་ཡིན་ཏེ། ཞག་གཅིག་ལ་དུས་གསུམ་དུ་ཕྱེ་བ་ན་དུས་སྦྱོར་བཞི་རེས་འཁོར་རོ། །ཐུན་མཚམས་བཞིར་ཕྱེ་བ་དུས་སྦྱོར་གསུམ་རེས་འཁོར་རོ། །ཐུན་ཚོད་བརྒྱད་དུ་ཕྱེ་ན་ཐུན་ཚོད་རེ་དུས་སྦྱོར་ཕྱེད་གཉིས་རེས་འཁོར་རོ། །དེ་བཞིན་དུ་དུས་སྦྱོར་རེ་རེ་ནི་དབྱུག་གུ་ལྔས་འཁོར་རོ། །ཐུན་ཚོད་ཕྱེད་དུ་བྱས་པ་བཅུ་དྲུག་ནི་ཐུན་ཚོད་ཕྱེད་པ་རེ་རེས་འཁོར་རོ། །ཡུད་ཙམ་ནི་ཐུན་ཚོད་ཀྱི་ཕྱེད་བཅུ་དྲུག་སླར་ཡང་ཕྱེད་མར་བྱས་པས་སོ་གཉིས་ཀྱིས་ཡུད་ཙམ་སོ་གཉིས་འཁོར་རོ། །འདི་དག་རགས་པ་ཙམ་སྟེ་ཞིབ་པ་རྗེས་སུ་འཆད་དོ། །ཆུ་ཚོད་རེ་རེ་ཆུ་སྲང་དྲུག་ཅུས་འཁོར་བ་སྟེ་རྫོགས་སོ། །ཆུ་སྲང་སོ་སོའམ་རེ་རེའི་དབུགས་དྲུག་གིས་འཁོར་ཏེ། དེ་ལྟར་ཉིན་དང་མཚན་དུ་ནང་དུ་ལུས་ཅན་རྣམས་ཀྱི་དབུགས་ཀྱི་དབྱེ་བ་དང་། ཕྱི་རོལ་ཁྱིམ་གྱི་དུས་སྦྱོར་གྱི་དབྱེ་བས་དུས་ཀྱི་ཚད་མི་འདྲ་བ་སྣ་ཚོགས་སུ་འབྱུང་ཞིང་བགྲོད་དོ། །དེ་ལྟ་བུར་དུས་


MR17_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་དབྱེ་བས་ཕྱེ་བའི་དུས་དེ་རྣམས་རི་རབ་ལྷུན་པོའི་ཕྱོགས་རྣམས་སུ་ནི་རབ་ཏུ་གསལ་བའམ་ངེས་པར་ཉི་མའི་ཞེས་བཅུ་གཉིས་ཀྱི་ས་ལ་སྟེ། ས་དུམ་བུ་བཅུ་གཉིས་སུ་འཁོར་བ་ནི་ཉི་མ་ཁྱིམ་གང་དུ་ཞུགས་པ་དང་གོ་ལའི་རི་རླུང་འགྲོས་ཀྱི་དབང་གིས་ཞག་གཅིག་ལའང་དུས་ཀྱི་དབྱེ་བ་དེ་ལྟ་བུ་འཁོར་ཞིང་འགྲོད་པ་འབྱུང་བ་ཡིན་ནོ། །ད་ནི་ཉི་མས་གོ་ལའི་རླུང་འགྲོས་ཀྱི་དབང་གིས་ས་ཁྱོན་ཇི་ཙམ་ཆོད་པ་གསུངས་པ། ཆུ་ཚོད་གཅིག་གི་ཡུན་ནམ་དུས་ཏེ་དབུགས་སུམ་བརྒྱ་དྲུག་ཅུའི་ཡུན་ལ་དཔག་ཚད་སྟོང་ཕྲག་དྲུག་དང་ནི་རྐང་པ་ཞེས་པ་སྟོང་ཕྲག་ཁ་མ་ལོངས་པའི་དཔག་ཚད་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་ཉིན་མོར་བྱེད་པ་མཁའ་ལ་གཡས་བསྐོར་དུ་འགྲོ་བ་སྟེ། དཔག་ཚད་སྟོང་ཕྲག་དྲུག་དང་ཉིས་བརྒྱ་ལྔ་བཅུ་ཡི་ས་དེ་ཙམ་ཆུ་ཚོད་གཅིག་གི་ཡུན་ལ་བགྲོད་ནུས་པ་འདི་ནི་གོ་ལའི་བགྲོད་པའི་དབང་གིས་ཡིན་གྱི་ཉི་མ་རང་གི་བགྲོད་པའི་འགྲོས་ཀྱིས་ནི་མ་ཡིན་ནོ། །ཉིན་ཞག་གཅིག་གི་ཚད་ཆུ་ཚོད་དྲུག་ཅུ་ལ་ནི་གོང་གི་ཚད་དེ་དྲུག་ཅུས་བསྒྱུར་བ་མེ་འབུམ་དག་དང་ལྔ་དང་རི་བོའི་སྟོང་ཕྲག་ཞེས་སུམ་འབུམ་བདུན་ཁྲི་ལྔ་སྟོང་གི་དཔག་ཚད་ཀྱི་ཁྱོན་ཉིན་དང་མཚན་མོ་ཟུང་དག་གི་ཉིན་ཞག་གཅིག་ཏུ་བགྲོད་ཅིང་འཁོར་བར་བྱེད་དོ། །ཚད་དེའི་ཆུ་ཚོད་གཅིག་གི་བགྲོད་པའི་ཆ་དབུགས་ལ་ཐོབ་པ་དཔྱད་ན། དབུགས་གཅིག་གི་ཡུན་ལ་དཔག་ཚད་བཅུ་བདུན། རྒྱང་གྲགས་གཅིག །གཞུ་འདོམས་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་ལྷག་ཙམ་རེ་བགྲོད་པར་འགྱུར་རོ། །དེ་ཡང་ཉི་མ་ལྷོ་བགྲོད་མཐར་ཐུག་གི་ཉིན་ལྟ་བུ་ལ་མཚོན་ན། ཉི་མ་གླིང་འདིའི་མེ་རིའི་ནང་མཐའི་ཐད་མཉམ་དུ་སླེབ་ཅིང་། སྒྲ་མི་སྙན་གྱི་རི་རབ་ཀྱི་རྭ་དང་ཐད་མཉམ་དུ་སླེབ་ལ། རི་རབ་ཀྱི་རྭ་ནས་གླིང་འདིའི་ལྷོའི་མེ་རིའི་ནང་མཐའི་བར་ལ་ཐད་ཀར་དཔག་ཚད་འབུམ་ཕྲག་གཅིག་དང་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡོད་པ་དེ་ཉིད་ཟླུམ་པོའི་མཐའ་སྐོར་ལ་


MR17_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་འགྱུར་དུ་འགྲོ་བས་དཔག་ཚད་སུམ་འབུམ་ཁྲི་བདུན་སྟོང་ལྔར་འགྱུར་བ་དེ་གོ་ལའི་ཁྱིམ་གཅིག་གི་ཟླུམ་སྐོར་གྱི་མཐའ་ཚད་ཡིན་པས་ཁྱིམ་བཅུ་གཉིས་པོ་གང་དུ་ཉི་མ་ཡོད་ཀྱང་འཁོར་ཚད་དེ་ཁོ་ནར་ངེས་སོ། །དེའི་ཕྱིར་ཁྱིམ་བཅུ་གཉིས་ཀྱི་ཆ་ལ་གནས་པའི་སྐར་མ་གཞན་ཐམས་ཅད་དེ་ལྟར་ཉིན་ཞག་གཅིག་གིས་རི་རབ་ལ་འཁོར་བར་འགྱུར་རོ། །དེ་ལྟར་གོ་ལ་ནི་རླུང་གི་ཤུགས་ཀྱིས་རྟག་ཏུ་གཡས་སུ་འཁོར་བ་ཡིན་ལ། ཁ་ཤར་དུ་ཕྱོགས་པའི་གཟའ་བརྒྱད་པོ་རྣམས་ནི་རང་འགྲོས་ཀྱིས་རྒྱུ་སྐར་ལ་རིམ་པར་སྤྱོད་པས་རི་རབ་ལ་གཡོན་དུ་བསྐོར་བར་བྱེད་ལ། སྒྲ་གཅན་རང་འགྲོས་ཀྱིས་ནི་རི་རབ་ལ་རྟག་ཏུ་གཡས་སུ་བསྐོར་བའི་ཚུལ་དུ་རྒྱུའོ། །དེ་ཕྱིར་སྒྲ་གཅན་ནི་བསོད་ནམས་ལྡན་པ་ཡིན་གྱི་སྡིག་པའི་གཟའ་མིན་པ་དང་། གཟའ་གཞན་སྡིག་པར་བརྗོད་པ་ཡང་ཡོད་དོ། །བཀྲ་ཤིས་སོགས་འཁྱོགས་འགྲོས་ཀྱི་ཚེ་འགའ་ཞིག་ཏུ་གཡས་སུ་རྒྱུ་སྐར་ལ་ལུགས་ལྡོག་ཏུ་སྤྱོད་པ་ཅུང་ཟད་རེ་སྲིད་ཀྱང་དེ་ནི་རྒྱུན་གྱི་འགྲོས་མ་ཡིན་པས་སྒྲ་གཅན་མ་གཏོགས་པའི་གཟའ་གཞན་རི་རབ་ལ་རང་འགྲོས་ཀྱིས་གཡོན་དུ་བསྐོར་བ་ཞེས་བྱའོ། །སྐར་མ་བརྟན་པ་རྟག་ཏུ་གནས་གཅིག་ཏུ་ཡོད་པ་ནི་ཁྱིམ་བཅུ་གཉིས་པོའི་རླུང་འགྲོས་ཀྱིས་འཁོར་བ་རྣམས་ལ་མི་གཏོགས་པ་ཞིག་གོ། དྲང་སྲོང་རི་བྱི་ཡང་གོ་ལའི་གདུགས་ཀྱི་ཤམ་བུའི་ཚུལ་དུ་ཡོད་པར་བཤད་པ། དུས་རྒྱུན་དུ་མི་འཆར་བ་ཡང་འཁོར་བར་བྱེད་པའི་ཁྱིམ་བཅུ་གཉིས་སུ་ཡོད་པ་ཞིག་མ་ཡིན་པ་འདྲའོ། །ཁྱིམ་ཆེན་པོ་བཅུ་གཉིས་ལ་ཁྱིམ་གྱི་འཁོར་དུ་མ་ཡོད་པར་གསུངས་པ་ལྟར་འདི་དག་གི་དོན་ཅི་འདྲ་ཞིག་ཡིན་པ་འཆད་བྱེད་ཀྱི་ལུང་ཡོད་ན་ཤེས་ནུས་ཀྱི་རིག་པ་ཁོ་ནས་བགྲོད་མི་ནུས་པ་ཞིག་གོ། དེ་ལྟར་སུམ་འབུམ་ལ་སོགས་པ་བགྲོད་པར་བྱེད་པ་དེ་ནི་ཉིན་དང་མཚན་མོར་ཁྱིམ་གྱི་གོ་ལ་ཕྱེད་ལ་མཉམ་པའི་རི་མོའི་སྟེང་དུ་ཉི་མ་སླེབས་པའི་ཚེ་མཁའ་མེ་ཡི་ཆུ་ཚོད་བགྲོད་དེ་ཉིན་


MR17_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སུམ་ཅུ་དང་མཚན་ལའང་སུམ་ཅུ་བགྲོད་དོ། །མཉམ་པའི་རི་མོ་དེ་ནས་གོ་ལ་དག་ལ་གཡས་ལྷོ་སྟེ་མེ་རིའི་ཕྱོགས་སུ་ཁྱིམ་གསུམ་དང་ནི་གཡས་མིན་བྱང་སྟེ་རི་རབ་ཀྱི་ཕྱོགས་དག་ཏུ་གསུམ་སྟེ་བགྲོད་པའི་དབང་གིས་ཉིན་ཚད་འཕེལ་བ་དང་འགྲིབ་པ་ཆུ་ཚོད་ལྔ་སྟེ། ལྷོ་བགྲོད་ཀྱི་ཁྱིམ་ཟླ་གསུམ་ལ་ཉིན་མོ་ཆུ་ཚོད་ལྔ་འགྲི༷བ་ཅིང་མཚན་དེ་ཙམ་འཕེལ་བ་དང་བྱང་བགྲོད་ཀྱི་ཁྱིམ་ཟླ་གསུམ་ལ་ཉིན་མོ་ལྔ་འཕེལ་བ་དང་མཚན་འགྲིབ་པ་དེ་ལྟར་ཆུ་ཚོད་ལྔ་འཕེལ་འགྲིབ་བྱེད་པ་སྟེ་སྔར་ཡང་བརྗོད་ཟིན་ཏོ། །དེའི་ཉིན་ཞག་སོ་སོར་ཏེ་རེ་རེ་བཞིན་དུ་འཕེལ་འགྲིབ་དེ་ནི་དབུགས་ཟུང་དང་ཆུ་སྲང་གསུམ་རེས་འཕེལ་བའམ་འགྲིབ་པར་བྱེད་དོ། །ཚད་འདི་ཀཻ་ལཱ་ཤའི་དུམ་བུའི་དབང་དུ་བྱས་པ་ཡིན་གྱི་འཕགས་ཡུལ་སོགས་ལ་མ་ཡིན་ནོ་ཞེས་འགྲེལ་ཆེན་ལས་གསུངས་ཏེ། འཕགས་ཡུལ་དུ་ཉིན་ཞག་རེ་ལ་ཆུ་སྲང་གཉིས་འཕེལ་བའམ་འགྲིབ་པར་གསུངས་སོ། །དེས་ན་ཟླ་བ་རེ་ལ་ཆུ་ཚོད་རེ་ལོངས་པས་ཉིན་མཚན་མཉམ་པའི་དུས་དེའི་རྗེས་ནས་ཟླ་བ་གསུམ་གྱིས་ཆུ་ཚོད་གསུམ་འཕེལ་བའམ་འགྲིབ་པར་གསུངས་པས། དེ་གཉིས་ཀྱི་བར་གྱི་དུམ་བུ་རྣམས་དེ་ལས་དཔགས་ཏེ་ཤེས་ནུས་སོ། །ཀཻ་ལཱ་ཤའི་དུམ་བུ་དེའི་དབང་དུ་བྱས་པའི་དུས་སྦྱོར་གྱི་འཆར་ཚད་ནི། ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་འགྱུར་བ་མཁའ་དགུ་ལག་སྟེ་ཉིས་བརྒྱ་དགུ་བཅུའོ། །ཆུ་སྲང་མཁའ་དུས་མིག་སྟེ་ཉིས་བརྒྱ་དྲུག་ཅུ་ནི་གླང་ལ་འགྱུར་རོ། །ཟུང་ངམ་འཁྲིག་པ་དག་ལ་ཡང་མཁའ་མཁའ་གཉིས་ཏེ་ཉིས་བརྒྱའོ། །མདའ་དང་རོའི་ཆུ་ཚོད་དུ་འགྱུར་བ་ནི་རིམ་བཞིན་ཀུ་ལཱི༷་ར་ཞེས་པ་རུས་སྦལ་ཏེ་ཀརྐ་ཊ་དང་སེང་གེ་ལའོ་ཞེས། ཀརྐ་ཊའི་ཆུ་ཚོད་ལྔ་ནི་ཆུ་སྲང་སུམ་བརྒྱའོ། །སེང་གེའི་ཆུ་ཚོད་དྲུག་ནི་ཆུ་སྲང་སུམ་བརྒྱ་དྲུག་ཅུའོ། །བུ་མོ་ལ་ནི་ཕྱེད་དང་བཅས་པའི་ཆུ་ཚོད་དྲུག་སྟེ་ཆུ་སྲང་སུམ་བརྒྱ་དགུ་བཅུའོ། །ངེས་པར་


MR17_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་སོགས་ལྷག་མ་དྲུག་ནི་རིམ་པ་མིན་པས་ཡར་དེ་བཞིན་ཏུ་སྦྱར་བས་དུས་སྦྱོར་བཅུ་གཉིས་པོ་ཐམས་ཅད་ལ་རང་རང་གི་ཆུ་སྲང་འཆར་ཚད་དུ་འགྱུར་ཏེ། བུ་མོའི་ཚད་དེ་སྲང་གི་ཡིན་པ་ནས་ལུག་གི་ཚད་དེ་ཉ་ཡི་ཡང་ཡིན་པའི་བར་དུ་འདི་ལྟར། སྲང་དང་བུ་མོ། སྡིག་པ་སེང་གེ། གཞུ་ཀརྚ། ཆུ་སྲིན་དང་འཁྲིག་པ། བུམ་པ་གླང་། ཉ་ལུག་དག་འཆར་ཚད་གཅིག་པར་ཤེས་པར་བྱའོ། །དེ་ལྟར་དུས་སྦྱོར་སོ་སོའི་ཚད་འདི་ནི་རང་རང་གི་ཁྱིམ་དེ་ས་དེར་ཤར་ནས་ཕྱི་མ་འཆར་བའི་བར་གྱི་ཡུན་གྱི་ཚད་ཡིན་ལ་འདི་ཀཻ་ལཱ་ཤའི་ཡུལ་དུ་ངེས་པའོ་ཞེས་གསུངས་པ་ཀཻ་ལཱ་ཤ་གངས་ཀྱི་མིང་ཡིན་ཡང་ཤམ་བྷ་ལའི་ཡུལ་གངས་རིས་བསྐོར་བའི་དབང་གིས་ཤམ་བྷ་ལ་ཉིད་ལ་གོ་དགོས་ཀྱི་ཤམ་བྷ་ལའི་བྱང་ན་ཡོད་པའི་དུམ་བུ་དྲུག་པ་གངས་ལྡན་གྱི་ཡུལ་ལ་མ་ཡིན་པས་འདི་གཉིས་ཤན་ཕྱེད་དགོས་ཏེ་ཀཻ་ལཱ་ཤའི་དུམ་བུ་ཞེས་པའང་ཤམ་བྷ་ལ་ཉིད་ལ་བཟུང་ན་ལེགས་སོ། །དབྱངས་འཆར་གྱི་རྒྱུད་ལས། ནམ་མཁའ་མཁའ་ཟུང་ལུག་གི་ཚད། །ཅེས་སོགས་བཤད་པ་དང་མི་མཐུན་པ་ནི། དབྱངས་འཆར་གྱི་དེ་ནི་ཀཻ་ལཱ་ཤའི་བྱང་གི་ཆ་ཁ་བ་ཅན་གྱི་བར་དུ། ཉིན་རིང་དུས་ཆུ་ཚོད་སོ་དྲུག་ཐུང་དུས་ཉེར་བཞི་འཆར་བ་དེའི་དབང་དུ་བྱས་པ་དང་། འདིར་ཀཻ་ལཱ་ཤའི་དུམ་བུ་གང་ལ་ཉིན་རིང་དུས་ཆུ་ཚོད་སོ་ལྔ་དང་། ཐུང་དུས་ཉེར་ལྔ་འཆར་བའི་དབང་དུ་བྱས་པའོ་ཞེས་བླ་མ་སྔ་མ་དག་འཆད་དོ། །སྐབས་འདིར་བོད་ཀྱི་བླ་མ་དག་ཡུལ་དྲུག་གི་ནང་ཚན་རི་རབ་ལ་ཉེ་ཤོས་གངས་ལྡན་དུ་ཆུ་ཚོད་བཅུ་གཉིས་ཀྱི་འཕེལ་འགྲིབ་དང་། བོད་དུ་ཆུ་ཚོད་དགུས་འཕེལ་འགྲིབ་བྱེད་པའི་དབང་དུ། ལུག །གླང་། འཁྲིག །ཀརྚ། སེང་གེ། བུ་མོ། སྲང་སྡིག་གཞུ། ཆུ་སྲིན། བུམ་པ། ཉ། ཞེས་བཤད། ལི་ཡུལ་དུ་བརྒྱད་ཀྱིས་འཕེལ་འགྲིབ་བྱེད་པའི་


MR17_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ཏེ། ལུག་ལ་ཆུ་ཚོད་ལྔ། གླང་ལ་དབྱུག་བཞི་ཆུ་སྲང་བཞི་བཅུ་སོགས་བཀོད་པ་འདུག་གོ། ཁྱིམ་རྣམས་ཀྱི་ཚད་ལ་ཁྱད་མེད་ཀྱང་ས་ཡི་དུམ་བུ་སོ་སོར་དུས་སྦྱོར་གྱི་འཆར་ཚད་མི་འདྲ་བ་འོང་བ་ནི་རང་རང་གིས་དེར་ཁྱིམ་སོ་སོ་ལ་བགྲོད་པ་སོ་སོ་འབྱུང་བས། རང་རང་གི་དུམ་བུའི་གོ་ལ་ཟླུམ་པོའི་ཐིག་གི་མཉམ་ལམ་ནས་བྱང་ཕྱོགས་ཀྱི་ནུབ་ཀྱི་ཁྱིམ་གསུམ་དང་ཤར་གྱི་གསུམ། ལྷོ་ཕྱོགས་ཀྱི་དེ་གསུམ་ལ་བགྲོད་པ་གཉིས་མཐར་ཐུག་པའི་ཞག་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ཁྱིམ་དེ་རྣམས་ས་དེར་ནམ་མཁའ་ལས་འཆར་བའི་ཚེ་རྒྱུ་སྐར་ཁྱིམ་གྱི་གོ་ལའི་ཆ་དེ་སྣེ་ནས་རིམ་པར་ཡོངས་རྫོགས་སུ་འཆར་བ་དང་། ཁུག་མགོའི་ནང་ནས་འཆར་ཚུལ་གྱི་དབང་གིས་རིང་ཐུང་འོང་བ་འདྲའམ་སྙམ་སྟེ་སླར་དཔྱད་པར་གྱིས་ཤིག །ཁྱིམ་འཆར་ཚད་རིང་བ་དྲུག་གི་ཚད་རྣམས་བསྡོམ་པས་ཉིན་རིང་ལ་ཐུང་བ་དྲུག་གི་ཚད་བསྡོམ་པས་ཉིན་ཚད་ཐུང་བ་སོགས་དང་། ཁྱིམ་ལ་འཆར་ཚད་རིང་ཐུང་ཡུལ་སོ་སོར་བཤད་ཀྱང་ཐམས་ཅད་ཆུ་ཚོད་དྲུག་ཅུ་ལ་རྫོགས་པར་དུམ་བུ་ཀུན་ལ་འདྲ་དགོས་པ་དང་། ཉིན་མཚན་འཕེལ་འགྲིབ་རིང་ཐུང་དུམ་བུ་སོ་སོ་ལ་མི་འདྲ་ཡང་ཉིན་མཚན་བསྡོམ་ན་ཆུ་ཚོད་དྲུག་ཅུར་འདྲ་དགོས་པ་དང་། དེ་ཡང་སྤྱིར་རགས་པར་གླིང་འདིར་ལྷོ་ནས་བྱང་དུ་ཆ་དྲུག་བགོས་པའི་དུམ་བུ་ལ་ལྷོ་ནས་བྱང་དུ་རིམ་བཞིན། འཕགས་ཡུལ་དང་། བོད་དང་། ལི་དང་། རྒྱ་ནག་དང་། ཤམ་བྷ་ལ་དང་། གངས་ལྡན་དྲུག་གི་ཡུལ་མིང་གཙོ་བོའི་ཆ་ནས་བཏགས་ལ། དེ་དག་ཏུ་ཉིན་མཚན་མི་འདྲ་བ་འོང་བ་སྤྱིར་རགས་པར་བསྟན་པ་དང་། ཞིབ་ཏུ་མཎྜལ་ཁྲུ་གང་བ་སྟེང་མ་ཡོ་བར་བཞི་མཉམ་པའི་དབུས་སུ་ཐུར་ཤིང་མཐོ་གདབ་བཙུགས་ཏེ་ལྷོ་བྱང་དུ་བགྲོད་ཉེ་བའི་ཞག་བཅུའི་སྔ་ལོགས་ནས་བརྟག་པས་ཐུར་གྲིབ་ལོག་པར་གྱུར་པ་ལས་ཉི་མ་ལྷོ་བྱང་དུ་བགྲོད་པའི་ཞག་ངོས་བཟུང་ནས་དེ་ཡི་ཉི་སྐར་སོགས་ངེས་པར་བྱེད་པའི་ཚུལ་འདི་གོ་ལའི་ཐིག་རྣམས་


MR17_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུད་དང་འགྲེལ་བའི་གཞུང་རྣམས་ཞིབ་ཏུ་བསྡུར་ཏེ་དཔྱད་ན་གོ་རྒྱུ་ལེགས་པོ་ཡོད་པ་གཞིར་བཅས་ཀྱང་སྔ་མ་ཚོའི་དཔྱད་པའི་ཡིག་འཇོག་རྣམས་ལས་གསར་དུ་བརྟག་པ་བགྱིད་པའི་ངལ་བ་དང་དུ་མ་བླངས་པ་ནི་རང་ཉིད་ན་ཚོད་ཡོལ་ཞིང་ནད་ཀྱིས་མནར་བའི་དབང་གིས་སོ། །དེ་ཡང་རྒྱུ་སྐར་གྱི་འཁོར་ཕྱེད་སྐར་མ་བཅུ་གསུམ་དང་སྐར་མ་གཅིག་གི་ཕྱེད་ཆུ་ཚོད་སུམ་ཅུ་དང་བཅས་པའི་ས་ཁྱོན་ལ་གནས་པའི་དུས་སྦྱོར་དྲུག་གིས་ཉི་མ་དེ་ནུབ་པར་འགྱུར་ཏེ་གང་ཕྱིར་ཉི་མ་འཆར་བ་དག་ཀྱང་དེ་བཞིན་དུ་ཉི་མའི་འོད་ཀྱིས་ཁྱབ་པའི་རྒྱུ་སྐར་ཕྱེད་བཅས་བཅུ་གསུམ་པོའི་དབྱེ་བས་སོ་ཞེས་མདོར་ན་དུས་སྦྱོར་བཅུ་གཉིས་པོ་ཉིན་ཞག་གཅིག་ལ་འཁོར་བ་དེའི་དྲུག་ཉིན་མོ་འཆར་བ་དང་དྲུག་མཚན་མོར་འཆར་བར་ངེས་ཀྱི་རྒྱུ་སྐར་འཁོར་ལོའི་ཕྱེད་ལས་ལྷག་པ་ཉི་འོད་ཀྱིས་མི་ཁྱབ་པའི་ཕྱིར་རོ། །ས་སོ་སོར་ཁྱིམ་རྣམས་ཀྱི་འཆར་ཚད་རིང་ཐུང་ཡོད་པ་དེའི་དབང་གིས་ཉིན་མཚན་རིང་ཐུང་ཡོད་རུང་ལ། དེ་ལྟ་མིན་པར་ཁྱིམ་ཐམས་ཅད་དབྱུག་གུ་ལྔ་རེའི་འཆར་ཚད་དུ་མཉམ་ན་རྟག་ཏུ་ཉིན་མཚན་མཉམ་པ་འབའ་ཞིག་ཏུ་འགྱུར་ཏེ། ཉི་མ་ཡོད་པའི་འཁོར་བྱེད་ཀྱི་ས་ན་ཟླ་བ་ཡོད་དུས་ཟླ་བ་ཉ་གང་ཞིང་དེ་ཉིན་ཉི་མ་ནུབ་པའི་རྗེས་སུ་མཚན་གྱི་དང་པོ་ནས་ཟླ་བ་འཆར་བ་བཞིན་ནོ། །དེས་ན་ཉི་མ་ཡོད་པའི་ཁྱིམ་ནས་བདུན་པའམ་དོན་ལ་ཉི་མ་ཡོད་པ་ནས་བརྩིས་པའི་འཁོར་ཕྱེད་ཀྱི་ཁྱིམ་འཆར་བའི་ཚེ་མཚན་མོ་ཡིན་པར་མི་འགྱུར་ན་ཟླ་བ་ཉ་གང་བའང་མཉམ་གཉིས་ཀྱི་ཁྱིམ་ཟླ་དེ་ལས་གཞན་ཐམས་ཅད་ལ་མི་སྲིད་པར་འགྱུར་རོ། །དེའི་ཕྱིར་ཉི་མ་གང་དུ་ཡོད་པ་ནས་བརྩིས་པའི་ཁྱིམ་དྲུག་གི་འཆར་ཚད་བསྡོམ་པས་ཉིན་མོའི་ཚད་དང་ལྷག་མ་མཚན་མོའི་ཚད་དུ་འགྱུར་ཏེ། ཞིབ་པར་ན་ཉི་མ་ཡོད་པ་ནས་འཁོར་ཕྱེད་ཕན་ཆད་ཀྱི་ཁྱིམ་རྣམས་མཚན་མོའི་དུས་སུ་འཆར་རོ། །བླ་མ་འགའ་ཞིག་ཉིན་གཅིག་ལའང་སྔ་དྲོ་དུས་སྦྱོར་རིང་བ་འཆར་ཞིང་། ཕྱི་དྲོ་ཐུང་བ་འཆར་ཚེ་སྔ་དྲོ་ཡུན་རིང་ཞིང་


MR17_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དྲོ་ཡུན་ཐུང་བ་དང་། དེ་ལས་ལྡོག་ཚེ་སྔ་དྲོ་ཡུན་ཐུང་ལ་ཕྱི་དྲོ་རིང་བར་འགྱུར་བས་འདི་གཟའ་འཛིན་བརྩི་བ་སོགས་ལ་གལ་ཆེ་ཞེས་བཤད་ཀྱང་། ཉིན་ཞག་གཅིག་ལ་འཆར་བའི་དུས་སྦྱོར་གྱི་ཚད་རྣམས་བསྡོམ་པའི་ཉིན་ཚད་དེ་ལས་ཉིན་གུང་གི་ཕྱེད་ཡན་ཆད་སྔ་དྲོ་དང་མན་ཆད་ཕྱི་དྲོ་བྱེད་པ་ལས་སྔ་རིང་ཕྱི་ཐུང་སོགས་འབྱེད་དཀའོ། །གནས་པ་བཅུ་དྲུག་པ་དབུ་མའི་རྩའི་དབུགས་རྣམས་ལས་གཟའ་དང་རྒྱུ་སྐར་གྱི་རྐང་པ་སྐྱེ་བའི་ངོ་བོ་ཉིད་ཀྱིས་གནས་པ་བཤད་པ་ནི། སྟོང་ཕྲག་ཉི་ཤུ་རྩ་གཅིག་སོགས་ཚིགས་བཅད་རེ་བཞི་པ་ནས་དགུ་བཅུ་རྩ་གསུམ་པའི་བར་གྱིས་བསྟན་ཏེ། གོང་དུ་བསྟན་པའི་གཟའ་སྐར་གྱི་བགྲོད་པ་འབྱུང་བ་དེ་དག་ནང་དུ་ངེས་དོན་ལ་སྦྱར་བའི་དོན་དུ་འདི་ཉིད་གསུངས་པ་སྟེ། ནང་ལུས་ལ་དབུ་མའི་རྩ་ལ་ཡེ་ཤེས་ཀྱི་རླུང་རྒྱུ་ཚུལ་ནི། སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་ལྡན་པ་ནི་ཉིན་ཞག་གཅིག་གི་དབུགས་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་ལས་སོ་ཡི་སྟེ་སུམ་ཅུ་རྩ་གཉིས་ཀྱི་ཆ་ཡིས་ངེས་པར་ཕྱུངས་པར་གྱུར་པའམ་བགོ་བར་བྱས་པས། ནང་དུ་ལུས་ལ་རོ་རྐྱང་གི་ལམ་ནས་ལས་རླུང་རྒྱུ་བའི་དབུགས་ལྷག་ཡེ་ཤེས་ཀྱི་རླུང་རྒྱུ་བ་གང་དག་ཉིན་ཞག་སོ་སོའི་ཞེས་ཉིན་ཞག་རེ་རེའི་དུས་སུ་འབྱུང་བ་རི་དང་དུས་རྣམས་དག་གི་གྲངས་ཏེ་དྲུག་བརྒྱ་བདུན་ཅུ་རྩ་ལྔའོ། །དེ་ཡང་ཞག་གཅིག་ལ་སྐྱེས་བུ་དར་མ་ཁམས་སྙོམས་པའི་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བརྩིས་པའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ལྟ་བུའི་ཞག་རེ་ལ་དུས་སྦྱོར་འཕོ་ཆེན་བཅུ་གཉིས་ཡོད་ཅིང་། འཕོ་ཆེན་རེ་ལ་ནང་གསེས་སུ་འབྱུང་བ་ལྔའི་རླུང་གི་དབུགས་རྒྱུ་བས་དབྱེ་བས་འཕོ་ཆུང་ལྔ་རེ་ཡོད་དོ། །དེ་ཡང་འཕོ་ཆེན་རེའི་ཡུན་ལ་དབུགས་གྲངས་སྟོང་དང་བརྒྱད་བརྒྱ་ཡོད་ཅིང་། འཕོ་ཆུང་རེ་ལ་དབུགས་གྲངས་སུམ་བརྒྱ་དྲུག་ཅུ་ཡོད་དོ། །འཕོ་ཆུང་རེ་རེའི་ཐ་མར་ཡེ་ཤེས་ཀྱི་རླུང་དབུགས་བཅུ་གཅིག་


MR17_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབུགས་གཅིག་གི་བཞི་ཆ་གཅིག་རྒྱུའོ། །འཕོ་ཆུང་རེར་ཡེ་རླུང་ཕྲི་བའི་ལྷག་མ་སུམ་བརྒྱ་བཞི་བཅུ་རྩ་བརྒྱད་དང་དབུགས་གཅིག་ཆ་བཞིར་བཏང་བའི་ཆ་གསུམ་རྒྱུའོ། །ལས་རླུང་ནི་རོ་རྐྱང་གི་ལམ་ནས་རྒྱུ་སྟེ་གཡས་རོ་མ་ནས་ཉི་མའི་རླུང་དང་། གཡོན་རྐྱང་མ་ནས་ཟླ་བའི་རླུང་རྒྱུའོ། །ཡེ་ཤེས་ཀྱི་རླུང་ནི་དབུས་ཀྱི་དབུ་མ་ནས་སྒྲ་གཅན་གྱི་རླུང་རྒྱུ་བའོ། །དེའི་ཕྱིར་འཕོ་ཆེན་རེ་ལ་ཡེ་ཤེས་ཀྱི་རླུང་དབུགས་ལྔ་བཅུ་རྩ་དྲུག་དང་རྐང་པ་ཞེས་པ་དབུགས་གཅིག་ཏུ་མ་ལོངས་པ་དབུགས་གཅིག་དུམ་བུ་བཞིར་བྱས་པའི་ཆ་གཅིག་རྒྱུ་སྟེ། དེའི་ལྷག་མ་དབུགས་སྟོང་དང་བདུན་བརྒྱ་ཞེ་གསུམ་དང་དབུགས་གཅིག་གི་བཞི་ཆ་གསུམ་རྒྱུ་བ་ནི་ལས་རླུང་ངོ་། །འཕོ་ཆེན་བཅུ་གཉིས་པོའི་ཡེ་ཤེས་ཀྱི་རླུང་རྒྱུ་བ་རྣམས་བསྡོམ་ན་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡིན་ཞིང་། དེའི་ལྷག་མ་ལས་རླུང་ཉི་ཁྲི་དགུ་བརྒྱ་དང་ཉེར་ལྔ་རྒྱུའོ། །ལས་རླུང་ཡེ་རླུང་གཉིས་ཀ་བསྡོམས་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ཞག་གཅིག་ལ་དབུགས་རྒྱུ་བའི་གྲངས་སོ། །དེས་ན་ཞག་གཅིག་གི་དབུགས་གྲངས་དེ་ཉིད་སུམ་ཅུ་སོ་གཉིས་ཀྱིས་བགོས་པས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཐོབ་ཅིང་ལྷག་མ་མེད་པའི་ཕྱིར་ཞག་གཅིག་པོ་དེ་ཆ་སོ་གཉིས་སུ་བྱས་པའི་ཆ་གཅིག་ལ་ཡེ་ཤེས་ཀྱི་རླུང་རྒྱུ་བ་ཡིན་ནོ། །ཞག་གཅིག་ལ་ལམ་གསུམ་ནས་རྒྱུ་བའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དེ་ཉིད་ལོ་བརྒྱ་ཐམ་པའི་ཞག་གྲངས་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྟེ་སུམ་ཁྲི་དྲུག་སྟོང་དག་གིས་བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་ལས་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་ཀ་རྒྱུ་བའི་དབུགས་ཀྱི་ཚད་དུ་རབ་ཏུ་གྲགས་པ་སྟེ་དབུགས་འབུམ་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་དུ་འགྱུར་བ་ནི་འདི་ལྟར་དུང་ཕྱུར་བདུན་དང་བྱེ་བ་བདུན་དང་ས་ཡ་བདུན་དང་འབུམ་ཕྲག་དྲུག་གོ། དེ་ལ་སུམ་ཅུ་རྩ་གཉིས་ཀྱིས་བགོས་པས་ཐོབ་པ་ནི་ལོ་བརྒྱའི་བར་དུ་རྒྱུ་བའི་ཡེ་ཤེས་ཀྱི་དབུགས་ཀྱི་གྲངས་ཏེ་འབུམ་ཕྲག་བཞི་


MR17_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་གཉིས་ཡིན་པས་བྱེ་བ་གཉིས་ས་ཡ་བཞི་འབུམ་ཕྲག་གསུམ་མོ། །ཡང་ན་ཞག་གཅིག་གི་ཡེ་ང་དྲུག་བརྒྱ་དོན་ལྔ་སྟེ་ལོ་བརྒྱའི་ཞག་སུམ་ཁྲི་དྲུག་སྟོང་གིས་བསྒྱུར་བས་བཤད་མ་ཐག་པ་ལྟར་འབྱུང་སྟེ་འདི་དག་ནི་ལོ་བརྒྱའི་བར་དུ་དབུ་མ་ཨ་བ་དྷཱུ་ཏི་ནས་འབབ་པ་ཡེ་ཤེས་ཀྱི་རླུང་གི་དབུགས་རྒྱུ་བའི་གྲངས་སོ། །ཡེ་རླུང་གི་ལྷག་མ་འབུམ་ཕྲག་སུམ་ཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་ལྔ་སྟེ་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་གསུམ་འབུམ་ཕྲག་གསུམ་ནི། ལ་ལ་ནཱ་རྐྱང་མ་དང་ར་ས་ནཱ་རོ་མ་དག་གི་དཀྱིལ་འཁོར་ལྔ་ནས་འབབ་སྟེ་དེ་ཡང་དབུགས་གྲངས་དེའི་ཕྱེད་རྐྱང་མ་དང་། ཕྱེད་རོ་མ་ནས་འབབ་སྟེ་ཆ་མཉམ་པའོ། །དེ་ལྟར་བཤད་པའི་དབུགས་གྲངས་དེ་ནི་ལོ་བརྒྱའི་ཕྱི་མཚམས་སུ་ཐུག་པའི་བར་གྱི་དབུགས་གྲངས་ཏེ་ལོ་བརྒྱ་རྫོགས་པའི་མཐར་ཐུག་པར་རོ། །དེ་ལྟར་ལོ་བརྒྱའི་ཚད་དུ་གྲགས་པའི་དབུགས་དེ་དག་སྟོང་དུས་མེ་ཡིས་ཞེས་སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བའམ་བགོས་པས་ཐོབ་པ་དག་ནི་ཆུ་ཚོད་དུ་འགྱུར་ཞིང་། ཆུ་ཚོད་དེ་ལ་དྲུག་ཅུའི་ཆ་ཡིས་བགོས་པས་ཐོབ་པ་ཉིན་ཞག་དག་ཀྱང་ཡིན་ནོ། །དེས་ན་ལོ་བརྒྱའི་ཞག་སུམ་ཁྲི་དྲུག་སྟོང་ལས་དབུ་མའི་ཡེ་རླུང་གི་ཐོབ་སྐལ་ཞག་སྟོང་དང་བརྒྱ་ཕྲག་གཅིག་དང་ཉེར་ལྔའོ། །རོ་རྐྱང་ལས་རླུང་གི་ཐོབ་སྐལ་ཞག་བརྒྱ་ཕྲག་བཞི་བཅུ་རྩ་བརྒྱད་དང་བདུན་ཅུ་རྩ་ལྔ་ལྷག་པའི་ཁྲི་ཁྲག་གསུམ་ཞེས་གསུངས་ཏེ་སུམ་ཁྲི་བཞི་སྟོང་བརྒྱད་བརྒྱ་དོན་ལྔའོ། །ཡེ་རླུང་ལས་རླུང་གཉིས་ཀའི་ཐོབ་སྐལ་གྱི་ཞག་གྲངས་བསྲེས་པས་སུམ་ཁྲི་དྲུག་སྟོང་། དེ་མཁའ་མེས་བགོས་པས་ཟླ་བ་སྟོང་དང་ཉིས་བརྒྱ། དེ་བཅུ་གཉིས་ཀྱིས་བགོས་པས་ལོ་བརྒྱ་ཐམ་པར་འགྱུར་རོ། །ཡེ་རླུང་ཁོ་ནའི་ཐོབ་སྐལ་ལ་ལོ་གསུམ་ཟླ་བ་གཅིག་ཞག་བཅོ་ལྔ་ཡོད་པས་དོན་དུ་ལོ་གསུམ་ཕྱོགས་གསུམ་མམ་ལོ་གསུམ་དང་ཞག་ཞེ་ལྔའོ། །དེའི་ལྷག་མ་ལས་རླུང་


MR17_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའི་ཐོབ་སྐལ་ལ་ལོ་དགུ་བཅུ་གོ་དྲུག །ཟླ་བ་བཅུ། ཞག་བཅོ་ལྔ་འོང་པ་སྤྱིར་ངེས་པར་བྱས་ནས། འགྲེལ་ཆེན་དུ་གཟའ་བརྒྱད་ཀྱི་ལོ་བརྒྱའི་ཚད་འཁོར་ལོ་ཕྱེད་དང་བཅས་པ་ལ་ལོངས་སྤྱོད་པའི་ཕྱིར་གཅིག་ཏུ་བསྡུས་པ་ཉིད་ཀྱིས་དུས་ཀྱི་འཁོར་ལོ་དང་བྲལ་བ་ཞེས་འགྱུར་ལ་ལར་ཡོད་ཀྱང་དོན་དུ། ལོ་བརྒྱའི་ཚད་གཅིག་ཏུ་བསྡུས་པ་དེ་ལས་དུས་ཀྱི་འཁོར་ལོ་ལོ་གསུམ་ཕྱོགས་གསུམ་བྲལ་བའི་ལྷག་དེ་ལ་གཟའ་བརྒྱད་ཀྱི་རང་རང་གི་ཉིན་ཞག་གི་དཀྱིལ་འཁོར་གྱི་ཕྱེད་པ་གསུམ་ལོངས་སྤྱོད་པའི་ཚད་ཀྱིས་སྤྱོད་པར་གསུངས་པ་ཞེས་སོ། །དེ་ཇི་ལྟར་ན་སྐབས་འདིར་གཟའ་རྣམས་ཀྱི་རྒྱུ་སྐར་འཁོར་ལོ་རྫོགས་པར་ལོངས་སྤྱད་པའི་དཀྱིལ་འཁོར་ལ་ཞག་རིལ་པོ་གཅིག་དང་། དེའི་ཕྱེད་རྒྱུ་སྐར་འཁོར་ཕྱེད་སྤྱད་པ་ལ་ཞག་གཅིག་གི་ཕྱེད་ཆུ་ཚོད་སུམ་ཅུའི་ཡུན་ཅན་མཚན་མོའི་ཐ་སྙད་མཛད་ནས་ཚུལ་དེ་ལྟ་བུའི་ཕྱེད་དང་བཅས་པའི་ཞག་གཅིག་ལ་འཁོར་ཕྱེད་ལན་གསུམ་སྤྱད་པས་ན་ཕྱེད་དང་བཅས་པའི་རྒྱུ་སྐར་གྱི་འཁོར་ལོ་གཅིག་ལོངས་སྤྱོད་པའི་ཡུན་དེས་སྐྱེས་བུ་རྣམས་ཀྱི་ཉི་ཟླའི་རླུང་གི་དབུགས་ཀྱི་ལོ་གོ་དྲུག་ཟླ་བ་བཅུ་དང་ཞག་བཅོ་ལྔ་འོང་བ་དེ་རྫོགས་པར་སྤྱོད་པའི་དབང་དུ་བྱས་ཤིང་། དེ་ཡང་གཟའ་བརྒྱད་པོས་འཁོར་ཕྱེད་དང་པོ་ལོངས་སྤྱོད་པའི་རིང་ལ་མི་རྣམས་ཀྱི་ལོ་སུམ་ཅུ་རྩ་གཉིས་ཟླ་བ་གསུམ་ཞག་བཅོ་ལྔའི་བར་སྟེ་དེ་ཡི་ཚེ་སྲོག་སྙིང་སྟོབས་ལས་འབབ་པའི་ཡོན་ཏན་དུ་འགྱུར་ཞིང་། དེ་ནས་ཚན་པ་གཉིས་པ་གཟའ་བརྒྱད་ཀྱི་འཁོར་ཕྱེད་གཉིས་པ་ལོངས་སྤྱད་དེ་དཀྱིལ་འཁོར་རྫོགས་པ་ལ་མི་རྣམས་ཀྱི་ལོ་དྲུག་ཅུ་རྩ་བཞི་དང་ཟླ་བ་བདུན་པའི་བར་དུ་རྡུལ་གྱི་ཡོན་ཏན་ནོ། །དེ་ནས་སླར་ཡང་གཟའ་བརྒྱད་ཀྱིས་འཁོར་ཕྱེད་གཅིག་ལོངས་སྤྱོད་པའི་ཡུན་ལ་མི་རྣམས་ཀྱི་ལོ་གོ་དྲུག་དང་ཟླ་བ་བཅུ་ཞག་བཅོ་ལྔ་རྫོགས་ཏེ་མུན་པའི་ཡོན་ཏན་གྱི་དུས་སོ། །དེ་ལྟར་ཉི་ཟླའི་ལམ་གྱི་ལས་རླུང་རྒྱུ་བའི་དབུགས་གྲངས་ཀྱི་


MR17_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཟླ་ཞག་ཡོངས་རྫོགས་ལ་གཟའ་བརྒྱད་ཀྱི་འཁོར་ཕྱེད་གསུམ་སྤྱོད་པའི་ཚད་ཀྱིས་སོ། །དོན་དེ་ཉིད་བསྟན་པའི་ཆེད་དུ། ཟླ་བས་ཞག་རེར་རྒྱུ་སྐར་ལ་སྤྱོད་པའི་ཆུ་ཚོད་ང་བཞི་བཅོ་ལྔས་བསྒྱུར་བས་བརྒྱད་བརྒྱ་དང་བཅུ་འོང་བ་སྟེ་རྒྱུ་སྐར་ཉེར་བདུན་པོའི་ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོའི་ཕྱེད་ཡིན་ཕྱིར་རྒྱུ་སྐར་ཕྱེད་རྫོགས་པའི་དབང་གིས་ཟླ་བས་ཞག་སུམ་ཅུས་རྒྱུ་སྐར་འཁོར་བ་འཇིག་རྟེན་ལ་གྲགས་པ་དང་བསྟུན་ཏེ་ཟླ་བའི་དཀར་ནག་གི་ཕྱོགས་ཏེ་ཟླ་ཕྱེད་གཅིག་སྟེ་ཞག་བཅོ་ལྔ་དང་། ཉི་མས་བགྲོད་པ་གཉིས་ཀྱིས་རྒྱུ་སྐར་འཁོར་ལོ་ལོངས་སྤྱོད་པས་ན་དེའི་ཕྱེད་བགྲོད་པ་གཅིག་དག་དང་ས་སྐྱེས་མིག་དམར་གྱི་ཟླ་བ་བཅོ་བརྒྱད་ན་རྒྱུ་སྐར་འཁོར་རོ་ཞེས་འཇིག་རྟེན་ན་གྲགས་པའི་བྱེད་པ་བརྗོད་པར་འདོད་ནས་དེའི་དབང་དུ་བྱས་ཏེ་འཁོར་ཕྱེད་ལོངས་སྤྱོད་པའི་ཟླ་བ་དགུ་རྣམས་དག་གིས་མཚན་མོ་སྟེ་ཞག་གཅིག་གི་ཕྱེད་ཆུ་ཚོད་སུམ་ཅུའི་ཆ་ཉིད་དུ་བརྩི་ཞིང་འཁོར་ཕྱེད་གཞན་ནི་ཉིན་མོའི་ཆར་བརྩིའོ། །གོང་དུ་ཟླ་ཉིའི་འཁོར་ཕྱེད་སྤྱོད་པའང་མཚན་མོའོ་ཞེས་དོན་གྱིས་སྦྱར་ཏེ་དེ་གསུམ་ཐུན་མོང་དུ་མཚན་མོའི་ཞེས་གསུངས་པ་དེ་བཞིན་ཕུར་བུ་སོགས་ལའང་འདྲ་བ་ཡིན་ནོ། །ཞིབ་ཏུ་ན་མིག་དམར་གྱི་དཀྱིལ་འཁོར་ནི་ལོ་གཅིག་དང་ཟླ་བ་བཅུ་ཞག་ཉེར་བདུན་དུ་གསལ་བས་དེའི་ཕྱེད་ཟླ་བ་བཅུ་གཅིག་ཞག་བཅུ་གསུམ་ཆུ་ཚོད་སུམ་ཅུ་ཡིན་པས་ཟླ་བ་གཉིས་སོགས་ཆད་དོ། །བླ་མའི་ཞེས་ཕུར་བུའི་ལོ་བཅུ་གཉིས་དང་ཞག་བཅུ་གཉིས་ཀྱིས་རྒྱུ་སྐར་འཁོར་ཡང་ཞག་པོར་ཏེ་ལོར་བསྡུས་པའི་ལོ་བཅུ་གཉིས་ཀྱི་ཕྱེད་ལོ་དྲུག་ཏུ་བརྩིས་པ་ཞག་ཕྱེད་དུ་འགྱུར་ཞིང་། པ་སངས་ཀྱི་ཡང་འཁོར་ཕྱེད་སྤྱོད་པ་བགྲོད་པར་འགྱུར་ཏེ་ཟླ་སྐྱེས་ཀྱི་ཡང་བགྲོད་པ་གཅིག་ཞག་ཕྱེད་པའོ། །ཞེས་ལྷག་སངས་གཉིས་ཀ་དཀྱིལ་འཁོར་ཉི་མ་དང་མཚུངས་པའི་ཕྱིར་རོ། །ཚེས་ཞེས་བྱ་བའི་ལོ་བཅོ་ལྔ་ནི་ཉི་སྐྱེས་ཀྱི་ཞེས་པ་


MR17_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྤེན་པའི་འཁོར་ཕྱེད་འཁོར་བ་ཞག་གཅིག་གི་ཕྱེད་དུ་བརྩིས་པ་སྤེན་པའི་མཚན་མོ་གཅིག་སྟེ། དེས་ལོ་སུམ་ཅུ་ལ་རྒྱུ་སྐར་འཁོར་ལོ་འཁོར་བར་གྲགས་པ་དང་བསྟུན་པ་སྟེ། ཞིབ་ཏུ་ན་དེའི་དཀྱིལ་འཁོར་རོ་དུས་རི་ཕྱོགས་ལོང་དྲིལ་བས་ལོ་ཉེར་དགུ་ཟླ་བ་བཅུ་ཞག་ཉེར་དྲུག་ཡིན་ལ་དེའི་ཕྱེད་ལོ་བཅུ་བཞི་ཟླ་བ་བཅུ་གཅིག་ཞག་བཅུ་གསུམ་ཡིན་ཀྱང་ལོ་བཅོ་ལྔ་བྱས་པས་ཞག་བཅུ་བདུན་ལྷག་གོ། དེ་བཞིན་དུ་མུན་ཅན་སྒྲ་གཅན་གྱི་ལོ་དགུ་ལ་ཞག་ཕྱེད་དེ། ཞིབ་ཏུ་སྒྲ་གཅན་གྱིས་རྒྱུ་སྐར་རྫོགས་པར་འཁོར་བ་ཟླ་བ་ཉིས་བརྒྱ་དང་སུམ་ཅུ་ལོར་དྲིལ་བས་ལོ་བཅུ་དགུ་དང་ཟླ་བ་གཉིས་འབྱུང་བས་དེའི་ཕྱེད་ལ་ལོ་དགུ་དང་ཟླ་བ་བདུན་ཐོབ་ཀྱང་ལོར་མ་ལོངས་པའི་ཟླ་བ་བདུན་པོ་བཏང་སྙོམས་སུ་བྱས་ཏེ་ལོ་དགུ་དཀྱིལ་འཁོར་ཕྱེད་དུ་བྱས་ཏེ་མཚན་མོའི་ཆར་བཞག་པས་ཟླ་བ་བདུན་ཆད་པའོ། །ཀྱེ་རྒྱལ་པོ་ཞེས་བོས་ནས་སྐབས་འདིར་དུ་བ་མཇུག་རིང་ནི་དམན་པ་སྟེ་འདིར་མི་གཏོགས་ཞེས་སོ། །དེ་ལྟར་གཟའ་བརྒྱད་པོའི་བགྲོད་ཞག་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ནོར་གྱིས་ཞེས་བརྒྱད་ཀྱིས་བསྒྱུར་བའི་དུས་བཞི་ཉིད་ཀྱི་ལོ་དང་ཕྱེད་དང་བཅས་པའི་ཟླ་བ་གསུམ་ཡོད་པ་ནི། ལོ་སོ་གཉིས་དང་ཟླ་བ་གསུམ་ཟླ་བའི་ཕྱེད་ཞག་བཅོ་ལྔ་འོང་བ་ཡིན་ཏེ་ཉི་སངས་ལྷག་གསུམ་གྱི་བགྲོད་པ་གསུམ་ལ་ལོ་གཅིག་དང་ཟླ་བ་དྲུག །དེ་སྟེང་མིག་དམར་གྱི་ཟླ་བ་དགུ་བསྣན་པས་ལོ་གཉིས་དང་ཟླ་བ་གསུམ། ཕུར་སྤེན་སྒྲ་གཅན་གསུམ་གྱི་ལོ་བསྡོམ་པ་སུམ་ཅུ་གོང་གི་ལོ་ལ་བསྣན་པས་ལོ་སོ་གཉིས་དང་ཟླ་བ་གསུམ། ཟླ་བའི་ཞག་བཅོ་ལྔ་དང་བཅས་པས་དེ་ལྟར་གྱུར་པ་ཡིན་ནོ། །དེ་དག་གཟའ་བརྒྱད་པོ་རྒྱུ་སྐར་གྱི་འཁོར་ཕྱེད་ལ་ལོངས་སྤྱོད་པའི་ཆ་ལས་བཏགས་པའི་ཞག་ཕྱེད་བརྩི་ཚུལ་གོང་ལྟར་བྱས་པའི་ཞག་ཕྱེད་དང་བཅས་པའི་ཉིན་ཞག་གཅིག་གི་གྲངས་སུ་ལོངས་པ་གཟའ་བརྒྱད་ཀྱིས་འཁོར་ཕྱེད་གསུམ་སྤྱད་པའི་ལོ་དེ་དག་ལས་ཀྱང་སྙིང་སྟོབས་དང་རྡུལ་


MR17_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་མུན་པའི་དབྱེ་བས་གནས་སྐབས་གསུམ་དུ་བཞག་པ་གོང་དུ་བཤད་པ་བཞིན་ལ། ཚུལ་དེས་སྐྱེས་བུའི་ལོ་བརྒྱར་འགྱུར་ཏེ་ཇི་ལྟར་ན་གནས་སྐབས་གསུམ་གྱི་ལོ་དགུ་བཅུ་རྩ་དྲུག་དང་། ཟླ་བ་བཅུ། ཞག་བཅོ་ལྔ་པོ་དེ། དུས་ཀྱི་འཁོར་ལོས་དམན་པ་ཡིན་ནོ་ཞེས། ཞག་གཅིག་གི་སོ་ཡི་ཆ་ཡེ་རླུང་གི་ཐོབ་སྐལ་ལོ་གསུམ་དང་ཕྱོགས་གསུམ་གྱིས་ཉུང་བ་ཡིན་པས་དེ་ལ་དེ་བསྣན་ན་ལོ་བརྒྱར་འགྱུར་བ་ཤེས་པར་བྱའོ། །དེ་ཡང་འདིར་གནས་སྐབས་དང་པོ་ལ་སྲོག་སྟེ་དབུགས་ནི་སྙིང་སྟོབས་ཀྱི་ཡོན་ཏན་ལའམ་དེ་ལས་འབབ་སྟེ་རྩ་གཡོན་པ་རྐྱང་མའི་ནུས་པ་ཤས་ཆེ་བས་སོ། །དེ་བཞིན་དུ་སྲོག་རྡུལ་གྱི་ཡོན་ཏན་ལས་འབབ་པ་རྩ་གཡས་པ་རོ་མའི་ནུས་པ་ཤས་ཆེ་བ་ནི་ལོ་སོ་གཉིས་སོགས་འཁོར་ཕྱེད་བར་མ་ལ་དེ་ལྟར་དང་།དེ་ནས་ཆའམ་འཁོར་ཕྱེད་ཐ་མ་ལ་དབུ་མའི་ནུས་པ་མུན་པ་ཡི་ཡོན་ཏན་ལ་ཡང་གོང་གི་ཚད་དེ་ལྟ་བུར་ཤེས་པར་བྱའོ། །དེ་གསུམ་ཡང་རྩ་རོ་རྐྱང་དབུ་མ་གསུམ་དང་ལུས་ངག་སེམས་ཀྱི་དབྱེ་བས་འབབ་པས་སོ་ཞེས་ཤེས་པར་བྱ་སྟེ། རྩ་བ་སྲོག་གི་རླུང་ལ་བརྟེན་པའི་སེམས་ཀྱིས་ལུས་རྟེན་བཟུང་ནས་སྲོག་གི་རླུང་གིས་སྣ་ནས་ཕྱི་རོལ་དུ་རྒྱུ་བ་རིམ་པར་ཡོན་ཏན་གསུམ་གྱི་ཚུལ་དུ་འབབ་པ་ཟད་ནས་ལྷ་དང་མི་དང་ལག་འགྲོ་ཀླུའམ་དུད་འགྲོ་རྣམས་ནི་རང་རང་གི་དབུགས་ལས་བརྩིས་པའི་ལོ་བརྒྱའི་ཚད་ཀྱིས། ཡོན་ཏན་གསུམ་འབེབ་པའི་ལོ་གྲངས་དགུ་བཅུ་གོ་དྲུག་དང་ཟླ་བ་བཅུ་ཞག་བཅོ་ལྔ་རྫོགས་པ་དེ་ནས། བྱིས་པ་དང་གཞོན་ནུ་དང་ལང་ཚོ་དར་ལ་བབ་པ་དང་། རྒན་པོ་དང་། ཡོངས་སུ་སྨིན་པ་ནས་འཆི་བ་ནི་གནས་སྐབས་ལྔ་པ་སྟེ་དེ་ཉིད་དུ་འགྱུར་ཏེ་ཚད་དེ་དག་གི་སྟེང་དུ་ཡེ་རླུང་དུས་ཀྱི་འཁོར་ལོའི་ཟླ་བ་གཅིག་ཕྱེད་དང་བཅས་པ་ནི་ཕྱོགས་གསུམ་གྱི་མཚན་མོ་ཞེས་པ་ཞག་ཡིན་ལ། ཞག་དེ་དག་གིས་ཀྱང་ཞེས་ཀྱང་ཡིག་གིས་ལོ་གསུམ་བཟུང་སྟེ། མདོར་ན་ལོ་གསུམ་དང་ཕྱོགས་གསུམ་སྔར་


MR17_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལོ་གོ་དྲུག་སོགས་ལ་བསྣན་པས་རང་རང་གི་ཚེ་ཚད་ལོ་བརྒྱ་པོ་རྫོགས་པའི་ཕྱིར་འཆི་བ་ནི་དུས་སུ་བབ་ནས་འཆི་བ་ཡིན་ནོ་ཞེས་སོ། །ལོ་བརྒྱའི་རོ་རྐྱང་དང་དབུ་མའི་དབུགས་རྒྱུ་ཚུལ་ལས་བརྩམ་སྟེ་གྲངས་ནི་ཤིན་ཏུ་ངེས་པ་ཉིད་དུ་བཤད་པ་འདི་དག་ཕྱི་རོལ་རིག་བྱེད་སོགས་ཀྱི་གཞུང་ལས་དེ་ལྟར་མ་གྲགས་ཀྱང་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་ནོ་ཀྱེ་མི་ཡི་དབང་པོ་ཟླ་བ་བཟང་པོ་ཞེས་གསུངས་པའོ། །དེ་ལྟར་འཇིག་རྟེན་ན་བྱིས་པ་ལ་སོགས་པ་སྨིན་པའི་བར་གྱི་གནས་སྐབས་ལྔའི་མཐར་འཆི་བ་ཡོད་པ་དང་དེ་ཡང་བསྐལ་པ་འདིའི་རྩོད་དུས་ཀྱི་དུས་ད་ལྟ་བའི་མི་རྣམས་ཀྱི་ཚེ་ཚད་སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་བརྗོད་ཀྱང་། ངེས་པའམ་དོན་དམ་པའི་རིགས་པས་མཐའ་གཅིག་ཏུ་ངེས་པ་མེད་དེ། སེམས་ཅན་རྣམས་རང་རང་གི་ལས་ཀྱི་དབང་གིས་སྐྱེ་བ་དང་འགག་པ་ཞེས་འཆི་བར་སངས་རྒྱས་པ་རྣམས་ཀྱིས་རྟོགས་པར་བྱ་སྟེ་ཚེའི་ཚད་ལའང་དགེ་མི་དགེའི་རྒྱུ་ལས་རིང་ཐུང་སྣ་ཚོགས་སུ་འབྱུང་ངོ་། །སྐྱེས་བུ་ཚེ་ལོ་བརྒྱ་པ་ཞེས་པ་ནི་དགོངས་པའི་སྐད་དུ་གསུངས་པ་སྟེ། ཅི་ལ་དགོངས་ན་སྐྱེས་བུ་ནི་ཕྱི་རོལ་དུ་དུས་བཞིའི་བདག་ཉིད་ཀྱི་ལོ་ས་ཡ་བཞི་དང་འབུམ་ཕྲག་གསུམ་དང་ཁྲི་གཉིས་ཀྱི་དབུགས་ཀྱི་མཚན་ཉིད་ལ་བཤད་དེ། དེ་ལྟ་བུའི་དུས་ཀྱི་སྦྱོར་བ་འབྱུང་བའམ་བྱེད་པའི་ཕྱིར་སྐྱེས་བུར་བརྗོད་དོ། །ནང་དུ་དབུགས་ཀྱི་ཚད་དེ་ཉིད་ཀྱིས་དུས་བཞིའི་བདག་ཉིད་དེ་དུས་བཞི་ཆེན་པོའི་ལོ་གྲངས་རྫོགས་པར་གང་གི་དུས་སུ་གཟའ་ཐམས་ཅད་ཀྱི་རྐང་པའི་ལོངས་སྤྱོད་རྒྱུ་བ་དབོ་ཟླའི་སྟོང་གི་མཐར་སྟོང་པ་ལ་འཇུག་པར་འགྱུར་བ་ནི་ཕྱི་དང་ནང་གི་དུས་དེ་དག་གི་ཚད་ཡོངས་སུ་རྫོགས་པ་ལ་སྐྱེས་བུ་མཆོག་གི་ལོ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་བརྗོད་པ་ནི་དོན་དམ་པའམ་ངེས་པའི་རིགས་པ་སྟེ་དེ་ལ་མ་ངེས་པར་རིང་ཐུང་དུ་འགྱུར་བ་མེད་པའི་ཕྱིར་རོ། །ད་ནི་དབུ་མ་ཨ་བ་དྷུ་ཏིའི་ཞག་རྣམས་ཀྱིས་དྲུག་ཅུའི་ཆའི་ཆུ་ཚོད་རྣམས་གཟའ་ལྔ་རྒྱུ་སྐར་ལམ་ལ་འཆར་བའི་རྐང་


MR17_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆུ་ཚོད་ཀྱི་ཚོགས་སུ་གསུངས་པ། གོང་བཤད་ཡོན་ཏན་གསུམ་གྱི་ལོའི་གྲངས་སུ་མ་བཅད་པའམ་མ་བརྩིས་པ་ཡེ་རླུང་དུས་ཀྱི་འཁོར་ལོའི་འགྲོད་པ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ཆིག་སྟོང་བརྒྱ་ཉེར་ལྔ་དག་ལ། བུ་ལོན་སྟེ་སྔར་དེའི་གྲངས་སུ་མ་བརྩིས་པས་ཆད་པ་ནི་མངལ་ན་ཟླ་དགུར་གནས་པའི་དུས་སུ་དབུགས་འབྱུང་འཇུག་མི་བྱེད་པར་དབུ་མར་གནས་པའི་སྐབས་ཀྱི་དབུགས་ཡེ་ཤེས་ཆར་བྱས་ཏེ། ཆུ་ཚོད་དགུ་བསྲེ་བ་ཡིན་ལ་འདིར་མངལ་ཟླ་དགུ་མཁའ་མེས་བསྒྱུར་བས་ཉིས་བརྒྱ་བདུན་ཅུ་འབྱུང་ལ་དེ་གཉིས་ཀྱིས་བསྒྱུར་བས་ལྔ་བརྒྱ་བཞི་བཅུ་ལ་དྲུག་ཅུས་ཐོབ་པས་ཞག་དགུ། དེ་ཆུ་ཚོད་དུ་བསྒྱུར་བ་ལ་ཟླ་བའི་ཡེ་ཤེས་ཆ་རགས་པ་ཆུ་ཚོད་དྲུག་ཅུས་བགོས་ཐོབ་ཆུ་ཚོད་དགུ་དེ་བསྲེས་པའོ་ཞེས་བོད་ཀྱི་འགྲེལ་པ་རྣམས་སུ་བཤད། དོན་ལ་ཡེ་རླུང་གི་ཞག་གྲངས་གཞི་མ་རྣམས་སྐབས་འདིར་ཆུ་ཚོད་ཀྱི་གྲངས་སུ་བརྩི་བ་སྟེ་འདི་རྣམས་ཆུ་ཚོད་དུ་ཕབ་ནས་ཟླ་བའི་ཡེ་ཤེས་ཆ་རགས་པ་ཆུ་ཚོད་དྲུག་ཅུས་བགོས་པའི་གོང་གི་ཞག་གྲངས་དེ་འཆར་བ་ལ་དེ་མཚུངས་མངལ་གྱི་ཟླ་བའི་ཆུ་ཚོད་དགུ་ནི་བསྲེས་པར་གྱུར་པ་ཆིག་སྟོང་བརྒྱ་དང་སོ་བཞི་པོ་མཐའ་དག་འདི་རྣམས་བཀྲ་ཤིས་ལ་སོགས་གཟའ་ནི་ལྔ་པོ་རྣམས་ཀྱིས་མྱུར་བའི་ལས་དག་ལ་ཡང་སྐར་མ་ལ་སྤྱོད་པའི་རྐང་པའི་ཆུ་ཚོད་དེ་ཡི་གྲངས་སུ་འགྱུར་རོ། །ཇི་ལྟར་ན་ས་སྐྱེས་མིག་དམར་ལ་ནི་རྐང་པ་སྔ་ཕྱི་གཉིས་ཀྱི་ནོར་བུ་ལོན་གྱི་ཆུ་ཚོད་བསྡོམ་པས་རིག་བྱེད་དུས་མེར་རབ་ཏུ་འགྱུར་ཏེ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་འབྱུང་བ་ནི། མིག་དམར་གྱི་རྐང་གནས་སྲིད་པའི་སྟེ་བཅུ་བཞིའི་གནས་རྣམས་དག་ལ་རྒྱུ་བའི་རྐང་པ་དང་པོ་ཉེར་བཞི་ལ་སོགས་པས་དབྱེ་བ་ཡིས། སྔ་རྐང་ལ་རིམ་པ་དང་། ཕྱི་རྐང་ལ་རིམ་མིན་དུ་རྒྱུ་བས་རྒྱུ་སྐར་འཁོར་ཕྱེད་ལོངས་སྤྱོད་པའི་ཚེ། ཕྱེད་སྔ་མ་ལ་བཀྲ་ཤིས་ཀྱི་རྐང་པ་སུམ་བརྒྱ་རེ་བཞི་པོའི་ཕྱེད་བརྒྱ་གྱ་གཉིས་དང་། ཕྱེད་ཕྱི་མ་བརྒྱ་གྱ་


MR17_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། དེ་ལྟར་ཕྱེད་གཉིས་པོ་ལ་མཚུངས་པར་རིམ་མིན་ལ་བུ་ལོན་དང་རིམ་པར་ནོར་གྱི་བགྲོད་པ་དག་ལ་རྐང་གནས་བཅུ་བཞི་པོ་ཉིད་ཀྱི་དབྱེ་བས་ཆུ་ཚོད་དེ་རྣམས་ངེས་པར་སྦྱར་ཏེ་རྒྱུ་སྐར་ཕྱེད་དང་བཅུ་གསུམ་ལ་སྤྱོད་པའོ། །ཉི་བར་ལ་བཀྲ་ཤིས་ཀྱིས་དལ་དག་གིས་སྦྱངས་པས་དལ་དག་ལ་ཉི་མའི་ལོངས་སྤྱོད་ཅུང་མེད་པ་ན། བཀྲ་ཤིས་ཉི་མ་ལས་འཐོན་ཏེ་ཉི་མའི་དཀྱིལ་འཁོར་ལས་ཤར་བའི་སྐར་མའི་ལོངས་སྤྱོད་ནི་གནས་དང་པོའོ། །སྐབས་འདིའི་འགྲེལ་པ་ཇོ་འགྱུར་དུ། གནས་ཀྱི་དབྱེ་བ་དེ་ལས་འཆར་བའི་གནས་གཞན་བཅུ་བཞི་རྣམས་ཏེ་ཞེས་བསྒྱུར་བ་བདེའོ། །དེ་ལ་བཀྲ་ཤིས་ཀྱི་མྱུར་རྐང་གང་ཞེ་ན། རྐང་འཛིན་དག་པས་རྒྱུ་སྐར་དང་པོ་སྤྱད་པའི་གནས་རྐང་པ་དང་པོར། རྒྱལ་དབང་གྲངས་ཀྱི་ཞེས་ཉེར་བཞིའི་ཆུ་ཚོད་དག་སྟེ།མེ་དང་མིག་ནི་རྣམ་གསུམ་དག་ཏུ་རབ་ཏུ་འགྱུར་ཞེས་པ་ཉེར་གསུམ་ནི་རྐང་གནས་གཉིས་པ་དང་གསུམ་པ་བཞི་པ་རྣམ་པ་གསུམ་ཀར་འགྱུར་རོ། །དེ་ནས་ལྔ་པ་དང་དྲུག་པའི་གནས་གཉིས་དག་ལ་གཅིག་དང་མིག་སྟེ་ཉེར་གཅིག་ལན་གཉིས་སུ་འགྱུར་རོ། །རྐང་གནས་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ། བཅོ་བརྒྱད་དང་ཚེས་ཏེ་བཅོ་ལྔ་དང་དྲག་པོ་སྟེ་བཅུ་གཅིག་དང་། མེ་ཞེས་པ་གསུམ་རྣམས་རིམ་པ་བཞིན་དུ་དང་། རྩ་བར་ཞེས་པ་འོག་གི་ཕྱི་རྐང་སྟེ་ཕྱི་མར་སྟེང་ནས་མར་རིམ་བཞིན་རྐང་གནས་བཅུ་གཅིག་དང་བཅུ་གཉིས་དང་བཅུ་གསུམ་རྣམས་ལ་དྲག་པོ་དང་སུམ་ཅུ་རྩ་བརྒྱད་དང་བརྒྱད་ཅུ་དག་དང་། བརྟན་པ་སྲིད་པའི་གནས་ཞེས་པ་རྐང་གནས་བཅུ་བཞི་པ་གནས་ཐ་མ་ལ་འདིར་ནི་གསུམ་བཅས་ལྔ་བཅུའོ་ཞེས་ལྔ་བཅུ་རྩ་གསུམ་མོ། །དེ་ལྟར་རྐང་གནས་ཐ་མ་ནི་རྒྱུ་སྐར་ཕྱེད་ཀྱི་ཆ་ཡིན་ལ། རྒྱུ་སྐར་གྱི་འཁོར་ལོ་ཕྱེད་རྫོགས་པ་དེ་ཡིས་ཉི་མ་ལ་བརྟེན་ནས་མིག་དམར་རྣམ་པར་དག་པར་འགྱུར་ལ། དེ་ཡི་རྗེས་སུ་རྐང་པའི་ཆུ་ཚོད་དེ་དག་དོར་བར་བྱ་བ་བུ་ལོན་དག་དང་


MR17_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་པར་བྱ་བའི་ནོར་དུ་གྱུར་པ་ཡང་རྐང་པ་རིམ་པ་མིན་པ་དང་རིམ་པས་ལོངས་སྤྱོད་པའི་དབང་གིས་སོ། །དེ་ལྟར་བཀྲ་ཤིས་ཀྱི་རྐང་གནས་བཅུ་བཞི་པོའི་ཆུ་ཚོད་རྣམས་གཅིག་ཏུ་བསྡོམ་པས་སུམ་བརྒྱ་རེ་བཞིར་འགྱུར་བ་དེ་བཞིན་འོག་མ་བཞི་ལ་ཤེས་པར་བྱའོ། །ལྷག་པའི་མྱུར་རྐང་བཤད་པ། རིག་བྱེད་དག་དང་བུག་པ་ཟླ་བའི་གྲངས་བརྒྱ་གོ་བཞི་ནི། གཟའ་ལག་དག་གི་མྱུར་བའི་ལས་ལ་ཆུ་ཚོད་དག་ཏུ་འགྱུར་ཏེ་དེའི་རྐང་གནས་བཅུ་བཞི་ནི། རྐང་གནས་དང་པོ་གཉིས་ལ་ནི་བཅུ་དྲུག་བཅུ་དྲུག་དང་། གཞན་གསུམ་པ་ལ་ཚེས་ཞེས་བཅོ་ལྔ་དང་། བཞི་པར་མ་ནུ་སྟེ་བཅུ་བཞི་དང་། ལྔ་པར་མྱོས་བྱེད་དེ་བཅུ་གསུམ་དང་། དྲུག་པར་དྲག་པོ་དང་། བདུན་པར་རི་དང་བརྒྱད་པར་དབང་པོ་དང་། དགུ་པར་མཁའ་སྟེ་སྟོང་པ་ཡིན་ལ་དེ་དག་ནི་སྔ་རྐང་ངོ་། །རྩ་བ་དག་ལས་ཕྱི་རྐང་དང་པོ་སྟེང་ནས་མར་བགྲངས་བས་བཅུ་པ་ལ་རིག་བྱེད་དང་། བཅུ་གཅིག་པ་ལ་དྲག་པོ་དང་ནི་རབ་གསལ་ངེས་པར་བཅུ་གཉིས་པ་ལ་ཉི་ཤུ་སྟེ། བཅུ་གསུམ་པ་ལ་ཉི་ཤུ་རྩ་བརྒྱད་དང་། བཅུ་བཞི་པ་ལ་སུམ་ཅུ་རྩ་བཞི་དག་ཀྱང་སྟེ། དེ་ལྟར་མ་ནུའི་གནས་ཏེ་རྐང་གནས་བཅུ་བཞི་ལ་རྒྱུ་བའི་ཆུ་ཚོད་ཀྱི་དབྱེ་བས་ཡང་དག་པར་གནས་སོ། །ཕུར་བུའི་མྱུར་རྐང་གི་ཆུ་ཚོད་གསུངས་པ། ཆུ་གཏེར་ནམ་མཁའ་དག་དང་ཟླ་བའི་གྲངས་ཏེ་ཞེས་པ་བརྒྱ་དང་བཞི་པོ་འདི་དག་རྣམས་ནི་བླ་མའི་རྐང་པའི་ཆུ་ཚོད་ཀྱི་ཚོགས་སུ་འགྱུར་རོ། །དེ་ཡང་རྐང་གནས་དང་པོ་གཉིས་དག་ལ་ཕྱོགས་ཀྱི་ཚད་དེ། དང་པོ་ལ་བཅུ། གཉིས་པར་བཅུ། གསུམ་པར་དགུ། བཞི་པར་ནོར་ཏེ་བརྒྱད། ལྔ་པར་དུས་ཏེ་དྲུག །དྲུག་པར་དྲུག བདུན་པར་ལག་པ། བརྒྱད་པར་ཟླ་བ་དག་དང་བཅས་པའི་འདིའི་སྔ་རྐང་ནི་གནས་བརྒྱད་དོ། །ཕྱི་རྐང་ངམ་རྩ་པར་ནི། དགུ་པར་མེ། བཅུ་པར་དྲུག། བཅུ་གཅིག་པར་བུག་པ་དང་ནི་བཅུ་གཉིས་པར་དྲག་པོ་དང་། བཅུ་གསུམ་པར་མི་བདག་དང་། བཅུ་བཞི་ཐུབ་པ་


MR17_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཏེ་འདིའི་ཕྱི་རྐང་ལ་གནས་དྲུག་ཡོད་ཅིང་དེ་ལྟར་གཟའ་ཕུར་བུའི་རྐང་པའི་ཆུ་ཚོད་རྒྱུ་བ་བཅུ་བཞི་པོ་ཐམས་ཅད་རིམ་པས་སོ། །གཟའ་རྣམས་མྱུར་འགྲོས་ནི་རིམ་པ་ལས་གཟའ་ཤར་བའི་ཕྱེད་སྔ་མ་ལའོ། །དལ་འགྲོས་ནི་ཕྱེད་ཕྱི་མ་ལའོ། །འཁྱོགས་པོ་ཡི་འགྲོས་ལ་ནི་རིམ་པ་མིན་པའི་ཕྱེད་སྔ་མ་ལའོ། །ཡང་ཡིག་གིས་བསྡུས་པ་འབྱུང་འགྲོས་ནི་རིམ་པ་མིན་པའི་ཕྱེད་ཕྱི་མ་ལའོ། །གཟའ་ལྔ་ཡི་ཚོགས་ནི་ངེས་པར་ཉི་མའི་དབྱེ་བ་དག་གིས་རྒྱུ་བར་བྱེད་དེ། ཉི་མའི་ལོངས་སྤྱོད་ལས་རྣམ་པར་དག་པར་འགྱུར་རོ། །པ་སངས་ཀྱི་མྱུར་རྐང་བཤད་པ། དྲུག་དང་ཟླ་བ་ཆུ་གཏེར་གྲངས་ཀྱི་ཆུ་ཚོད་བཞི་བརྒྱ་བཅུ་དྲུག་དག་ནི། པ་སངས་ཀྱི་ཡང་མྱུར་བའི་ལས་ལ་རྐང་པར་འགྱུར་ཏེ། གནས་དང་པོ་གསུམ་པོ་དག་ལ་ཉི་ཤུ་ལྔ་སྟེ་ཞེས་གནས་དང་པོ་ལ་ཉེར་ལྔ། གཉིས་པར་ཉེར་ལྔ། གསུམ་པར་ཉེར་ལྔའོ། །དེ་རྗེས་ཀྱི་གནས་གཉིས་ནི་རྒྱལ་བ་ཞེས་དང་དེ་བཞིན་ལག་མིག་རྣམ་པ་གཉིས་ཞེས་པས། བཞི་པར་ཉེར་བཞི། ལྔ་པར་ཉེར་བཞི། དྲུག་པར་ཉེར་གཉིས། བདུན་པར་ཉེར་གཉིས། བརྒྱད་པར་སྐྱོན་ཏེ་བཅོ་བརྒྱད་དང་། དགུ་པར་ཚེས་དང་། བཅུ་པར་བརྒྱད་དེ་སྔ་རྐང་གི་གནས་བཅུའོ། །ཕྱི་རྐང་ངམ་རྩ་བར་ནི། བཅུ་གཅིག་པར་དྲུག་དང་། བཅུ་གཉིས་པར་ནམ་མཁའ་ཡོན་ཏན་ཏེ་སུམ་ཅུ་ཐམ་པ་དག་དང་། བཅུ་གསུམ་པར་གཅིག་གིས་དམན་པའི་བརྒྱ་སྟེ་དགུ་བཅུ་གོ་དགུའོ། །རྐང་པའི་མཐར་གནས་པ་བཅུ་བཞི་པ་ལ་ནི་མེ་དང་རི་ཡི་གྲངས་ཏེ་བདུན་ཅུ་རྩ་གསུམ་མོ། །དེ་ལྟར་བརྟན་པ་སྲིད་པའི་གནས་ཞེས་པ་བཅུ་བཞི་ལ་པ་སངས་ཀྱི་ཆུ་ཚོད་རྒྱུ་བ་རིམ་པས་སོ། །འདིར་བརྟན་པ་སྲིད་པ་ཡི་གནས་ཞེས་པའི་སྲིད་པ་བཅུ་བཞི་ནི། ལྷ་བརྒྱད། མི་དང་དགུ། དུད་འགྲོ་སྐྱེ་གནས་བཞི་དང་བཅུ་གསུམ། དམྱལ་བ་དང་བཅུ་བཞི་ལ་སྲིད་པ་བཅུ་བཞིར་ནང་ལེར་བཤད་པ་ལྟར་སྲིད་


MR17_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གྲངས་བཅུ་བཞི་པའི་མངོན་བརྗོད་དུ་གྱུར་པ་ཡིན་ནོ། །སྤེན་པའི་མྱུར་རྐང་གསུངས་པ། ཉི་མའི་བུ་ལ་དྲུག་དང་འབྱུང་བའི་གྲངས་ཀྱི་ཆུ་ཚོད་ཚོགས་པ་ལྔ་བཅུ་རླུང་དྲུག་པོ་འདི་དག་ཏུ་འགྱུར་རོ་ཀྱེ་མི་ཡི་དབང་པོ་ཞེས་སོ། །རྐང་གནས་བཅུ་བཞི་ནི། གནས་དང་པོ་ནས་མར་རིམ་པས་དྲུག་དང་། འབྱུང་བ་དག་དང་འབྱུང་བ་དང་རིག་བྱེད་དང་། ཆུ་གཏེར་དང་མིག་དང་ཟུང་དང་སྟོང་པ་སྟེ་སྔ་རྐང་བརྒྱད་དོ། །རྩ་བར་ནི། ཕྱོགས་ཞེས་པ་སྐབས་འདིར་དཀར་ནག་གི་ཕྱོགས་ལ་གོ་བའི་དབང་དུ་བྱས་ཏེ་གཉིས་དང་འགྱུར་ཁ་ཅིག་ལས་ཟུང་ཞེས་སོ། །རིག་བྱེད་དག་དང་འབྱུང་བ་དང་རོ་དང་ནོར་དང་རྩེ་མོ་ཅན་ཏེ་དྲུག་ནི་རིམ་པས་བཞག་པར་བྱའོ། །དེ་ལྟར་གཟའ་རྣམས་ཀྱི་ནི་རྐང་པའི་ཆུ་ཚོད་ཀྱི་རྒྱུ་བ་མཐའ་དག་དུས་ཀྱི་འཁོར་ལོ་སྟེ་དབུ་མའི་ལོ་བརྒྱའི་ཡེ་རླུང་གི་ཆ་དག་ལས་ཤིན་ཏུ་ངེས་པར་འགྱུར་ཏེ། གཟའ་ལྔ་པོའི་རྐང་གནས་བཅུ་བཞི་པོའི་ཆུ་ཚོད་ཐམས་ཅད་བསྡོམས་པས་ཡེ་རླུང་རྒྱུ་བ་དུས་ཀྱི་འཁོར་ལོ་ཞེས་བརྗོད་པའི་ལོ་གསུམ་ཕྱོགས་གསུམ་པོའི་ཞག་ལ་དགུ་བསྲེས་པའི་ཆུ་ཚོད་ཀྱི་གྲངས་སྟོང་དང་བརྒྱ་སོ་བཞི་པོ་དེ་འབྱུང་བ་ཡིན་ནོ། །དེ་ནས་གཟའ་རྣམས་ཀྱི་རང་རང་སྐྱེས་པའི་ཁྱིམ་ནས་བརྩམ་སྟེ་ཁྱིམ་རེ་ལ་རྐང་བ་རེས་སྤྱོད་པའི་དལ་བའི་རྐང་པ་གསུངས་པ། ཡེ་རླུང་རྒྱུ་བའི་ལོ་གསུམ་གྱི་ཟླ་བ་སུམ་ཅུ་རྩ་དྲུག་དང་དེའི་སྟེང་དུ་ཕྱོགས་གསུམ་ལས་ཕྱོགས་གཉིས་སྒྲ་གཅན་དང་དུ་བའི་སྐལ་བར་བཞག་པའི་ལྷག་མ་ཕྱོགས་གཅིག་བསྣན་པས། སུམ་ཅུ་རྩ་དྲུག་ཕྱེད་དང་བཅས་པའི་ཟླ་བ་འདི་དག གཟའ་ལྔ་པོ་ཟླ་ཉི་གཉིས་གའི་ལོངས་སྤྱོད་ལ་སྤྱད་པས་ན་ཟླ་བའི་རྐང་པའི་ཡོན་ཏན་སྒྲ་རེག་གཟུགས་རོ་དྲི་ལྔ་དང་། ཉི་མའི་རྐང་པའི་ཡོན་ཏན་སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་གཅིག་ཏུ་བསྲེས་པ་ངེས་པར་ནོར་གྱིས་ཞེས་པ་ཡོན་ཏན་བརྒྱད་པོ་འདི་དག་


MR17_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྐྱུར་བ་དག་ནི་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་པོ་རྣམས་དག་གི་དལ་བའི་ལས་སམ་བྱ་བ་ལ་རྐང་པར་འགྱུར་ཏེ། ཟླ་བ་སོ་དྲུག་པོ་དེ་བརྒྱད་ཀྱིས་བསྒྱུར་བས་ཉིས་བརྒྱ་དང་གྱ་བརྒྱད། ཟླ་བ་ཕྱེད་པོ་བརྒྱད་ཀྱིས་བསྒྱུར་བས་ཞག་བརྒྱ་ཉི་ཤུ་ལ་སུམ་བཅུས་བགོས་པས་བཞི་ཐོབ་པ། སྔ་མར་བསྲེས་པས་མིག་བུག་མིག་གི་གྲངས་ཞེས་ཉིས་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་གྲངས་ནི་ཁྱིམ་གྱི་རྐང་པ་སྔ་ཕྱི་རྣམས་ཀྱི་ཆུ་ཚོད་དོ། །དལ་བའི་རྐང་གནས་དྲུག་ནི། དེ་ཉིད་ཉེར་ལྔ་དང་། བཅོ་བརྒྱད་དང་རི་བདུན་རྣམས་ནི། བརྟན་པ་ས་ཡི་བུ་ཡི་དལ་རྐང་ཕྱི་མ་དང་ནི་སྔ་མའི་ཆ་ལ་སྟེ་ཞེས་པ་རྐང་གནས་དང་པོར་ཉེར་ལྔ། གཉིས་པར་བཅོ་བརྒྱད། གསུམ་པར་བདུན་ཏེ་གསུམ་ནི་སྔ་རྐང་དང་། ཕྱི་རྐང་ལ་གོ་རིམ་བཟློག་སྟེ། བདུན་དང་བཅོ་བརྒྱད་དང་ཉེར་ལྔ་འགོད་པ་འདི་བཞིན་དལ་རྐང་གི་སྐབས་སུ་སྔ་རྐང་གསུམ་དང་ཕྱི་རྐང་གསུམ་རེར་འགྱུར་པ་འོག་མ་ཀུན་ལ་འདྲ་བར་ཤེས་པར་བྱའོ། །མིག་དམར་གྱི་མིང་དུ་བརྟན་པ་ས་ཡི་བུ་ཞེས་བརྗོད་པ་ནི། གཞུ་ཁྱིམ་ས་ཡི་ཁམས་ཡིན་ཅིང་དེ་ལས་སྐྱེས་པའི་ཕྱིར་ན་ས་ཡི་བུ་དང་ས་སྐྱེས་སུ་བརྗོད་ཅེས་སྔ་འགྲེལ་རྣམས་སུ་བཤད་ན་ཡང་ས་ལྷའི་བུ་ཡིན་པས་དེ་ལྟར་བཞེད་པའང་ཡོད་དོ། །དེ་བཞིན་དུ་ཕྱོགས་བཅུ་དང་རི་དང་མེ་ནི་གཟའ་ལག་གིའོ། །དབང་ཕྱུག་སྟེ་བཅུ་གཅིག་དང་། དགུ་དང་མེ་ནི་བླ་མའི་སྔ་ཆ་དག་དང་གཞན་གྱི་སྟེ། ཕྱི་ཆ་ལ་ཡང་ངོ་། །དཀར་པོའི་མདའ་དང་ཆུ་གཏེར་ཟླ་བའོ། །སྤེན་པ་ཡི་ཡང་མིག་བཅས་མིག་ཉེར་གཉིས་དང་། ཉིན་ཞག་བཅོ་ལྔ་དང་། དུས་སུ་འགྱུར་ཞེས་པ་དྲུག་གོ། དེ་ལྟར་བཀྲ་ཤིས་ཀྱི་དལ་རྐང་གནས་དྲུག་པོ་གཅིག་ཏུ་བསྡོམས་པས་བརྒྱ། ལྷག་པའི་བཞི་བཅུ། ཕུར་བུའི་ཞེ་དྲུག །པ་སངས་ཀྱི་ཉི་ཤུ། སྤེན་པའི་གྱ་དྲུག་རྣམས་བསྡོམ་པས་མིག་བུག་མིག་གི་གྲངས་ཀྱི་ཆུ་ཚོད་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ཡེ་ང་དུས་ཀྱི་འཁོར་ལོའི་ལོ་


MR17_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཟླ་བ་ལ་སོགས་པ་བརྒྱད་ཀྱིས་བསྒྱུར་པ་དེ་ཞག་གི་ངོ་བོར་གནས་སུ་ཟིན་ཀྱང་དེ་ཆུ་ཚོད་དུ་བྱས་པ་ནི་ཞག་དེ་ལ་ཆུ་ཚོད་ཀྱི་འཁོར་ལོ་དྲུག་ཅུས་བགོས་པས་ཞག་བཞི་དང་ཆུ་ཚོད་ང་གཉིས་འོང་བ་དེ་ཡིན་ཏེ། ཞག་བཞི་ཆུ་ཚོད་དྲུག་ཅུས་བསྒྱུར་ནས་ང་གཉིས་བཅུག་ཀྱང་གོང་གི་ཞག་གྲངས་འཆར་རོ། །ད་ནི་མིག་དམར་སོགས་གཟའ་ལྔ་པོ་དག་གིས་ཁྱིམ་གསུམ་ལོངས་སྤྱོད་པ་ལ་ཡེ་རླུང་གི་ལོ་གསུམ་གྱི་ཉིན་ཞག་དང་མཚུངས་པའི་ཆུ་ཚོད་ལོངས་སྤྱོད་པར་གསུངས་པ།འདི་ལྟར་ཁྱིམ་གྱི་ཟླ་བ་གཅིག་ལ་ནི་ས་སྐྱེས་མིག་དམར་གྱི་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་དག་སྟེ་ཞེས་པ་ཉིན་ཞག་ཕྱེད་གཉིས་ཀྱི་ཡུན་ནོ། །འདི་ནི་མིག་དམར་གྱིས་ཟླ་བ་བཅོ་བརྒྱད་ལ་རྒྱུ་སྐར་འཁོར་བར་འཇིག་རྟེན་ན་གྲགས་པ་དང་སྒོ་བསྟུན་པ་སྟེ། རྒྱུ་སྐར་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་ཟླ་བའི་གྲངས་བཅོ་བརྒྱད་ཀྱིས་བགོས་པས་དགུ་བཅུ་ཐོབ་པ་དེ་ཡི་དབང་དུ་བྱས་པའོ། །ཞིབ་པར་དངོས་གནས་གྲུབ་མཐའི་རྩིས་དང་བསྟུན་ན་ཁྱིམ་ཟླ་གཅིག་ལ་དཀྱིལ་འཁོར་གྱི་སུམ་ཅུའི་ཆ་ཟླ་བ་ཉེར་གཉིས་ཀྱིས་ཐོབ་པ་ཆུ་ཚོད་དོན་གསུམ་ཆུ་སྲང་སོ་བརྒྱད་སོགས་འབྱུང་སྟེ། ཁྱིམ་ཟླ་རེ་ཉིན་ཞག་ཕྱེད་བཅས་སུམ་ཅུས་རྫོགས་སོ། །དེས་ན་གྲུབ་མཐའི་རྩིས་ལ་རང་རང་གི་དཀྱིལ་འཁོར་གྱི་ཆས་རྒྱུ་སྐར་ཆུ་ཚོད་རྣམ་པར་འབྱེད་པའི་སྒོ་ནས་ཞག་གསུམ་གྱི་རྟག་པའི་ལོངས་སྤྱོད་ཀྱི་དབྱེ་བ་ཤེས་པར་བྱ་ཞིང་དེ་ལས་ཁྱིམ་ཟླ་རེའི་ལོངས་སྤྱོད་ཚུལ་ཀྱང་ཤེས་པར་བྱའོ། །མིག་དམར་གྱི་ཇི་ལྟ་བ་བཞིན་དུ་ཕུར་བུ་དང་སྤེན་པའི་ཡང་དགུ་བཅུ་སྟེ་དྲག་གསུམ་མཚུངས་པར་ཉི་མ་ལ་སྦྱང་དགོས་པ་ཡིན་པས་སོ། །ལྔ་དང་འཇིག་རྟེན་ཟླ་བའི་གྲངས་བརྒྱ་སོ་ལྔ་ནི་པ་སངས་ཀྱི་སྟེ། འགྱུར་ལ་ལར་སངས་རྒྱས་ཀྱི་སྟེ་ཟེར་ཡང་བྷྲ་དྷ་ལྷག་པའི་མིང་ཡིན་པས་རྒྱ་དཔེའི་སྐྱོན་ཡིན་ནམ་སྙམ་མོ། །དེ་བཞིན་གཟའ་ལྷག་གི་ཡང་བརྒྱ་སོ་ལྔའོ། །འདི་པ་སངས་ཀྱི་ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་དུ་མི་


MR17_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཏེ། པ་སངས་མྱུར་རྐང་གི་ལོངས་སྤྱོད་ནི་རྒྱུ་སྐར་ཆུ་ཚོད་བཅུས་བསྒྱུར་བ་ལ་རི་རྒྱལ་མིག་གིས་བགོས་པས་ཆུ་ཚོད་བདུན་ཆུ་སྲང་བཅུ་གཉིས་དབུགས་གསུམ་རྣམས་གོང་གི་ཞག་དེས་བསྒྱུར་བས་ཆུ་ཚོད་ཉིས་བརྒྱ་སོ་གཉིས་འབྱུང་བས་སོ་ཞེ་ན། དེ་པ་སངས་ཀྱི་རྐང་པའི་ལོངས་སྤྱོད་ཀྱི་དཀྱིལ་འཁོར་ཡིན་གྱི་གྲུབ་མཐའི་དཀྱིལ་འཁོར་གྱི་ལོངས་སྤྱོད་མ་ཡིན་ཞིང་། གྲུབ་མཐའི་དབང་དུ་བྱས་པའི་ལོངས་སྤྱོད་ཉི་མ་དང་མཉམ་ལ་གྲུབ་པའི་མཐའ་ཚད་མ་ཡིན་པའི་ཕྱིར་རོ། །གྲུབ་མཐའི་ལོངས་སྤྱོད་ལ་དེ་ལྟར་ཡིན་པའི་རྒྱུ་མཚན་གང་གི་ཕྱིར་ཞེ་ན། ཉི་མའི་ལོངས་སྤྱོད་ཀྱིས་པ་སངས་ལ་རྣམ་པར་སྦྱངས་པས་པ་སངས་སུ་འགྱུར་བ་སྟེ་པ་སངས་ཀྱི་མྱུར་དག་ཏུ་འགྱུར་བ་དེས་ན་པ་སངས་ཀྱི་ཟླ་བའི་ལོངས་སྤྱོད་ཀྱི་ཆུ་ཚོད་ཀྱི་ཚོགས་ནི་ཉི་མ་དང་མཚུངས་པར་བརྒྱ་སོ་ལྔ་སྟེ་གཟའ་ལྷག་གི་ཡང་དེ་བཞིན་ནོ། །དེ་ལྟར་དྲག་གསུམ་གྱི་ལོངས་སྤྱོད་གཅིག་ཏུ་བསྡོམས་པ་དགུ་བཅུ་དང་། ཞི་གཉིས་ཀྱི་མདའ་ཡོན་ཟླ་བ་གཉིས་ཚན་བཅས་གཅིག་ཏུ་བསྡུས་པ་ཆུ་ཚོད་མཁའ་རོ་བསྲེག་ཟ་སྟེ་སུམ་བརྒྱ་དྲུག་ཅུ་དག་ཏུ་འགྱུར་རོ། །སུམ་བརྒྱ་དྲུག་ཅུ་འདི་དག་གཟའ་ལྔ་ཀའི་ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་དེ་འདི་ཉིད་ཟླ་བ་གསུམ་གྱི་གྲངས་ཀྱིས་བསྒྱུར་བས་སྟོང་དང་བརྒྱད་ཅུ་ནི། ལོ་བརྒྱ་ཡི་ཉིན་ཞག་གི་གཡས་གཡོན་གྱི་རྒྱུ་བ་ལས་དབུ་མའི་ཐོབ་སྐལ་དུ་སོང་བས་ལས་རླུང་གི་གྲངས་ལས་དེ་ཆད་པའམ་བུ་ལོན་དུ་གྱུར་པ་ཡེ་རླུང་ལོ་གསུམ་དང་ཕྱོགས་གསུམ་ལས་ལོ་གསུམ་པོའི་ཞག་སྟོང་བརྒྱད་ཅུ་དང་གྲངས་མཉམ་པའི་ཆུ་ཚོད་ཡིན་པས། རིགས་ལྡན་འཇམ་དཔལ་གྲགས་པས་དངོས་སུ་དྲག་གཟའ་གསུམ་གྱི་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་རེ་སོ་སོར་བཤད་པ་ལྟ་བུར་སྣང་ཡང་། ཟུར་གྱིས་དོན་ལ་གནས་པ་གྲུབ་པའི་མཐའི་ལོངས་སྤྱོད་གསུངས་པ་ཡིན་ཏེ། ཆུ་ཚོད་དགུ་བཅུ་པོ་འདི་ནི་དོན་དུ་དྲག་གཟའ་གསུམ་གྱི་ཟླ་བ་གཅིག་ལ་ལོངས་སྤྱོད་པ་བསྡོམས་པ་ལ་གོ་བར་


MR17_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིན་པའོ། །ཟླ་བར་ཞེས་པ་ཁྱིམ་ཟླ་གཅིག་ལ་བླ་མའི་རྟག་པའི་ལོངས་སྤྱོད་དུ་འགྱུར། རབ་ཏུ་གསལ་བར་ཆུ་ཚོད་དྲག་པོའི་གྲངས་ནི་རྐང་པ་དང་བཅས་པ་ཞེས་ཏེ་དབྱུག་བཅུ་གཅིག་དང་ཆུ་སྲང་བཅོ་ལྔའོ། །དེ་ཡང་ཉིན་ཞག་གཅིག་ལ་ཕུར་བུའི་རྟག་ལོངས་ཆུ་སྲང་ཉེར་གཉིས་དབུགས་གཉིས། དབུགས་ཀྱི་འདོད་ཆ་བརྒྱད། དེའི་བདུན་བརྒྱ་ཉེར་གཉིས་ཆ་བརྒྱ་ཡོད་ཀྱང་། རགས་རྩིས་སུ་བྱས་ནས་ཆུ་སྲང་ཉེར་གཉིས་དང་དབུགས་གསུམ་དུ་བཅུག་པ་དེ་ཟླ་བ་གཅིག་གི་གྲངས་སུམ་ཅུས་བསྒྱུར་ནས་དབུགས་སོགས་རང་འཁོར་དྲིལ་བས་ཆུ་ཚོད་བཅུ་གཅིག་དང་ཆུ་སྲང་བཅོ་ལྔ་འབྱུང་ངོ་། །ཚིགས་བཅད་འདིས་མིག་དམར་གྱི་ཟླ་བ་བཅོ་བརྒྱད་ཀྱིས་རྒྱུ་སྐར་འཁོར་བ་སོགས་སུ་བཤད་པའི་འཇིག་རྟེན་གྱི་གྲགས་པ་དོན་དུ་མི་གནས་པར་བསྟན་པའི་སྒོ་ནས་ཉམས་པར་བྱ་བའི་ཕྱིར་གྲུབ་པའི་མཐའ་ལ་བརྟེན་པ་ཚིག་ཟུར་གྱིས་གསུངས་པའོ། །ཆུ་སྲང་སུམ་ཅུ་རྣམས་དང་གསལ་བར་དུས་ཀྱི་ཆུ་ཚོད་དག་ནི་ཉི་མའི་བུ་ཡི་ལོངས་སྤྱོད་དོ། །ཞེས་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་ཐམ་པའོ། །སྤེན་པའི་རྟག་ལོངས་ལ་ཆུ་སྲང་ལྷག་བཅས་ཡོད་ཀྱང་ཆུ་སྲང་དགུར་བསྡུས་ཏེ་གོང་བཞིན་བརྩིས་པས་ཟླ་གཅིག་ལ་དེ་འབྱུང་ངོ་། །ཕུར་སྤེན་དེ་གཉིས་ཀྱི་ཆུ་ཚོད་གཅིག་ཏུ་བསྡོམ་པར་གྱུར་པ་ཉིན་ཞག་ཅེས་བྱ་བ་ནི་བཅོ་ལྔའི་བརྡ་ཆད་ཡིན་པས་ཆུ་ཚོད་བཅོ་ལྔ་ཡིན་ལ། དེ་གསུས་གྱིས་བསྒྱུར་བའི་བཞི་བཅུ་ཞེ་ལྔ་པོ་དེ་ཡང་གྲུབ་པའི་མཐའ་ཡི་དབང་ལས་མིག་དམར་གྱི་ལོངས་སྤྱོད་ལ་ཁ་སྣོན་དུ་སྦྱིན་དགོས་ལ། འཇིག་རྟེན་གྲགས་པའི་དབང་ལས་ནི་ཟླ་བ་ཕྱེད་དང་བཅས་པའི་མཚན་མོར་བཅས་ཞེས་པ་ཕྱོགས་ཞེ་ལྔ་དང་སྦྱར་བ་ཡིན་ལ། གྲུབ་པའི་མཐའི་དབང་དུ་ན་དེ་དུ་བའི་ལོངས་སྤྱོད་ཡིན་པས་ཕུར་བུ་དང་སྤེན་པ་འདི་དག་དང་མི་སྦྱར་རོ། །འདིར་འགྱུར་གཞན་ལས། ཟླ་བ་


MR17_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་བཅས་མཚན་མོར་བཅས། །ཞེས་པ་དེ་ལ་ཕྱེད་བཅས་ཟླ་བའི་ཉིན་ཞག་ལས། །ཞེས་བསྒྱུར་བ་ལེགས་སོ། །གཙོ་བོའི་ལོངས་སྤྱོད་ནི་གཙོ་བོའི་དུས་ཀྱི་འཁོར་ལོའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་བརྒྱ་ཉེར་ལྔ་ལ་ནི་གཟའ་ལྔ་སྒྲ་གཅན་དང་དྲུག་གི་ཡང་ལོངས་སྤྱོད་དོ། །འདིར་ལོ་བརྒྱའི་ཉིན་ཞག་རྣམས་ཀྱི་ཉིན་རེ་བཞིན་དུ་བུ་ལོན་དུ་གྱུར་པ་དེར་སྒྲ་གཅན་གྱིས་ཀྱང་ལོངས་སྤྱོད་པས་གཟའ་ལྔ་སྒྲ་གཅན་དང་དྲུག་གི་ཡང་ལོངས་སྤྱོད་དོ། །ཚིག་རྐང་འདི། ཉིན་ཞག་རྣམས་ཀྱི་ཉིན་བཞིན་བུ་ལོན་གཙོ་བོའི་ལོངས་སྤྱོད་ལ་ནི་གཟའ་དྲུག་གི་ཡང་ལོངས་སྤྱོད་དོ། །ཞེས་སུ་བཤད་པ་བདེའོ། །ད་ནི་ཕྱོགས་གཉིས་དང་འབྲེལ་བའི་སྒྲ་གཅན་གྱི་ལོངས་སྤྱོད་ལས་ཀེ་ཏུའམ་མཇུག་རིང་གི་ལོངས་སྤྱོད་གསུངས་པ། འདིར་སྔར་གྱི་དལ་བའི་བྱ་བ་ལ་ལོ་གསུམ་དང་ཕྱོགས་གཅིག་གི་ཆ་ཟླ་བ་སོ་དྲུག་ཕྱེད་དང་བཅས་པ་བཤད་ཀྱི་ཕྱོགས་གཉིས་ལུས་པའི་ཟླ་བ་གཅིག་ལྷག་པ་གང་ཞིག་དལ་བའི་ལས་སམ་བྱ་བ་ལ་ཁྱབ་བདག་གཙོ་བོའི་དབུགས་ཀྱི་ཆ་གང་ཞིག་རྗེས་སུ་གཟའ་ལྔ་པོ་རྣམས་ཀྱིས་ནི་ལོངས་མ་སྤྱད་པ་ཟླ་བ་གཅིག་པོ་དེ། སྒྲ་གཅན་ཉི་ཟླ་གཉིས་ཀའི་ལོངས་སྤྱོད་ལ་སྤྱོད་པས། གོང་བཤད་བཞིན་ཉི་ཟླའི་ཡོན་ཏན་བརྒྱད་ཀྱིས་བསྒྱུར་ཏེ་ཉི་མའི་ཡེ་ཤེས་ཆ་རགས་པ་སུམ་ཅུས་བགོས་པས་བརྒྱད་ཐོབ་ཁྱབ་བདག་སྒྲ་གཅན་ལ་ཟེར་བའང་སྣང་མཆན། པ་དེ་ཉིད་དམ་ཡང་ན་བརྒྱད་པོ་དེ་སླར་ཆུ་ཚོད་དུ་བྱས་པ་དེ་ལས་ཟླ་བའི་ཡེ་ཤེས་ཆ་རགས་པ་དྲུག་ཅུས་བགོས་པས་ཆུ་ཚོད་བརྒྱད་ཐོབ་པ་དེ་ཉིད་གཟུང་བར་བྱ་སྟེ། བརྒྱད་པོ་དེ་ལས་རབ་ཏུ་གསལ་བར་དུ་བའི་ལོངས་སྤྱོད་ཀྱི་ཆ་ཆུ་ཚོད་ཕྱེད་དོར་བའི་ལྷག་དུས་ཕྱེད་བཅས་བདུན་གྱི་ཆུ་ཚོད་དག་ནི་སྒྲ་གཅན་གྱི་ལོངས་སྤྱོད་དེ་ཇི་ལྟར་ན་ཆུ་ཚོད་བདུན་དང་ཕྱེད་བཅས་དེ་ནི་ཉི་མའི་ཁྱིམ་གྱི་ཟླ་བ་གཅིག་པོ་འདི་ཉིད་ལ་སྤྱོད་དེ། རགས་པར་སྒྲ་གཅན་གྱིས་རྒྱུ་སྐར་འཁོར་ལོ་བཅོ་བརྒྱད་ཀྱིས་འཁོར་བའི་དབང་དུ་བྱས་ན། ལོ་བཅོ་བརྒྱད་སུམ་བརྒྱ་


MR17_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུས་བསྒྱུར་བས་ཞག་གྲངས་དྲུག་སྟོང་བཞི་བརྒྱ་བརྒྱད་ཅུ་དེས། རྒྱུ་སྐར་གྱི་ཆུ་ཚོད་སྲང་དུ་བྱས་ལ་བགོས་པས་ཆུ་སྲང་བཅོ་ལྔ་ཐོབ་སྟེ་ཁྱིམ་ཞག་རེའི་ལོངས་སྤྱོད་དོ།། དེ་སུམ་ཅུས་བསྒྱུར་བའི་ཆུ་ཚོད་ཕྱེད་བརྒྱད་འབྱུང་བ་འདི་ཉིད་ནི་འཇིག་རྟེན་གྲགས་པ་དང་མཐུན་པའོ། །སྒྲ་གཅན་གྱི་ཁྱིམ་གྱི་ཟླ་བའི་ལོངས་སྤྱོད་ནི་ཉི་མ་ཡི་ཡོན་ཏན་གསུམ་དང་བཅས་པའི་ཟླ་བའི་རྐང་པ་སྒྲ་སོགས་ཡོན་ཏན་ལྔ་སྟེ་བརྒྱད་པོ་དེ་ནི་སྒྲ་གཅན་གྱི་ཆུ་ཚོད་ཕྱེད་བདུན་དང་། ཆུ་ཚོད་ཕྱེད་ཀྱིས་རྣམ་པར་དམན་པ་ནི། ཕྱེད་མུན་པའི་ཡོན་ཏན་སྒྲ་གཅན་གྱི་ཡིན་ཡང་ཕྱེད་མུན་པ་མེད་པ་མཇུག་རིངས་ཀྱི་ལོངས་སྤྱོད་ཡིན་པའི་ཕྱིར་རོ། །དེ་ཡང་ཉི་མའི་བགྲོད་པ་དང་པོ་ཆུ་སྲིན་གྱི་འཕོ་བ་ཆ་གཉིས་སུ་བྱས་པའི་ཕྱོགས་དང་པོ་ལ་ཆུ་ཚོད་གསུམ་སྟེ་སྙིང་སྟོབས་རྡུལ་མུན་གྱི་བདག་ཉིད་ཀྱིས་ནོར་དུ་ལོངས་སྤྱོད་དོ། །དེ་བཞིན་དུ་དེ་གསུམ་ཀརྐ་ཊའི་ཕྱོགས་དང་པོ་ལ་བུ་ལོན་གྱིས་སྤྱོད་དོ། །རིལ་པོའི་གནས་སུ་ཚེས་བསྲེས་བཅུ་བཞིས་བགོས་པའི་ཆ་ལྷག་མ་ལ་ཟླ་བ་ཞེས་པ་སྔ་རྐང་དང་པོ་དང་། མྱོས་བྱེད་དེ་ཕྱི་རྐང་བཅུ་གསུམ་པའི་ཉིན་ཞག་དག་ལ་ཟླ་བའི་ཆུ་ཚོད་ལྔ་སྟེ་ཡོན་ཏན་ལྔའི་བདག་ཉིད་སྔ་རྐང་ལ་ནོར་དང་ཕྱི་རྐང་ལ་བུ་ལོན་དུ་འགྱུར་རོ། །དེ་ལྟར་ན་སྒྲ་གཅན་ཉི་ཟླ་གཉིས་ཀའི་ལོངས་སྤྱོད་ལ་སྤྱོད་པ་ཡིན་པ་དེའི་ཕྱིར་ཉི་ཟླའི་ཡོན་ཏན་བརྒྱད་ཀྱིས་བསྒྱུར་བ་ཡིན་ནོ། །གང་ཞིག་སྒྲ་གཅན་གྱིས་མ་སྤྱད་པའི་ཕྱེད་ཀྱི་ཆུ་ཚོད་དེ་ནི་དུས་ཀྱི་ཉིན་ཞག་ཞེས་བཞིས་བཅོ་ལྔ་བསྒྱུར་བ་དྲུག་ཅུའི་དུས་ལ་ཞེས་རགས་པའམ། ཡང་ན་ཞིབ་པར་ཉིན་ཞག་དུས་ཀྱི་དུས་ལ་ཞེས་དུས་སྔ་མ་བཞི་དང་ཕྱི་མ་དྲུག་སྟེ་དོན་དུ་ཉིན་ཞག་རེ་བཞི་ལ་ཞག་རེ་ཆད་པ་ནི་ཚེས་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་མེད་པས་དེ་བསགས་པ་སྟེ་དེའི་ཕྱིར་ཟླ་བའི་ཆ་ཉམས་པའམ་ཆ་དེ་ཡིས་དམན་པའི་ཟླ་བ་སྟེ། དེའི་རྒྱུ་མཚན་གྱིས་སྒྲ་གཅན་གྱིས་མ་སྤྱད་པའི་ཆུ་ཚོད་ཕྱེད་ནི་ཁྱིམ་ཟླ་གཅིག་


MR17_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བུ་ལོན་དུ་འགྱུར་ཏེ། དེ་ཡང་སྒྲ་གཅན་གྱི་ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་བཞི་འགྱུར་གཅིག་ཟླ་བའི་ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་ཞིང་། དེ་ལས་ཉིས་འགྱུར་གཅིག་ཉི་མའི་ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་རོ། །དེ་ཇི་ལྟར་ན་སྒྲ་གཅན་གྱི་ཁྱིམ་ཟླའི་ལོངས་སྤྱོད། འདི་བཞིས་བསྒྱུར་བས་ཆུ་ཚོད་སུམ་ཅུ་འབྱུང་བ་དེ་ཉིད་ཟླ་བའི་ཁྱིམ་ཟླ་གཅིག་ལ་བུ་ལོན་དུ་གྱུར་པའི་མ་ཆད་པ་བསགས་པས་ཟླ་བས་རགས་པར་ཟླ་བ་གཉིས་ན་ཞག་གཅིག །ལོ་གཅིག་ལ་ཞག་དྲུག་གོ། འབྲིང་དུ་ཚེས་ཞག་རེ་བཞི་ལ་ཞག་རེའི་ཆས་དམན་པ་ཟླ་བའི་ལོངས་སྤྱོད་དེ་ཉམས་པ་སྟེ་ཞིབ་པར་ཚེས་ཞག་རེ་ལ་ཆུ་སྲང་ང་དྲུག་དབུགས་གཅིག །དབུགས་ཀྱི་སོ་གཉིས་ཆ་བཅུ་དྲུག་བུ་ལོན་དུ་འགྱུར་བས། ཚེས་ཞག་རེར་རྟག་ལོངས་འདིས་དྲུག་ཅུར་མ་ལོངས་པས་ཟླ་བའི་ཚེས་ཞག་གཅིག་གི་ལོངས་སྤྱོད་དེ་ཙམ་ཞིག་ཉིན་ཞག་རེ་རེ་ལ་ཆད་པའམ་ཉམས་པའོ། །དེའི་ཕྱིར་ཞག་རེ་བཞི་ན་ཞག་གཅིག །ལོ་གཅིག་ན་ཞག་ལྔ། ཆུ་ཚོད་སོ་བདུན། ཆུ་སྲང་སུམ་ཅུ། འདི་རྒྱུ་སྐར་ཡོངས་རྫོགས་འཁོར་བའི་དཀྱིལ་འཁོར་ལ་ནོར་དང་ཞག་རེའི་ལོངས་སྤྱོད་ལ་བུ་ལོན་༧ ༣༠༥༧༣༤༠༦དུ་འགྱུར་རོ། །ཟླ་བའི་བུ་ལོན་ཉི་མའི་ལྷག་པར་གྱུར་པ། རགས་པར་ཆུ་ཚོད་གཉིས། ཞིབ་པར་ཆུ་ཚོད་གཅིག །ཆུ་སྲང་ང་གཉིས་དབུགས་གསུམ་ཉིན་ཞག་སོ་སོར་དཀྱིལ་འཁོར་ལ་ལྷག །རྟག་ལོངས་ལ་ཆད་པར་འགྱུར་བས་ཉིན་ཞག་རེ་ལ་རགས་པར་ཆུ་ཚོད་ང་བརྒྱད། འབྲིང་དུ་ན་འགྱུར་རོ། །དེ་བསགས་པས་རགས་པར་ཟླ་བ་གཅིག་ན། འོག་ཏུ་ངེས་པར་དུས་ཀྱིས་བསྒྱུར་བ་སོགས་ཉིན་ཞག་གཅིག་ལྷག་པར་གསུངས་སོ། །དེ་ལྟར་ཟླ་བའི་བུ་ལོན་དུ་གྱུར་པའི་ཆ་དེ་ནི་ཉི་མའི་ལྷག་པར་འགྱུར་ཏེ། ངེས་པར་དུས་ཀྱིས་ཞེས་བཞིས་ཚེས་གྲངས་བསྒྱུར་བ་སྟེ། ཉི་མའི་ཟླ་བར་ཞེས་ཁྱིམ་ཟླ་གཅིག་ལ་ཉིན་ཞག་


MR17_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལྷག་པ་དེ་ནི་དབུ་མའི་ཡན་ལག་ཏུ་བཞག་པའོ། །འདིར་འགྱུར་མི་བདེ་འདྲ་སྟེ། དུས་ཀྱིས་བསྒྱུར་བ་ཞེས་པའི་བསྒྱུར་བྱ་མི་གོ་བའི་སྐྱོན་སྣང་བས། དེ་ནི་ཉི་མའི་ལྷག་པར་འགྱུར་ཏེ་ངེས་པར་དུས་ཀྱིས་ཉིན་ཞག་བསྒྱུར་བ་ཉི་མའི་ཟླ་བར་རོ། །ཞེས་བྱས་ན། ཟླ་བའི་བུ་ལོན་དེ་ནི་རགས་པར་ཉི་མའི་ཉིས་ལོག་ཏུ་ལྷག་པར་འགྱུར་ཏེ་ངེས་པར་དུས་བཞིས་བསྒྱུར་བའི་ཉིན་ཞག་གམ་ཚེས་གྲངས་ནི་བཅོ་ལྔའི་མིང་ཡིན་པས། བཞིས་བཅོ་ལྔ་བསྒྱུར་བ་དྲུག་ཅུ་སྟེ། ཆུ་ཚོད་དྲུག་ཅུ་ལོངས་པ་ནི་ཉིན་ཞག་གཅིག་གོ། དེ་ནམ་ལོངས་ན་ཉི་མའི་ཟླ་བ་ཞེས་ཉི་མའི་ཉིན་ཞག་གི་ཟླ་བར་ཏེ་ཟླ་བ་གཅིག་ནའོ། །ཞེས་གོ་བར་བྱའོ། །སྤྱིར་འདི་སྐབས་སུ་ཉི་མའི་ཆ་ཞེས་པ་ཉི་མའི་དབང་གིས་བཞག་པ་ཉིན་ཞག་དང་ཁྱིམ་ཞག་གཉིས་ལ་གོ་དགོས་ལ། ཟླ་བའི་ཆ་ཞེས་པ་ཟླ་བའི་འཕེལ་འགྲིབ་ཀྱི་དབང་གིས་བཞག་པ་ཚེས་ཞག་ལ་གོ་བར་བྱ་ཞིང་། དེ་ལྟར་ན་འདི་གསུམ་ཡུན་རིང་ཐུང་མི་འདྲ་བས། ཚེས་ཞག་ནི་ཆུ་ཚོད་དགུ་རྗེས་འབྲངས་དང་བཅས་པ་དང་། ཉིན་ཞག་ནི་ཆུ་ཚོད་དྲུག་ཅུ་ཐམ་པ་ཁོ་ནའི་ཡུན་ཅན། ཁྱིམ་ཞག་ཆུ་ཚོད་དྲུག་ཅུ་རྗེས་འབྲང་དང་བཅས་པ་ཅན་གྱི་ཡུན་ཚད་ཅན་ཡིན་པས། ཚེས་ཞག་གི་ཚད་དེས་ཉིན་ཞག་གི་ཆུ་ཚོད་ལ་ཕྲི་ལྷག །ཆུ་སྲང་ང་དྲུག་དབུགས་གཅིག་སོགས་ཡོད་པས་མཚོན་ནས། ཕན་ཚུན་མང་ལ་ཉུང་གིས་ཕྲི་བའི་བར་ཁྱད་དེ་བསགས་པས། ཕན་ཚུན་མང་བ་ལ་ལྟོས་ནས་ཉུང་བ་ཆད་པ་དང་ཉུང་བ་ལ་ལྟོས་ནས་མང་བ་ལྷག་པར་འགྱུར་བ་ནི། ཚེས་ཞག་རེ་བཞི་ལོངས་པ་ན་ཉིན་ཞག་རེ་གསུམ་ལས་མི་འབྱུང་བས། ཉིན་ཞག་ལ་ལྟོས་ན་ཚེས་ཞག་ལྷག་པ་དང་། ཚེས་ཞག་ལ་ལྟོས་ན་དེའི་མཚམས་སུ་ཉིན་ཞག་གི་གྲངས་གཅིག་ཆད་པ་ལྟ་བུར་འགྱུར་བས་མཚོན་ནས་ཞག་གསུམ་གྱི་བར་ཁྱད་ལས་ཆད་པ་དང་ལྷག་པ་ལྟ་


MR17_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འབྱུང་བ་རྣམས་ཞག་གསུམ་རྣམ་དབྱེའི་རི་མོ་ལ་བརྟེན་ནས་ཞིབ་ཏུ་ཤེས་པར་བྱ་ཞིང་། ཚེས་ཞག་དང་ཉིན་ཞག་གི་བར་ཁྱད་དེ་ལ་ཆུ་ཚོད་གཅིག་ཅུང་མེད་ཀྱང་། རགས་རྩིས་སུ་ཆུ་ཚོད་རེར་བྱས་པ་དེ། ཉི་མའི་ཁྱིམ་ཞག་གི་དབང་དུ་བྱས་ན། ཆུ་ཚོད་གཉིས་སུ་གྱུར་ནས་ཁྱིམ་ཞག་སུམ་ཅུར་ལོངས་པ་ཟླ་བ་གཅིག་ན་ཞག་གཅིག་ལྷག་པར་འགྱུར་རོ། །ཞག་གཅིག་ལྷག་པ་དེ་ནི་ནང་གི་འཕོ་བའི་མཚམས་སུ་ཡེ་རླུང་ང་དྲུག་དང་བཞི་ཆ་རེ་རྒྱུ་བ་དེ། ཉི་ཟླའི་རྒྱུ་བར་བུ་ལོན་ནམ་ཆད་པར་གྱུར་པའི་དབང་གིས་ཕྱི་རོལ་དུ་ཞག་ལྷག་པར་དེ་ལྟར་གྱུར་པ་ཡིན་པས། ཞག་གཅིག་པོ་དེ་དབུ་མའི་ཡན་ལག་ཏུ་བཞག་པའི་དོན་ཏོ། །སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་མིག་གིས་རྣམ་པར་བསྒྱུར་བ་ཏེ་ཞེས་པ། སྒྲ་གཅན་གྱི་ཟླ་བ་གཅིག་གི་ལོངས་སྤྱོད་དབྱུག་བདུན་དང་ཆུ་སྲང་སུམ་ཅུ་སོ་གཉིས་ཀྱིས་བསྒྱུར་བ་ནི་ཟླ་བ་གཉིས་ཀྱི་ལོངས་སྤྱོད་བསྡོམ་པ་སྟེ་དུས་དྲུག་གི་ཆ་གཅིག་གིས་སྒྲ་གཅན་གྱི་ལོངས་སྤྱོད་ཡིན་ལ་དེ་གང་ཞེ་ན། ཆུ་ཚོད་བཅོ་ལྔ་འོང་བ་དེ། སྒྲ་གཅན་གྱི་ཕྱོགས་ཀྱི་ལོངས་སྤྱོད་དེ་སྔར་གྱི་ཟླ་བ་གཉིས་པོ་ཟླ་ཕྱེད་དུ་བྱས་པའི་གྲངས་བཞི་དག་གིས་བགོས་པ་ལས་གསུམ་ཐོབ་ཅིང་གསུམ་ལྷག་པ་དེ་ནི་རྐང་པ་གཅིག་གིས་དམན་པ་དང་བཅས་པའི་བཞི་ཐོབ་པ་དག་ནི་མཇུག་རིང་ཀྱི་ཆུ་ཚོད་ཡིན་ཏེ་ཉིན་ཞག་སོ་སོའི་དུས་སུ་ལོངས་སྤྱོད་པ་སྟེ་ཉི་མ་དང་ཐུན་མོངས་པའོ། །དེ་ཡང་ཆུ་སྲང་དབྱུག་ཏུ་བཅུག་ཕྱིར་ཆུ་ཚོད་གསུམ་པོ་བཞིས་བསྒྱུར་བས་བཅུ་གཉིས། དེ་ཆུ་ཚོད་ཀྱི་བཞི་ཆའི་ཕུང་པོ་ཡིན་པས་བཞིས་བཅོ་ལྔ་བགོས་པས་གསུམ་ཐོབ་པ་གོང་གི་བཅུ་གཉིས་ལ་བསྲེས་པས་བཅོ་ལྔ། དེ་དང་སྟོབས་མཚུངས་བྱ་ཕྱིར་སྒྲ་གཅན་གྱི་ལོངས་སྤྱོད་ཆུ་ཚོད་བཅོ་ལྔ་བཞིས་བསྒྱུར་ནས་བགོས་པས་བཞི་ཐོབ་པ་མཇུག་རིང་ཀྱི་ལོངས་སྤྱོད་དོ་ཞེས་བོད་ཀྱི་བླ་མ་དག་གསུངས། སླར་ཡང་སྒྲ་གཅན་གྱི་ཟླ་བའི་ལོངས་


MR17_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱི་ཆུ་སྲང་སུམ་ཅུ་པོ་དེ་ལས། ཆུ་སྲང་བདུན་དང་ཆུ་སྲང་གཅིག་གི་ཕྱེད་དབུགས་གསུམ་ཕྲིས་པས། ཆུ་སྲང་ཉེར་གཉིས་དང་དབུགས་གསུམ་འབྱུང་ངོ་། །ཡང་ན་ཆུ་སྲང་བདུན་དང་དབུགས་གསུམ་དེ་ངེས་པར་ཡོན་ཏན་ཏེ་གསུམ་གྱིས་བསྒྱུར་པས་ཆུ་སྲང་ཉེར་གཉིས་དང་དབུགས་གསུམ་འབྱུང་བ་ཚེས་ཞག་གི་དབང་དུ་བྱས་པའི་བྱེད་པ་ལ་ལྟོས་པའོ། །དེ་ཉིད་གོང་གི་མཇུག་རིང་ཀྱི་ཆུ་ཚོད་བཞིའི་འོག་ཏུ་བཞག་ནས་ཉི་མའི་ལོངས་སྤྱོད་དག་ནི་སྦྱང་བར་བྱ་ཞེས་པ། བྱེད་པ་ལྟར་ན་ཉི་མའི་ལོངས་སྤྱོད་འདིས་དུ་བའི་ལོངས་སྤྱོད་འདི་ལ་སྦྱང་བའམ། རང་གི་ངོ་བོས་ཏེ་དོན་ཇི་བཞིན་པའི་གྲུབ་པ་ལྟར་ན་ཉིན་ཞག་གི་ཉི་མའི་ལོངས་སྤྱོད་འདིས། དུ་བའི་ལོངས་སྤྱོད་འདི་ལ་སྦྱང་བར་བྱས་པས་ཆུ་སྲང་གཉིས་དང་དབུགས་གསུམ་ལྷག་པ་འདི་མཇུག་རིང་ཀྱི་རྐང་པའི་ལོངས་སྤྱོད་ཉི་མ་ལས་ཐུན་མིན་ཉིད་དུ་གྱུར་པའོ། །དེ་ཡང་མཇུག་རིང་ནི་ཉི་མ་དག་དང་ལྷན་ཅིག་རྣམ་པར་རྒྱུ་སྟེ། མཇུག་རིང་ཉི་མ་ལས་མྱུར་བ་དང་། འཁྱོགས་འགྲོས་དག་ལ་རིམ་བཞིན་ཉི་མའི་མདུན་ནས་རང་གི་ལོངས་སྤྱོད་ཐུན་མིན་ནོར་དུ་གྱུར་ཏེ་སྤྱོད་པ་དང་། ཉི་མའི་རྒྱབ་ནས་རང་གི་ལོངས་སྤྱོད་ཐུན་མིན་བུ་ལོན་དུ་གྱུར་པའི་དབང་གིས་ཉི་མ་དང་ཐག་ཇེ་རིང་དུ་འགྱུར་བས་སོ། །མཇུག་རིང་རྒྱུ་སྐར་གྱི་ཆུ་ཚོད་ལ་རྒྱུ་བར་བྱེད་པ་ནི། ཆུ་སྲང་ཕྱེད་དབུགས་གསུམ་དང་བཅས་པའི་ཆུ་སྲང་གཉིས་སྤྱོད་དེ་ཉིན་ཞག་དང་ཉིན་ཞག་ལ་ཉི་མའི་ལོངས་སྤྱོད་དག་ལས་རིམ་པའམ་རིམ་མིན་དུ་སྟེ་ཉི་མའི་ལོངས་སྤྱོད་ལ་ནོར་དང་བུ་ལོན་དུ་གྱུར་བས་སྤྱོད་དོ། །འགྲེལ་ཆེན་ལས་རང་གི་ངོ་བོས་ནི་གང་ཞིག་ཕྱེད་དང་བཅས་པའི་ཆུ་སྲང་གསུམ་གྱིས་ཏེ་ཞེས་གསུངས་པའང་ཆུ་སྲང་གཉིས་དང་ཆུ་སྲང་གི་ཕྱེད་དབུགས་གསུམ་པོ་འདིའི་དོན་ཏོ། །མཇུག་རིང་ལ་འགྲོས་གཉིས་ལས་དལ་འབྱུང་མེད་པ་ནི་ཉི་མ་ལས་གཞན་པའི་


MR17_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དལ་རྐང་ཁྱད་པར་བ་མེད་པས་སོ་ཞེས་བླ་མ་དག་གསུངས། མཇུག་རིང་རང་གི་ཟླ་བ་སུམ་ཅུ་རྩ་དྲུག་གིས་རྒྱུ་བའི་བར་དུ་དེ་ལྟར་རྒྱུ་བའི་ཆུ་ཚོད་དག་ཀྱང་བསགས་པ་ལས། འཇིག་རྟེན་གྱིས་ནི་ཚེས་གྲངས་བསྒྱུར་ཞེས་པ་གསུམ་གྱིས་བཅོ་ལྔ་བསྒྱུར་བས་བཞི་བཅུ་ཞེ་ལྔ་སྟེ་ཕྱོགས་གསུམ་མམ། ཕྱེད་དང་བཅས་པའི་ཟླ་བར་ལོ་གསུམ་གྱི་མཐའི་བར་དུ་ཆུ་སྲང་གིས་ལོངས་སྤྱོད་པ་བཏང་ནས་ཆུ་ཚོད་གཉིས་ནི་ཉིན་ཞག་སོ་སོར་ཉི་མ་ལས་ལྷག་པོར་འཆར་ཏེ། དེ་ཡང་དུ་མཇུག་རིང་གི་མྱུར་འགྲོས་དང་འཁྱོགས་འགྲོས་དག་ལ་རིམ་བཞིན་ཉི་མའི་མདུན་དང་རྒྱབ་ཏུའོ། །དེ་ལྟར་ཕྱོགས་གསུམ་མམ་ཕྱེད་བཅས་ཟླ་བའི་བར་དག་ཏུ་ནི་མཇུག་རིང་དེ་ཡི་སྐར། །ཆུ་སྲང་ང་དྲུག་དང་བཞི་ཆ་ལ་ཆུ་ཚོད་དུ་བྱས་པ་ཞེས་བཤད། མཆན། མ་འཆར་བ་མི་ཡི་འཇིག་རྟེན་དེ་དག་ཏུ་མཐོང་བར་འགྱུར་གྱི་དེའི་བར་དུ་ཉི་མའི་འོད་ཀྱིས་བསྒྲིབ་ནས་མི་མཐོང་ངོ་། །ཕྱོགས་གསུམ་ལ་མཐོང་ན་ཡང་ཟླ་བ་གཅིག་གི་བར་སྐར་མ་མཐོང་གི་དུ་བ་མི་སྣང་ངོ་། །དེ་ནས་མཐའི་ཕྱོགས་གཅིག་ལ་དུ་བ་དང་བཅས་པར་མཐོང་ངོ་། །དུ་བ་མཐོང་བ་དེས་ན་སེམས་ཅན་རྣམས་ལ་དུ་བ་མཇུག་རིང་ཡིན་པར་རབ་ཏུ་གསལ་ཏེ་དུ་མཇུག་ཤར་རོ་ཞེས་ཤེས་པར་འགྱུར་ལ་ཕྱོགས་གཅིག་པོ་དེ་ལ་ཕར་ཚུར་འགྲོ་འོང་གི་དབྱེ་བས་ཟླ་བ་གཅིག་ཏུ་དུ་བ་དང་བཅས་པར་མཐོང་ངོ་། །དེ་ནས་དུ་བ་མེད་པར་སྐར་མ་ཙམ་སྣང་བར་འགྱུར་རོ། །སླར་ཡང་དཔལ་དུས་ཀྱི་འཁོར་ལོར་ཏེ་ལོ་གསུམ་གྱི་ལོངས་སྤྱོད་ལ་རབ་ཏུ་འཇུག་སྟེ་དུ་བ་དེ་ནི་གང་ཚེ་ལོ་གསུམ་པོ་ཡི་ལོངས་སྤྱོད་དག་ལ་ཞུགས་པ་ཟླ་བ་སུམ་ཅུ་རྩ་དྲུག་པོ་དེའི་ཚེ་ན་མི་རྣམས་ཀྱིས་མཐོང་བར་མི་འགྱུར་ཏེ་ཉི་མ་དང་འགྲོགས་པའི་དབང་གིས་སོ། །དུ་མཇུག་དེ་ཡི་འཆར་བའི་ཆ་དག་ལན་གཅིག་ཤེས་པར་གྱུར་ན། དེ་ཡི་འཆར་བ་མཐའ་ཡས་པའི་དུས་ཀྱང་ཤེས་པར་འགྱུར་རོ། །ད་ནི་དུས་ཀྱི་འཁོར་ལོའི་ལོ་གསུམ་གྱི་ཉིན་ཞག་བརྒྱ་བརྒྱད་ཅུ་དེ་ལྔས་


MR17_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཞིང་སླར་ཡང་ལྔས་བསྒྱུར་བ་ནི་དོན་ལ་ཉེར་ལྔས་བསྒྱུར་ནས་བགྲོད་པ་གཅིག་གི་ཉིན་ཞག་བརྒྱ་བརྒྱད་བཅུ་དམན་པ་ལ་བུག་པ་སྟེ་སྒྲ་རེག་གཟུགས་རོ་དྲི་ཆོས་ཀྱི་ཡོན་ཏན་དྲུག་དང་སྙིང་སྟོབས་སོགས་གསུམ་བསྲེས་པས་དགུའམ་མངལ་གྱི་བུ་ལོན་ཞག་དགུ་བསྲེས་པ་ལས་གཟའ་ལྔའི་དཀྱིལ་འཁོར་འབྱུང་ཚུལ་གསུངས་པ་ཡིན་ལ་དེ་ཡང་ལོ་བརྒྱ་ཡི་དབུ་མའི་དབུགས་ཀྱི་ཐོབ་སྐལ་གྱི་ལོ་གསུམ་ཕྱོགས་གསུམ་ལས་ཕྱོགས་གསུམ་བཞག་ནས་ལོ་གསུམ་པོ་ཡི་ཉིན་ཞག་བརྒྱ་དང་བརྒྱད་ཅུ་དེ་ཉིད་གཟའ་ལྔའི་ལོངས་སྤྱོད་ཡིན་པས་ལྔ་ཡིས་བསྒྱུར་ཏེ་སླར་ཡང་གཟའ་ལྔ་པོ་རེ་རེ་ལ་ཡོན་ཏན་ལྔ་རེ་ཡོད་པས་མདས་བསྣུན་པ་སྟེ་བསྒྱུར་བ་དག་ཏུ་བྱའོ། །འདིར་ཉེར་ལྔས་བསྒྱུར་བས་ཆོག་མོད། ལན་གཉིས་སུ་ལྔས་བསྒྱུར་བ་ཅི་ཞེ་ན་སྡེབ་སྦྱོར་གྱི་དོན་ནོ་ཞེས་ཀྱང་བཤད། དེ་ལྟར་བསྒྱུར་ནས་ལྷོ་བྱང་དུ་བགྲོད་པའི་ཕྱོགས་གཅིག་གི་ཉིན་ཞག་གི་གྲངས་བརྒྱ་དང་བརྒྱད་ཅུ་དག་གིས་རབ་ཏུ་དམན་པར་བྱས་པ་ནི། ལོ་གསུམ་ལ་བགྲོད་པ་དྲུག་ཡོད་པ་ལས། བགྲོད་པ་གཅིག་གཟའ་ལྔའི་ཟླ་བ་དྲུག་གི་ལོངས་སྤྱོད་ལ་འཆད་འགྱུར་ལྟར་སྐྱེས་ཁྱིམ་ལོངས་སྤྱོད་པའི་དབང་གིས་གཟའ་ལྔའི་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བས་ན་དེ་ཕྲི་བའོ། །བུག་པ་བསྲེས་པ་ནི་མངལ་གྱི་བུ་ལོན་ཞག་དགུ་བསྲེས་པ་སྟེ། གཞན་ཡང་ཁམས་དྲུག་གི་ཡོན་ཏན་སྒྲ་སོགས་དྲུག་དང་། སྙིང་སྟོབས་སོགས་ཡོན་ཏན་གསུམ་བསྡོམས་པ་དགུ་བསྲེས་པ་ཡང་ངོ་། །དེ་ལྟར་བྱས་པའི་ཞག་གྲངས་ཉི་ཁྲི་དྲུག་སྟོང་བརྒྱད་བརྒྱ་ཉེར་དགུ་རྣམས་ནི། གཟའ་ལྔ་པོ་རང་རང་གི་ལྷོ་བྱང་དུ་བགྲོད་པའི་ཡོན་ཏན་གྱི་དབང་གིས་གཟའ་ལྔ་པོ་རྣམས་ཀྱི་ཉིན་ཞག་གི་དཀྱིལ་འཁོར་དག་ཏུ་འགྱུར་རོ། །དེ་ཡང་ས་སྐྱེས་ལ་ནི་རི་ཀླུ་དྲུག་གི་ཉིན་ཞག་ནི་དྲུག་བརྒྱ་གྱ་བདུན་གྱི་ཚོགས་སུ་འགྱུར་ཏེ། རི་བུག་རི་ཀླུ་སྟེ་བརྒྱད་སྟོང་བདུན་བརྒྱ་གོ་བདུན་ཟླ་སྐྱེས་ལྷག་


MR17_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའོ། །ལྷ་ཡི་བླ་མ་དག་ལ་སོ་མེ་རིག་བྱེད་ཅེས་བཞི་སྟོང་སུམ་བརྒྱ་སོ་གཉིས་ཉིད་དུ་འགྱུར་རོ། །པ་སངས་ལ་ནི་རི་དང་རྒྱལ་བ་མིག་སྟེ་ཉིས་སྟོང་ཉིས་བརྒྱ་ཞེ་བདུན་ནོ། །ཉི་མའི་བུ་སྤེན་པ་ལ་དྲུག་དྲུག་རི་དང་ནམ་མཁའ་གཅིག་གི་ཉིན་ཞག་སྟེ། ཆིག་ཁྲི་བདུན་བརྒྱ་རེ་དྲུག་གི་ཚོགས་ནི་དཀྱིལ་འཁོར་དུ་འགྱུར་རོ། །གཟའ་ལྔ་ཀ་བསྡོམ་པས་གོང་སྨྲོས་ཞག་ཉིས་ཁྲི་དྲུག་སྟོང་བརྒྱད་བརྒྱ་ཉེར་དགུ་པོ་དེར་འགྱུར་རོ། །གཟའ་རྣམས་ཀྱི་རྩིས་འཕྲོ་གསུངས་པ། གསལ་བའི་ཞག་ལ་ས་སྐྱེས་ལ་ནི་རི་དུས་གཅིག་སྟེ་བརྒྱ་རེ་བདུན་དག་ཀྱང་ངེས་པར་ནོར་དུ་འགྱུར་ཏེ་བསྲེ་བར་བྱའོ། །ཟླ་བའི་བུ་ལྷག་པ་ལ་དཀྱིལ་འཁོར་གྱི་ཆུ་ཚོད་ཆུ་སྲང་ཉིན་ཞག་ཏུ་བསྡུ་བའི་དོན་དུ་བརྒྱས་བསྒྱུར་བའི་ཕྱིར། དེ་དང་ཤེད་མཚུངས་པའི་དོན་དུ་ལོངས་སྤྱོད་ཀྱི་གསལ་ཞག་ཀྱང་བརྒྱས་བསྣུན་པ་ལ་མ་འོངས་པ་ན་ལྷག་འགྱུར་མེ་དང་ཉི་མ་རི་ཡིས་ཏེ་བདུན་སྟོང་བརྒྱ་དང་ཉེར་གསུམ་གྱིས་དམན་པ་སྟེ་ཕྲི་ཞིང་། པ་སངས་དག་ལ་ཉིན་ཞག་གི་དཀྱིལ་འཁོར་གྱི་ལྷག་མར་ཆུ་ཚོད་ལུས་པ་དེ་དག་ཉིན་ཞག་ཏུ་བསྡུ་བའི་ཕྱིར་བཅུས་བསྒྱུར་བས་ཞག་གནས་སུ་གྱུར་པ་དེ་བཞིན། ལོངས་སྤྱོད་དང་དེ་དང་ཤེད་སྙོམས་བྱ་ཕྱིར་གསལ་བའི་ཉིན་ཞག་རྣམས་ཀྱང་བཅུས་བསྒྱུར་བ་ལ། མ་འོངས་པ་ན་ལྷག་འགྱུར་རྩིས་འཕྲོ་ཆུ་གཏེར་བརྒྱད་དེ་བརྒྱད་ཅུ་རྩ་བཞི་ཉིད་ཀྱིས་དམན་པར་བྱའོ། །སྟོང་མཁའ་དུས་མིག་སྟེ་ཉིས་སྟོང་དྲུག་བརྒྱ་དག་དང་། མཁའ་ལག་གདེངས་ཅན་དུས་ཞེས་བཞི་སྟོང་བརྒྱད་བརྒྱ་ཉི་ཤུ་རྣམས་རིམ་བཞིན་བློན་པོ་ཕུར་བུ་དང་། ཉི་སྐྱེས་སྤེན་པ་དག་ལ་བུ་ལོན་དུ་འགྱུར་ཏེ་མ་འོངས་པ་ན་ལྷག་འགྱུར་ཡིན་པས་ཕྲི་བར་བྱའོ། །རྩིས་འཕྲོ་རྣམས་སྔར་ཡང་བསྟན་ཏོ། །འདི་རྣམས་བྱེད་པ་ལ་ལྟོས་ནས་གསུངས་ཏེ་གྲུབ་མཐའི་རྩིས་ཟུར་གྱིས་ཅི་རིགས་ཤེས་སོ། །དེ་ལྟར་གསལ་ཞག་ལ་རྩིས་འཕྲོ་ཕྲི་བསྣན་བགྱིས་ནས་སྐར་


MR17_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོགས་སོ་སོའི་འཁོར་ལོས་བསྒྱུར་ཞིང་དཀྱིལ་འཁོར་གྱིས་ཐོབ་པ་ལས་གཟའ་ལྔའི་དལ་བ་བར་པ་འགྲུབ་བོ། །དེ་ནས་དལ་བ་དག་པ་བསྒྲུབ་ཕྱིར་གཟའ་སོ་སོའི་སྐྱེས་ཁྱིམ་སྦྱང་ནས་དལ་རྐང་བཟུང་སྟེ་ཕྲི་སྣོན་བྱ་དགོས་པས། སྐྱེས་ཁྱིམ་ནི་ས་སྐྱེས་ལ་ནི་སྐར་མ་ཕྱེད་བཅས་དགུ་སྟེ་སྐར་མ་དགུ་དང་ཆུ་ཚོད་སུམ་ཅུ་དལ་བ་བར་པའི་གནས་ནས་སྦྱང་བར་བྱའོ། །གཟའ་ལག་པ་ལ་ཕྱེད་ལྷག་གམ་ཕྱེད་བཅས་མི་བདག་ཞེས་པ་སྐར་མ་བཅུ་དྲུག་དང་ཆུ་ཚོད་སུམ་ཅུའོ། །རྒྱུ་སྐར་ཉི་མ་སྟེ་སྐར་གནས་སུ་བཅུ་གཉིས་ཁོ་ན་ཕྲི་བ་བླ་མ་ཕུར་བུ་ལའོ། །དེ་བཞིན་དུ་པ་སངས་ལ་སྐར་མ་དྲུག་དང་། ཉི་སྐྱེས་སྤེན་པ་ལ་སྐྱོན་ཏེ་སྐར་མ་བཅོ་བརྒྱད་བུ་ལོན་དུ་འགྱུར་ཏེ་ཕྲི་བར་བྱ་བ་ཡིན་པས། ཕྲི་བྱེད་དེ་མཐའ་དག་གཟའ་རང་རང་གི་རྟག་པའི་ལོངས་སྤྱོད་དལ་བ་བར་མའི་དབུས་ནས་སྦྱང་བར་བྱ། དེ་ལྟར་སྦྱང་བའི་ཕྱི་ནས་ཏེ་རྗེས་སུ་གཟའ་དེ་དག་རྣམས་ནི་དག་པར་འགྱུར་ཏེ་ཇི་ལྟར་ན་ཀྱེ་མི་ཡི་བདག་པོ་གཟའ་རང་རང་སྐྱེ་བའི་རྒྱུ་སྐར་གང་ཡིན་པ་དེ་ནས་བརྩམ་སྟེ་ཁྱིམ་རེ་ལ་དལ་བའི་རྐང་པ་རྒྱུ་བ་ལས་དལ་རྐང་དྲུག་པོ་བཟུང་ལ་དལ་རྩིས་བྱས་པས་དལ་བ་རྣམ་དག་ཏུ་འགྱུར་རོ། །དེ་ཙམ་གྱིས་ད་ལྟ་ཡི་ལོངས་སྤྱོད་ཤིན་ཏུ་རྣམ་དག་མ་ཡིན་པས་མྱུར་དག་བསྒྲུབ་པ་ལ། ཉི་མ་ལས་དམའ་བ་དག་ཏུ་རྒྱུ་ཞིང་ཉི་མ་ལས་བགྲོད་པ་མྱུར་བཞི་གཟའ་ལྷག་སངས་གཉིས་ནི་རང་རང་གི་ཡན་ལག་རྐང་འཛིན་གྱི་ལོངས་སྤྱོད་དག་ལ་ཉི་བར་གྱིས་སྦྱང་བ་ལས་རྣམ་པར་དག་པར་འགྱུར་ཞིང་། ཉི་མ་ལས་བུལ་བར་བགྲོད་པའི་དབང་གིས་ཉི་མ་བས་མཐོན་པོ་ཡི་གནས་ནས་རྒྱུ་བ་དམར་ཕུར་སྤེན་པ་དྲག་གཟའ་གསུམ་གྱི་རང་རང་གི་དལ་བ་དག་པས་ཉི་མའི་ལོངས་སྤྱོད་ཉི་བར་གྱི་དབུས་ནས་སྦྱང་བས་མྱུར་རྐང་གི་ལོངས་སྤྱོད་རྣམ་པར་དག་པར་གནས་སོ། །ད་ནི་གཟའ་རྣམས་ཀྱི་སྐྱེ་བའི་སྐར་མ་དག་པར་བྱ་བའི་དོན་


MR17_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱུ་སྐར་གྱི་ཚོགས་གསུངས་པ་ཟླ་བ་དྲུག་གིས་ཞེས་པ་བསྒྱུར་བྱེད་ཀྱི་གྲངས་ཏེ་དྲུག་གོ། ཟླ་བའི་ལོངས་སྤྱོད་ཞེས་པ་བསྒྱུར་བྱ་སྟེ་གང་ཞེ་ན་སྔར་བཤད་ལྟར་གཟའ་ལྔའི་ཟླ་བ་རེ་རེའི་མིག་དམར་གྱི་ཆུ་ཚོད་དགུ་བཅུ་ལྷག་སངས་གཉིས་ཀྱི་བརྒྱ་སོ་ལྔ་པ་རེ་རེ། ཕུར་བུའི་བཅུ་གཅིག་སྤེན་པའི་བཞི་རྣམས་བསྡོམས་པས་སུམ་བརྒྱ་བདུན་ཅུ་དོན་ལྔའོ། །དེ་དྲུག་གིས་བསྒྱུར་བ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་དེ་ལས་ཀྱང་ཡེ་ང་དུས་ཀྱི་འཁོར་ལོའི་ལོ་གསུམ་པོ་ཡི་ཟླ་བ་སུམ་ཅུ་རྩ་དྲུག་དེ་ཡིས། བགོས་པས་ཆ་ལས་ཐོབ་པ་དྲུག་ཅུ་རེ་གཉིས་དག་ཀྱང་གཟའ་ལྔའི་སྐྱེས་ཁྱིམ་གྱི་སྐར་མ་རྣམས་བསྡོམ་པ་དང་གྲངས་མཉམ་ཞིང་དེ་དག་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བའམ་སྦྱང་བར་བྱ་བ་ཡིན་ནོ། །དེ་ཡང་གཟའ་ལྔའི་སྐྱེས་སྐར་གྱི་གྲངས་བསྡོམས་པས་རེ་གཅིག་ལ་དམར་ལྷག་གཉིས་ཀྱི་ཆུ་ཚོད་སུམ་ཅུ་གཉིས་པོ་བསྡོམས་པས་སྐར་མ་གཅིག་བསྣན་པས་རེ་གཉིས་སུ་ངེས་པའོ། །རེ་གཉིས་ཐོབ་པའི་ལྷག་མ་བཅོ་བརྒྱད་ལུས་པ་དེ་ཆུ་སྲང་དྲུག་ཅུས་བསྒྱུར་ཏེ་ཟླ་གྲངས་སོ་དྲུག་གིས་བགོས་པས་ཆུ་སྲང་སུམ་ཅུ་ཐོབ་སྟེ། དེ་ནི་ཉི་མ་དང་རི་བོང་ཅན་གྱི་རྐང་པའི་ལོངས་སྤྱོད་ཉི་རྐང་གི་གསུམ་དང་ཟླ་རྐང་གི་ལྔ་སྟེ་བརྒྱད་སྒྲ་གཅན་གྱིས་སྤྱོད་པ་དེ་ལས། མུན་པའི་ཡོན་ཏན་མེད་པ་ཕྱེད་གཅིག་སྒྲ་གཅན་གྱིས་རྗེས་སུ་མ་སྤྱད་པ་ཆུ་ཚོད་ཕྱེད་ཆུ་སྲང་སུམ་ཅུ་ནི། སླར་ཡང་མཇུག་རིང་ཀྱི་ནི་ལོངས་སྤྱོད་དོ། །སླར་ཡང་མཇུག་རིང་ཀྱི་ནི་ལོངས་སྤྱོད་གང་ཞིག་ཉི་མས་ལྷག་པ་ཉིད་དུ་ཉིན་ཞག་རེ་རེ་བཞིན་དུའམ་སོ་སོའི་དུས་སུ་འབྱུང་བ་སྲང་གཉིས་དང་དབུགས་གསུམ་པོ་དེ་ཟླ་བའི་ཆ་ཕྱོགས་གསུམ་གྱི་ཉིན་ཞག་ཞེ་ལྔའི་གྲངས་ཅན་གྱིས་བསྒྱུར་བ་དྲུག་ཅུའི་ཆ་ཡིས་ཐོབ་པ་ཆུ་ཚོད་གཅིག་དང་ཆུ་སྲང་ང་གཉིས་དབུགས་གསུམ་འབྱུང་བ་ནི། ཕྱོགས་གསུམ་གྱི་ཉིན་ཞག་སོ་སོའི་དུས་སུ་མྱུར་བར་རྒྱུ་བ་ལ་ཉི་མའི་མདུན་དུ་ནོར་དང་། འཁྱོགས་པོར་འཆར་བ་


MR17_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཉི་མའི་རྒྱབ་ཏུ་བུ་ལོན་དུ་ཡང་འགྱུར་རོ། །གོང་གི་ཚིག་རྐང་དེ་ཇོ་འགྱུར་དུ། མཇུག་རིང་ཀྱིའོ་སླར་ཡང་ཉིན་ཞག་སོ་སོའི་དུས་སུ་གང་ཞིག་ལྷག་པ་ཟླ་བའི་ཞག་གིས་བསྒྱུར། ཞེས་ཡོད་པ་དེ་བཤད་པ་དེའོ། །དེ་ལྟར་མཇུག་རིང་ཀྱི་ལོངས་སྤྱོད་བསྟན་པ་དེ་དག་བྱེད་པ་ལ་ལྟོས་ཤིང་སེམས་ཅན་བསམ་པ་ལ་ལྟོས་ནས་རེ་ཤིག་དེ་ལྟར་བཞག་པ་སྟེ། གྲུབ་མཐའ་ལ་བརྟེན་པའི་ངེས་པ་ཅན་མ་ཡིན་ལ་སེམས་ཅན་སྨིན་པར་བྱེད་པའི་ཆེད་དུ་མའི་ལ་དུའི་ཚིག་ལྟར་གྲུབ་མཐའི་ངེས་པ་ལས་གཞན་དུ་བསྟན་པ་སྟེ། གཞུང་གོང་འོག་ཀུན་ཏུ་བྱེད་པ་དངོས་སུ་གསུངས་ཀྱང་ཟུར་གྱིས་གྲུབ་མཐའི་རྩིས་ཅི་རིགས་པ་བསྟན་པ་ཤེས་པར་བྱའོ། །དེ་ནས་གཟའ་རྣམས་ཀྱི་རྒྱུ་བའི་སྟོབས་བསྟན་པ་ནི། ཟླ་སྐྱེས་ལྷག་པ་དང་ལྷ་ཡི་བློན་པོ་ཕུར་བུ་གཉིས་ནི་རང་རང་གི་འགྲོས་བཞི་ལས། མྱུར་བ་ཡི་འགྲོས་དག་ལ་སྟོབས་དང་ལྡན་པར་འགྱུར་ཏེ་ས་སྐྱེས་དང་མཇུག་རིང་དག་ནི་འཁྱོགས་པོ་ཡི་འགྲོས་ཀྱི་དུས་ལ་སྟོབས་དང་ལྡན་ནོ། །འགྲོས་བུལ་བའམ་དམན་པ་སྤེན་པ་དང་པ་སངས་དལ་བ་ཡི་འགྲོས་ལ་སྟོབས་ཆེ་སྟེ། གཟའ་དེ་དག་ཀྱང་རང་བཞིན་ཡོན་ཏན་དབང་གིས་དེ་ལྟར་སྟོབས་དང་ལྡན་པར་འགྱུར་ལ་རྒྱུ་བ་ལྷག་མ་ལ་སྟོབས་དེ་ལྟ་བུ་མེད་པར་རིག་པར་བྱའོ། །འགྲོས་བཞིའི་ཁྱད་པར་ཡང་གཟའ་རྣམས་མྱུར་བའི་འགྲོས་ལ་ཤར་དུ་ཁའམ་གདོང་ཕྱོགས་པར་འགྱུར་ཏེ། བྲ་ཉེའི་སྟེང་དུ་ཡོད་ན་སྨིན་དྲུག་གི་ཕྱོགས་སུ་ཁ་ཕྱོགས་ཏེ་རྒྱུའོ། །སླར་ཡང་འཁྱོགས་པོར་རྒྱུ་བ་ལ་རབ་ཏུ་ཞུགས་པའི་དུས་སུ་ཤར་ལས་གཞན་དུ་ནུབ་ཉིད་ལ་ཁ་མངོན་པར་ཕྱོགས་པར་འགྱུར་ཏེ་བྲ་ཉེ་ལ་ཡོད་ན་ཐ་སྐར་གྱི་ཕྱོགས་སུའོ། །དལ་འགྲོས་ལ་ལྷོ༷་རུ་བཞིན་ནམ་གདོང་ཕྱོགས་པར་འགྱུར་ཏེ་མེ་རིའི་ཕྱོགས་སུའོ། །རང་རང་གི་བགྲོད་པའི་ཡོན་ཏན་དབང་གིས་འབྱུང་བ་ཡི་འགྲོས་ལ་ཡང་བྱང་རི་རབ་ཀྱི་ཕྱོགས་ཉིད་དུ་གདོང་ཕྱོགས་པ་ཡིན་ནོ་ཞེས་སོ། །


MR17_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དབྱངས་འཆར་བ་ལ་སའི་སྟོབས་ཤེས་པའི་དོན་དུ་བསྟན་ཏོ། །ད་ནི་ཉི་ཟླའི་རྐང་པ་གསུངས་པ། ཟླ་བའི་ཚེས་ཀྱི་ཉིན་ཞག་སུམ་ཅུ་གང་དག་ཆུ་གཏེར་གྱིས་བསྒྱུར་བ་མཁའ་མིག་ཟླ་བ་སྟེ། བརྒྱ་དང་ཉི་ཤུ་ནི་ཟླ་བའི་རྐང་པ་སྟེ་ཉིན་ཞག་བདུན་གྱི་བར་དུ་ཟླ་བའི་ཆ་འཕེལ་བའི་དོན་དུ་དེ་ལྟར་འགྱུར་ཏེ་འོག་ཏུ་འཆད་དོ། །ཁྱིམ་ནི་བཅུ་གཉིས་པོ་རྣམས་དུས་ཀྱིས་ཅེས་བཞིས་བསྒྱུར་བ་བརྒྱད་དང་རིག་བྱེད་ཞེས་བཞི་བཅུ་རྩ་བརྒྱད་པོ་དག་ཀྱང་ཁྱིམ་དྲུག་རེའི་ཉི་མའི་རྐང་པའོ། །ཁྱིམ་གྱི་ཟླ་བ་དྲུག་པོ་དེ་ཡི་ནང་དུ། རྐང་ལོངས་འགྲིབ་པ་དང་འཕེལ་བ་དག་ཀྱང་ཉི་མའི་བགྲོད་པ་འགྲོ་བའི་དབང་གིས་རིམ་མིན་ལ་འགྲིབ་ཅིང་རིམ་པལ་འཕེལ་བ་སྟེ། རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཀྱི་ཕྱེད་བཞི་ཆ་དག་ལ། ཉི་རྐང་དྲུག་དང་བཞི་དང་གཅིག་རྣམས་ཕྱེད་མར་བགོས་ཏེ་ཕྱོགས་རེ་ལ་འཆར་བའི་རྐང་པའི་ཆུ་ཚོད་མཐའ་དག་གཅིག་ཏུ་བསྡོམས་ན་ནོར་དང་དུས་ཀྱི་གྲངས་བཞི་བཅུ་རྩ་བརྒྱད་རྣམས་ཡིན་པར་རིག་པར་བྱའོ་ཀྱེ་མི་ཡི་དབང་པོ་ཞེས། དེ་ལ་འདིར་ཉི་རྐང་ཆུ་ཚོད་བཅུ་གཅིག་པོ་དེ་ཟླ་བ་གསུམ་མམ་འཁོར་ཕྱེད་ཕྱེད་དེ་ཟླ་བ་གསུམ་གྱི་བར་དུ་ལོངས་སྤྱོད་པ་ལ་ཕྱོགས་དང་པོ་ལ་གསུམ། གཉིས་པ་ལ་དྲུག །གསུམ་པར་བརྒྱད། བཞི་པར་བཅུ། ལྔ་པར་བཅུ། དྲུག་པ་ལ་བཅུ་གཅིག་སྟེ་དེ་རྣམས་བསྡོམས་པས་ཞེ་བརྒྱད་དུ་འགྱུར་རོ། །དེ་ལྟར་འཇོག་པ་ཡང་ཕྱི་རོལ་དུ་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་ཟླ་བ་བཅུ་གཉིས་པོ་རེ་རེ་ཡང་རྐང་མཚམས་བཞི་བཞིས་ཕྱེ་བས་བཞི་བཅུ་རྩ་བརྒྱད་དུ་འགྱུར་ལ། ཟླ་བའི་ཞག་སུམ་ཅུ་རེ་རེར་ཡང་ཐུན་མཚམས་བཞི་བཞིས་ཕྱེ་བས་ཉེར་བརྒྱད་དུ་འགྱུར་རོ། །ཉི་མས་ཁྱིམ་ཟླ་བཅུ་གཉིས་ཀྱིས་ཁྱིམ་བཅུ་གཉིས་སྤྱོད་ལ། ཟླ་བས་ཚེས་ཟླ་གཅིག་གིས་ཁྱིམ་བཅུ་གཉིས་ལོངས་སྤྱོད་པ་ཡིན་ནོ། །འདིར་ཉི་ཟླའི་རྩིས་ནང་ལ་སྦྱར་བ་ནང་ལེར་འཆད་པར་འགྱུར་བས་རྒྱས་པར་བརྗོད་པར་བྱེད་ཅིང་། སྐབས་


MR17_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནང་དོན་དུ་སྦྱར་བྱ་ཉི་ཟླའི་རྐང་པ་ཙམ་མདོར་བསྡུས་སུ་བརྗོད་པ་ཡིན་ནོ། །དེ་ནས་ཟླ་བ་ལ་སྒྲ་གཅན་འཇུག་པའི་ཚུལ་གསུངས་པ། དཀར་ནག་གི་ཚིགས་མཚམས་སུ་ནིའམ་དག་ལ་རི་བོང་ཅན་གྱི་དཀྱིལ་འཁོར་དག་ལ་སྒྲ་གཅན་རབ་ཏུ་འཇུག་སྟེ། འདིར་དཀྱིལ་འཁོར་གྱི་སྒྲས་ཉི་ཟླའི་དཀྱིལ་འཁོར་གྱི་སྒྲིབ་ཆ་རྟོགས་བྱེད་ཉི་ཟླ་སྒྲ་གཅན་གང་ལ་གནས་པ་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཅན་གྱི་རྒྱུ་སྐར་གཅིག་གི་ལོངས་སྤྱོད་ལ་གོ་བར་བྱས་ཏེ། དེ་ཡང་ཉི་མ་ཁྱིམ་བཅུ་གཉིས་ཀྱི་གྲངས་ཀྱི་ཆ་དང་། ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱས་ནས། ཉི་ཟླའི་སྐར་མ་དང་། སྒྲ་གཅན་གདོང་མཇུག་གི་སྐར་མ་གཉིས་གང་དང་ཉེ་བས་ཕན་ཚུན་གང་མང་ལ་སྦྱང་བས། དཀྱིལ་འཁོར་དེ་ཡང་སྟོང་པར་གྱུར་པའམ་རྣམ་པར་དག་པར་གྱུར་ན་ཉི་ཟླའི་ཆ་ཐམས་ཅད་འཛིན་ཏེ། རི་བོང་ལྡན་པའི་ཞེས་སམ། །རི་བོང་ཅན་གྱི་རྒྱུ་བའི་དབང་གིས་ཉི་ཟླའི་དཀྱིལ་འཁོར་ནི་རྒྱུ་སྐར་གཅིག་གི་ལོངས་སྤྱོད་ཆུ་ཚོད་དྲུག་ཅུ་ཡིན་པར་ཤེས་པར་བྱའོ། །དཀྱིལ་འཁོར་ཕྱེད་དག་སྟེ་ཕྱེད་ལྷག་པར་གྱུར་ན་ཕྱེད་འཛིན་ལ་དེ་བཞིན་ཉི་མ་དང་རི་བོང་ཅན་གྱི་རྒྱུ་བའི་དབང་གིས་སྦྱང་ལྷག་ཆུ་ཚོད་དག་ནི་ཇི་སྙེད་ཡོད་པ་དེ་བཞིན་ཆ་རྣམས་འཛིན་པ་སྟེ། ཉིན་མཚན་གྱི་དུས་ཀྱི་ཆ་ནམ་འཛིན་ན། གནག་དང་དཀར་བའི་ཚིགས་མཚམས་ཉ་དང་བཅུ་དྲུག་པའམ། གནམ་སྟོང་དང་ཚེས་གཅིག་གི་མཚམས་དག་ལ་འཛིན་པས་ན། ཚེས་དེ་དག་གི་མཚམས་ཉིན་མོའི་དུས་སུ་གྱུར་ན་ཉིན་མོ་དང་། མཚན་མོའི་དུས་སུ་བབ་ན་མཚན་མོའི་དུས་སུ་ཉི་མ་དང་ནི་ཟླ་བ་སྒྲ་གཅན་གྱི་གྲིབ་མར་འཛིན་པ་ཡིན་ནོ། །འདིར་ནང་ལ་མཁོ་བའི་ཡན་ལག་ཏུ་མདོར་བསྡུས་ཙམ་གསུངས་པ་ཡིན་གྱི། གཟའ་འཛིན་གྱི་ལག་ལེན་ཞིབ་པར་སྐར་རྩིས་ཀྱི་གཞུང་རྣམས་སུ་ཤེས་པར་བྱའོ། །དེ་བཞིན་


MR17_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐར་མ་གཅིག་གི་སྟེང་དུ་ཚོགས་ནས་གཟའ་ཕན་ཚུན་འཐབ་པ་ལ་སོགས་པའི་རྣམ་དབྱེ་མཐའ་དག་གྲུབ་པའི་མཐའ་ཡི་རྩིས་ལས་ཤེས་པར་བྱ་སྟེ་དེ་ལས་ངེས་པར་ནུས་སོ། །འདི་དག་ཐམས་ཅད་ཕྱི་རོལ་དུ་དེ་ལྟར་སྣང་བ་ཙམ་སྟེ། ནང་དུ་གཟའ་འཐབ་པ་དང་། ཕྱི་རོལ་དུ་ཉི་ཟླ་བཟུང་བས་ནང་དུ་ཁུ་རྡུལ་འཛིན་པ་མ་ཡིན་མོད་ཀྱི། ཕྱི་རོལ་གྱི་གཟའི་རྒྱུ་བ་ཤེས་ནས་ནང་དུ་རླུང་གི་འཕོ་བ་ལས་དེ་ལྟར་སྣང་བ་ཤེས་པའི་སླད་དུ། ཚངས་པ་པ་དང་། ཉི་མ་པ་དང་། གཅེར་བུ་པ་དང་། སྐྲ་ཅན་རྣམས་ཀྱི་གྲུབ་པའི་མཐའ་རྣམས་ཀྱང་ཤེས་པར་བྱའོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཅིའི་སླད་དུ་ན་ཕྱི་རོལ་གྱི་གཟའི་རྒྱུ་བ་དེ་ཙམ་ཞིག་ཤེས་པ་ཐར་ལམ་ལ་ཕན་པའི་དོན་དུ་མི་འགྱུར་ཡང་། ནང་ལ་སྦྱར་ནས་གནད་ཟབ་མོ་རྟོགས་ན་གསང་སྔགས་ནང་གི་དགོངས་དོན་ལ་མཁས་པར་འགྱུར་ཞིང་ནང་གིས་ལམ་བགྲོད་ཚུལ་གྱི་ལམ་ཁྱད་པར་ཅན་ལ་ངེས་པ་རྙེད་པར་འགྱུར་བའི་ཕྱིར་རོ། །ད་ནི་གཟའ་ཐམས་ཅད་ཀྱི་རྒྱུ་བ་དུས་བཞིའི་མཐར་སྟོང་པ་ལ་འཇུག་སྟེ་སྡུད་པ་དང་། སླར་ཡང་རྐང་པ་སྐྱེ་བ་འབྱུང་བའི་ཚུལ་ནང་ལ་སྦྱར་བ་ནི། མི་རྣམས་ཀྱི་ནི་ལོ་བརྒྱ་དག་ཀྱང་ཞེས་པ་བསྒྱུར་བྱའོ། །སྒྱུར་བྱེད་ནི་གཟའ་རྣམས་དག་གི་ལོ་ཡི་ལོངས་སྤྱོད་དེ། གང་ཞེ་ན་གཟའ་སོ་སོའི་དཀྱིལ་འཁོར་ལན་གཅིག་འཁོར་བའམ་རྫོགས་པ་གཟའ་སོ་སོའི་ཞག་གཅིག་ཡིན་ལ། དཀྱིལ་འཁོར་གྱི་ཕྱེད་ནི་ཞག་ཕྱེད་དུ་བརྩིའོ། །སྔར་བཤད་པ་ལྟར་ཟླ་བའི་ཞག་བཅོ་ལྔ་སོགས་ནས་སྒྲ་གཅན་གྱི་ལོ་དགུའི་བར་གྱི་ཆ་རྣམས་བསྡོམ་པས་ལོ་གཉིས་ཟླ་བ་གསུམ་ཞག་བཅོ་ལྔ་ནི་གཟའ་རྣམས་བསྡོམ་པའི་ཞག་ཕྱེད་ཡིན། དེ་གསུམ་གྱིས་བསྒྱུར་བས་ལོ་གོ་དྲུག་དང་ཟླ་བ་བཅུ་ཞག་བཅོ་ལྔ་ནི་གཟའ་རྣམས་ཀྱི་ཞག་གཅིག་དང་ཞག་ཕྱེད་དོ། །དེ་ལ་བུ་ལོན་དུས་ཀྱི་འཁོར་ལོའི་དབུགས་ཡེ་རླུང་གི་ཐོབ་སྐལ་ལོ་གསུམ་ཕྱོགས་གསུམ་བསྣན་


MR17_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པས་མི་ལོ་བརྒྱར་ལོངས་ཤིང་། དེ་ཉིད་གཟའ་ཞག་ཕྱེད་གཉིས་ཏེ་ཞག་གཅིག་དང་ཞག་ཕྱེད་དུ་བརྩིས་ནས། དེ་གཉིས་ཀྱིས་བསྒྱུར་པས་གཟའི་ཉིན་ཞག་གསུམ་གྱིས་མི་ལོ་ཉིས་བརྒྱ། དེ་བཅུས་བསྒྱུར་བས་གཟའི་ཉིན་ཞག་སུམ་ཅུ་ལ་མིའི་ལོ་སྟོང་ཕྲག་གཉིས། དེ་བཅུ་གཉིས་ཀྱིས་བསྒྱུར་བས་གཟའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ནི་སྐབས་འདིར་བཤད་པའི་གཟའི་ལོ་གཅིག་སྟེ། འདི་ལ་མི་ཡི་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡོད་དོ། །དེ་ལྟ་བུའི་གཟའི་ལོ་ཡི་ལོངས་སྤྱོད་མི་ལོ་ཉི་ཁྲི་བཞི་སྟོང་དེ་ཉིད་ཀྱིས་ནི་མི་ལོ་བརྒྱ་པོ་དེ་བསྒྱུར་བར་བྱའོ། །དེ་ལྟར་བསྒྱུར་བས་མི་ལོ་ས་ཡ་གཉིས་དང་འབུམ་ཕྲག་བཞི་ནི་གཟའ་རྣམས་ཀྱི་བུ་ལོན་དང་བཅས་པའི་ལོ་སྟེ་བུ་ལོན་གྱིས་འབྲིད་པར་བྱ་བའི་གཞིའོ། །དེ་གནས་སྟེང་འོག་གཉིས་སུ་བཞག་པའི་འོག་མར་ཕྱོགས་ཀྱི་ཞེས་བཅུ་ཡི་ཆས་ཐོབ་པ་ཉིས་འབུམ་བཞི་ཁྲི་དེ་ནི་སྟེང་མ་ལ་བུ་ལོན་དུ་འགྱུར་པས་སྟེང་གི་ཕུང་པོ་དག་ལ་སྦྱང་བར་བྱའོ། །སྦྱང་ལྷག་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང་ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི། དུས་བཞི་ཆེན་པོའི་དུས་ཀྱི་ཕྱེད་ལ་རྫོགས་པའོ། །དེ་ཡང་དུས་ཕྱེད་འདི་ལ་རྫོགས་ལྡན་ལ་རྐང་པ་བཞི་ཀ་ཚང་བས་དེའི་བཞི་དང་སུམ་ལྡན་གྱི་རྐང་པ་གཅིག་དང་ལྔ་རྫོགས་ལ་དེ་ལྔ་མཁའ་སོགས་དཀྱིལ་འཁོར་ལྔ་སྐྱེད་རིམ་གྱིས་འབྱུང་བ་གཙོ་བོ་དུས་འཁོར་གྱི་རྩ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བའོ། །སླར་ཡང་སྔ་མའི་ལོའི་ཕུང་པོ་གཉིས་པ་ཉིད་ཀྱིས་ཕྱེད་རྫོགས་ཏེ་དེའི་རིང་ལ་སུམ་ལྡན་གྱི་རྐང་པ་གོང་གི་ལྷག་མ་གཉིས་དང་། ཉིས་ལྡན་གྱི་རྐང་པ་གཉིས། རྩོད་ལྡན་གྱི་རྐང་པ་གཅིག་སྟེ་ལྔ་རྫོགས་སོ། །འདི་དག་ནི་ས་སོགས་སྡུད་རིམ་གྱིས་ཤར་བའི་འབྱུང་བ་ལྔའི་དཀྱིལ་འཁོར་ནི་གཙོ་བོའི་རྩ་གཡས་པ་ནས་སྲོག་ཡང་དག་པར་རྒྱུ་བའི་དཀྱིལ་འཁོར་ལྔ་འབབ་པའོ། །གཡས་གཡོན་གྱི་རྒྱུ་བ་བཅུ་པོ་བསྡོམ་


MR17_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པས་ངེས་པར་དུས་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་ས་ཡ་བཞི་དང་སུམ་འབུམ་ཉི་ཁྲི་དག་ཏུ་ནི་རབ་ཏུ་འགྱུར་རོ། །གཙོ་བོ་ཞེས་པའི་དོན་སྔར་སྲིད་རྩེ་བ་ལ་གཙོ་བོའི་དབུགས་ཞེས་བཤད་པ་སྲིད་རྩེ་བ་ལ་དབུགས་འབྱུང་བ་མེད་ཀྱང་། མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡུན་ཚད་ལ་སྲིད་རྩེ་བའི་དབུགས་གཅིག་གི་ཐ་སྙད་བཏགས་ནས། དེ་འདྲའི་དབུགས་ལས་བརྩམ་སྟེ་བསྒྲེས་པས་རང་ལོ་བརྒྱ་སྲིད་རྩེ་བའི་ཚེ་ཚད་དུ་ཐ་སྙད་མཛད་པ་གཙོ་བོ་ཆེ་བ་དང་། འདིར་དུས་བཞི་ཆེན་པོ་གཅིག་ལ་འཕོ་བ་གཉིས་བྱེད་པའི་གཙོ་བོ་ཞེས་བཏགས་ནས་གསུངས་པ་གཙོ་བོ་ཆུང་པར་བྱེད་པ་ཡང་ཡོད་ལ། དེ་ཙམ་ལ་མི་འཐད་པ་མེད་མོད་ཀྱང་། གཙོ་བོ་ཞེས་བརྗོད་པ་གོང་འོག་ཀུན་ཀྱང་སྲིད་རྩེ་བ་ལ་འདོད་པ་ནི་ཆེས་མི་འགྲིག་པ་དེས་ན་གཙོ་བོ་ཞེས་པ་དགོངས་པའི་དབང་གིས་བཏགས་པས་གནས་སྐབས་སོ་སོར་གོ་དགོས་ཏེ་འདིར་ཡེ་རླུང་ལ་གཙོ་བོ་དུས་ཀྱི་འཁོར་ལོའི་དབུགས་ཞེས་གསུངས་པ་དུས་ཀྱི་འཁོར་ལོ་དངོས་ལ་དབུགས་ཀྱི་རྒྱུ་བ་དེ་ལྟ་བུ་ཡོད་པས་མ་ཡིན་ཀྱང་། ཡེ་རླུང་གི་ཆ་དང་དཀྱིལ་འཁོར་ལྔ་རྫོགས་པ་ནི་དབུ་མར་ཐིམ་ཞིང་སླར་ཡང་སྐྱེ་བའི་རིམ་པའི་དབུགས་ལ་དུས་ཀྱི་འཁོར་ལོའི་དབུགས་ཀྱི་ཐ་སྙད་བཏགས་པའང་ཤེས་པར་བྱའོ། །བསྟན་པའི་དུས་བཞི་ཆུང་ངུའི་ཚད་དེས་དུས་བཞི་ཆེན་པོའི་ཚད་ལ་བགོས་པས་ཉིས་བརྒྱ་ཐོབ་སྟེ་ལྷག་མེད་འཆར། ཡང་ན་དུས་བཞི་ཆེན་པོའི་ཚད་དེ་ལ་ཉིས་བརྒྱས་བགོས་པས་དུས་བཞི་ཆུང་ངུའི་མི་ལོའི་གྲངས་འཆར་ཏེ་དུས་བཞི་ཆེན་པོའི་ཡུན་ལ་དུས་བཞི་ཆུང་ངུ་ཉིས་བརྒྱའི་ཚད་ཡོད་དོ། །དུས་བཞི་སོ་སོའི་གྲངས་ནི། སྟོང་པ་སྟོང་པ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་རྫོགས་ལྡན་དུས་ཀྱི་ཚད་དེ། ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང་ངོ་། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ལོ་ཡི་གྲངས་སུ་རབ་ཏུ་གྲགས་


MR17_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལོ་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ངོ་། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་གཉིས་ལྡན་ལོར་ནི་ཡང་དག་སྟེ། ཞེས་པ་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ངོ་། །སྟོང་པ་ནམ་མཁའ་མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཀྱི་ལོ་ཡི་གྲངས་ནི་རྩོད་པའི་དུས་ལ་འགྱུར། །ཞེས་པ་བཞི་འབུམ་སུམ་ཁྲི་ཉིས་སྟོང་ངོ་། །དེ་བཞི་ཀ་གཅིག་ཏུ་བསྡོམ་པ་དུས་བཞི་ཆེན་པོའི་ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཡི་ཚོགས་རྣམས་ཀྱི་རྩིས་འཕྲོ་དག་སྟེ་ལོངས་སྤྱོད་ཀྱི་རྒྱུ་བ་ཟད་བྱེད་ཀྱི་ལོའི་དབོ་ཟླའི་སྟོང་ལ་སྐར་མ་ནམ་གྲུའི་མཐར་ཁྱིམ་ནི་སྟོང་པ་དག་ལ་གནས་ཏེ་ཐིག་ལེ་འབའ་ཞིག་ཏུ་ཤར་བ་ལ་གཟའ་ཐམས་ཅད་སྟོང་པར་ཞུགས་པའི་ཐ་སྙད་བྱེད་དོ། །དུས་བཞིའི་ལོ་དེ་རྣམས་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་བསྒྱུར་ནས་གཟའ་སོ་སོའི་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུས་བསྒྱུར་བས་བགོས་པས་ལྷག་མེད་འཆར་རོ། །དེ་ལ་འདི་སྐད་དུ། དུས་བཞིའི་ལོ་གྲངས་ཇི་སྙེད་པ། །སུམ་བརྒྱ་དྲུག་ཅུས་བསྒྱུར་བ་ལ། །གཟའ་རྣམས་རང་རང་དཀྱིལ་འཁོར་ལོ། །སུམ་བརྒྱ་དྲུག་ཅུས་བསྒྱུར་བ་ཡི། །ཞག་གིས་བགོས་པའི་རྙེད་པ་དོར། །ལྷག་མ་མེད་ཕྱིར་སྟོང་པར་ཞུགས། །བསིལ་ཟེར་ཅན་ནི་སུམ་ཅུའི་ཞག །ཉི་ལྷག་པ་སངས་མཇུག་རིང་ཀྱི། །ཉིན་ཞག་མཁའ་རོ་མེ་ཉིད་དེ། །མིག་དམར་ཟླ་བ་བཅོ་བརྒྱད་དོ། །ཕུར་སྤེན་སྒྲ་གཅན་རིམ་པ་བཞིན། །ཉི་མ་མཁའ་མེ་སྐྱོན་གྱི་ལོ། །གཟའ་ཡི་བྱེད་པའི་དཀྱིལ་འཁོར་ཡིན། །ཞེས་ཤེས་པར་བྱ་སྟེ་ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་ལྔ་བཅུ་པ་དང་། བརྒྱ་ང་གཅིག་པས་དོན་འདི་ཉིད་བསྟན་ཏོ། །ཟད་བྱེད་ལོའི་དཔྱིད་འབྲིང་གི་མཐའ་དེ་ལས་སླར་ཡང་སྐར་མའི་དང་པོ་ཐ་སྐར་ལ་སོགས་པ་ནས་རིམ་བཞིན་གཟའ་རྣམས་ཀྱིས་ལོངས་སྤྱོད་པ་དག་དང་། ལོ་ཡི་དང་པོ་རབ་བྱུང་ཞེས་བྱ་བ་དང་


MR17_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཟླ་བའི་ཐོག་མ་ནག་པའི་ཟླ་བ་ཞེས་དང་། ལ་སོགས་པའི་སྒྲས་དེ་ནས་ས་ག་སོགས་ཀྱི་ཟླ་བ་འབྱུང་བ་དང་། རེས་ཀྱི་གཟའ་དང་སྦྱོར་བ་ཚེས་དང་བྱེད་པ་རྣམས་ཀྱང་སྔ་མ་དེ་བཞིན་དང་པོ་དག་འཆར་བ་སྟེ། གཟའ་ཉི་མ་སྦྱོར་བ་སེལ་བ་དཀར་ཕྱོགས་ཀྱི་ཚེས་གཅིག་བྱེད་པའོ་ཞེས་པ་གདབ་པ་འཆར་རོ། །དེ་ཡི་དུས་སུ་ནི་རིགས་ལྡན་ལྷ་རྣམས་དག་པ་དང་བཅས་པ་དང་། ཀླ་ཀློ་ལྷ་མིན་གྱི་ཕྱོགས་རྣམས་ཀྱི་འཁྲུག་པ་དྲག་པོ་འཛམ་བུ་གླིང་འདིའི་ས་གཞིའི་གནས་པཱ་ག་དཱ་ཞེས་པ་ལ་སོགས་པ་རྣམས་སུ་ནི་འབྱུང་བར་འགྱུར་ཏེ། བསྟན་པའི་དུས་བཞི་སྔ་མའི་རྩོད་ལྡན་གྱི་མཐའ་རྫོགས་ནས། སླར་ཡང་བསྟན་པའི་དབང་དུ་བྱས་པའི་དུས་བཞི་ཕྱི་མའི་རྫོགས་ལྡན་གྱི་མགོ་འཛུགས་པར་འགྱུར་རོ། །སྐབས་འདིའི་ཚིགས་བཅད་འདིའི་རྗེས་སུ་འགྲེལ་བ་ལས་ཚིགས་བཅད་ཉིད་སོར་བཞག་ཏུ་བཀོད་པའི་ཚིགས་བཅད་གཅིག་ནི་འདི་ལྟ་སྟེ། དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་ཞག་གཅིག་ནི་བསྒྱུར་བར་འགྱུར་ཏེ་ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་ཀྱང་། །གཟའ་རྣམས་ཀྱི་ནི་དཀྱིལ་འཁོར་དག་གིས་ངེས་པར་ཆ་ནི་རབ་ཏུ་ཐོབ་པར་གྱུར་པ་ལོངས་སྤྱོད་འགྱུར། །ཟླ་བ་རྫོགས་ན་ངེས་པར་འགྱུར་ཏེ་སླར་ཡང་གཟའ་དང་ཆུ་ཚོད་ཀྱི་ནི་གནས་རྐང་པ་རྣམས་སུ་འགྱུར་ཞེས་ཇོ་འགྱུར། རྣམས་དག་ཏུ་འགྱུར། །རྒྱུ་སྐར་ལ་ནི་ཉི་མའི་ལོངས་སྤྱོད་དུ་འགྱུར་ཟླ་བ་གཅིག་ལས་སྦྱངས་པ་ཉིན ཉིན་ཞག་ཚོགས་ལས་དག་པ་ཟླ་བ་གཅིག་གིའོ། །ཞག་དག་ནི་ཚོགས། །ཞེས་སོ། །འདིའི་དོན་ནི་སླར་ཡང་ངེས་པ་སྐྱེ་བའི་རྩིས་བྱེད་ཚུལ། །སྟོང་པར་ཞུགས་པ་དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་ཞག་གཅིག་བསྒྱུར་བས་ཉེར་བདུན་དེ་ཆུ་ཚོད་དྲུག་ཅུས་བསྒྱུར་བས་རྒྱུ་སྐར་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོ་ལ་གཟའ་རྣམས་ཀྱིས་དཀྱིལ་འཁོར་གྱིས་བགོས་ཐོབ་སོ་སོའི་རྟགས་ལོངས་སོ། །དེས་ན་ནག་ཟླའི་ཚེས་གཅིག་ནས་གནམ་སྟོང་གི་བར་དུ་གཟའ་རང་རང་གི་ཞག་གཅིག་གི་རྟག་ལོངས་དེ་ཉིད་ཚེས་གྲངས་ཀྱིས་བསྒྱུར་བ་


MR17_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ལ་ཉི་བར་སོགས་སུ་བྱེད་པ་ལས་བྱ་བ་གཞན་མེད་དེ་རྩིས་འཕྲོ་མེད་པའི་ཕྱིར་རོ། །ནག་ཟླ་རྫོགས་ནས་སྔ་མའི་ཟླ་བ་དེའི་གནམ་སྟོང་གི་རྟག་ལོངས་ན་ཕྱི་མའི་དྷྲུ་བ་ཀ་ཡིན་པས་རྩིས་འཕྲོའི་ངེས་པར་འགྱུར་ཏེ། སླར་ཡང་གཟའ་གནས་དང་། ཆུ་ཚོད་ཀྱི་གནས་རྣམས་སུ་འགྱུར་རོ། །དེ་བཞིན་དུ། རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ལ་ཉི་མའི་དཀྱིལ་འཁོར་གྱིས་ཐོབ་པ་ཉི་མའི་རྟག་ལོངས་དང་སླད་མའི་རྩིས་འཕྲོར་འགྱུར་རོ། །ཟླ་བ་གཅིག་ལས་ཉི་མ་དེ་ལ་སྐྱེས་ཁྱིམ་སོགས་སྦྱང་བའི་རྐང་རྩིས་བྱ་ཞིང་ཉིན་ཞག་གང་ཡིན་པ་དག་ནི་ཚོགས་ཏེ་རིལ་པོ་ཞེས་སོ། །ཚིགས་བཅད་འདི་བི་བྷཱུ་ཏི་ཙནྡྲའི་ཕྱག་དཔེའི་རྒྱུད་ཀྱི་རྒྱ་དཔེ་ལ་དཀྱུས་སུ་ཡོད་ཅིང་། གྲངས་ཡིག་དགུ་བཅུ་པ་བཏབ་ཡོད་ལ། འགྲེལ་པའི་ཕྱག་དཔེ་ལ་ཡང་མཆན་བུ་ཡོད་དོ། །འགྲེལ་ཆེན་ལས་ད་ནི་ཆོས་ལ་སོགས་པ་གཟའི་ལོངས་སྤྱོད་ཐམས་ཅད་སྟོང་པ་ལ་གནས་པ་ནི་སླར་ཡང་ངེས་པ་འབྱུང་བར་གསུངས་པ། དེ་ནས་རྒྱུ་སྐར་རྣམས་ཀྱི་སོགས་ཚིགས་བཅད་འདི་བཞག་པས་རྩ་བ་ཡིན་པར་གསལ་ཞིང་། འདི་མེད་ན་རྒྱུད་རྩ་བའི་ཚིགས་བཅད་ཀྱི་གྲངས་མི་ཚང་བས་ངེས་པར་རྩ་བ་ཡིན་ལ། འབྲོ་འགྱུར་དང་ཤོང་འགྱུར་དུ་མ་བྱུང་བ་ནི་རྒྱ་དཔེ་ལ་ཆད་པ་ཡིན་ནོ་ཞེས་སྔོན་གྱི་འགྲེལ་བྱེད་དམ་པ་རྣམས་ཀྱིས་གསུངས།ལྷོ་བ་དགེ་འདུན་གྲགས་ཀྱིས་འབྲོ་འགྱུར་གྱི་ཚིགས་བཅད་གྱ་དགུ་པའི་རྗེས་སུ་བཙུད་པར་བྱས་སོ། །དེ་ལྟར་སྐབས་འདིར་གསུངས་པའི་སྟོང་འཇུག་ནི་བྱེད་པ་ལ་ལྟོས་ཏེ་གསུངས་པ་ཡིན་ལ། གྲུབ་མཐའ་ལ་ལྟོས་པའི་སྟོང་འཇུག་ནི་འདི་ལས་དཔག་སྟེ་བཙལ་བར་བྱ་བ་ཡིན་ནོ་ཞེས་བོད་ཀྱི་སྔ་འགྲེལ་བྱེད་པོ་རྣམས་གསུངས་སོ། །ད་ནི་དུས་ཀྱི་འཁོར་ལོའི་ལོ་དང་ཕྱོགས་ལས་ཟླ་བའི་ངེས་པ་གསུངས་པ། ཀ་ཙ་ཊ་པ་ས་སྟེ་སྡེ་པ་དྲུག་གི་བསྡུས་པའི་གསལ་བྱེད་སུམ་ཅུ་ནི། ཨ་ཨཱ་


MR17_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿ ཞེས་པ་རྩ་བའི་དབྱངས་ཐུང་ངུ་དང་རིང་པོ་བཅུ་དང་ཐིག་ལེ་དང་རྣམ་བཅད་ཅན་བཅས་ཉི་མའི་དབྱངས་ཏེ་བཅུ་གཉིས་དང་བཅས་པ་སྟེ་ལྷན་ཅིག་པས་སུམ་བརྒྱ་དྲུག་ཅུ་དང་། ངེས་པར་ཡོན་ཏན་གྱི་དབྱངས་ཨ་ཨེ་ཨ་རུ་ཨོ་ཨལ་ཨཾ་དྲུག་དང་། འཕེལ་བ་ཨཱ་ཨཻ་ཨཱར་ཨཽ་ཨཱལ་ཨཱཿ དྲུག་སྟེ་བཅུ་གཉིས་སུ་གྱུར་པ་ཅན་གྱིས་གསལ་བྱེད་སུམ་ཅུ་བསྒྱུར་བས་སུམ་བརྒྱ་དྲུག་ཅུ་དང་། ཡ་ཎ྄་ཉིད་དུ་བསྒྱུར་བ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཱཿ ཞེས་པ་བཅུ་གཉིས་གྱིས་གསལ་བྱེད་སུམ་ཅུ་བསྒྱུར་བས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུ་ཚན་པ་གསུམ་ནི་ལོ་གསུམ་གྱི་ཉི་མ་ཉིན་ཞག་སྟོང་བརྒྱད་ཅུ་དག་ལ་འགྱུར་བ་སྟེ། ཨ་སོགས་ཐུང་ངུ་རྣམས་ཉིན་ཞག་ཅེས་བྱ་བ་ནི་བཅོ་ལྔའི་མིང་ངོ་། །དེ་སུམ་འགྱུར་དུ་བྱས་པས་དབྱངས་ཞེ་ལྔ་འོང་བ་ནི་རི་བོང་ཅན་ཟླ་བའི་ཆ་ཕྱེད་དང་བཅས་པའི་ཟླ་བ་སྟེ་ཕྱོགས་གསུམ་གྱི་བར་དུ་ཟླ་བ་ལ་ས་བོན་དུ་འགྱུར་རོ། །དེ་ཡང་རང་བྱུང་རྩ་བའི་དབྱངས་ཨ་ཨི་རྀ་ཨུ་ལྀ། ཐུང་ངུ་ལྔ་དང་། ཡོན་ཏན་ཨ་ཨེ་ཨ་ར་ཨོ་ཨལ་ལྔ་དང་། ཡ་ཎ་དུ་བསྒྱུར་བ། ཧ་ཡ་ར་ཝ་ལ་དང་བཅོ་ལྔ་དང་། དེ་ནས། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། སྟེ་སྔ་མ་བཅོ་ལྔ་ལུག་ལྡོག་རིང་པོར་བྱས་པས་བཅོ་ལྔ་དང་། ཨཱཾ་ཨཱིཾ་རཱྀ་ཨཱུཾ་ལཱྀཾ། ཨཱཾ་ཨཻཾ་ཨཱཾ་ར་ཨཽཾ་ཨཱཾ་ལ། ཧཱྃ་ཡཱྃ་རཱྃ་ཝཱྃ་ལཱྃ། སྔ་མ་རིང་པོ་བཅོ་ལྔ་ལུག་འབྱུང་དུ་བཀོད་པ་ལ་ཐིག་ལེས་བརྒྱན་ཅིང་བསྒྱུར་བ་རྣམས་ལ་ཟླ་ཚེས་དང་བཅས་པ་སྟེ་དེ་ལྟར་བཅོ་ལྔ་དང་བཅས་པའི་ཚན་པ་གསུམ་ནི་ཕྱོགས་གསུམ་གྱི་ས་བོན་ཡི་གེའོ། །དེ་ལྟར་ཡི་གེ་དེ་རྣམས་ཡེ་རླུང་དུས་ཀྱི་འཁོར་ལོའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གི་གྲངས་དང་མཉམ་པའོ། །ཆུ་ཚོད་ནི་ཧ་སོགས་ལྔ་པོ་དབྱངས་ཐུང་རིང་བཅུ་གཉིས་དང་བཅས་པ་སྟེ་ལྷན་ཅིག་ཏུ་བྱས་པས་དྲུག་ཅུ་ནི་ཚིགས་བཅད་བརྒྱད་པར་སྔར་བཤད་པ་ལྟར་ཉི་མ་ཕྱེད་


MR17_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཚན་ཕྱེད་བར་ཐུང་ངུ་རྣམས་དང་། མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་རིང་པོ་སུམ་ཅུའོ། །དྲུག་ཅུ་པོ་སུམ་འགྱུར་དུ་བྱས་པའི་དབྱངས་བརྒྱ་དང་བརྒྱད་ཅུ་གང་ཡིན་པ་དེ་དག་རྣམས་ཀྱང་སྒྲ་གཅན་གྱི་ནི་མཚན་མོ་ཡི་ཆ་ཟླ་བ་དྲུག་ལ་དུས་དྲུག་གི་དབང་དུ་བྱས་པའི་དུས་གསུམ་དུ་བྱས་པའི་ཞག་གྲངས་ཏེ་དུས་གསུམ་མམ་ཟླ་བ་དྲུག་གི་ཞག་གྲངས་བརྒྱ་བརྒྱད་ཅུའོ། །དཔལ་ལྡན་སྟོང་པ་གཞོམ་མེད་ལ་སོགས་སྟོང་ཆེན་ཡིག་ལྔ་སྙིང་སྟོབས་སོགས་ཡོན་ཏན་གསུམ་གྱི་དབྱེ་བ་སྟེ་སད་པ་དང་། རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་གསུམ་གྱི་དབྱེ་བས་སུམ་འགྱུར་དུ་བྱས་པ་བཅོ་ལྔ་གང་དེ་རྣམས་ཀྱང་སྒྲ་གཅན་གྱི་ནི་ཟླ་བ་གཉིས་ཀྱི་ལོངས་སྤྱོད་ཆུ་ཚོད་བཅོ་ལྔ་དེ་ནི་ནང་དུ་སྲོག་གི་རླུང་གི་དུས་སྦྱོར་གསུམ་དུ་འགྱུར་ཏེ། དུས་སྦྱོར་རེ་རེ་དབྱུག་གུ་ལྔ་རེའི་རང་བཞིན་ཡིན་པས་བཅོ་ལྔའོ། །ད་ནི་ལོ་བརྒྱའི་ཡེ་ཤེས་ཆ་དཀྱིལ་འཁོར་དུ་ལྷ་གྲངས་དང་ཕྱི་རོལ་དུ་རྩིས་ཀྱི་ལྔ་བསྡུས་ལ་སྦྱར་ནས་བསྟན་པ། ལོ་གསུམ་ཕྱོགས་གསུམ་གྱི་ཉིན་ཞག་འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་སྟོང་དང་བརྒྱ་ཉེར་ལྔ་སྟེ། ཀྱེ་མི་ཡི་བདག་པོ་དེ་ནི་ཕྱེད་དང་བཅས་པའི་ཟླ་བ་དག་དང་ལོ་གསུམ་སྟེ་དོན་དུ་ལོ་གསུམ་དང་ཕྱོགས་གསུམ་མོ། །དེ་ལས་ཕྱེད་དང་བཅས་པའི་ཟླ་བ་ཕྱོགས་གསུམ་པོ་དོར་ནས་ལོ་གསུམ་གྱི་ཞག་སྟོང་དང་བརྒྱད་ཅུ་པོ་ཐུབ་མཆོག་ཞེས་གྲངས་བདུན་པོ་རྣམས་ཀྱི་ས་བཅད་པ་ཐོབ་ནོར་བརྒྱ་ང་བཞི་དག་ནི་དུས་ཀྱི་འཁོར་ལོར་འགྱུར་ཞེས་པའི་དོན་ནི། བདུན་གྱིས་བགོས་ལྷག་གཉིས་བྱུང་བ་ཁྱབ་བྱེད་གཙོ་བོ་ཡབ་ཡུམ་ཟུང་དང་། ཐོབ་ནོར་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཡི་གཙོ་བོ་རིགས་བསྡུས་པའི་གྲངས་སུ་འགྱུར་ཞིང་སྔར་གྱི་ལྷག་ཁྱབ་བྱེད་ཀྱི་ཚུལ་དུ་ཡར་བསྲེས་པའི་བརྒྱ་དང་ལྔ་བཅུ་རྩ་དྲུག་འདི་ནང་ལེར་བསྡུས་རྒྱུད་ཀྱི་ལྷ་གཙོ་བོ་རིགས་བསྡུས་པ་ཕྱག་རྒྱ་དྲུག་དང་བཅས་པས་བརྒྱ་རེ་གཉིས་སུ་གསུངས་པ་དེ་ཡི་ཕྱག་རྒྱ་དྲུག་མ་གཏོགས་པའི་ལྷ་དེ་རྣམས་


MR17_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། པདྨའི་ལྟེ་བའི་ལྷ་ནུས་མ་སོགས་དོན་བརྒྱད་ལ་ཐབས་ཤེས་ཀྱི་དབྱེ་བས་བརྒྱ་ང་དྲུག་ཏུ་གསུངས་པ་དེ་དང་གྲངས་འདྲ་བ་སོགས་ཀྱིས་དེ་ཐམས་ཅད་པདྨའི་གདན་ཅན་གྱི་ལྷ་ཞེས་གཅིག་ཏུ་འཁྲུལ་ན་མི་འགྲིག་པ་མང་པོ་འོང་བས་བདག་གིས་དེ་དག་ཤན་ཕྱེས་ཏེ་བཤད་པར་བྱ་སྟེ། འདིར་ཡེ་ང་གི་ཉི་ཆ་ལོ་གསུམ་གྱི་ཞག་སྟོང་དང་བརྒྱད་ཅུ་ནི་བསྡུས་པའི་རྒྱུད་ཀྱི་ལྷ་གྲངས་གཙོ་བོ་དབུ་མའི་དབུགས་ལས་འབྱུང་ཚུལ་སྟོན་པ་ལ་ཞག་དེ་དག་བདུན་གྱིས་བགོས་པས་ཐོབ་པ་བརྒྱ་ང་བཞི་ནི་རིགས་བསྡུས་པའི་ལྷ་དང་ལྷ་མོའི་གྲངས་ཡིན་ལ་དེ་ཙམ་གྱིས་གཉིས་ཚང་མེད་པས་ལྷག་མ་གཉིས་པོ་ཁྱབ་བྱེད་གཙོ་བོ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་ཚུལ་དུ་ཐོབ་པ་ལ་ཡར་བསྲེས་པས་བརྒྱ་ང་དྲུག་འབྱུང་བ་དེས་བསྡུས་པའི་རྒྱུད་ཀྱི་ལྷའི་གཙོ་བོ་ཐམས་ཅད་ཀྱི་གྲངས་བསྟན་པ་ཡིན་གྱི་གཙོ་བོ་དུས་འཁོར་ཡབ་ཡུམ་ནི་འདི་དག་གི་ཁོངས་སུ་བགྲང་བ་ནི་མ་ཡིན་ཏེ་གཙོ་བོ་དུས་ཐམས་ཅད་དང་ལྷ་ཐམས་ཅད་ལ་ཁྱབ་བྱེད་ཡིན་པས་འདིར་བགྲང་མི་དགོས་སོ། །འོ་ན་ལྷ་གྲངས་དང་སྦྱར་ཚུལ་ཇི་ལྟར་ཡིན་ཞེ་ན། ནུས་མ་བརྒྱད་དང་། སངས་རྒྱས་ཡབ་ཡུམ་ལུས་བསམ་གྱི་དབྱེ་བས་བཅུ་དྲུག་ཡོད་ཀྱང་ལྷ་ངོ་བོའི་སྒོ་ནས་བརྒྱད་དུ་འདུ་བ་དེས་མཚོན་ནས་བྱང་སེམས་ཡབ་ཡུམ་བཅུ་གཉིས། ཁྲོ་བོ་བརྒྱད། རྣལ་འབྱོར་མ་བརྒྱད་ཐབས་དང་བཅས་པ་ལྷ་ཆེན་བཅུ་གཉིས་ཡབ་ཡུམ་གྱི་ཁོངས་སུ་འདུས་པས་འདིར་མ་བགྲང་ལ། རྣལ་འབྱོར་མ་རེ་བཞི། ལྷ་ཆེན་ཡབ་ཡུམ་ཉེར་བཞི། སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་བཅུ་གཉིས། རྣམ་པའི་ཆ་ནས་ཀླུ་དང་གཏུམ་མོ་བཞི་བཅུ་ཡིན་ཡང་ངོ་བོའི་སྒོ་ནས་ཀླུ་བཅུ་དང་རབ་གཏུམ་མ་བཅུར་འདུ་བས་ཉི་ཤུ་སྟེ། ཐམས་ཅད་བསྡོམ་པས་བརྒྱ་ང་དྲུག་འདི་སྐབས་འདིའི་དུས་ཀྱི་འཁོར་ལོ་བསྡུས་པའི་ལྷའི་གྲངས་སོ། །དེ་ལས་ནུས་མ་རྣམས་དང་། གཞན་སངས་རྒྱས་བཞི་སོགས་


MR17_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐབས་ཤེས་ཟུང་འབྲེལ་ཅན་འབའ་ཞིག་ཡིན་པས། བདེ་གཤེགས་ཡབ་ཡུམ་བརྒྱད་ཀྱི་གྲངས་ལྟ་བུ་ལའང་བསྡུས་པའི་རྒྱུད་དུ་ལུས་དང་བསམ་པས་དབྱེ་བས་ཡབ་བརྒྱད་དང་ཡུམ་བརྒྱད་དུ་འགྱུར་མོད་ཀྱང་། འདིར་ཡུམ་བརྒྱད་པོ་ཁོ་ན་བགྲང་བས་བརྒྱད་ལས་མང་དུ་མི་འགྱུར་བས་སྔར་ཡབ་ཡུམ་བརྒྱད་བགྲང་བའི་གྲངས་དང་འདྲ་ལ་དེ་བཞིན་ལྷག་མ་རྣམས་ལའང་ཤེས་པར་བྱས་ནས་ལྷ་མོ་བརྒྱ་ང་དྲུག་ནི་འདིར་ལྔ་བསྡུས་ཀྱི་ངེས་པ་ལ་སྦྱར་རྒྱུ་ཡིན་ཏེ། འགྲེལ་བར་ལྷ་མོ་དྲུག་ཅུ་རྣམས་ཀྱི་གཟའ་གཅིག་ཏུ་འགྱུར་བ་སོགས་ལྷ་མོའི་མིང་གིས་བསྟན་པ་ཤ་སྟག་མཛད་པ་འདིས་ལྷ་བརྒྱ་ང་དྲུག་པོ་ཐབས་ཤེས་དབྱེར་མེད་ཡིན་པས་འདིར་ལྷ་མོའི་ཆ་ནས་བསྟན་པ་ཡིན་པ་ཤེས་པར་བྱའོ། །འགྲེལ་པ་པདྨ་ཅན་ལས་ཀྱང་ལོ་གསུམ་ཕྱོགས་གསུམ་གྱི་ཉིན་མཚན་གྱི་ཚོགས་བདུན་གྱི་ཕྱེ་བར་གྱུར་པ་ནི། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་གྱི་བདག་པོ་དང་འཁོར་ནི་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་གྱུར་པའོ། །ཞེས་གསུངས་སོ། །དེ་ལྔ་བསྡུས་ལ་སྦྱར་ན། ཟླ་བར་བསྲེ་བ་ཞེས་ཟླ་བ་གཅིག་གི་དྷྲཱུ་བ་ལ་བསྲེ་བ་ཡི་ངེས་པ་སྟེ་རྩིས་འཕྲོ་ལ་གཟའ་གཅིག་སྟེ་དེ་ནི་ཆུ་ཚོད་དྲུག་ཅུ་ཡིན་ནོ། །དེ་དང་ནི་གཟའ་གནས་སུ་མ་ལོངས་པ་མི་བདག་ཉིས་འགྱུར་ཏེ་བཅུ་དྲུག་ཉིས་འགྱུར་སོ་གཉིས་ཀྱི་ཆུ་ཚོད་དང་། ཚོགས་ཏེ་རིལ་པོ་ལ་གཉིས་དང་བཅས་པ་བསྲེས་པས་ཆུ་ཚོད་གོ་བཞིར་འགྱུར་ཏེ་གཟའ་ཆུ་ཚོད་དྲུག་ཅུར་བྱས་པ་ལ་གཞན་བསྣན་པས་སོ། །དེ་སྟེང་རིལ་པོ་ལ་བསྲེ་རྒྱུའི་ཚེས་གཅིག་དང་ཟླ་བའི་རྐང་པ་དང་པོ་མདའ་སྡེ་ལྔ་བསྲེས་པས་བརྒྱར་འགྱུར་རོ། །དེའི་སྟེང་དུ་དུས་ཀྱི་འཁོར་ལོ་ལོ་གསུམ་གྱི་ལོངས་སྤྱོད་སྟོང་བརྒྱད་ཅུ་དག་ལས་བདུན་གྱིས་བགོས་པས་བརྒྱ་དང་ང་བཞི་ཐོབ་པ་ལས་བརྒྱ་ནི་གཟའི་ངེས་


MR17_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པ་གོང་དུ་སོང་ཟིན་པས་བོར་ཏེ། དེའི་ལྷག་མ་ང་བཞི་དང་བདུན་གྱིས་བགོས་ལྷག་གཉིས་ལུས་པ་བསྲེས་པས་ང་དྲུག་ཏུ་གྱུར་པ་ནི་གཟའི་རྐང་པའོ། །དེ་ལྟར་བདུན་གྱིས་ཐོབ་ནོར་བརྒྱ་དང་ང་བཞི་ནི་ལྷ་མོ་བསྡུས་པའི་དུས་ཀྱི་འཁོར་ལོ་དག་ལས་ངེས་པར་ལྷ་མོ་དྲུག་ཅུ་རྣམས་ཀྱིས་རྣམ་པར་ཕྱེ་བ་དག་ནི་གཟར་འགྱུར་རོ། །འདིར་ཇོ་འགྱུར་ལས། འཁོར་ལོ་དག་གིས་རྣམ་པར་ཕྱེ་བ་རྣམས་ནི་གཟར་འགྱུར་ངེས་པར་ལྷ་མོ་དྲུག་ཅུ་རྣམས་ཀྱིས་སོ། །ཞེས་བསྒྱུར་ཀྱང་འགྱུར་སྔ་མ་བདེའོ། །དེའིཕྱིར་གོང་གི་འཁོར་ལོ་དེ་ལས་གཟའི་སྐལ་བ་དྲུག་ཅུ་དོར་ལྷག་གོ་བཞི་འབྱུང་ངོ་། །དེ་ལ་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་རྩིས་འཕྲོ་ཆུ་ཚོད་སོ་གཉིས་པོ་དེ་ཡིན་པས་དེའི་སྐལ་བ་ཕྲི་ལྷག་དྲུག་ཅུ་རྩ་གཉིས་ལུས་སོ། །དེ་ལ་ཐུབ་པ་ནོར་གྱིས་བསྒྱུར་བའི་ཞེས་ལྔ་བཅུ་རྩ་དྲུག་གི་ལྷ་མོ་རྣམས་ཀྱི་གྲངས་ཕྲི་བས་ལྷག་དྲུག་ལུས་སོ། །ང་དྲུག་པོ་དེ་ལས་ཉེར་བརྒྱད་ཀྱིས་བགོས་པས་གཉིས་ཐོབ་ཅིང་ལྷག་མ་མེད་དེ་ཐོབ་ནོར་གཉིས་པོ་དེ་ནི་རིལ་པོའམ་ཚོགས་ཀྱི་གནས་ལ་གཉིས་ཡིན་པས་ལྷ་མོ་ང་དྲུག་པོ་དེར་བསྡུས་སོ། །དེ་ཡང་ཟླ་བ་རེའི་ཚེས་ཀྱི་ལྷ་མོ་གཙོ་བོ་ཡབ་ཡུམ་མ་གཏོགས་པའི་འཁོར་གྱི་ལྷ་མོ་ཉེར་བརྒྱད་རྣམས་རིགས་བསྡུས་ཏེ་ཉེར་བརྒྱད་དུ་བྱས་པའི་གནད་འདིས་ཤེས་པར་བྱ་བའམ། ཡང་ན་འདི་ཟླ་བ་གཅིག་གི་ངེས་པ་ཡིན་པས་ལྷ་མོ་ཉེར་བརྒྱད་ལས་མི་དགོས་ཏེ་གཞན་ནི་ཟླ་བ་གཞན་ལའོ། །སྔར་གྱི་ང་དྲུག་ཕྲི་བས་ལྷག་མ་དྲུག་ལུས་པ་ནི། ཟླ་བ་གཅིག་གི་རྩིས་འཕྲོའི་ངེས་པ་ལ་ཚེས་གཅིག་གཟའ་གནས་སུ་སྦྱིན་པ་དང་། ཆུ་ཚོད་དུ་དོར་བ་དག་གི་ཆེད་དུ་ཚེས་གཅིག་སྦྱིན་པ་དག་ནི་ལྷ་མོ་གཅིག་དང་། རི་བོང་ཅན་གྱི་རྐང་པ་དང་པོ་ལྔ་ནི་ལྷ་མོ་ལྔ་སྟེ་འདིར་ནི་དེ་གཉིས་བསྡོམ་པའི་ལྷ་མོ་དྲུག་གིས་སོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་མོ་རིགས་བསྡུས་པའི་གྲངས་བརྒྱ་ང་བཞི་དང་ཟླ་བ་གཅིག་གིས་རྩིས་འཕྲོའི་ངེས་


MR17_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲངས་མཚུངས་པར་འགྱུར་རོ། །དེ་ལྟར་ཟླ་གཅིག་གི་ངེས་པ་ལ་སྦྱར་རྒྱུའི་ལྷ་གྲངས་དངོས་གནས་ལྟར་བརྒྱ་ང་དྲུག་བྱས་ན་ཚེས་ཀྱི་ལྷ་མོ་ང་དྲུག་ལས་རིལ་པོ་གཉིས་འབྱུང་བ་ཡིན་ཡང་། རིལ་པོ་གཉིས་པོའི་གྲངས་ཀྱིས་ཀྱང་ཕྲི་བར་བྱས་ན་འགྲིག་ཅིང་། ཡང་ན་ལྷག་མ་མ་བསྡོམ་པའི་གྲངས་བརྒྱ་ང་བཞི་ལ་བྱས་ན་གཞུང་ནས་གསུངས་པ་ལྟར་འགྲིག་པར་འགྱུར་བས་གང་བྱས་ཀྱང་འགལ་བ་མེད་དོ། །འདི་སྐབས་འགྲེལ་ཆེན་གྱི་ཚིག་མདོར་བསྡུས་ཙམ་ལས་མ་གསུངས་པས་བོད་ཀྱི་སྔ་འགྲེལ་ཐམས་ཅད་དུ། འགྲེལ་པར་བདུན་གྱིས་ཐོབ་ནོར་བརྒྱ་ང་བཞི་ལ་བསྡུས་པའི་དུས་ཀྱི་འཁོར་ལོ་ཞེས་གསུངས་པ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་མོ་རིགས་བསྡུས་པའི་དོན་ཡིན་པ་དེ་ཉིད་མ་རྟོགས་པར་འཆད་ཚུལ་སྣ་ཚོགས་བྱུང་འདུག་ལ། དེའི་དབང་གིས་འོག་ཏུ་ཟླ་གཅིག་གི་རྩིས་འཕྲོ་དང་ལྷ་མོ་སྦྱར་ཚུལ་ལའང་ངེས་པར་གསལ་པོར་བཤད་པ་མ་མཐོང་སྟེ་སོ་སོའི་ཡིག་འཇོག་ལ་ལྟོས་དང་གསལ་བར་འགྱུར་རོ། །དེས་ན་འདིར་ཤིན་ཏུ་གསལ་པོར་ཕྱེ་སྟེ་བཤད་པ་ལ་བློ་ལྡན་རྣམས་དགྱེས་པར་མཛོད་ཅིག །གོང་དུ་ལོ་གསུམ་གྱི་ཉི་མའི་ཆར་གྱུར་པའི་ཉིན་ཞག་རྣམས་བཤད་པའི་ལྷག་མ་ཟླ་བའི་ཆར་གྱུར་པའི་ཕྱོགས་གསུམ་གྱི་ཉིན་ཞག་བཞི་བཅུ་རྩ་ལྔ་རྣམས་ནི་ཉི་མའི་ཡོན་ཏན་སྙིང་སྟོབས་སོགས་གསུམ་གྱི་དབང་གིས་སུམ་འགྱུར་དུ་བྱས་པ་ཆུ་ཚོད་བརྒྱ་དང་སོ་ལྔ་དག་ཀྱང་ཉི་མའི་ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་ལ་ནི་འགྱུར་བར་རབ་ཏུ་གྲགས་སོ་ཞེས་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་དེ་ཙམ་ཉི་མས་ཁྱིམ་ཟླ་རེས་བགྲོད་དོ། །ཆུ་ཚོད་མདའ་ཡོན་ཟླ་བ་དེ་དྲུག་ཅུས་ཕྱེ་བས་གཉིས་ཐོབ་བཅོ་ལྔ་ལྷག་པ་ལས། སྐར་མ་གཉིས་ཐོབ་པ་ཆུ་ཚོད་བརྒྱ་ཉི་ཤུ་ཉི་མའི་ཟླ་གཅིག་གི་ངེས་པ་རྩིས་འཕྲོ་སྟེ་སྐར་གནས་སུ་གཉིས་སྦྱིན་པ་དེའི་དོན་ནོ། །དེ་ལྟར་ན་ཆུ་ཚོད་བརྒྱ་ཉི་ཤུ་དེ་དང་། དེའི་སྟེང་དུ་ཉི་མའི་ཉིན་ཞག་དང་པོར་ལོངས་སྤྱོད་པ་དང་ལྡན་པའམ་སྤྱོད་པ་ཅན་རྟག་


MR17_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་ཆུ་ཚོད་བཞི་དང་ཆུ་སྲང་ཉེར་གཉིས་སོགས་ཏེ། དེའི་ཕྱིར་ཚེས་གཅིག་བཞིས་བསྒྱུར་བ་ཉི་ལོངས་སུ་སྟེར་བ་གོང་གི་ལྔ་བསྡུས་སྐབས་སུ་བཤད་པ་བཞིན་ནོ། །དེ་ལྟར་ཆུ་ཚོད་བཞི་དང་ཆུ་སྲང་ཉེར་གཉིས་པོ་ཟླ་བ་གཅིག་ཏུ་བསགས་པ་དབང་ཕྱུག་ཆུ་ཚོད་ཅེས་བཅུ་གཅིག་ཏུ་ལོངས་པ་དང་བསྡོམ་པས་བཅོ་ལྔ་འོང་བ་གོང་གི་བརྒྱ་ཉི་ཤུའི་སྟེང་དུ་བསྣན་པས་བརྒྱ་དང་སུམ་ཅུ་རྩ་ལྔ་ཚང་བ་ཉི་མའི་ལོངས་སྤྱོད་དོ། །དེ་ལྟར་ཉི་མའི་ཆ་ཟླ་བར་སྦྱར་ཞིང་། ཟླ་བའི་ཉི་ཆ་ཉི་མའི་ལོངས་སྤྱོད་དུ་སྦྱང་བ་ནི། ཐབས་ཤེས་དབྱེར་མེད་མཚོན་ནོ་ཞེས་སྔ་མའི་འགྲེལ་པ་རྣམས་སུ་བཤད་དོ། །དེ་ལྟར་དཔལ་ལྡན་དུས་ཀྱི་འཁོར་ལོ་ལོ་གསུམ་དང་ཕྱོགས་གསུམ་ལོངས་སྤྱོད་པའི་གཟའ་ཡི་ཚོགས་དང་བཅས་པ་འདི་དག་སྔར་བརྗོད་པ་བཞིན་ཕྱི་འཇིག་རྟེན་དང་། ནང་དུ་ལུས་ལ་དབྱེར་མེད་པར། བརྟན་གཡོའི་འཇིག་རྟེན་བསྡུ་བ་དང་ནི། སླར་སྤྲོ་བ་སྟེ། སྐྱེ་བའི་སླད་དུ། འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་གྱི་གནས་སུ། ཀྱེ་ཉི་མ་ཞེས་ཉི་མའི་ཤིང་རྟ་ལ་བོས་ནས། དུས་ཀྱི་གཟུགས་སྲོག་གི་ང་གི་གཟུགས་སམ་རང་བཞིན་དུ་གནས་པ་དང་ནི། ཤེས་རབ་དང་ཐབས་ཀྱི་རབ་ཏུ་དབྱེ་བ་དང་ནི་ཞེས་པ་ཕྱི་རོལ་དུ་ཉིན་མོ་དང་མཚན་མོ་ཉི་མ་དང་ཟླ་བ་ནི་ཤེས་རབ་དང་ཐབས་སོ། །ནང་དུ་རོ་མ་དང་རྐྱང་མ། རྡུལ་དང་ཁུ་བ་ནི་ཤེས་རབ་དང་ཐབས་སོ། །དེ་བཞིན་དུ་མཉམ་པ་དང་མི་མཉམ་པའི་རིགས་དང་ཞེས་པ། མཉམ་པ་ས་བོན་གྱི་དབྱངས་རིང་པོ་དང་། མི་མཉམ་པ་ཐུང་ངུ་ནི་རིམ་བཞིན་ཤེས་རབ་དང་ཐབས་སོ། །གཞན་ཡང་ཟུང་དུ་གྱུར་པའི་གྲངས་སུ་བཞག་པ་རྣམས་མཉམ་ལ། ཡ་ཡི་གྲངས་སུ་བཞག་པ་རྣམས་མི་མཉམ་པའི་རིགས་ཏེ། མཉམ་པ་རྣམས་མོ་དང་ཤེས་རབ་ཀྱི་རིགས་དང་། མི་མཉམ་པ་རྣམས་ཕོ་དང་ཐབས་ཀྱི་རིགས་སུ་གནས་སོ། །གཞན་ཡང་གཟའ་རྣམས་མྱུར་བ་དང་འཁྱོགས་པོ་ལ་སོགས་པ་འགྲོས་བཞིའི་རྒྱུ་བ་སྟེ། དེས་མཚོན་པས་ཁྱབ་


MR17_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཕྱིའི་དུས་ཀྱི་གཟུགས་སམ་རང་བཞིན་རྣམ་པ་སྣ་ཚོགས་པ་དང་། ནང་གི་ལུས་ལ་རླུང་ཁམས་ཀྱི་འདུ་འཕྲོད་ཀྱི་འཕོ་བ་སྣ་ཚོགས་ཀྱི་དུས་ཀྱི་རང་བཞིན་དུ་དབྱེ་བ་དེ་དག་ལ། གཞན་དུས་ཀྱི་འཁོར་ལོ་སྟོང་པ་དང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་བྱེད་དུ་འཇུག་པ་ཡིན་ཏེ། ཕྱི་དང་ནང་གི་ཆོས་ཇི་སྙེད་པ་ཐམས་ཅད་རང་བཞིན་རྣམ་དག་གི་ཆོས་ཉིད་ལས་མི་འདའ་ལ། རང་བཞིན་གྱིས་རྣམ་པར་དག་པ་དེ་ཁོ་ན་ཉིད་ནི་དགག་བྱ་བཅད་ཙམ་གྱི་སྟོང་རྐྱང་མ་ཡིན་ཏེ་སྣང་སྟོང་ཟུང་འཇུག་ཐབས་ཤེས་གཉིས་སུ་དབྱེར་མེད་པའི་ཕྱིར་ན་རིགས་མེད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་སྔར་ཡང་ཡང་གཏན་ལ་ཕབ་པ་དེ་ཉིད་དོ། །དེའི་ཕྱིར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་གཞི་ཆོས་ཉིད་ཟུང་འཇུག་འོད་གསལ་བའི་དབྱིངས་དེ་ལས་ནམ་ཡང་འདའ་མི་སྲིད་པས་ན། གཞན་དུས་ཀྱི་འཁོར་ལོ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་དོན་འདི་སྲིད་ཞི་ཀུན་ལ་ཆོས་ཉིད་ཀྱི་ངོ་བོས་ཁྱབ་བྱེད་དུ་འཇུག་ཀྱང་། འདི་ལ་འཕོ་ཞིང་གཡོ་བའི་བྱེད་རྩོལ་ཅུང་ཟད་ཀྱང་མི་མངའ་བར་དུས་གསུམ་མཉམ་པ་ཉིད་ཡིན་པའི་ཕྱིར། འདིས་རྒྱུ་བྱས་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་སེམས་ཅན་གྱི་ཕུང་ཁམས་རྣམས་བསྐྱེད་པ་མ་ཡིན་ཏེ། ཡིན་ན་མུ་སྟེགས་བྱེད་ཀྱི་དབང་ཕྱུག་འཇིག་རྟེན་གྱི་བྱེད་པ་པོར་སྨྲ་བ་དང་མཚུངས་པར་འགྱུར་རོ། །འོན་ཀྱང་ཆོས་ཉིད་འགྱུར་མེད་འོད་གསལ་བ་དེའི་ངང་དུ་ཕྱི་ནང་གི་ཆོས་ཐམས་ཅད་སྡུད་ཅིང་དེའི་ངང་ལས་མཆེད་པ་ཡིན་མོད་དེ་ལ་སྡུད་པ་དང་སྐྱེ་བ་གང་ཡང་མེད་དེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ་སོགས་ཀྱིས་ཚིགས་སུ་བཅད་པའི་དོན་དང་། རྒྱུད་འདིར་ཡང་། གང་ལས་སྲིད་པ་གསུམ་པོ་མཐའ་དག་ཏུ་འགྱུར་སླར་ཡང་གང་དུ་ཐིམ་པའོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཉིད་དེ་ཁོ་ན་ཉིད་དེ་གློ་བུར་གྱི་སྒྲིབ་བྲལ་དག་པ་གཉིས་ལྡན་དུས་ཀྱི་འཁོར་ལོ་དེ་ཉིད་རྣམ་པ་རྟགས་


MR17_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱར་སྣང་བ་བདེ་བ་ཆེན་པོའི་ཐུགས་དང་སྟོང་གཟུགས་ཀྱི་སྐུ་ཟུང་དུ་འཇུག་པ་མཚན་བཅས་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བའི་སྐབས་སུ་ཐབས་དང་ཤེས་རབ་ལ་སོགས་པས་དབྱེ་བས་མཉམ་དང་མི་མཉམ་གྱི་རིགས་དུ་མར་འགྱུར་ཏེ། མ་དག་པའི་སྣོད་བཅུད་དུ་སྣང་བའི་ཁམས་མཐའ་དག་སྒྲིབ་བྲལ་དུ་གྱུར་པའི་ཆ་ནས་དག་པའི་རྟེན་དང་བརྟེན་པར་སྣང་བ་ལ་གཞན་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། དེ་ལྟར་ན་ཕྱི་ཡི་དུས་དང་། ནང་གི་དུས་དང་། གཞན་ཡེ་ཤེས་ཀྱི་དུས་དང་གསུམ་དུ་རྣམ་པར་ཕྱེ་བའི་སྒོ་ནས་ཕྱི་ནང་གཞན་གསུམ་དག་པ་གཅིག་ཏུ་སྦྱོར་ཚུལ་གྱི་ངེས་པའི་དོན་འདི་ལྟ་བུ་ནི། ཆགས་བྲལ་ཉན་རང་དང་ནི། ཕྱི་རོལ་པའི་དྲང་སྲོང་ཐུབ་པ་མཆོག་གི་རིགས་རྣམས་དང་། ཚངས་པ་ཆེན་པོ་དང་དྲག་པོ་དབང་ཕྱུག་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་ཀྱིས་ནི་ཤེས་པ་མ་ཡིན་ཀྱང་། སྟོན་པ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དཔལ་དུས་ཀྱི་འཁོར་ལོས་འཇིག་རྟེན་ཀུན་རྫོབ་དང་འཇིག་རྟེན་ལས་འདས་པ་དོན་དམ་པའི་བདེན་པ་གཉིས་ཀྱི་ངོ་བོ་ཉིད་དམ་རང་བཞིན་ལས་བརྩམ་སྟེ་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ལ་རབ་ཏུ་བསྟན་པ་བཞིན་དུ་མིའི་དབང་པོ་འཇམ་དཔལ་གྲགས་པ་བདག་གིས་ཀྱང་ཉི་མའི་ཤིང་རྟ་ཁྱོད་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་མདོར་བསྡུས་པས་རབ་ཏུ་བསྟན་ཏོ། །ཞེས་སོ། །ཚིགས་བཅད་འདིར་ཉི་མའི་ཤིང་རྟ་ལ་བོད་པ་ཡོད་པས་རྩ་རྒྱུད་ཀྱི་མ་ཡིན་པར་འཇམ་དཔལ་གྲགས་པའི་གསུང་དུ་བཞེད་པ་ལེགས་ཟེར། བཅུ་བདུན་པ་དབྱངས་འཆར་བ་ལ་སོགས་པའི་དུས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། ཨ་སོགས་ལྔ་ཡི་དབྱངས་གང་སོགས་ཚིགས་བཅད་དགུ་བཅུ་རྩ་བཞི་པ་ནས་བརྒྱ་བཅུ་བདུན་པའི་བར་གྱིས་བསྟན་ཏེ། སྐབས་འདིར་དུས་ཀྱི་དགེ་མི་དགེ་བརྟག་པའི་འབྲས་རྩིས་གསུངས་པ་ཡིན་ཞིང་དེ་ཡང་ཚེས་གྲངས་ཀྱི་ཉིན་ཞག་ལ་འཆར་རྒྱུའི་དབྱངས་བཤད་པ་ལ་དོགས་པ་སྤངས་པའི་ཆེད་དུ་འགྲེལ་ཆེན་ལས་གསུངས་པའི་དོན་མདོར་བསྡུས་


MR17_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྗོད་ན། ཨ་ཨི་ཨུ་ཨེ་ཨོ་ལྔ་ལ་རྩ་བའི་དབྱངས་ལྔར་བྱས་པ་ནི་འཇིག་རྟེན་ན་བརྡ་སྤྲོད་བྱས་པ་རྣམས་ལ་ཡོངས་སུ་གྲགས་པ་སྟེ། དབང་ཕྱུག་གི་གཞུང་གཡུལ་རྒྱལ་བའི་རྒྱུད་དུའང་དེ་ལྔ་ཞག་ལ་འཆར་བར་བཤད་དོ། །འདིར་ནི་རང་བྱུང་རྩ་བའི་དབྱངས་ཨ་ཨི་རྀ་ཨུ་ལྀ་ལྔ་འཆར་བར་གསུངས་པ་ལ་རྀ་ལྀ་གཉིས་རྒྱུད་གཞན་དུ་མ་ནིང་གི་ཡི་གེ་ཞེས་དབྱངས་གསལ་གཉིས་ཀར་གཏོགས་པས་དབྱངས་རང་རྒྱུད་པར་མི་བཞེད་པ་ཡང་ཡོད་མོད་ལུགས་འདིར་རྩ་བའི་དབྱངས་སུ་བཞེད་དེ།ལུགས་འདིའི་སྒྲ་མདོའི་སྐབས་ཀྱི་དབྱངས་ཀྱི་ཡི་གེ་བསྡུ་བའི་བརྡ་ཁྱད་ཐུན་མོང་མིན་པ་འཇམ་དཔལ་གྲགས་པས་འདི་ལྟར་མཛད་དེ། ཨ་ཨི་ཨུ་ཎ྄། རྀ་ལྀ་ཀྲ། ཨ་ཨེ། ཨར་ཨོ། ཨལ་ཙ྄། ཧ་ཡ་ར་ཝ་ལཊ྄། ཅེས་དབྱངས་སུམ་ཅུའི་བར་དུ་གསལ་བྱེད་སྲོག་མེད་རེ་རེ་སྦྱར་བ་ནི་ཡི་གེ་བསྡུ་བའི་ཆེད་དེ། ཨུ་ཎ་ཞེས་བརྗོད་ན་ཨ་ཨི་ཨུ་གསུམ་བསྡུས་ཏེ། དཔེར་ན་ཨ་མཐའི་ཕ་རོལ་དུ་ཨི་ཨུ་བྱུང་ན་དབྱངས་གཉིས་མཚམས་སྦྱར་ཏེ། ཨ་ཨི་ལ་ཨེ་དང་། ཨ་ཨུ་ཕྲད་ན་ཨོ་ཉིད་དུ་འགྱུར་བས་ཨེ་དང་ཨོ་ནི་དབྱངས་རྩ་བ་མིན་ཏེ་ཡོན་ཏན་གྱི་དབྱངས་སུ་བཞེད་དོ། །རྀ་ཀྲའི་ཨཎ་ལས་ར་ལ་དག་གོ་ཞེས་པས་རྀ་ལྀ་ར་དང་ལ་ཉིད་དུ་འགྱུར་བའི་ཕྱིར། རྀ་ལྀ་གཉིས་ནི་ཨི་ལ་སོགས་པ་བཞིན་དུ་དབྱངས་རྩ་བར་འགྱུར་གྱི་མ་ནིང་མ་ཡིན་ནོ། །ཨ་ཀྲའི་ཨ་ཀྲ་ལ་རིང་པོ་ཞེས་པས་དབྱངས་རིང་པོ་དག་ཀྱང་རྩ་བའི་ཡི་གེ་མ་ཡིན་ལ་རྩ་བའི་དབྱངས་དེ་ལས་བྱུང་བའོ། །ཨི་ཀའི་ཨ་ཙ་ལ་ཡ་ཎ་འོ་ཞེས་པས་དབྱངས་བསྒྱུར་བའི་ཡ་ཎའི་ཡི་གེ་ཧ་ཡ་ར་ཝ་ལ་རྣམས་ཀྱང་དབྱངས་སུ་བཞེད་དོ། །དེས་ན་གོང་བཤད་རྩ་བའི་དབྱངས་ལྔ་ནི། དབྱངས་གཞན་གྱི་རྩ་བ་ལས་མ་བྱུང་བར་རང་ཉིད་དབྱངས་ཀུན་གྱི་རྩ་བར་གྱུར་པས་གཞན་ལ་མ་ལྟོས་པའི་ཆ་ནས་རང་བྱུང་དུ་ལུང་བསྟན་པའམ་བརྡ་སྤྲོད་པས་ན་འདི་ལྔ་སྒྲའི་སྐྱེ་གནས་ལྔ་ལས་བྱུང་བའི་ཡི་གེ་ཀུན་གྱི་རྩ་བར་མཉམ་པའི་


MR17_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་སྟེ་ནམ་མཁའ་ལ་སོགས་པའི་འབྱུང་བ་ལྔའི་ངོ་བོ་ཉིད་ཀྱི་དབང་གིས་ཚེས་རྣམས་ལ་རིམ་པས་འཆར་བ་ཡིན་པས། འཇམ་དཔལ་གྲགས་པ་རང་གི་ལུང་སྟོན་པའམ་བརྡ་སྤྲོད་ལས། ཨ་ཨི་རྀ་ཨུ་ལྀ་ཀ་ཅེས་བྲིས་སོ། །དེ་ལྟར་དོགས་པ་བཅད་ནས། ཨ་ནི་དབྱངས་ཀྱི་དང་པོ་ཡིན་པས་དེ་ཐོག་མར་སྨྲོས་ནས་ཨ་ལ་སོགས་པ་སྟེ་ཨ་ཨི་རྀ་ཨུ་ལྀ་ལྔ་ཡི་དབྱངས་གང་མུན་པ་བསལ་བ་ཆུང་ངུའི་ཚད་ཀྱི་དང་པོའི་ཚེས་གྲངས་ཚེས་གཅིག་གི་དབང་གིས་དགའ་བ་ལ་སོགས་པ་ལྔ་དང་ལྷན་ཅིག་ལྡན་པར་གྱུར་པ་དེ་དག་ཚེས་གྲངས་ལྔ་ཚན་གཉིས་པ་རྡུལ་གྱི་ཡོན་ཏན་དང་གསུམ་པ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་རིམ་པ་གསུམ་ལ་འདིར་ནི་འཆར་བར་བྱེད་དོ་ཀྱེ་མི་ཡི་བདག་པོ་ཞེས་གསུངས་ཏེ། ཚེས་གཅིག་ལ་དབྱངས་ཨ། དེའི་ཡོན་ཏན་ནམ་མཁའ། ཚེས་ཀྱི་མིང་དགའ་བ། དེ་བཞིན་དུ་ཚེས་གཉིས་ལ་ཨི་དང་རླུང་དང་བཟང་པོ། གསུམ་པར་རྀ་དང་མེ་དང་རྒྱལ་བ། བཞི་པར་ཨུ་དང་ཆུ་དང་སྟོང་པ། ལྔ་པར་ལྀ་དང་ས་ཁམས་དང་རྫོགས་པ། ཞེས་པ་དེ་བཞིན་སླར་ཡང་ཇི་སྲིད་དུ་བསྐྱར་ཏེ་འཁོར་བར་འགྱུར་རོ། །དེ་ལས་དགེ་མི་དགེ་བརྟག་པ་ནི། གལ་ཏེ་དེ་ལས་སྐྱེས་ལ་སོགས་གཟའ་དག་ལྷན་ཅིག་ཏུ་ཤར་བར་མ་གྱུར་ན་མི་ཤིས་པ་མེད་པ་ཤིས་པར་ཤར་བ་ཞེས་བྱའོ། །དེ་ཡང་དགའ་བ་ལས་སྐྱེས། བཟང་པོ་ལ་གཟའ་ལྷག །རྒྱལ་བ་ལ་ཕུར་བུ། སྟོང་པ་ལ་པ་སངས། རྫོགས་པ་ལ་སྤེན་པ་སྟེ་དབྱངས་དང་ཚེས་དེ་དག་རེས་གཟའ་ལྔ་པོ་དེ་དག་དང་ལྷན་ཅིག་ཤར་ན་མི་ཤིས་པ་ཤར་བ་ཞེས་བྱ་སྟེ་དབྱངས་གང་ཡིན་དེའི་མིང་གི་ཐོག་མ་ཅན་ལ་མི་ཤིས་སོ། །དེ་རྒྱས་པར་བཤད་པ། དགའ་བའི་ཚེས་དབྱངས་ཨ་དང་ལྡན་པ་ལ་ས་སྐྱེས་མི་ཤིས་པ་ཤར་བར་གྱུར་ཅིང་། དེར་མ་ཟད་གལ་ཏེ་སླར་ཡང་དེའི་ཚེས་ལ་སྐར་མ་སྨིན་དྲུག་དག་དང་ལྡན་པ་ཉིད་དུ་གྱུར་པ་ཡི་དུས་དེ་ལ། གལ་ཏེ་གཡུལ་ལམ་ཞེས་སམ་གཡུལ་དུ་ཞུགས་པ་དང་


MR17_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དུ་གྱུར་པ་སྟེ་ནད་ཀྱིས་བཏབ་པར་གྱུར་ན་མི་རྣམས་འཆི་བར་འགྱུར་ཏེ་སུ་ལན་དང་པོའི་དབྱངས་ཨ་ཡི་ཡི་གེ་མིང་གི་ཐོག་མར་ཡོད་པ་དེ་ཉིད་ཀྱིའོ། །དེ་བཞིན་དུ་ཚེས་གྲངས་བཟང་པོ་ཨི་ཡིག་འཆར་བའི་དུས་སུ་ཟླ་སྐྱེས་དག་གི་རེས་གཟའ་འདི་ལ་ནི་གལ་ཏེ་སྐར་མ་མཆུ་ཉིད་དང་ལྡན་པ་དག་ཀྱང་ཤར་ན་དབྱངས་གཉིས་པ་ཨི་ཡིག་གི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་ཚེས་རྒྱལ་བ་དང་གཟའ་བླ་མ་དག་ལ་གལ་ཏེ་སྐར་མ་སྐག་ཏུ་གྱུར་ན་དབྱངས་གསུམ་པ་རྀ་ཡིག་མིང་ཅན་དག་ནི་འཆི་བར་འགྱུར་བ་ཡིན་ནོ། །སྟོང་པའི་ཚེས་དང་པ་སངས་དག་ལ་གལ་ཏེ་མོན་གྲུར་གྱུར་ན་དབྱངས་བཞི་པ་ཨུའི་མིང་ཅན་དག་ནི་འཆི་བར་འགྱུར། རྫོགས་པ་སྤེན་པ་དག་དང་ལྷན་ཅིག་ཏུ་ནི་བྲ་ཉེ་ཡོད་པར་གྱུར་ན་ལྔ་པ་ལྀ་ཡིག་གི་མིང་ཅན་འཆི་བ་ཉིད་དུ་འགྱུར་རོ། །གོང་གི་གཟའ་ལྔ་པོ་དེར་མ་ཟད་རེས་གཟའ་ཉི་མ་དག་ལ་དགའ་བ་ཡི་ཚེས་ལྷན་ཅིག་འཆར་བ་རྣམས་ཀྱིས་ཨ་མིང་ཅན་ལ་གཡུལ་དུ་རྨར་ཡང་འགྱུར་ཏེ། ནད་ཀྱིས་གཟིར་བ་རྣམས་ནི་ཉོན་མོངས་པར་ཉིད་དུ་འགྱུར་རོ། །རེས་གཟའ་ཟླ་བ་ལ་ནི་ཚེས་བཟང་པོ་ལྷན་ཅིག་འཆར་བ་རྣམས་ཀྱིས་ངེས་པར་གཡུལ་དང་ནད་དག་ལ་ཡང་ཉི་མ་དེ་བཞིན་འགྱུར། །དེ་ལྟར་ཚེས་དང་འཕྲད་པའི་རེས་གཟའ་བདུན་གྱི་འབྲས་བུ་རྒྱུད་དང་འགྲེལ་པས་གསུངས་ཤིང་གཞན་མ་བསྟན་ཀྱང་། འགྲེལ་པ་ལ་ལར་རྒྱལ་བར་དམར་སྐག་ཨུ། སྟོང་ལྷག་མོན་གྲུ་ཨུ། རྫོགས་སངས་བྲ་ཉེ་ལྀ་ཡང་དེ་དང་འདྲ་བར་བཤད་པའང་སྣང་། དེ་ལྟར་གཟའ་སྐར་ཚེས་གསུམ་འཛོམ་པ་འདི་སྦྱོར་བ་གསུམ་འཛོམ་ཞེས་འཆི་བའི་སྦྱོར་བར་བཤད་དེ་དབྱངས་དེའི་མིང་ཐོག་ཅན་ལ་མི་ཤིས་པ་ཡིན་གྱི་གང་ཟག་ཐམས་ཅད་ལ་མ་ཡིན་ནོ། །བདེན་པར་དབྱངས་ཚེས་ལ་འཆར་བ་ལྔ་པོ་རྣམས་ཀྱི་འབྲས་བུ་བཟང་པོ་མང་པོར་ནི་འཆི་བའི་སྦྱོར་བས་དམན་པ་སྟེ་དེ་དག་མེད་པ་


MR17_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་འགྱུར་ཏེ་གཟའ་སྐར་དེ་དག་མེད་ན་རང་རང་གི་མིང་ཐོག་གི་དབྱངས་འཆར་བ་ནི་ཤིས་པར་ཤར་བ་ཡིན་ནོ་ཞེས་བཤད། དེ་ལྟ་བས་ན་ནད་ཀྱིས་བཏབ་པ་དང་གཡུལ་དུ་འཇུག་པ་དང་། ཡུལ་གཞན་དུ་བགྲོད་པ་དང་། བག་མ་ལེན་པ་དག་ལ་དགེ་བ་དང་མི་དགེའི་འབྲས་བུ་རང་གི་མིང་ཐོག་གམ་སྐྱེས་སྐར་གྱི་དབྱངས་འཆར་བའི་མཚན་མས་ཤེས་པར་བྱའོ། །འདིར་མིང་ཐོག་ཨེ་ཡིག་ཅན་ཨི་ལ་བསྡུ་བ་དང་། ཨོ་ཅན་ཨུ་ལ་བསྡུ་བ་སོགས་དབྱངས་གཞན་རྣམས་རྩ་བའི་དབྱངས་ལྔར་བསྡུས་ནས་མིང་ཐོག་ལ་བརྟག་པར་བྱའོ། །དེ་ལྟར་རྒྱུ་སྐར་དང་གཟའ་སྟེ་དབྱངས་ཀྱི་ཚོགས་དང་། ཚེས་དགའ་བ་ལ་སོགས་ལྔ་རྣམས་དག་ནི་དེ་ཉིད་ལྔ་ཡི་རབ་ཏུ་དབྱེ་བ་ཡིས། ཕྱོགས་ཟླ་ཕྱེད་དང་ཟླ་བ་དང་བགྲོད་པ་དག་དང་ལོ་རེ་དང་རབ་བྱུང་སོགས་དྲུག་ཅུའི་ལོ་རྣམས་ལ་ཡང་འདིར་ནི་འཆར་བར་འགྱུར་ཏེ་ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་ཕྱོགས་ལ་འཆར་ཚུལ་ནི། ནག་པ་ཡི་ཟླ་བ་ཐོག་མར་བྱས་ཏེ་དེ་ལ་སོགས་ཟླ་བ་བཅུ་གཉིས་ལ་འདིར་ནི་ཉིན་ཞག་གི་ཡན་ལག་བཅུ་གཉིས་དག་གིས་འཆར་བར་འགྱུར་བ་ནི་ཕྱོགས་ཀྱི་དབྱེ་བ་ཡི་འཆར་ཚུལ་དེ་ཉིད་དོ། །ཞེས་ནག་ཟླའི་ཚེས་གཅིག་ནས་བཟུང་ཞག་བཅུ་གཉིས་ལ་དབྱངས་ཨ་འཆར་བ་སོགས་ཏེ་ཟླ་བ་གཉིས་ལ་དབྱངས་ལྔ་ལན་རེ་འཁོར་བ་ནི་ཞག་དྲུག་ཅུ་ལྔས་བགོས་པས་བཅུ་གཉིས་རེ་ཐོབ་པ་ལྟར་བསྐོར་བས་དབྱངས་རེས་ཕྱོགས་རེ་ལས་ཞག་གསུམ་མ་ཚང་ཡང་སྤྱིར་ཕྱོགས་རེ་ལ་འཆར་ཚུལ་ཡིན་ནོ། །ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་དབྱངས་ལྔ་པོ་རྣམས་ལན་གཅིག་འཆར་བ་རྫོགས་པའི་དབང་དུ་བྱས་ཏེ། ཞག་དེ་དག་ལྔས་བགོས་པས་ཞག་བདུན་ཅུ་རྩ་གཉིས་དག་གིས་འདིར་ནི་དབྱངས་རེ་རེ་འཆར་བར་འགྱུར་ཏེ། དེ་ལྟར་ན་ཟླ་བ་གཉིས་དང་ཞག་བཅུ་གཉིས་རེ་ལ་དབྱངས་རེ་འཆར་བའི་ཕྱིར་ཟླ་བའི་དབྱེ་བ་ལ་དབྱངས་འཆར་ཚུལ་ཡིན་པ་ཤེས་པར་བྱའོ། །ཟླ་བ་དྲུག་གིས་


MR17_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པའི་ཡན་ལག་གཅིག་དག་སྟེ་བགྲོད་པ་རེ་ལ་དབྱངས་རེ་འཆར་བ་ལ་ལོ་ཕྱེད་གསུམ་གྱིས་དབྱངས་ལྔ་ཆར་གཅིག་འཁོར་ཞིང་ལོ་ལྔས་ལན་གཉིས་འཁོར་བར་འགྱུར། རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་ལ་དབྱངས་ལྔ་ལན་གཅིག་རྫོགས་པར་འཆར་བ་ནི་བཅུ་གཉིས་ཀྱི་ལོ་རྣམས་ལ་ཨ་སོགས་ལྔ་རིམ་པས་འཆར་བ་དག་གིས་ལོ་ལ་འཆར་བའི་ཚུལ་ཡིན་ནོ། །རབ་བྱུང་སོགས་ལོ་རེ་རེ་ལ་དབྱངས་རེ་འཆར་བ་ལ་ལོ་ལྔས་འཁོར་བས་ལོ་དྲུག་ཅུ་ལ་འཁོར་ཐེབས་བཅུ་གཉིས་སོ། །དེ་ལྟར་ཞག་རེ་དང་། ཞག་བཅུ་གཉིས་དང་། ཞག་དོན་གཉིས་དང་། ཞག་བརྒྱ་དང་བརྒྱད་ཅུ་དང་། ཞག་སུམ་བརྒྱ་དྲུག་ཅུ་དང་། ལོ་བཅུ་གཉིས་ལ་འཆར་ཚུལ་དེ་དག་རིམ་བཞིན་ཞག་རེ་དང་། ཕྱོགས་དང་ཟླ་བ་དང་། བགྲོད་པ་དང་ལོ་དང་། ལོ་དྲུག་ཅུ་ལ་འཆར་ཚུལ་རྣམ་པ་དྲུག་བཤད་པ་དེ་ལྟར་དབྱངས་ནི་ལྔ་པོ་རྣམས་དག་འདིར་ནི་ཞག་སོགས་ལ་འཆར་བར་འགྱུར་ཏེ། གང་ཤར་བ་དེ་ཉིད་ནི་ཕྱི་ནས་སམ་སླར་ཡང་རང་ས་ནས་བགྲང་བའི་ལྔ་པ་ལ་ནུབ་པ་ཉིད་དུ་འགྱུར་བའོ། །དེ་ཡང་དང་པོ་ལ་ནི་དབྱངས་རྣམས་རང་རང་འཆར་བ་ནི་བྱིས་པ་སྟེ། རང་རང་གི་ཆོས་ཀྱི་ཡོན་ཏན་གྱི་དབང་གིས་དང་པོར་བཙས་པ་ལྟར་ཐོག་མར་ཤར་ཞིང་། དེ་ནས་སྔ་མ་དེ་དཔལ་དང་ལྡན་པའི་གཞོན་ནུ་ཡི་གནས་སྐབས་སུ་འགྱུར་ཏེ་གང་ཞེ་ན་རང་ས་ནས་བགྲང་བའི་དབྱངས་གཉིས་པ་ཤར་བའི་དུས་ལ་བྱིས་པ་ཉིད་གཞོན་ནུར་གྱུར་པ་བཞིན་ནོ། །དེ་བཞིན་དུ་དར་ལ་བབ་པ་དང་། རྒན་པོ་དག་ཏུ་གྱུར་པ་ནི་རིམ་པས་མེ་དང་ཆུ་གཏེར་ཉིན་ཞག་ལ་སྟེ་ལྔ་པ་ལ་ནི་སྨིན་ནས་ཤི་བའམ་ནུབ་པར་འགྱུར་རོ་ཞེས་རང་ས་ནས་བགྲང་བའི་གསུམ་པར་དར་བབ། བཞི་པར་རྒན་པོ། ལྔ་པར་སྨིན་པ་རྫོགས་ཏེ་ནུབ་པ་ཡིན་ནོ། །དེ་དག་གང་ཟག་གི་ལུས་ཀྱི་ན་ཚོད་ཀྱི་གནས་སྐབས་ལྔའི་དཔེས་མཚོན་ནས་བསྟན་པའོ། །དེའི་ཕྱིར་རང་གི་མིང་གི་དབྱངས་འཆར་བ་དང་གཞོན་ནུ་དང་དར་བབ་ཀྱི་དུས་སུ་ལས་རྩོམ་པ་


MR17_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕ་རོལ་དང་འཐབ་པ་སོགས་ལ་དགེ་ཞིང་། ཕྱི་མ་གཉིས་ཀྱི་དུས་སུ་མི་དགེ་ལ་ཁྱད་པར་དབྱངས་ནུབ་པའི་དུས་སུ་ལས་བརྩམ་ན་སྟོབས་མེད་དོ། །ཕྱོགས་དང་། ཟླ་བ་བགྲོད་པ་ལོ་རྣམས་ལ་དབྱངས་འཆར་ཚུལ་དེ་བཞིན། དགའ་བ་ལ་སོགས་པ་ཡང་སྔར་བཤད་པ་ལྟར་དབྱངས་དང་ལྷན་ཅིག་འཆར་ཏེ། ཕྱོགས་ལ་འཆར་ཚེ་ནག་ཟླའི་ཉིན་ཞག་བཅུ་གཉིས་ནི་དགའ་བ། དེའི་རྗེས་ཀྱི་བཅུ་གཉིས་བཟང་པོ་སོགས་ནས་རིམ་པར་བསྐོར་བར་བྱའོ། །དེ་བཞིན་རབ་བྱུང་སོགས་ལོ་བཅུ་གཉིས་ནི་དགའ་བ། དེའི་རྗེས་ཀྱི་ལོ་བཅུ་གཉིས་བཟང་པོ་སོགས་འཆར་ཚུལ་ཀུན་ལ་དགའ་སོགས་ལྔ་པོའང་དབྱངས་དང་ལྷན་ཅིག་འཁོར་བ་དང་། དེ་བཞིན་མཁའ་རླུང་མེ་ཆུ་སའི་ཡོན་ཏན་དང་དེའི་དབང་གི་སྒྲ་རེག་རོ་གཟུགས་དྲི་ཡི་ཡོན་ཏན་ཀྱང་རིམ་པར་དབྱངས་ལྔ་དང་ལྷན་ཅིག་འཆར་ཞིང་འཁོར་བའམ། དེ་ལྟར་འཁོར་བའི་དབང་གིས་རང་སར་ཤར་ཞིང་ལྔ་པར་ནུབ་དྲུག་པ་ལ་སླར་ཡང་འཆར་བ་དེ་ལྟར་འཁོར་བ་སྟེ། དེ་ཡང་དགའ་བའི་ཚེས་ཁོ་ན་ལ་དཔེར་བརྗོད་ན་དགའ་བའི་ཚེས་དེར་ཨ་ཡིག་འཆར་བ་བྱིས་པའོ། །ཨི་ཡིག་ནུབ་ཅིང་། སླར་ཕྱི་ཉིན་བཟང་པོ་ལ་འཆར་རོ། །རྀ་ཡིག་རྒན་པོའོ། །ཨུ་ཡིག་དར་བབ་པོ། ལྀ་ཡིག་གཞོན་ནུར་གྱུར་པའོ། །དེ་བཞིན་དུ་བཟང་པོ་ལ་ཨི་ཡིག་འཆར་བ་བྱིས་པའི་སྐབས་སུ། ཨ་ཡིག་གཞོན་ནུ་དང་། རྀ་ནུབ་པ། ལྀ་དར་བབ་སོགས་སུ་ཤེས་པར་བྱ་སྟེ། མདོར་ན་དབྱངས་གང་ཤར་བ་དེའི་དུས་སུ་རང་ས་ནས་རིམ་པར་བྱིས་པ་སོགས་བགྲང་བས་དབྱངས་དེ་ཉིད་དབྱངས་གཞན་བཞི་པོའི་དུས་སུ་དར་བ་དང་གུད་པ་ཤེས་ལ། རང་གི་མིང་གི་དབྱངས་ནས་བྱིས་པ་ལ་སོགས་པ་ལྔ་པོ་གོ་རིམ་བཞིན་བགྲང་བས། དབྱངས་ད་ལྟ་གང་ཤར་བ་དེའི་དུས་སུ་རང་གི་དབྱངས་གནས་སྐབས་ལྔ་གང་ལ་བབ་པ་ཤེས་པར་བྱས་ནས་དབྱངས་ཀྱི་དར་གུད་བརྩིས་ཏེ་ལས་བརྩམ་པར་བྱའོ། །དེ་ལྟར་རྩ་བའི་དབྱངས་ལྔ་འཆར་ཚུལ་


MR17_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ནས་སླར་ཡང་དབྱངས་སུམ་ཅུ་འཆར་ཚུལ་བཤད་པ། ཨ་སོགས་རྩ་བའི་དབྱངས་ལྔ་གང་དག་ངེས་པར་སྙིང་སྟོབས་སོགས་ཡོན་ཏན་གསུམ་མམ་སྐུ་གསུང་ཐུགས་གསུམ་གྱིས་བསྒྱུར་བས་རྩ་བ་དང་ཡོན་ཏན་བསྒྱུར་བའི་དབྱངས་བཅོ་ལྔ་འོང་ལ། སླར་ཡང་དབྱངས་དེ་དག་རྣམས་ནི་ཐབས་ཤེས་ཀྱི་རྣམ་པ་ཐུང་ངུ་དང་རིང་པོ་གཉིས་སུ་གྱུར་པས་སུམ་ཅུ་ཉིད་དེ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་རྣམས་དཀར་ཕྱོགས་དང་། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། རྣམས་ནག་ཕྱོགས་ལ་གྲངས་བཞིན་འཆར་རོ། །ཀ་སོགས་སྡེ་པའི་ཡི་གེ་སུམ་ཅུ་རྣམས་ལ་རང་བཞིན་ཡོན་ཏན་དབང་གིས་དབྱངས་སུམ་ཅུ་པོ་དེ་མཐའ་དག་སྦྱར་བར་བྱ་བ་སྟེ། དབྱངས་ཐུང་ངུ་རྣམས་དང་དབྱངས་ཐུང་ངུ་ལྡན་པའི་གསལ་བྱེད་རྣམས་ནི་འདིར་ཡང་དཀར་པོའི་ཕྱོགས་ལ་འཆར་པར་འགྱུར་ཏེ་དེ་ལྟར་རྩ་བའི་དབྱངས་ཀྱི་དེ་ཉིད་ལྔ་ཡི་དབྱེ་བས་སོ། །དབྱངས་རིང་པོ་དང་དབྱངས་རིང་པོས་བརྗོད་པའི་གསལ་བྱེད་རྣམས་ནི་ནག་པོའི་ཕྱོགས་ལ་ཤིན་ཏུ་ངེས་པར་འཆར་བར་འགྱུར་ཏེ་ལྷོ་བགྲོད་དུ་ཐུང་ངུ་སྤྲོ༷་བ་སྐྱེ་བའི་རིམ་པ་དང་བྱང་བགྲོད་དུ་རིང་པོ་བསྡུ་བའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ཚེས་ཞག་ལ་འཆར་བའི་དབང་དུ་བྱས་པའོ། །སྔར་ཚིགས་བཅད་བརྒྱད་པར་གསལ་བྱེད་རྣམས་རང་བཞིན་གྱི་དབྱངས་དང་། ཡོན་ཏན་དང་འཕེལ་བ་དང་། ཡ་ཎ་རྣམས་ཀྱིས་ཕྱེ་བ་སྟོང་བརྒྱད་ཅུར་བཤད་པ་ནི་ཉི་ཁྱིམ་འཕོ་བའི་ཕྱོགས་ཀྱི་ས་བོན་དུ་བསྟན་པ་སྟེ། ལྷོར་བགྲོད་ཀྱི་ས་བོན་རྣམས་སྐྱེ་རིམ་དང་མཐུན་པར་དབྱངས་ལུགས་འབྱུང་དང་། བྱང་བགྲོད་ཀྱི་ས་བོན་རྣམས་སྡུད་རིམ་དང་མཐུན་པར་དབྱངས་ཡིག་ལུགས་ལས་ལྡོག་པའི་སྒོ་ནས་གསུངས་སོ། །དེ་ནས་དུས་སྦྱོར་བརྟག་པ་གསུངས་པ། ཉི་ཤུ་རྩ་བདུན་གྱི་རྒྱུ་སྐར་དག་གི་གནས་སམ་ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོ་ལས་རྒྱུ་སྐར་རེ་རེའི་ཡུལ་གྱི་ཆུ་ཚོད་དྲུག་ཅུ་


MR17_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྐང་པ་བཞིར་བྱས་པའི་དང་པོ་ཆུ་ཚོད་བཅོ་ལྔ། གཉིས་པ་སུམ་ཅུ། གསུམ་པ་ཞེ་ལྔ། བཞི་པ་དྲུག་ཅུའི་བར་ལ་རྒྱུ་སྐར་གྱི་རྐང་པ་བཞིའོ། །དེ་འདྲའི་རྐང་པ་དགུ་རེ་ཁྱིམ་གཅིག་ཏུ་འགྱུར་བས། ཐ་སྐར་དང་བྲ་ཉེའི་རྐང་པ་བཞི་དང་། སྨིན་དྲུག་གི་རྐང་པ་དང་པོའི་བར་ནི་ལུག་གི་ཁྱིམ་མོ། །དེ་བཞིན་དུ་རྐང་པ་གཅིག་དང་བཅས་པའི་སྐར་མ་གཉིས་ཀྱིས་ཁྱིམ་རེ་རྫོགས་པ་ཡི་ཁྱིམ་རེ་རེ་ས་འདིར་འཆར་བའི་དུས་དེ་ལ་དུས་སྦྱོར་ཞེས་བྱ་སྟེ། དུས་སྦྱོར་བཅུ་གཉིས་པོ་དེ་དག་ཉིན་ཞག་གཅིག་ལ་འཆར་བས་ན་སྤྱི་ཁྱབ་ཀྱི་དབང་དུ་བྱས་ནས་དུས་སྦྱོར་དེ་ལ་གསལ་བར་མདའ་ཡི་ཆུ་ཚོད་དེ་ལྔ་ཡི་ཚད་ཅན་གྱི་ཉི་མའི་ཞེས་བཅུ་གཉིས་ཀྱི་དུས་སྦྱོར་གང་ཞིག་རྒྱུ་སྐར་གྱི་རྐང་པ་ཆ་དགུ་པ་ཅན་ཡིན་ནོ། །དེ་ལྟར་ལུག་གི་དུས་སྦྱོར་ལ་སོགས་པ་འདི་དག་རྣམས་ཀྱང་འདིར་ནི། རང་བཞིན་གསུམ་སྟེ། བརྟན་པ་དང་། གཡོ་བ་དང་། ཤིན་ཏུ་མཉམ་པའམ། བར་མ་གསུམ་མོ། །དེ་ཇི་ལྟར་ན། ལུག་དང་ཀརྐ་ཊ་དང་སྲང་དང་ཆུ་སྲིན་བཞི་པོ་འདིར་ནི་གཡོ་བ་དག་སྟེ་རྡུལ་གྱི་ཡོན་ཏན་ཅན་ནོ། །སྔ་མ་དེ་དག་ལས་གཉིས་པ་གླང་སེང་སྡིག་བུམ་བཞི་པོ་སྙིང་སྟོབས་ཀྱི་ཡོན་ཏན་ཅན་བརྟན་པའོ། །ལྷག་མ་གཞན། འཁྲིག་པ་བུ་མོ་གཞུ་དང་ཉ་བཞི་ནི། བརྟན་གཡོ་གཉིས་ཀྱི་རང་བཞིན་མུན་པའི་ཡོན་ཏན་ཅན་ནོ། །དུས་སྦྱོར་བཅུ་གཉིས་པོ་དེ་དག་ཉིན་དང་མཚན་མོའི་དུས་སུས་ཡི་སྟེང་དུ་རྟག་པ་ཉིད་དུ་འཆར་ཏེ་གོ་ལ་བགྲོད་པའི་དབང་གིས་སོ། །དུས་སྦྱོར་གཡོ་བ་འཆར་བའི་དུས་སུ་ལས་དོན་ཅི་འདྲ་འདྲི་བ་བྱུང་ན་བྱ་བ་མྱུར་དུ་འགྲུབ་བོ། །བརྟན་པ་རྣམས་ལ་བརྟན་པ། བར་མ་རྣམས་ལ་མྱུར་བུལ་འབྲིང་པོ་ཙམ་དུ་འགྱུར་རོ། །དེ་ལ་སོགས་པ་དུས་སྦྱོར་གྱི་འབྲས་རྩིས་རྣམས་ཀྱང་ཤེས་པར་བྱའོ། །དེ་ལྟར་ཆུ་ཚོད་དྲུག་ཅུ་ལ་དུས་སྦྱོར་བཅུ་གཉིས་འཆར་བ་དེ་ཡང་ཡུད་ཙམ་སུམ་ཅུ་དང་། ཐུན་ཚོད་བརྒྱད་དང་དུས་སྦྱོར་ཕྱེད་པ་ཉེར་བཞི་ལ་སོགས་པའི་དུས་ཀྱི་ཆ་དུ་མའི་རྣམ་པ་དང་


MR17_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལས། དེ་ལ་ཡུད་ཙམ་ཞེས་པ་ཆུ་ཚོད་གཉིས་རེའི་ཡུན་ཏེ་དེ་ལྟ་ན་ཞག་གཅིག་ལ་ཡུད་ཙམ་སུམ་ཅུ་རྣམས་སུ་ཡོད་པ་དང་། ཉིན་ཞག་གཅིག་གི་དུས་ལ་ཆུ་ཚོད་དག་ཀྱང་དྲུག་ཅུ་ཁོ་ན་སྟེ་དེ་ལས་ཆད་པ་དང་ལྷག་པ་ཡང་མེད་དོ། །ཡུད་ཙམ་སུམ་ཅུ་ལ་དབྱངས་ཡིག་འཆར་བའི་ཚུལ་ནི། གོང་དུ་ཚེས་ལ་འཆར་བའི་དབྱངས་སུམ་ཅུ་བཤད་པ་དེ་ཁོ་ན་ལྟར། དང་པོར་རང་ཚེས་གང་ཡིན་ཀྱི་དབྱངས་དེ་ནས་མགོ་བརྩམ་སྟེ་སུམ་ཅུའི་དབྱངས་རྣམས་ཉིན་ཞག་གཅིག་ལ་འདིར་ནི་འཆར་བར་འགྱུར་བ་ཉིད་དེ་ཡུད་ཙམ་དང་ཡུད་ཙམ་རེ་རེ་དག་ལ་རིམ་བཞིན་འཆར་བའོ། །ཀ་སོགས་སྡེ་པའི་ཡི་གེ་སུམ་ཅུ་པོ་ཆུ་ཚོད་རྣམས་ལ་རབ་ཏུ་འཆར་བར་འགྱུར་ཏེ། གཡོན་པའི་དུས་སྦྱོར་ལ་ཐུང་ངུ་དང་གཡས་ལ་རིང་པོ་དག་ཏུ་རབ་ཏུ་དབྱེ་བས་ཡི་གེ་དྲུག་ཅུ་ཆུ་ཚོད་དྲུག་ཅུ་ལ་འཆར་བར་འགྱུར་རོ། །ཚེས་ཞག་གི་དབང་དུ་བྱས་ཏེ་ཟླ་བའི་ཆ་ཡི་ཞག་དེའི་དབུས་སུ་ཚེས་ཞག་གི་ཆ་སུམ་ཅུར་བྱས་པའི་ཚེས་ཀྱི་ཆ་ལ་ཡུད་ཙམ་རེ་བྱས་ཏེ། དེ་ལ་རང་ཚེས་ཀྱི་ཡི་གེ་སྔར་བཤད་ལས་བརྩམ་ནས་དབྱངས་སུམ་ཅུ་འཆར་བར་བརྗོད་དེ། དཀར་ཕྱོགས་ཀྱི་ཚེས་གཅིག་ལ་ཨ། གཉིས་པར་ཨི་སོགས་ནས། ཉ་ལ་ལ་ཡིག་འཆར་ཞིང་སོ་སོའི་ཚེས་ཀྱི་དབྱངས་དེ་ནས་མགོ་བརྩམ་སྟེ་དབྱངས་སུམ་ཅུ་སྤྲོ་བའི་རིམ་པས་ཚེས་དེའི་ཆ་ལ་འཆར་རོ། །ནག་ཕྱོགས་ཀྱི་ཚེས་གཅིག་ལ་ལཱ། གཉིས་པར་ཝཱ་སོགས་ནས། སྟོང་ལ་ཨཱ་འཆར་བའི་བར་དུ་གོང་བཤད་བཞིན་ལ། སོ་སོའི་ཚེས་ཞག་དེར་རང་ཚེས་ཀྱི་ཡི་གེས་མགོ་དྲངས་ནས་དབྱངས་སུམ་ཅུ་སྡུད་པའི་རིམ་པ་སྟེ་ལུགས་ལྡོག་ཏུ་འཆར་བར་འགྱུར་རོ། །དབྱངས་དེ་དག་ནུབ་པ་དག་ཀྱང་ཡུད་ཙམ་གྱི་ཆ་དེ་ཉིད་ལ་རྩི་བར་བྱ་སྟེ། དབྱངས་གང་ཤར་བ་དེ་ནས་བགྲང་བས་བཅུ་དྲུག་པའི་དུས་སུ་ནུབ་པར་འགྱུར་ཏེ། དཀར་པོའི་ཚེས་གཅིག་ལ་ཤར་བ་སྟེ་ནག་པོའི་ཚེས་གཅིག་ལ་ནུབ་པ་དང་།


MR17_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཚེས་གཉིས་ལ་ཤར་བ་དེ་ནག་པོའི་ཚེས་གཉིས་ལ་ནུབ་པ་ལ་སོགས་སུ་ཤེས་པར་བྱའོ། །སྟོང་པ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་རྣམས་དག་ཀྱང་ཨ་ལ་སོགས་པ་དབྱངས་ནི་ལྔ་པོ་རྣམས་ཀྱི་ཁམས་སམ་རིགས་ཡིན་ནོ། །ཨ་ཐུང་སྒྲ་གཅན་དང་ཨཱ་རིང་དུས་མེ་དང་། ཨི་ཐུང་རིང་ཟླ་བ་དང་ཉི་མ། རྀ་ཐུང་རིང་དག་ཟླ་སྐྱེས་དང་མིག་དམར། ཨུ་ཐུང་རིང་པ་སངས་དང་བླ་མ། ལྀ་ཐུང་རིང་དག་རིམ་བཞིན་མཇུག་རིངས་དང་སྤེན་པ་ནི་འདིར་དབྱངས་རྣམས་ཀྱི་ལྷག་པའི་ལྷ་ཡིན་ནོ། །སྔར་བརྗོད་པ་ལྟར་གྱི་དུས་སྦྱོར་རེ་རེ་དེ་ལ་ཉིན་དང་མཚན་མོའི་དབང་གིས་ཆུ་ཚོད་ལྔ་ཡོད་པ་དེ་ལ་རང་བདག་གི་གཟའ་ཤར་བ་རྣམས་ནི་སྐབས་དེ་དང་དེའི་དུས་སུ་བསྒྲུབ་པར་བྱ་སྟེ། ལྔ་པོ་དེ་ཡི་དབུས་སུ་དབྱངས་གང་བྱུང་བའི་བདག་པོའི་གཟའ་ཞེས་བྱ་བ་སྟོབས་དང་ལྡན་པ་ཡི་དུས་ཡིན་པས། གཟའ་དེ་ཡིས་ཞེས་དེ་ཡི་དུས་ཀྱི་སྒོ་ནས་དཀྱིལ་འཁོར་ས་སོགས་འབྱུང་ཁམས་དང་གཟའ་ཡི་ཁམས་དང་མཚུངས་པའི་ལས་རྣམས་དེ་དུས་ཤར་བའི་དབྱངས་དེའི་མིང་ཅན་རྣམས་ཀྱིས་བསྒྲུབ་པར་བྱ་སྟེ་དེ་ལྟར་བྱས་ན་འབྲས་བུ་ཡོད་པར་འགྱུར་རོ། །དོན་དེ་ཉིད་རྒྱས་པར་གསུངས་པ་སྣ་བུག་གཡོན་པ་དག་ནས་རྐྱང་མ་ཁུ་བ་ཐབས་ཀྱི་ཆར་གྱུར་པའི་ཆ་ནས་ཐུང་ངུའི་དབྱངས་རྣམས་འདིར་ནི་འཆར་བར་འགྱུར་ཏེ་ཨ་ལ་སོགས་པ་རིམ་པར་ལྀའི་བར་དུའོ། །གཡས་པ་རོ་མ་རྡུལ་ཉི་ཤེས་རབ་ཀྱི་ཆར་གྱུར་པ་ནས་ཀྱང་གཞན་དབྱངས་རིང་པོ་ལྔ་པོ་ལཱྀ་ནས་ཨཱའི་བར་དུ་རིམ་མིན་དུ་འཆར་བ་དག་གོ། གཡོན་པའི་དུས་སྦྱོར་ལ་སྟོང་པ་ལ་སོགས་ཁམས་ལྔ་ཡི་དེ་ཉིད་སྐྱེད་རིམ་གྱིས་འཆར་བ་དག་དང་དེའི་བདག་པོ་གཟའ་ཡི་ཚོགས་རྒྱུ་བ་སྒྲ་གཅན་ལ་སོགས་པ་བསོད་ནམས་ཀྱི་གཟའ་མཐའ་དག་སྟེ། སྟོང་པའི་བདག་པོ་སྒྲ་གཅན་དང་། རླུང་གི་བདག་པོ་ཟླ་བ། མི་ཡི་བདག་པོ་ལྷག་པ། ཆུ་ཡི་བདག་པོ་པ་སངས། ས་ཡི་བདག་པོ་མཇུག་རིངས་ཏེ་འདི་ཡི་དུས་སུ་ཞི་བ་དང་


MR17_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ལས་རྣམས་བསྒྲུབ་པ་དགེ་ལ། མཇུག་རིངས་ཀྱང་གཡོན་གྱི་ཡན་ལག་ལས་བྱུང་བའི་ལུས་ཀྱི་དབང་དུ་ཞི་བ་བསོད་ནམས་ཀྱི་གཟར་སྐབས་འདིར་ངེས་པར་འགྱུར་རོ།།14ཁྱད་པར་ལས་སྒྲུབ་པར་བྱེད་པ་པོ་རང་གི་མིང་ཐོག་གི་དབྱངས་འཆར་བ་དང་འགྲིགས་པས་བསྒྲུབ་ན་ཚེགས་ཆུང་ངུས་འབྲས་བུ་ཆེན་པོར་འགྱུར་རོ། །གཡས་ཀྱི་དུས་སྦྱོར་ལ་དེ་ཉིད་ལྔ་ནི་འཛིན་མ་སྟེ་ས་ལ་སོགས་པ་ལྔ་སྡུད་རིམ་གྱིས་འཆར་བ་དང་བདག་པོའི་གཟའ་ཡི་ཚོགས་ནི་ངེས་པར་ཉི་མའི་བུ་ལ་སོགས་པ་ཉིད་ཡིན་ཏེ། ས་ལ་སྤེན་པ། ཆུ་ལ་ཕུར་བུ། མེ་ལ་མིག་དམར། རླུང་ལ་ཉི་མ། མཁའ་ལ་དུས་མེ་འཆར་བའི་ཚེ་ཞི་ལས་ལ་མི་ལེགས་ཤིང་དྲག་པོའི་ལས་ལ་བཟང་ངོ་། །ཕུར་བུ་ཡང་སྐབས་གཞན་དུ་བསམ་པའི་དབང་གིས་ཞི་བ་དང་བསོད་ནམས་ཀྱི་གཟར་གཏོགས་པ་ཡོད་ཀྱང་སྐབས་འདིར་གཡས་ཀྱི་ཡན་ལག་ལས་བྱུང་བའི་ཕྱིར་དྲག་གཟར་འགྱུར་རོ། །དེ་ལྟར་གཡས་ཀྱི་ཁྱིམ་རྣམས་མི་མཉམ་པ་དང་ཕོ་དང་དྲག་པོ་དང་། གཡོན་ཁྱིམ་རྣམས་དེ་ལས་ལྡོག་པའོ། །འདི་དག་ནང་ང་གི་འཕོ་བའི་དུས་སྦྱོར་དང་བསྟུན་ན་ཆེས་ཤིན་ཏུ་སྟོབས་དང་ལྡན་ལ། དེ་ལྟར་མི་ནུས་པས་ཕྱི་རོལ་ཏུ་ཡང་ཁྱིམ་བཅུ་གཉིས་འཆར་བའི་དུས་སྦྱོར་གྱི་དུས་ཀྱི་ཆུ་ཚོད་དང་། བདག་པོའི་གཟའ་ཡི་གནས་ཆུ་ཚོད་ལྔ་དང་མཉམ་པ་སྟེ་དེ་དང་ལྷན་ཅིག་འཆར་བའི་དབྱངས་གསལ་བྱེད་དང་བཅས་པ་དག་ནི་ལེགས་པར་བརྩིས་ནས་ཆེད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ཞེས་འདི་དག་གི་གནད་ཚུལ་བཞིན་ཤེས་ཤིང་དང་དུ་བླངས་ན་ལས་བསྒྲུབ་པ་དོན་ཡོད་པར་བྱེད་པའི་མན་ངག་ཟབ་མོ་འབྲས་རྩིས་ཐམས་ཅད་ཀྱི་ནང་ན་སྙིང་དང་སྲོག་ལྟ་བུར་གྱུར་པ་ཡིན་ནོ། །སྣ་བུག་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་དང་གཟའ་བཅུའི་དུས་སྦྱོར་འཆར་བ་དེ་ལས། གཡུལ་གྱི་སླད་དུ་དྲིས་ན་འབྲས་བུ་ལུང་སྟོན་


MR17_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུངས་པ། གང་ཞིག་གིས་དུས་སྦྱོར་འདི་དག་ཤར་བའི་དུས་སུ་དྲིས་ན་འདི་ལྟར་ལུང་སྟོན་ཏེ། གཡུལ་རྒྱལ་ཕམ་གྱི་སླད་དུ་ཡིན་ན་འདྲི་བ་པོའི་ཕྱོགས་གང་གི་མིང་དང་པོར་སྨྲོས་པ་སོགས་ནི་འཆི་བར་འགྱུར་ཏེ། གང་ཞེ་ན་གཡས་ཀྱི་དུས་སྦྱོར་སྟོང་པ་ལ་ནི་དུས་ཀྱི་མེ་དག་ཤར་བར་གྱུར་པ་ནའོ། །དེ་བཞིན་དུ་རླུང་དུ་ཉི་མ་དག་ལ་འདྲི་བ་པོའི་ཕྱོགས་དེ་ཉིད་གཡུལ་འཕམ་ཞིང་། མེ་ལ་ས་སྐྱེས་ཤར་བ་དག་ལ་གཡུལ་དུ་ལུས་ལ་རྨ་རུ་འགྱུར་བ་ཡིན་ནོ། །ཆུ་དང་བླ་མ་ལ་ནི་འཁྲུག་པ་འདུམ་པར་འགྱུར་ཏེ། ས་ལ་སྤེན་པ་ཤར་བར་གྱུར་པ་ལ་དྲིས་ན་བརྟན་པའི་དབང་གིས་འཁྲུག་པར་མི་འགྱུར་རོ། །གལ་ཏེ་ནད་པའི་དོན་དུ་འདྲི་ན་སྟོང་པ་དུས་མེ་ནས་ས་ལ་སྤེན་པའི་བར་དུ་རིམ་པ་བཞིན་འཆི་བ་དང་ནད་ཀྱིས་མནར་བའམ་ཉོན་མོངས་པ་དང་། ལུས་ལ་རྨར་འགྱུར་བ་དང་། ནད་མེད་པར་བདེ་བ་དག་ཏུ་འགྱུར་བ་དང་། མཉམ་པ་སྟེ་བཏང་སྙོམས་པ་ཉིད་ནི་འདྲི་བྱེད་ནད་པ་རྣམས་ཀྱིའོ། །གཡོན་གྱི་དཀྱིལ་འཁོར་གྱི་དུས་སུ་ནི། གང་ཞིག་གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས་པར་འགྱུར་ཏེ། གང་གིས་ན་སྒྲ་གཅན་སྟོང་པ་དག་ལ་ཤར་བའི་དུས་སུ་གཡུལ་གྱི་དོན་འདྲི་བར་བྱེད་ནའོ། །ཡང་ཡིག་ནི་རྐང་པ་ཁ་བསྐང་བའི་དོན་ཏོ། །རླུང་དང་ཟླ་བ་དག་ལ་ཕ་རོལ་དགྲ་རྣམས་འཕམ་པ་དང་། གཡུལ་དུ་དགྲ་ལ་རྨ་འབྱུང་བ་ཡང་ཟླ་སྐྱེས་མེ་ལ་ཤར་བ་དག་ལ་འདྲི་བ་ལའོ། །ཆུ་ལ་པ་སངས་ཤར་བ་ལ་ནི་འདྲི་བ་པོས་དོན་རྙེད་པར་འགྱུར་ཞིང་ས་ལ་མཇུག་རིངས་ཤར་བ་དག་ལ་དགྲ་ཡང་དབང་དུ་འགྱུར་རོ། །ནད་པ་ལའང་འཚོ་བ་དང་ཟུག་རྔུ་མེད་པར་བདེ་བའི་འབྲས་བུར་འགྱུར་བ་ཤུགས་ཀྱིས་བསྟན་ཏོ། །གཡུལ་གྱིས་མཚོན་ནས་བྱ་བ་གཞན་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ་ཡུལ་གཞན་དུ་བགྲོད་པ་དང་བག་མ་ལེན་པ་དག་ལ་གཡོན་གྱི་ལམ་ལ་གནས་པའི་གཟའ་རྣམས་ཤར་བ་ཉིད་ཀྱིས་ནི་དགེ་བའི་འབྲས་བུར་


MR17_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཅིག་ཤོས་མི་དགེ་བར་ཤུགས་ཀྱིས་བསྟན་ཏོ། །དེ་ལྟར་ལས་རྩོམ་པའམ་གཞན་གྱིས་བླང་དོར་འདྲི་ན་ནང་དང་ཕྱིའི་དུས་སྦྱོར་གྱི་དུས་ཀྱི་འབྱུང་བ་དང་གཟའ་དང་ཡི་གེ་ལ་བརྟེན་ནས་བླང་དོར་ཤེས་པར་བྱའོ། །འདི་ཤིན་ཏུ་གནད་ཆེ་བའི་ཕྱིར་ནང་དང་ཕྱིའི་དུས་སྦྱོར་བཅུ་གཉིས་ཀྱི་ཆུ་ཚོད་ལ་ཡི་གེ་འཆར་ཚུལ་འགྲེལ་པས་རྒྱས་པར་གསུངས་པ་མདོར་བསྡུས་ཏེ་བཀོད་ན། གཡས་ཀྱི་རྒྱུ་བ་མཉམ་པའི་དུས་སྦྱོར་ཆུ་སྲིན་གྱི་འབྱུང་ཆུང་ཆུ་ཚོད་ལྔ་ལ་རིམ་པ་བཞིན་ཨཱ་སོགས་དབྱངས་རིང་པོ་ལྔ་འཆར་ཞིང་། གསལ་བྱེད་ནི་སྐབས་འདིར་བརྗོད་དོན་དུ་བཅུག་པའི་ཨཱ་རིང་པོ་སྲོག་ཏུ་ཞུགས་པའི་ཀ་སོགས་ལྔ་རིམ་པས་འཆར་ཏེ། ཆུ་ཚོད་དང་པོ་ས་དཀྱིལ་ལ་ཀཱ། གཉིས་པ་ཆུ་ལ་ཁཱ། གསུམ་པ་མེ་ལ་གཱ། བཞི་པ་རླུང་ལ་གྷཱ། ལྔ་པ་སྟོང་དཀྱིལ་ལ་ངཱའོ། །དེ་ལྟར་ཀཱ་ལ་སོགས་པའི་གསལ་བྱེད་ལྔ་ཨཱ་ཡིག་སྲོག་ཏུ་ཞུགས་ནས་བརྗོད་པ་དེ་བཞིན་དུ་རྩ་བའི་དབྱངས་ལྷག་མ་དང་། དེའི་ཡོན་ཏན་ལྔ་དང་། འཕེལ་བ་ལྔ་རིང་པོས་བརྗོད་པའི་གསལ་བྱེད་རྣམས་ལྷན་ཅིག་ཏུ་འཆར་བ་དོན་གྱིས་ཤེས་པར་བྱའོ། །དེ་བཞིན་དུ་གཡོན་ནས་རྒྱུ་བ་མི་མཉམ་པའི་ཁྱིམ་བུམ་པ་ལ་སྟོང་པ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལ་དབྱངས་ཐུང་ངུས་བརྗོད་པའི་ང་ལ་སོགས་པ་ལུགས་ལྡོག་ཏུ་འཆར་ཏེ། ཆུ་ཚོད་དང་པོ་ནམ་མཁའི་དཀྱིལ་འཁོར་ལ་ང་། གཉིས་པ་རླུང་ལ་གྷ། གསུམ་པ་མེ་ལ་ག །བཞི་པ་ཆུ་ལ་ཁ། ལྔ་པ་ས་ལ་ཀ་འཆར་བ་ཡང་གོང་བཞིན་ཤེས་པར་བྱའོ། །དེ་བཞིན་དུ་རིགས་བསྒྲེས་ཏེ། ཉ་ལ་ཙཱ་ཚཱ་ཛཱ་ཛྷཱ་ཉཱ། ལུག་ལ་ཉ་ཛྷ་ཛ་ཚ་ཙ། གླང་ལ་ཊཱ་ཋཱ་ཌཱ་ཌྷཱ་ཎཱ། འཁྲིག་པར་ཎ་ཌྷ་ཌ་ཋ་ཊ། ཀརྚ་ར་པཱ་ཕཱ་བཱ་བྷཱ་མཱ། སེང་གེར་མ་བྷ་བ་ཕ་པ། བུ་མོར་ཏཱ་ཐཱ་དཱ་དྷཱ་ནཱ། སྲང་ལ་ན་དྷ་ད་ཐ་ཏ། སྡིག་པར་སཱ་ཉྤཱ་ཥཱ་ཤཱ་ྈྐ་། གཞུ་ལ་ྈྐ་ཤ་ཥ་ྉྤ་ས་སྟེ། དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱི་ཆུ་ཚོད་འབྱུང་ཆུང་ལྔ་ལ་གསལ་བྱེད་འདི་རྣམས་


MR17_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྷག་པའི་ལྷའོ། །གསལ་བྱེད་བརྗོད་པའི་དབྱངས་ཏེ་དབྱངས་མེད་པའི་གསལ་བྱེད་རྐྱང་པ་བརྗོད་དུ་མེད་པས་ན་དབྱངས་བརྗོད་དོན་དུ་ཤུགས་ཀྱིས་འཇུག་པ་ཡིན་པས་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་པའི་དབྱངས་ནི་གསལ་བྱེད་ཀྱི་ཡི་གེའི་དབྱངས་སུ་འགྱུར་ཞིང་། དབྱངས་རྐྱང་པར་འཆར་བ་ནི་སྲོག་གི་དབྱངས་སུ་འགྱུར་རོ། །སྲོག་གི་དབྱངས་དེ་ཡང་ཟླ་བའི་ཚེས་ཀྱི་ཆ་ལ་ཐུང་ངུ་དང་རིང་པོའི་དབྱེ་བ་དང་། ཡུད་ཙམ་གྱི་དབྱེ་བ་སྔར་བརྗོད་པ་ལས་ཤེས་པར་བྱའོ། །གསལ་བྱེད་འཆར་བ་ནི་དུས་སྦྱོར་གྱི་ཆུ་ཚོད་ལྔ་ཡི་དབྱེ་བས་ཤེས་པར་བྱའོ། །འདིར་གཡུལ་དུ་འཇུག་པའི་དུས་སུ་དེའི་སྲོག་གི་དབྱངས་ནུབ་པར་གྱུར་ན་འཆི་ཞིང་ནད་པ་ལའང་དེ་བཞིན་ནོ། །གསལ་བྱེད་ཀྱི་ཡི་གེའི་སྲོག་གི་དབྱངས་ནུབ་ན་གཡུལ་དུ་རྨ་འབྱུང་ཞིང་ནད་པ་ལ་ཉོན་མོངས་པར་འགྱུར་རོ། །གང་ལ་མིང་གི་དང་པོ་དབྱངས་ཡིག་ཏུ་གྱུར་ནས་གསལ་བྱེད་མེད་པ་དེ་ལ་དབྱངས་དེ་ཉིད་སྲོག་གི་དབྱངས་སོ། །ཅིག་ཤོས་མིང་གི་དང་པོ་གསལ་བྱེད་ཡིན་པ་ལ་ནི་གསལ་བྱེད་སྲོག་ཏུ་ཞུགས་པ་ཡི་གེའི་དབྱངས་ནི་སྲོག་གི་དབྱངས་སོ། །དེ་ལྟར་ན་གཡོན་དང་གཡས་ཀྱི་སྣ་བུག་ལས་དཀྱིལ་འཁོར་ལྔ་འབབ་པའི་དབྱེ་བས་གསལ་བྱེད་འཆར་བ་ཤེས་པར་བྱའོ། །འདི་སྐབས་སུ་གཞུང་གཞན་ལས་ཁྱིམ་རང་གི་དབང་དུ་བྱས་ཏེ་ལུག་སོགས་དྲུག་མི་མཉམ་པ་ཕོ་ཁྱིམ་དང་། གླང་སོགས་མཉམ་པ་མོ་ཁྱིམ་དུ་བྱེད་པ་དང་། ལུས་ཀྱི་གཡས་རོ་མ་ཐབས་དང་། གཡོན་རྐྱང་མ་ཤེས་རབ་ཏུ་བཤད་པ་དང་། སྐབས་འདིར་རོ་མ་ལས་རྡུལ་ཉི་མའི་ཁམས་འབབ་པའི་དབང་གིས་གཡས་ཕྱོགས་ཤེས་རབ་ཡུམ་གྱི་ཆ་འབྱུང་བ་སྡུད་པའི་རིམ་པས་འཆར་བ་དང་། རྐྱང་མར་ཟླ་བའི་ཁམས་ཁུ་བ་འབབ་པའི་དབང་གིས་གཡོན་ཕྱོགས་ཐབས་ཡབ་ཀྱི་ཆ་འབྱུང་བ་སྐྱེད་པའི་རིམ་པས་འཆར་བར་གསུངས་པ་སྐབས་དོན་སོ་སོའི་དགོངས་པ་ཤན་ཕྱེས་ཏེ་གོ་


MR17_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཀྱི། གཞན་དུ་ན་མགོ་རྨོངས་པར་འགྱུར་རོ། །དེ་ཡང་སྣ་བུག་གཡས་ནས་རྒྱུ་བ་ཕོ་ཡི་ཆ་དང་ཕྱི་རོལ་གྱི་ལྷོ་བགྲོད་མི་ཤིས་པ་དང་། གཡོན་རྒྱུ་མོ་དང་བྱང་བགྲོད་ཀྱི་ཕྱོགས་དང་ཤིས་པར་བརྩི་བ་ལ་ནི་མི་མཐུན་པ་མེད་ཀྱང་། གཡས་རྒྱུ་ཀརྐ་ཊ་ནས་ལྷོ་བགྲོད་ཀྱི་ཁྱིམ་དྲུག་དང་། གཡོན་རྒྱུ་ཆུ་སྲིན་ནས་བྱང་བགྲོད་ཀྱི་ཁྱིམ་དྲུག་དང་སྦྱར་བ་ནི་སྣ་གཡས་གཡོན་གྱི་དཀྱིལ་འཁོར་ལྔ་ཁྱིམ་རེ་དང་། ཀརྐ་ཊ་དང་ཆུ་སྲིན་སྤྱིར་བྱས་ཏེ་དབང་ཕྱུག་གིས་སྦྱར་བ་གཡུལ་རྒྱལ་དབྱངས་འཆར་གྱི་རྒྱུད་དུ་གསུངས་པ་དུས་སྦྱོར་བ་བཅུ་གཉིས་ཇི་ལྟར་འཆར་ཚུལ་དང་སྦྱར་བ་མ་ཡིན་ཏེ་གཡས་གཡོན་གྱི་དཀྱིལ་འཁོར་ལྔའི་ང་རྒྱུ་ཚུལ་དང་སྦྱར་བ་ཡིན་ལ། འདིར་ཡང་དབྱངས་ཐུང་ངུ་ལྔ་གཡོན་དང་། རིང་པོ་ལྔ་གཡས་ནས་འཆར་བར་གསུངས་པ་དཀྱིལ་འཁོར་བཅུའི་དབང་དུ་བྱས་པའོ། །ལུགས་འདིར་ཕྱི་རོལ་ཁྱིམ་གྱི་དུས་སྦྱོར་བཅུ་གཉིས་པོ་ཇི་ལྟར་འཆད་པ་ལྟར་ནང་དུ་ཞག་གཅིག་ལ་གཡས་གཡོན་གྱི་འཕོ་བ་བཅུ་གཉིས་འབྱུང་བའི་དབང་དུ་བྱས་ན་ཆུ་ཚོད་ལྔ་རེའི་མཚམས་ནས་སྣ་གཡས་གཡོན་དུ་འཕོ་ལ། ལུག་སོགས་མི་མཉམ་པ་གཡོན་དང་། གླང་སོགས་མཉམ་ཁྱིམ་དྲུག་གཡས་ནས་རྒྱུ་བས། མི་མཉམ་པའི་ཁྱིམ་དྲུག་ཐབས་ཀྱི་ཆ་ལ་དབྱངས་གསལ་ཐུང་ངུ་ལུགས་འབྱུང་དུ་འཆར་བ་དགེ་བ་དང་། མཉམ་ཁྱིམ་ཤེས་རབ་ཀྱི་ཆ་དྲུག་ལ་དབྱངས་གསལ་རེང་པོ་ལུགས་ལྡོག་ཏུ་འཆར་བ་མི་དགེ་ལ། ཕྱི་རོལ་ཏུ་ལུག་སོགས་ཀྱི་ཁྱིམ་འབྱུང་བ་སྡུད་རིམ་གྱིས་འཆར་བ་དྲག་པོ་དང་མི་དགེ་ཞིང་། གླང་སོགས་དེ་ལས་ལྡོག་སྟེ་འབྱུང་བ་སྤྱོ་རིམ་གྱིས་འཆར་བ་ཞི་ཞིང་དགེ་བར་བཤད་པ་ཡིན་པས་དེ་ལྟར་མཉམ་མི་མཉམ་གྱི་ཁྱིམ་ཕྱི་དང་ནང་ལ་འཇོག་ཚུལ་གོ་བཟློག་པ་འདི་གཉིས་ཀྱི་གནད་མི་འགལ་བར་མ་གོ་ན་དགེ་མི་དགེ་གོ་བཟློག་གི་སྐྱོན་དུ་འགྱུར་རོ། །ད་ནི་ཕོ་ཉས་སྨྲས་པའི་དབྱངས་


MR17_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཟའ་བདུན་གྱི་རྩིས་གསུངས་པ། ཕོ་ཉས་དོན་གང་ཞིག་གི་ཆེད་དུ་དྲིས་པའི་ཚིག་གི་བརྗོད་པའི་དབྱངས་རྣམས་དུ་ཡོད་པ་གང་དག་བསྡོམ་སྟེ། གཡས་གཡོན་གྱི་དཀྱིལ་འཁོར་གྱི་གྲངས་སུ་གྱུར་པ་ངེས་པར་བཅུ་ཡིས་བསྒྱུར་ཏེ། ལྟེ་བའི་རྩ་འདབ་བཅུ་གཉིས་ཀྱི་རང་བཞིན་ཁྱིམ་གྱི་འཁོར་ལོ་བཅུ་གཉིས་ཀྱི་གྲངས་དག་གིས་དེ་ལ་བསྲེའོ། །སླར་ཡང་དེ་དག་དུས་སྦྱོར་རེ་རེའི་ཆུ་ཚོད་འབྱུང་བས་བསྣུན་ཏེ། མཚན་མ་མཁན་རང་ཉིད་མ་གཏོགས་པའི་ཐག་ཉེ་བ་དྲུང་དེར་མཐོང་བར་གྱུར་པའི་ཉེ་བའི་སྐྱེ་བོ་དུ་ཡོད་པའི་གྲངས་བསྲེས་པའམ་གྲངས་དང་ལྡན་པ་དེ་ལ་བགོ་བྱེད་བདུན་གྱི་ཆ་ཡི་གྲངས་ཀྱིས་དོར་བས་ལྷག་མ་ནི་གཟའ་བདུན་ཏེ། ཟླ་མེ་མདའ་དང་རི་བོ་སྟེ་བདུན་པའི་གནས་འཛིན་པ་ཐིག་ཡིན་ལ། དེ་ལྟར་གྲངས་མི་མཉམ་པའི་གནས་སུ་གྱུར་ན། འདྲི་བའི་མི་རྣམས་ལ་ནི་དོན་རྙེད་པ་འགྲུབ་པ་ཡོད་པ་མ་ཡིན་ནོ། །མིག་དང་རིག་བྱེད་རོ་སྟེ་ཤིན་ཏུ་མཉམ་པའི་གནས་སུ་གྱུར་ན་བྱ་བ་གང་གི་ཆེད་དུ་འདྲི་བ་དེ་དག་ཀྱང་ལེགས་པར་འགྲུབ་པར་འགྱུར་རོ། །འདི་ལ་དཔེར་བརྗོད་ན། བདག་རྒྱ་གར་དུ་སོང་ན་དོན་འགྲུབ་བམ། ཞེས་པ་ལྟ་བུ་ལ་ཚེགས་བར་འདོན་ཐང་སྤྱིར་བོད་སྐད་ཚེགས་བར་རེ་ལ་དབྱངས་རེ་ཡིན་ཀྱང་དེའི་ལྟ་བུ་ལ་ཨེ་དང་ཨིའི་དབྱངས་གཉིས་བརྩི་དགོས་ཞེས་བླ་མ་དག་གསུངས། མཆན། གི་དབྱངས་དགུ་པོ་ཕྱོགས་ཀྱིས་བསྒྱུར་བས་དགུ་བཅུ་རེ་ལ་བཅུ་གཉིས་བསྲེས་པས་བརྒྱ་དང་གཉིས། དེ་ལྔས་བསྒྱུར་བས་ལྔ་བརྒྱ་དང་བཅུ། དེ་ལ་དྲུང་གནས་སྐྱེ་བོ་གསུམ་ཡོད་པ་ལྟ་བུའི་དབང་དུ་བྱས་ཏེ་གསུམ་བསྲེས་ཁ་ཅིག་འདྲི་བྱེད་སྐྱེ་བོ་ཉེ་དྲུང་ན་ཡོད་ཀྱང་མི་བསྲེ་ཟེར་བ་མི་འཐད་ཅེས་བླ་མ་དག་གསུངས། མཆན། པས་ལྔ་བརྒྱ་བཅུ་གསུམ། དེ་བདུན་གྱིས་བགོས་པས་ལྷག་གཉིས་ནི་གཟའ་ཟླ་བ་ཤར་བ་ལྟ་བུའོ། །ས་རིས་མི་ཤེས་པ་དག་གིས་འདི་ཕྲེང་མོར་འདེབས་འདོད་ན་སྨྲས་དབྱངས་བསྡོམ་པའི་གྲངས་ལ་ཉེ་བའི་སྐྱེ་བོའི་གྲངས་བསྣན་ནས་དེ་ལས་


MR17_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྲི་བའམ། ཡང་ན་བཞི་བསྣན་ལ་བདུན་ཆོད་བྱས་པའི་ལྷག་མ་གང་བྱུང་དེ་ཡིན་ཏེ་སྔར་གྱི་ཆོ་ག་དང་བདུན་གྱི་ལྷག་མའི་བརྟག་བྱ་འདི་གནད་རྣམ་པ་ཀུན་ཏུ་གཅིག་པར་འགྱུར་རོ། །དུས་སྦྱོར་འདི་ལ་ལོ་སོགས་དུས་ཀུན་གྱི་རྩིས་ཀྱི་སྟོབས་ཚང་བར་འགྱུར་ཚུལ་གསུངས་པ། ལོ་དྲུག་ཅུ་དང་ཟླ་བ་བཅུ་གཉིས་དང་ཕྱོགས་ཉེར་བཞི་དང་ཉིན་དང་མཚན་མོའི་དུས་ཉིན་ཞག་ཕྲུག་གཅིག་གི་ཐུན་བརྒྱད་ཀྱི་དུས་ཀྱི་དབང་གིས་དགེ་བ་དང་མི་དགེ་བའི་འབྲས་བུའི་ཆ་ཐམས་ཅད་ནི་དུས་སྦྱོར་བཅུ་གཉིས་ཀྱི་དབུས་སུ་རབ་ཏུ་ཞུགས་པ་སྟེ། དེར་འདུ་ཞིང་དེའི་འབྲས་བུ་ལ་ནུབ་པའམ་མཐར་ཐུག་པར་གྱུར་པ་ཡིན་པས་དུས་ཀྱི་སྦྱོར་བའི་རྩིས་ཀྱི་སྟོབས་ལས་ཆེ་བ་གཞན་མེད་དེ་དུས་གཞན་འདི་དག་གི་སྟོབས་དུས་སྦྱོར་རྒྱུ་བ་ལས་གཞན་དུ་མེད་དོ། །དུས་སྦྱོར་གཅིག་ནི་ཆུ་ཚོད་ལྔ་ཡི་དབྱེ་བས་སོ་སོའི་བདག་པོའི་གཟའ་ཡི་ཚོགས་དང་ལྡན་ཞིང་དེ་དེའི་དབྱངས་དང་བཅས་པའི་དེ་ཉིད་ལྔ་སོ་སོར་ཐ་དད་དོ། །དེ་ལྟ་བུའི་དེ་ཉིད་གཅིག་གི་ཆུ་ཚོད་ནི་དབུགས་རྣམས་དྲུག་ཅུ་མངོན་པར་ལྷག་པ་ཡོན་ཏན་བརྒྱ་ཡི་ཞེས་སུམ་བརྒྱ་སྟེ་དེ་ལྟ་བུའི་དུས་ཀྱི་བདག་ཉིད་ཅན་ཆུ་ཚོད་གཅིག་པོ་དག་ལ་གནས་ཞེས་པ། ཆུ་ཚོད་གཅིག་ལ་22དབུགས་སུམ་བརྒྱ་དྲུག་ཅུ་ཡོད་ཅེས་སོ། །དེའི་རྒྱུ་མཚན་ཆུ་ཚོད་གཅིག་གི་ཆ་ཤས་ནི་ཆུ་སྲང་དྲུག་ཅུ་ཡིན་ལ་ཆུ་སྲང་དེ་ཡི་ཆ་ཤས་ཞེས་པ་དབུགས་དྲུག་རྣམས་སོ་མི་ཡི་དབང་པོ་ཟླ་བ་བཟང་པོ་ཞེས་སོ། །དེས་ན་རགས་པ་རགས་པར་གྱུར་པའི་དུས་རྣམས་ཀྱི་འབྲས་བུའི་རྩིས་ཀྱི་སྨིན་སོ་ཕྲ་བ་ཕྲ་བར་གྱུར་པའི་དུས་རྣམས་སུ་འཇུག་ཅིང་སྨིན་པ་དཔེར་ན་ས་བོན་དང་ས་ཆུ་སོགས་ཀྱི་ཡུན་རིང་བསྐྱེད་པའི་སྨིན་སོ་འབྲས་བུ་སྐྱེས་པའི་བྱ་རྫོགས་ཀྱི་སྐད་ཅིག་ལ་ཐུག་པ་བཞིན་ནོ། །འདིར་མཚན་མ་མཁན་པོའི་ལྟེ་བ་ནས་དབུགས་ཕྱིར་འབྱུང་བ་དང་ནང་དུ་ལྟེ་བར་རྩ་ཡི་འདབ་མར་སྲོག་འཇུག་པའི་དུས་སམ་


MR17_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་དོན་གང་གི་བརྟག་བྱ་ཕོ་ཉ་བས་དྲིས་པར་གྱུར་ན་རིམ་བཞིན་མི་དགེ་བ་དང་དགེ་བའི་འབྲས་བུ་དག་ཀྱང་སེམས་རྣལ་མར་བག་ཕབ་པར་བྱས་པའི་རྣལ་འབྱོར་དང་ལྡན་པས་ཤེས་པར་བྱེད་དེ། རྡོ་རྗེའི་བཟླས་པ་སོགས་ཀྱིས་ནང་གི་རླུང་ལ་དབང་འབྱོར་བའི་རྣལ་འབྱོར་པ་རྣམས་ཀྱིས་རླུང་རྒྱུ་བའི་ཁ་དོག་དང་བྱེད་ལས་སོགས་རྣལ་འབྱོར་མངོན་སུམ་གྱིས་ཤེས་པར་འགྱུར་ལ། དེའི་དབང་གིས་རླུང་སྦྱོར་ལ་བརྟེན་ནས་ཞི་སོགས་ལས་སྣ་ཚོགས་བསྒྲུབ་པ་དང་གཞན་ལ་དགེ་མི་དགེའི་བླང་དོར་ལུང་སྟོན་པར་ནུས་སོ། །ཕྲ་བ་ནང་གི་རླུང་རྩིས་མི་ཤེས་ན། ལྷ་ཤེས་སམ་དུས་ཤེས་སམ་སྐར་རྩིས་པ་དུས་ཀྱི་མཚན་མ་ལས་གཞན་ལ་དགེ་མི་དགེ་ལུང་སྟོན་པར་འདོད་པ་རྣམས་ཀྱིས་ཉིན་ཞག་གི་ཆུ་ཚོད་ཇི་ཙམ་འདས་པའི་དབང་གིས་ཉི་མ་མི་མཉམ་པ་དང་ཟླ་བ་མཉམ་པའི་དུས་སྦྱོར་གྱི་རྩིས་ལེགས་པར་བརྩིས་པའམ་བསྒྲུབས་ནས་དཀྱིལ་འཁོར་ལྔའི་དུས་ཀྱི་ཆུ་ཚོད་ངོས་བཟུང་སྟེ་དེ་ལས་གཞན་ལ་ལུང་སྟོན་པར་བྱེད་དོ། །ད་ལྟར་གང་བྱུང་བ་ཡི་དུས་ཀྱི་ལྷ་དང་ཁམས་སོགས་དང་དུས་སྦྱོར་གྱི་ཚུལ་ཤེས་པ་མིན་པར་དགེ་བ་དང་མི་དགེའི་འབྲས་བུ་འདི་ལྟར་འབྱུང་ངོ་ཞེས་འཇིག་རྟེན་འདིར་ནི་གང་བརྗོད་པར་བྱེད་པ་དེ་ནི་ལམ་དུ་འཁྲིད་བྱེད་སྐྱེས་བུ་ལོང་བ་ཡིས་ཀྱང་ལམ་དུ་འཁྲིད་བྱ་ལོང་བ་ཡི་ཚོགས་རྣམས་བཟུང་བའམ་ཁྲིད་ནས་གླང་ཆེན་དང་སེང་གེས་རབ་ཏུ་གང་བའམ་ཡོངས་སུ་གཏམས་པའི་ནགས་ཁྲོད་ཐིབ་པོར་རབ་ཏུ་འཇུག་པ་དང་འདྲ་བར་རང་དང་གཞན་ཕུང་བར་བྱེད་དོ་ཞེས་སོ། །དེའི་ཕྱིར་ན་ནང་གི་རླུང་རྩིས་ཕྲ་མོའི་རྣལ་འབྱོར་མི་ཤེས་པ་ལ་ཕྱི་འཇིག་རྟེན་མཐུན་སྣང་ལས་གྲུབ་པའི་གཟའ་ཡི་སྟོབས་དང་བཅས་པའི་དུས་སྦྱོར་གྱི་སྦྱོར་བ་སྟོན་པའི་ཚུལ་སྦྱིན་པ་ནི། བརྩི་བྱ་སྐྱེ་བའི་ཁྱིམ་དང་དེ་ནས་བརྩིས་པའི་ཁྱིམ་བདུན་པར་གནས་པའི་ཁྱིམ་ལ་དུས་མེ་དང་ཉི་མ་དང་ས་སྐྱེས་དང་ཉིན་མོར་བྱེད་པའི་བུ་སྟེ་དྲག་གཟའ་རྣམས་ཀྱིས་བརྩི་བྱ་དེ་ལ་རིམ་བཞིན་དགེ་བ་


MR17_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཉེར་བ་རྣམས་འཆི་དང་ནད་དང་རྨ་དང་ངེས་པར་མཐའ་དག་ནོར་ནི་རྣམ་པར་ཉམས་པ་དག་ཀྱང་བྱེད། དེ་ཕྱིར་དེ་འདྲའི་དུས་སྦྱོར་ཤར་བའི་དུས་དེར་ལས་བརྩམ་པ་ལས་ལྡོག་པར་བྱ་ཞིང་དུས་སྦྱོར་དེ་ལྟ་བུ་སྤང་བར་བྱ་སྟེ་ངེས་པར་ལྷ་ཤེས་སམ་སྔགས་པ་བདག་གི་ལུང་སྟོན་པའི་ཚིག་གིས་དུས་ཀྱི་སྦྱོར་བ་བཟང་པོ་གཞན་ནི་རབ་ཏུ་སྦྱིན་པར་བྱའོ། །རང་སྐྱེས་པའི་དུས་སྦྱོར་དང་དེའི་བདུན་པ་མིན་ཡང་ད་ལྟ་གང་ཤར་དང་དེའི་བདུན་པ་ལ་ཡང་དེ་ལྟར་བརྩི་བའང་ཡིན་ནོ། །སྐྱེ་དང་བདུན་པར་གནས་པའི་ཁྱིམ་ལ་སྒྲ་གཅན་དང་ཟླ་བ་དང་ཟླ་སྐྱེས་དང་བླ་མ་དང་པ་སངས་དང་བཅས་པས། རིམ་པ་བཞིན་ཕ་རོལ་གྱི་དགྲ་ཉམས་པ་དང་རང་ཉིད་ཀྱི་དཔལ་རྒྱས་ཤིང་གཡུལ་དུ་རྣམ་པར་རྒྱལ་ཏེ་དགའ་མ་དང་བཅས་པའི་ནོར་དག་ཐོབ་པར་འགྱུར་རོ། །ཕྱི་རོལ་དུ་ཡང་དག་པའི་དུས་སྦྱོར་ཞི་གཟའ་དང་ལྡན་པ་སོགས་ཀྱི་སྒོ་ནས་དགེ་བ་ཐམས་ཅད་ཀྱིས་ཀྱང་དགེ་ཞིང་ཤིས་པའི་ཡན་ལག་དང་མཚན་མ་བྱེད་པར་འགྱུར་ཏེ། དེར་མ་ཟད་སླར་ཡང་གལ་ཏེ་ནང་གི་དུས་སྦྱོར་རང་གི་ལུས་ཀྱི་གཡོན་གྱི་རྩ་ལས་སྲོག་རྒྱུ་བར་གྱུར་པ་ན། ངེས་པར་དོན་ནི་ཐམས་ཅད་འགྲུབ་སྟེ་ཕྱི་རོལ་དུ་མཐའ་དག་ས་ཡི་སྟེང་དུ་དག་པའི་གཟའ་དང་ཚེས་ལའོ། །ཞེས་པ་དག་པའི་གཟའ་ནི་རྒྱུ་སྐར་མེ་བཞི་དང་ཉི་མ། རྒྱལ་དང་བླ་མ། ལྷ་མཚམས་དང་གཟའ་ལག །སྣར་མ་དང་སྤེན་པ། གྲོ་བཞིན་དང་ཟླ་བ། ཐ་སྐར་དང་བཀྲ་ཤིས། ནམ་གྲུ་དང་པ་སངས་ཏེ་འཆི་མེད་གྲུབ་པའི་སྦྱོར་བ་བདུན་པོའོ། །མི་དགེ་བ་ནི། ལྷ་མཚམས་དང་ཉི་མ། སྨིན་དྲུག་དང་ཟླ་བ། མོན་གྲུ་དང་ས་སྐྱེས། ཐ་སྐར་དང་གཟའ་ལྷག །མགོ་དང་བླ་མ། སྣར་མ་དང་པ་སངས། མེ་བཞི་དང་སྤེན་པ་སྟེ་འཆི་བའི་སྦྱོར་བའོ། །སྲེག་པའི་ཚེས་ནི་ཉི་མ་དང་ཚེས་བཅུ་གཉིས་པ། ཟླ་བ་དང་བཅུ་གཅིག་པ། བཀྲ་ཤིས་དང་བཅུ། ལྷག་པ་དང་གསུམ་


MR17_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་དང་དྲུག་པ། པ་སངས་དང་གཉིས་པ། སྤེན་པ་དང་བདུན་པ་སྟེ། ཚེས་གྲངས་འདི་དག་དགེ་བའི་བྱ་བ་ལ་སྤང་བར་བྱའོ། །གཞན་ཡང་བིཥྚིའི་ལོངས་སྤྱོད་པའི་ཚེས་ཀྱི་ཆ་རྣམས་སྤང་བར་བྱའོ། །མི་དགེ་བའི་བྱ་བ་ལ་ནི་གདུག་པའི་གཟའ་དང་། འཆི་སྦྱོར་དང་། སྲེག་ཚེས་སོགས་གདུག་པ་ཐམས་ཅད་གཟུང་བར་བྱའོ། །ཤིན་ལྟུང་དང་ཡོངས་འཇོམས་ཁོན་འཛིན་སྤངས་པའི་སྦྱོར་བ་ཐམས་ཅད་དགེ་བའི་བྱ་བ་ལ་ཤིས་ལ། དེ་བཞིན་དུ་སེལ་བ་ལ་ཆུ་ཚོད་གསུམ་སྤང་བར་བྱའོ། །ཟུག་རྔུ་ལ་ཡང་ལྔ། སྐྲང་བ་དང་ཤིན་ཏུ་སྐྲང་བ་ལ་དྲུག །ཀུན་འཇོམས་དང་རྡོ་རྗེ་ལ་ཆུ་ཚོད་དགུ་རྣམས་ནི་སྦྱོར་བ་མ་དག་པའོ། །ཇི་སྐད་བརྗོད་པ་དེ་བཞིན་དུ་ཤེས་པར་བྱས་ཏེ། འཇིག་རྟེན་པའི་སྐར་རྩིས་སོགས་ཀྱི་ཐ་སྙད་ཀྱིས་གཟའ་དང་ཚེས་ལ་སོགས་པ་ཡོངས་སུ་དག་པ་གཟུང་བར་བྱ་སྟེ། ཡང་དག་པར་ན་སྔོན་ལས་ཀྱིས་དགེ་དང་མི་དགེའི་འབྲས་བུར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་འཇིག་རྟེན་ཐ་སྙད་ཀྱིས་སྐར་མ་ལ་སོགས་པའི་སྟོབས་གསུངས་པ། རྒྱུ་སྐར་ཉེར་བདུན་པོ་རྣམས་ནི་དགུ་དང་དགུ་དང་དགུ་ཡིས་ཆ་གསུམ་དུ་བྱས་ཏེ། བརྩི་བྱ་ནད་པའམ་གཡུལ་དུ་འཇུག་པ་པོ་རང་ཉིད་སྐར་མ་གང་ལ་སྐྱེས་པའི་རྒྱུ་སྐར་དེ་དང་པོ་ཉིད་དུ་བཞག་ནས་དེ་ལྟར་དགུ་ཚན་གསུམ་དུ་བཀོད་པ་འདི་སྐྱེས་སྐར་ཐ་སྐར་ལ་མཚོན་ན་ཐ་སྐར་མཆུ་སྣྲུབ་གསུམ་དང་པོ། སྐག་སྣྲོན་ནམ་གྲུ་གསུམ་དགུ་པར་བྱས་པ་ལྟར་གནས་གསུམ་པའི་དགུ་ཚན་ལས། གཟའ་གདུག་པ་ཉི་མ་མིག་དམར་སྤེན་པ་དུས་མེ་རྣམས་ནི་གཟའ་ཟླ་བ་དག་དང་ལྷན་ཅིག་སྐར་མ་དང་པོ་ནས་བགྲང་བའི། གཅིག་གསུམ་ལྔ་བདུན་སོགས་མི་མཉམ་པའི་གནས་སུ་ཡོད་པར་གྱུར་ན་ནད་པ་རྣམས་ནི་འཆི་བ་ཉིད་དང་འཐབ་མོ་བ་འཕམ་པར་འགྱུར་ལ། མཉམ་པའི་གནས་ལ་ཡོད་ན་རྒྱལ་བ་ཉིད་དུ་འགྱུར་ཏེ་སྐར་མའི་སྟོབས་བརྟག་པའོ། །དེ་ནས་གདེངས་ཅན་སྦྲུལ་གྱི་


MR17_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གསུངས་པ། ཐ་སྐར་ལ་སོགས་རྒྱུ་སྐར་ཉེར་བདུན་པོ་རྣམས་ཀྱིས་རྩ་རྒྱུད་གསུམ་འཁྱོགས་ལྔ་པའི་སྦྲུལ་གྱི་གཟུགས་ལ་ཡང་སྤྲས་པར་གྱུར་པ་ནམ་གྲུ་ཉིད་ཀྱི་བར་དུ་སྟེ། སྦྲུལ་གྱི་རྩ་རྒྱུད་དང་པོ་ལ་ཐ་སྐར་ནས་སྐག་གི་བར་དུ་བཀོད། གཉིས་པར་མཆུ་ནས་སྣྲོན་བར་དང་། རྩ་རྒྱུད་འོག་མར་སྣྲུབ་ནས་ནམ་གྲུ་བར་དུ་བཀོད་དོ། །དེར་སྡིག་པའི་གཟའ་དང་ཟླ་བ་ནི་ནད་པའམ་འཐབ་མོ་བའི་སྐྱེས་པའི་རྒྱུ་སྐར་དང་གསུམ་པོ་དེ་གལ་ཏེ་སྦྲུལ་གྱི་རྩ་རྒྱུད་གཅིག་དག་ལ་གནས་པར་གྱུར་ན་མི་རྣམས་དག་ནི་རྣམ་པར་ཉམས་པར་འགྱུར་རོ། །རྩ་རྒྱུད་དེར་བསོད་ནམས་ཀྱི་གཟའ་ཡོད་ན་བཟང་ངོ་། །རྩ་གསུམ་སྦྲུལ་གྱི་འཁོར་ལོ་འདི་དབྱངས་འཆར་གྱི་རྒྱུད་ལས་ཀྱང་གསལ་བར་བཤད་དོ། །འགྲེལ་ཆེན་ལས་ཡང་གདེངས་ཅན་གྱི་འཁོར་ལོ་རྩ་གསུམ་འཁྱོགས་བཞི་ལ་སྨིན་དྲུག་ལ་སོགས་པ་སྐར་མ་གཅིག་གི་བར་དུ་ཆོད་པ་སྟེ་བར་སྟོང་དུ་བཞག་ནས་བཀོད་པ་དང་། སྨིན་སྣར་མགོ་གསུམ་རྩ་རྒྱུད་ཐོག་བར་མཐའ་གསུམ་དང་། ལག་པར་སྟོང་། ན་བས་སོ་རྩ་རྒྱུད་འོག་མ་སོགས་གྱེན་ཐུར་རིམ་པས་བྲ་ཉེ་མཇུག་གི་རྩ་རྒྱུད་འོག་མའི་བར་དུ་བཀོད་པ་དང་། དེ་བཞིན་དུ་རྩ་གསུམ་འཁྱོགས་གསུམ་པའི་སྦྲུལ་ལ་ལག་ལ་སོགས་པ་རྒྱུ་སྐར་གསུམ་གྱིས་བར་དུ་ཆོད་པ་སྟེ་ལག་སོགས་གསུམ་མགོ་ཕྱོགས་ཀྱི་རྩ་རྒྱུད་གསུམ་ལ་མཐུར་དུ་བཀོད་ཅིང་སྐག་མཆུ་གྲེ་གསུམ་བར་སྟོང་ཕྱི་རོལ་དུ་བཀོད་ནས་དབོ་སོགས་གསུམ་གྱེན་དུ་དང་ས་རི་སོགས་གསུམ་བར་སྟོང་དུ་བཀོད་པ་སོགས་ཡར་མར་རིམ་བཀོད་བྱས་ནས་སྨིན་སྣར་མགོ་གསུམ་མཇུག་གི་རྩ་གསུམ་ལ་ཐུར་དུ་བཀོད་པའི་བར་དུ་བྱས་པ་དེ་གཉིས་ལ། རྩ་རྒྱུད་ཀྱི་སྐར་མར་ཟླ་བ་གནས་ན་གཡུལ་གྱི་སར་ཐོག་མར་ཞུགས་པ་དེ་རྒྱལ་ལ། རྩའི་ཕྱི་རོལ་གྱི་རྒྱུ་སྐར་གསུམ་པོ་རྣམས་ལ་ཟླ་བ་གནས་ན་གཡུལ་གྱི་སར་གང་ཕྱི་ནས་ཞུགས་པ་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་


MR17_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཅན་འཁོར་ལོ་གསུམ་གྱི་ངེས་པའོ། །ཚེའི་གནས་སྐབས་ཀྱི་འབྲས་བུ་གསུངས་པ། རེའུ་མིག་ལིང་ཚེ་དགུ་པའམ་རྩིབས་བརྒྱད་པའི་འཁོར་ལོར་བྱས་ལ། ཤར་ནས་དབང་ལྡན་གྱི་བར་དུ་སྐྱེས་བུའི་མཆོག་ལོ་བརྒྱ་རྩ་བརྒྱད་ལ་གཟའ་བརྒྱད་ཀྱིས་གནས་སྐབས་སོ་སོར་ལོངས་སྤྱོད་པའི་ལོ་ཤར་ཕྱོགས་ཀྱི་རྩིབས་ལ་ཉི་མའི་ལོ་དྲུག་དང་། དེ་བཞིན་དུ་མེར་གཟའ་ཟླ་བའི་ཚེས་ཏེ་ལོ་བཅོ་ལྔ་དང་། དེ་བཞིན་དུ་ལྷོར་ལོ་བརྒྱད་དང་། བདེན་བྲལ་དུ་རི་ཟླ་སྟེ་བཅུ་བདུན་དང་། ཆུར་བཅུ་དང་། རླུང་དུ་བཅུ་དགུ་དང་། བྱང་དུ་ཉི་མ་སྟེ་བཅུ་གཉིས་དང་། དབང་ལྡན་དུ་ཉི་ཤུ་རྩ་གཅིག་གི་ལོ་བཟང་པོ་སྟེ་རྩོད་དུས་འདིའི་མཆོག་གི་ཚེ་ལོའི་ཚད་བརྒྱ་དང་བརྒྱད་རྣམས་དེ་ལྟར་བགོས་ནས་བཀོད། དེ་ལྟར་ལོ་ཚན་པ་བརྒྱད་པོ་དེ་ལ་རིམ་བཞིན་ལོངས་སྤྱོད་པ་པོའི་གཟའ་ནི། ཉི་མ་དང་ཟླ་བ་དང་། མིག་དམར་དང་། གཟའ་ལྷག་དང་། ཉི་སྐྱེས་སྤེན་པ་དང་། བླ་མ་ཕུར་བུ་དང་ལག་འགྲོ་སྒྲ་གཅན་དང་། དཀར་པོ་པ་སངས་རྣམས་ཀྱིས་ལོ་གྲངས་དེ་དག་གཡས་སྐོར་གྱིས་རིམ་པས་སྤྱོད་དེ། ཤར་དུ་ཉི་མའི་ལོ་དྲུག་ལོངས་སྤྱོད་པ་ནས་དབང་ལྡན་དུ་དཀར་པོའི་ཉེར་གཅིག་སྤྱོད་པའི་བར་དུའོ། །རགས་པ་ནི་གནས་སྐབས་བརྒྱད་པོ་བཤད་མ་ཐག་པ་དེ་དང་། ཕྲ་བ་ནི་རགས་པ་བརྒྱད་པོ་རེ་རེ་ལའང་སོ་སོའི་ནང་གི་གནས་སྐབས་བརྒྱད་དུ་ཕྱེ་བས་གནས་སྐབས་རེ་བཞིར་འགྱུར་བ་ལ་ཡང་། ཉི་མའི་ཉི་མ་དང་ཉི་མའི་ཟླ་བ་ལ་སོགས་པའི་ཚུལ་གྱིས་ལོངས་སྤྱོད་པར་བྱེད་དོ། །གཟའ་རང་རང་གི་ལོ་ཡི་གནས་སྐབས་དེ་ལས་ཡི་གེ་ལ་ལོངས་སྤྱོད་ཚུལ་ནི། འཇིག་རྟེན་གྲགས་པ་ལྟར་བརྗོད་པའི་དབང་དུ་བྱས་ན། ཨ་ཀ་ཙ་ཊ་ཏ་པ་ཡའི་སྡེ་པ་བརྒྱད་པོ་རྣམས་ཀྱིས་ཕྱེ་བའི་ཡི་གེ་དག་ལ་ནི་ལོངས་སྤྱོད་དེ། ཨ་ཨི་ཨུ་ཨེ་ཨོ་ལྔ་སྟེ། གཞན་ཡོན་ཏན་སོགས་ནི་རྩ་བ་ལྔ་པོ་དེ་ལས་བྱུང་ཞིང་རྀ་ལྀ་བཞི་དབྱངས་སུ་མ་བགྲང་མོད་ཀྱི།


MR17_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨི་རྀ་ཨུ་ལྀ་ཀ་ཅེས་རྒྱུད་འདིར་རྩ་བའི་དབྱངས་ལྔར་བཞེད་པ་ནི་རིགས་པ་སྟེ་འཐད་པ་ཡིན་ནོ། །ཀ་སྡེ་ནི་ཀ་ཁ་ག་གྷ་ང་། ཡིན་པ་སོགས་སྡེ་པ་གཞན་ཀྱང་དེ་ལྟ་སྟེ། ཡ་ཡི་སྡེ་ཚན་ཡ་ར་ལ་ཝ། ཤ་ཡི་སྡེ་ཚན་ཤ་ཥ་ས་ཧ། ཞེས་པ་འཇིག་རྟེན་དུ་ཡོངས་སུ་གྲགས་པའོ། །རྒྱུད་འདིའི་བཞེད་པས་དབྱངས་ལྔ་དང་། གསལ་བྱེད་ནི་འདིའི་ལུགས་ཀྱི་བརྡ་སྤྲོད་པ་ལས། ཧ་ཡ་ཝ་ར་ལཎ྄། ཉ་མ་ང་ཎ་ནམ྄། ཛྷ་བྷཉ྄། གྷ་ཌྷ་དྷ་ཥ྄། ཛ་བ་ག་ཌ་ད་ཤ྄་ཁ་ཕ་ཚ་ཋ་ཐ་ཙ་ཊ་ཏ་བ྄། ག་པཡ྄། ཤ་ཥ་སར྄། ཞེས་པ་ལ་སོགས་པ་ཡི་གེ་བསྡུ་བའི་མཚན་མ་དང་བཅས་པ་འདི་དག་ནི་ནམ་མཁའ་ལ་སོགས་པའི་འབྱུང་བ་ལྔའི་སྐྱེ་གནས་དང་མཐུན་པར་ཡོད་པས་རིགས་ཤིང་འཐད་པ་སྟེ། རྩ་བའི་དབྱང་ལྔ་ཡང་མཁའ་རླུང་མེ་ཆུ་སའི་ཁམས་དང་སྐྱེ་གནས་ཅན་ཡིན་ལ། དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་ཡང་དེ་འདྲ་ལ། ཡ་ཎའི་ཧ་ཡ་སོགས་ཀྱང་ཁམས་ལྔའི་རིམ་པ་དང་། གསལ་བྱེད་རྣམས་ཀྱང་འབྱུང་བ་ཆེ་ཆུང་གི་ཕྱེ་བས་ཁམས་ལྔ་ཡིན་ནོ། །གཞན་བདེ་བྱེད་དབང་ཕྱུག་གིས་འཇིག་རྟེན་ན་གྲགས་པ་ལྟར་དབྱངས་འཆར་དུ་སྤྲོས་པས་བརྗོད་པའི་ཡི་གེ་རྣམས་ལ་ནམ་མཁའ་ལ་སོགས་པའི་སྡེ་པའི་ཡི་གེའི་གོ་རིམ་སོགས་རྒྱུད་འདིར་བསྟན་པ་ལྟར་ཡོངས་སུ་དག་པ་མེད་དོ་ཞེས་འགྲེལ་པས་གསུང་། ལུགས་འདིར་སྡེ་པ་བརྒྱད་པོ་རྣམས་ཀྱིས་ཡི་གེ་དག་ལ་ལོངས་སྤྱོད་ཚུལ་ནི། ཨ་ཨི་རྀ་ཨུ་ལྀ་ལྔ་ནི་ཉི་མའི་གནས་ཀྱི་ལོ་རགས་པ་དང་ཕྲ་བ་ཆ་ལྔར་ཕྱེ་བ་ལ་རིམ་པར་སྤྱོད་དོ། །དེ་བཞིན་ཧ་ཡ་ར་ཝ་ལ་ཟླ་བའི་གནས་སྐབས་དང་། ང་གྷ་ག་ཁ་ཀ །བཀྲ་ཤིས་ཀྱི་དང་། ཉ་ཛྷ་ཛ་ཚ་ཙ། གཟའ་ལག་གི་དང་། ཎ་ཌྷ་ཌ་ཋ་ཊ། སྤེན་པའི་དང་། མ་བྷ་བ་ཕ་པ། ཕུར་བུའི་དང་། ནདྷ་ད་ཐ་ཏ། སྒྲ་གཅན་དང་། ྈྐ་་ཤ་ཥ་ྉྤ་ས་ནི་དཀར་པོའི་རགས་པ་དང་ཕྲ་བའི་


MR17_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ལ་ཤེས་པར་བྱའོ། །དེ་ལྟར་སྡེ་ཚན་བརྒྱད་ཀྱི་སྡེ་པའི་ཡི་གེ་དེ་ཡང་རིམ་པ་བཞིན་ཉི་མ་དང་ཟླ་བའི་ཁམས་དང་། ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་ཁམས་རྣམ་པ་བརྒྱད་དོ། །ཡོན་ཏན་དང་འཕེལ་བའི་དབྱངས་རྣམས་རྩ་བའི་དབྱངས་ལྔ་ཡི་རིགས་སུ་བསྡུ་བའམ་གཟུང་བར་བྱའོ། །དབྱངས་སུམ་ཅུས་ཡུད་ཙམ་དང་། གསལ་བྱེད་ཐུང་རིང་དྲུག་ཅུས་ཉིན་ཞག་གི་དཀྱིལ་འཁོར་ལོངས་སྤྱོད་ཚུལ་སྔར་བཤད་པ་ལྟར་ལ། འདིར་ནི་ཚེའི་གནས་སྐབས་ཚན་ལྔ་པ་ཉིད་དུ་རྣམ་པར་ཕྱེ་བ་ལ་དབྱངས་གསལ་འཆར་ཚུལ་ལོ། །ཕྲ་བ་ནང་གི་གནས་སྐབས་བརྒྱད་ལ་དང་པོའི་ཆ་ལ་ཚེའི་གནས་སྐབས་ཀྱི་བདག་པོ་ཉི་མ་སོགས་རང་རང་གང་ཡིན་དེ་ཐོག་མར་བྱས་ནས་དེ་ནས་གཞན་བདུན་པོ་རིམ་པ་བཞིན་དུ་ལོངས་སྤྱོད་པ་ཡིན་ནོ། །གཡུལ་རྒྱལ་གྱི་རྒྱུད་ཀྱི་ཚེ་ཡི་གནས་སྐབས་ནི་གཟའ་དགུ་ལ་སྦྱར་ཞིང་དེ་དང་འདི་རྩི་ཚུལ་མི་འདྲའོ། །དེ་ཡང་ཕྱོགས་བཞི་ན་གནས་པ་ཉི་མ་དང་མིག་དམར་སྤེན་པ་སྒྲ་གཅན་ཏེ་གཟའ་དྲག་པོ་རྣམས་ཀྱིས་ལོངས་སྤྱོད་པའི་གནས་སྐབས་དེར་ཞི་བ་མིན་པ་བྱེད་ཅིང་མི་བདེ་ལ། མཚམས་བཞིར་གནས་པ་རྣམས་ཀྱི་ལོངས་སྤྱོད་པའི་གནས་སྐབས་སུ་མཆོག་ཏུ་བདེ་བར་བྱེད་དེ་ཞི་བའི་རང་བཞིན་གྱི་གཟའ་ཟླ་ལྷག་ཕུར་སངས་བཞི་པོ་གང་དག་གིའོ། །ཞེས་སོ། །འདི་ལ་ཤར་གྱི་ཉི་མའི་ལེ་ཚེར་རྒྱུ་སྐར་ཐ་སྐར་བྲ་ཉེ་སྨིན་དྲུག་སྣར་མ་བཞི་དང་། ཤར་ལྷོ་ཟླ་བའི་ཕྱོགས་དེར་མགོ་ལག་ནབས་སོ་གསུམ། དེ་བཞིན་ལྷོ་མིག་དམར་ལ་རྒྱལ་སོགས་བཞི། ལྷག་པར་དབོ་སོགས་གསུམ་ནས་གཡས་བསྐོར་གྱིས་ཕྱོགས་བཞིར་སྐར་མ་བཞི་རེ་དང་། མཚམས་བཞིར་གསུམ་རེ་བཀོད་པས་རྒྱུ་སྐར་ཉེར་བརྒྱད་ཚང་སྟེ། དབང་ལྡན་དུ་པ་སངས་ཀྱི་ལེ་ཚེ་ལ་ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་བཀོད་ནས། རང་གི་སྐྱེས་སྐར་གྱི་བདག་པོའི་གཟའ་ནས་མགོ་འཛིན་པར་


MR17_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དོ། །དེ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞག་ལ་འཆར་ཚུལ་གསུངས་པ། རྒྱལ་གྱི་ཟླ་བར་ཞེས་རྒྱལ་གྱི་ཟླ་བའི་གཞུ་ཁྱིམ་འདས་ཤིང་མཆུ་ཡི་ཟླ་བའི་ཆུ་སྲིན་འཇུག་པའི་ཉིན་ཞག་དེ་ཐོག་མ་ཡིན་ལ། དེ་ཡང་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ལས། ཉི་མ་ཆུ་སྲིན་གྱི་ཁྱིམ་ལ་ཐོག་མར་ཞུགས་པའམ་སོན་པའི་ཉིན་ཞག་དེ་ལ་རྟེན་འབྲེལ་མ་རིག་པ་འཆར་བ་དག་སྟེ། བུམ་པར་ཉི་མ་ཞུགས་པ་མཆུ་ཡི་ཟླ་བའི་མཐའ་ལ་ཡང་རྟེན་འབྲེལ་འདུ་བྱེད་དུ་འགྱུར་ཞིང་། ཀྱེ་མི་ཡི་བདག་པོ་དེ་བཞིན་དུ་ཉ་རུ་ཉི་མ་ཞུགས་པ་དབོ་ཟླ་དག་ལ་ནི་རྣམ་པར་ཤེས་པ་སྟེ་ལུག་ཏུ་ཉི་མ་ནག་པ་ཡི་ཟླ་བ་ལ་ནི་མིང་དང་གཟུགས་སོ། །གླང་དང་འཁྲིག་པའི་ཁྱིམ་ལ་ཉི་མ་སོན་པ། ས་ག་དང་སྣྲོན་ཟླ་དག་ལ། རིམ་བཞིན་མིག་སོགས་སྐྱེ་མཆེད་དྲུག་དང་ནི་རེག་པ་དག་སྟེ། ཉི་མ་ཀརྐ་ཊར་གནས་ཆུ་སྟོད་ཟླ་བ་ལ་ནི་རྟེན་འབྲེལ་ཚོར་བར་འགྱུར། སེང་གེ་ཡི་ཁྱིམ་དུ་ཉི་མ་ཞུགས་པ་གྲོ་བཞིན་འཕོ་བའམ་འདས་པའི་ཟླ་བ་ལ་ཡང་སྲེད་པ་འཆར་རོ། །ཉི་མ་བུ་མོ་དང་ནི་སྲང་དུ་སོན་པ། ཁྲུམས་སྟོད་ཟླ་བའི་མཐའ་དང་ནི། ཐ་སྐར་ཟླ་བ་ཡི་མཐའ་མ་དག་ལ་རིམ་བཞིན་ལེན་པ་ཉིད་དང་སྲིད་པར་འགྱུར་ཏེ། སྨིན་དྲུག་གི་ཟླ་བའི་སྡིག་པར་ཉི་མ་ཞུགས་པའི་ཞག་ལ་རྟེན་འབྲེལ་སྐྱེ་བ་དང་ནི། གཞུ་ལ་ཉི་མ་གནས་པ་སྐར་མ་མགོ་ཡི་ཟླ་བ་འཕོ་འཚམས་དག་ལ་ཡང་དེ་བཞིན་རྒ་ཤི་འཆར་བ་ཡན་ལག་བཅུ་གཉིས་དེ་དག་རིམ་པ་བཞིན་དུ་སྟེ། དེ་ལྟར་ཉི་མ་ཁྱིམ་བཅུ་གཉིས་ལ་ཞུགས་པ་དང་ཟླའི་ཞེས་པ་ཟླ་བ་སོ་སོའི་དབྱེ་བ་དག་ལས་མ་རིག་པ་སོགས་འཆར་ཚུལ་དེ་ལྟར་ཤེས་པར་བྱ་ལ། ཉི་མ་འཕོ་བའི་བགྲོད་པའི་དབང་དང་ཟླ་བ་ཕྱོགས་དང་ཚེས་ཀྱི་བགྲོད་པའི་དབང་གིས་དེ་ལྟར་བྱུང་བས་ན་ཉི་ཟླ་གཉིས་ཀ་ཡི་བགྲོད་པའི་དབང་གིས་ཀྱེ་རྒྱལ་པོ་རྟེན་འབྲེལ་མ་རིག་པ་སོགས་ཡན་ལག་བཅུ་གཉིས་པོ་དེ་དག་ཉིན་ཞག་གི་ཚེས་གྲངས་སོ་


MR17_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འཆར་བ་ཉིད་དུ་གནས་སོ། །ཞེས་ཉི་མ་ཁྱིམ་གང་དུ་ཞུགས་པའི་ཞག་དེ་ལ་རྟེན་འབྲེལ་རེ་རེ་འཆར་བའི་ཐོག་དྲངས་ནས་ཟླ་བའི་དཀར་ནག་གི་ཕྱོགས་སོ་སོའི་ཚེས་གྲངས་ཀྱི་མིང་བཏགས་པའི་ཞག་རེ་རེ་ལ་རྟེན་འབྲེལ་རེ་རེ་འཆར་རོ། །དེ་རྒྱས་པར་བཤད་པ། རྒྱལ་འཕོ་བ་དང་མཆུ་འཇུག་པ་ཡི་མཚམས་སུ་ཆུ་སྲིན་གྱི་ཁྱིམ་དག་ལ་ཉི་མ་ཐོག་མར་ཞུགས་པའམ་གནས་པའི་གཟའ་ཞེས་པ་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཅན་གྱི་ཉིན་ཞག་གམ་གཟའ་གང་ཡོད་དེ་ལ་ནི་མ་རིག་པ་ཡིན་ལ། དེ་ནས་བརྩིས་པའི་ཉིན་ཞག་གཉིས་པ་ལ་ནི་རྒ་ཤིའམ་ཤི་བར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་དེ་བཞིན་སྐྱེ་བ་ནི་ཉིན་ཞག་གསུམ་པ་ལའོ། དེ་བཞིན་བཞི་པར་སྲིད་པ་ལྔ་པར་ལེན་པ་ལ་སོགས་པ་ཐམས་ཅད་ཡན་ལག་བཅུ་གཉིས་བར་དུ་རིམ་པ་སྔ་མའི་ཚུལ་དག་གིས་ཡོངས་སུ་འཆར་བར་འགྱུར་ཏེ། ཞག་བཅུ་གཉིས་པར་འདུ་བྱེད་འཆར་ཞིང་། དེ་ནས་སྔ་མའི་གཟའ་ཞག་མེ་སྟེ་གསུམ་པ་དང་ཆུ་གཏེར་བཞི་པ་དང་མདའ་སྟེ་ལྔ་པ་རྣམས་ལ་ཤར་བའི་རྟེན་འབྲེལ་དེ་རྣམས་ཞག་བཅུ་གསུམ་པ་སོགས་ལ་འཆར་ཏེ་བཅུ་གསུམ་པ་ལ་སྐྱེ་བའོ། །བཅུ་བཞི་པ་ལ་སྲིད་པའོ། །བཅོ་ལྔ་པ་ལ་ལེན་པའོ། །ཆུ་སྲིན་གྱི་ཁྱིམ་དུ་བགྲོད་པའི་དབང་གིས་ཕྱོགས་རེས་འགའ་ལ་གཟའ་ཞག་བཅུ་དྲུག་འབྱུང་ཚེ་བཅུ་དྲུག་པ་དེ་ལའང་མ་རིག་པ་ནས་ལུགས་ལྡོག་ཏུ་བརྩིས་པས་ཡན་ལག་དྲུག་པ་སྲེད་པའོ། །དེ་ཅིའི་ཕྱིར་ན་དུས་ཕལ་ཆེར་ཚེས་ཞེས་བྱ་བའི་གཟའ་ཡིས་ཏེ་ཉིན་ཞག་བཅོ་ལྔས་ཕྱོགས་གཅིག་རྫོགས་ཏེ་ཉི་མ་རྒྱུ་བའི་ཁྱིམ་འཕོ་བའི་དབང་གིས་ཉིན་ཞག་སུམ་ཅུས་ཁྱིམ་འཕོ་མི་རྫོགས་པས་རེས་འགའ་ཕྱོགས་ཀྱི་ཡན་ལག་ཞག་བཅུ་དྲུག་གིས་རྫོགས་པ་ཡོད་པའི་དོན་དེས་སོ། །དེ་ལྟར་ལུགས་འདིའི་གཡས་ཀྱི་རྩ་ལ་རྒྱུ་བ་ཆུ་སྲིན་གྱི་དུས་སྦྱོར་ནི་མཉམ་པའི་ཁྱིམ་གྱི་དབང་གིས་དེ་ལྟར་རྟེན་འབྲེལ་བཅུ་གཉིས་ཞག་ལ་ལུགས་ལྡོག་ཏུ་འགོད་པ་ཡིན་ནོ། །འདུ་བྱེད་ནི་


MR17_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་དང་དབོ་ཡི་མཚམས་དག་ཏུ་སྟེ་བུམ་པར་ཉི་མ་སོན་པ་དེ་ལ་རྟེན་འབྲེལ་འདུ་བྱེད་ཁོ་ནའོ་ཞེས་ངེས་པར་རོ། །དེ་ནས་གཟའ་ཞག་གཉིས་པ་ལ་ནི་རྣམ་པར་ཤེས་པར་འགྱུར་ཏེ་ཉིན་ཞག་གསུམ་པ་ལ་ནི་མིང་དང་གཟུགས་བཞི་པ་ལ་སྐྱེ་མཆེད་དྲུག་ལ་སོགས་པ་རིམ་པས་འཆར་ཏེ་བཅོ་ལྔ་པ་ལ་རེག་པའི་བར་དུའོ། །ཁ་ཅིག་ཏུ་གཟའ་ཞག་བཅུ་དྲུག་བྱུང་ན་ཚོར་བའོ། །གཡོན་གྱི་ཆར་གྱུར་པ་བུམ་པའི་དུས་སྦྱོར་མི་མཉམ་པའི་དབང་གིས་རྟེན་འབྲེལ་བཅུ་གཉིས་དེ་སྤྲོ་བའི་རིམ་པས་ལུགས་འབྱུང་དུ་འཆར་བ་ཡིན་ནོ། །དེ་ལྟར་ཟླ་བ་གཉིས་ཀྱི་ཞག་དྲུག་ཅུ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་ཏུ་འཆར་བར་འགྱུར་བ་ནི། ཉི་མའི་ཁྱིམ་འཕོ་བའི་དབང་གིས་སྤྲོ་བ་སྐྱེ་རིམ་ལུགས་འབྱུང་དུ་རིམ་པས་དང་། ལུགས་ལྡོག་རིམ་མིན་དུ་བསྡུ་བའི་སྦྱོར་བས་སོ། །དེ་ལ་དེ་དག་གི་འབྲས་བུ་ནི། མ་རིག་པ་དང་རྣམ་ཤེས་ལ་སོགས་ཡན་ལག་མི་མཉམ་པ་དྲུག་པོ་ཡང་བྱ་བ་ཀུན་ལ་དགེ་བར་འགྱུར་བ་སྟེ། གང་ཞིག་འདུ་བྱེད་ལ་སོགས་མཉམ་པ་དྲུག་པོ་དག་ཀྱང་དུས་རྟག་ཏུ་དབང་བསྐུར་བ་དང་ཡུལ་དུ་འགྲོད་པ་བག་མ་ལ་སོགས་པ་ཞི་བའི་ལས་དག་ལ་དགེ་བ་མིན་ཀྱང་དྲག་པོའི་བྱ་བ་ལ་དགེའོ། །མཉམ་མི་མཉམ་ནི་མ་རིག་པ་ནས་རིམ་པར་བརྩིས་པས་ཡ་རྣམས་མི་མཉམ་ལ་ཟུང་རྣམས་མཉམ་པའོ། །རྟེན་འབྲེལ་ཚེས་ཞག་ལ་འཆར་ཚུལ་གསུངས་པ། གོང་དུ་ཉིན་ཞག་ལ་རྟེན་འབྲེལ་འཆར་ཚུལ་བཤད་པ་དེ་བཞིན་ཟླ་བའི་དཀར་ནག་གི་ཕྱོགས་ཀྱི་དབྱེ་བ་དག་ལ་རི་བོང་ཅན་གྱི་བགྲོད་པའི་དབང་གིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་གང་ཡིན་པ། དཀར་པོ་དང་ནག་པོའི་ཕྱོགས་ཀྱི་ཚེས་ཞག་གི་གྲངས་ལ་དང་པོའི་ཚེས་གྲངས་ལ་གང་ཤར་བ་དེའི་དབང་གིས་སྤྲོ་དང་བསྡུ་བའི་སྦྱོར་བ་དག་གིས་སོ། །ཞེས་པ་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ཚེས་དང་པོ་ལ་མ་རིག་པ་དང་། མཆུ་ཟླའི་དཀར་


MR17_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གི་ཕྱོགས་དང་པོ་ལ་འདུ་བྱེད་ལ་སོགས་པ་རིམ་བཞིན་སྦྱར་ཏེ་འཆར་རོ། །རྒྱལ་ཟླའི་ཚེས་གཅིག་ལ་མ་རིག་པ། གཉིས་པར་འདུ་བྱེད། གསུམ་པར་རྣམ་ཤེས་སོགས་སྤྲོ་བའི་རིམ་པས་བཅོ་ལྔ་ལ་རྣམ་ཤེས་ཀྱི་བར་དུའོ། །ནག་ཕྱོགས་ཚེས་གཅིག་སྟེ་ཚེས་བཅུ་དྲུག་ལ་མ་རིག་པ། གཉིས་པར་རྒ་ཤི གསུམ་པར་སྐྱེ་བ་སོགས་སྡུད་པའི་རིམ་པས་སྟོང་ལ་སྐྱེ་བའི་བར་དུའོ། །དེ་བཞིན་དབོ་ཟླའི་ཕྱོགས་ལ་རྣམ་ཤེས་ནས་སྤྲོ་བསྡུའི་སྦྱོར་པས་རིམ་པར་ཤེས་པར་བྱའོ། །འདི་དག་འཇིག་རྟེན་ཐ་སྙད་ཀྱི་སྐར་རྩིས་ཤེས་པ་དག་གི་ལུགས་ལས་བཤད་པ་ཇི་བཞིན་མངོན་ཤེས་དང་བྲལ་བ་རྣམས་ཀྱིས་དེའི་རྗེས་སུ་ཤེས་པར་བྱའོ་ཞེས་པས་རྒྱས་པར་མ་གསུངས་སོ། །ཞེས་སམ། རྩ་མིའི་འགྱུར་ལས། འདིར་དེ་ཉིད་ཇི་ལྟ་བ་བཞིན་འཇིག་རྟེན་པའི་ཐ་སྙད་དུ་རྩིས་ཤེས་པ་མངོན་ཤེས་ལྔ་དང་བྲལ་བས་ཀྱང་ཤེས་པ་དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པ་རྒྱས་པར་མ་གསུངས་སོ། །ཞེས་འབྱུང་ངོ་། །གནས་པ་བཅོ་བརྒྱད་པ་སྒྲ་གཅན་ལ་སོགས་པའི་སའི་སྟོབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ནི། ཉི་མ་མིག་དམར་མཇུག་རིངས་སོགས་ཚིགས་སུ་བཅད་པ་བརྒྱ་དང་བཅོ་བརྒྱད་པ་ནས། བརྒྱ་ཉེར་དྲུག་པའི་བར་གྱིས་བསྟན་པ་འདི་ནི་ཕྱོགས་ཀྱི་དགེ་བ་དང་མི་དགེ་བའི་འབྲས་རྩིས་བསྟན་པ་ཡིན་ཏེ། གཡུལ་འགྱེད་པ་སོགས་ཕ་རོལ་དང་རྩོད་པའི་དུས་སུ་དྲག་པོའི་གཟའ་ཉི་མ་དང་མིག་དམར་དང་མཇུག་རིངས་དང་སྤེན་པ་བཞི་ནི་ཁྱིམ་གྱི་རྒྱུ་སྐར་གྱི་རྐང་པ་གང་ལ་གནས་པ་གཟའ་ལྔའི་རྩིས་ཀྱིས་ཤེས་པར་བྱ་ཞིང་། ཁྱིམ་གྱི་གོ་ལ་འཁོར་བའི་དབང་གིས་དུས་ད་ལྟ་བ་ལ་ཕྱོགས་གང་དུ་ཡོད་པ་ལེགས་པར་བརྟག་ནས་དྲག་པོའི་གཟའ་དེ་རྣམས་རང་གི་གཡས་ཀྱི་ཕྱོགས་སམ། ཡང་ན་རྒྱབ་ཀྱི་ཕྱོགས་དག་ཏུ་ཡང་དག་གནས་པར་བྱས་པས་ཕ་རོལ་དགྲ་ནི་འཆི་བར་བྱེད་དོ། །རང་གི་གཡོན་དང་ཡང་ན་མདུན་གྱི་ཕྱོགས་ཉིད་དུ་ཞི་བའི་རང་


MR17_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་གྱི་གཟའ་ཡི་ཚོགས་ཟླ་ལྷག་སངས་ཕུར་མཐའ་དག་ཡོད་པར་བྱས་ཏེ་ཚུར་རང་ལ་ཁ་ཕྱོགས་ནས་འགྱེད་པ་པོ་དགྲའི་མདུན་དུ་དྲག་གཟའ་དང་། རྒྱབ་ཏུ་ཞི་གཟའ་ཡོད་པ་དེ་ལྟ་བུར་གྱུར་པ་ནི། གཡུལ་གྱི་སར་ནི་ཕན་ཚུན་འཐབ་པའི་དུས་སུ་ས་ཡི་སྟོབས་བརྩི་བ་ནི་དེ་བཞིན་ཁོ་ན་བགྱིའོ། །དེ་བཞིན་དུ་འཆར་བར་འགྱུར་པའི་རྣལ་འབྱོར་མ་བརྒྱད་དང་། བིཥྚི༷་དང་དྲག་པོ་དང་། རླུང་ཞེས་པ་སྐབས་འདིར་རླུང་གི་ཤུགས་ཀྱིས་ཉིན་མཚན་ཕྲུག་རེ་ལ་རི་རབ་ལ་ལན་ལྔ་ལྷག་ཙམ་འཁོར་བ་ཐུན་ཕྱེད་སྒྲ་གཅན་དང་བཅས་པ། རང་གི་གཡས་དང་རྒྱབ་ཏུ་བཞག་ན་རང་ལ་བདེ་བ་སྦྱིན་པ་སྟེ། དྲག་པོའི་གཟའ་དང་རྣལ་འབྱོར་མ་ལ་སོགས་པ་དུས་ལྷ་སྟོབས་ལྡན་འདི་རྣམས་གཡུལ་བཀྱེ་བ་དང་མདོས་ཟོར་སོགས་དྲག་ལས་ཀྱི་དུས་སུ་གཡོན་དང་མདུན་དུ་བྱས་ན་འཆི་བའི་རང་བཞིན་སྟེར་བར་འགྱུར་རོ། །གལ་ཏེ་སྟབས་ཀའི་དབང་གིས་ས་ཡི་སྟོབས་དེ་ལྟར་མཐའ་གཅིག་ཏུ་ངེས་པར་མ་གྱུར་ཏེ། དྲག་པོ་ཕྱེད་དགྲ་ཡི་རྒྱབ་དང་གཡས་དང་། ཕྱེད་རང་གི་རྒྱབ་དང་གཡས་སུ་ཡོད་ལ། ཞི་གཟའ་ཕྱེད་ཕ་རོལ་དང་ཕྱེད་རང་གི་མདུན་དང་གཡོན་དུ་ཡོད་པ་ལྟ་བུའི་ས་སྟོབས་མཉམ་པར་གྱུར་པ་ན་གཉིས་ཀའི་དཔུང་ནི་འཇོམས་པ་ལ་སྟོབས་མཚུངས་པར་འགྱུར་བ་དང་། གལ་ཏེ་ཞི་དྲག་རྣམས་ངེས་པ་མེད་པར་རང་དང་དགྲའི་མདུན་རྒྱབ་ལ་སོགས་པར་མི་མཉམ་པར་སྣ་ཚོགས་སུ་གྱུར་པས་ཀྱང་གཉིས་ཀའི་དཔུང་ནི་འཇོམ་པར་འགྱུར་ཏེ་འོན་ཀྱང་ནང་གི་དབྱེ་བ་ནི་སའི་སྟོབས་ཆེ་ཆུང་ལ་དཔགས་ནས་ཤེས་པར་བྱའོ། །རྣལ་འབྱོར་མ་བརྒྱད་ཀྱི་རྒྱུ་ཕྱོགས་གསུངས་པ། ཚངས་པ་མ་དང་དྲག་མོ་དང་གཞོན་ནུ་མ་དང་། མཁའ་འགྲོའི་བདག་གིས་འགྲོ་མ་ནི་ཁྱབ་འཇུག་མ་སྟེ་མཁའ་འགྲོའི་བདག་པོ་ཁྱུང་གི་བཞོན་པས་འགྲོ་བ་ཁྱབ་འཇུག་ཡིན་པས་སོ། །ཕག་མོ་དང་། རྡོ་རྗེ་ལག་མ་


MR17_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་དབང་མོ་སྟེ་དབང་པོ་ལ་རྡོ་རྗེ་ཅན་ཞེས་བྱ་སྟེ་ལག་ན་རྡོ་རྗེ་ཐོགས་པས་སོ། །ཙ་མུཎྜཱ་ཉིད་དང་དཔལ་མོ་སྟེ་བརྒྱད་པོ་དག་ནི། དཀར་ནག་གི་ཕྱོགས་གཉིས་ཀྱི་ནོར་གྱི་ཚེས་ཏེ་ཚེས་གྲངས་བརྒྱད་ཀྱི་ཞག་ལ་རེས་བསྐོར་ནས་འཆར་བར་འགྱུར་ཏེ། དཀར་ནག་གི་ཕྱོགས་ཀྱི་དང་པོའི་ཚེས་གཅིག་དང་དགུ་པ་ལ་བརྒྱ་བྱིན་དུ་སྟེ་ཞེས་པ་ཤར་ཕྱོགས་སུ་ཚངས་མ་འཆར་རོ། །ཚེས་གཉིས་པ་དང་བཅུ་ལ་གནོད་སྦྱིན་ཏེ་བྱང་གི་ཕྱོགས་སུ་དྲག་མོའོ། །གསུམ་པ་དང་བཅུ་གཅིག་ལ། མེ་སྟེ་ཤར་ལྷོའི་ཟུར་དུ་གཞོན་ནུ་མའོ། །ཚེས་བཞི་པ་དང་བཅུ་གཉིས་ལ་ལྷ་མིན་ནམ་བདེན་བྲལ་གྱི་ཕྱོགས་ལྷོ་ནུབ་ཏུ་ཁྱབ་འཇུག་མའོ། །ལྔ་དང་བཅུ་གསུམ་ལ་གཤིན་རྗེ་ཡི་ཕྱོགས་ལྷོ་རུ་ཕག་མོའོ། །དྲུག་དང་བཅུ་བཞི་པ་ལ་ཆུ་ལྷ་ཡི་ཕྱོགས་ནུབ་ཏུ་དབང་མོའོ། །བདུན་དང་ཉ་ཡི་ཕྱེད་སྔ་མར་ང་ལྷའི་ཕྱོགས་ནུབ་བྱང་དུ་ཙཱ་མུཎྜཱ་འཆར་བ་དང་། བརྒྱད་དང་ཉ་ཡི་ཕྱེད་ཕྱི་མར་དབང་ལྡན་གྱི་ཕྱོགས་སམ་ས་ལ་དཔལ་མོ་ཆེན་མོ་འཆར་བའོ། །དེ་བཞིན་དུ་ནག་པོའི་ཚེས་གཅིག་ནས་གནམ་སྟོང་གི་སྔ་ཆ་དང་ཕྱི་ཆའི་38བར་དུ་གོང་ལྟར་བསྐོར་བས་ཤེས་ཏེ་འདི་དག་དཔེའུ་རིས་ལ་བལྟས་པས་བདེ་བླག་ཤེས་ནུས་ཤིང་སྐར་རྩིས་ཀྱི་གཞུང་རྣམས་ལས་ཡོངས་སུ་གྲགས་སོ། །དབྱངས་འཆར་གྱི་རྒྱུད་དུ་རྣལ་འབྱོར་མ་བརྒྱད་དང་བིཥྚི་བཤད་པ་དང་འདིའི་ལུགས་ཕྱོགས་ཅི་རིགས་མི་མཚུངས་པ་ཡོད་དོ། །དེ་ལྟར་ཕྱོགས་འདི་དག་ཏུ་ཚེས་དེ་ལ་རྣལ་འབྱོར་མ་འདི་དག་ནི་འཆར་བ་དག་ཏུ་བྱེད་དེ་འཆར་ཕྱོགས་དེ་རྒྱབ་ཏུ་བཞག་ནས་དགྲ་དང་འཐབ་པར་བྱའོ། །འདིར་ནི་རྣལ་འབྱོར་མ་བརྒྱད་ཚེས་རིལ་པོ་རེ་ལ་འཆར་ཚུལ་ལོ། །སླར་ཡང་དཀར་ནག་གི་ཚེས་རྣམས་ལ་ནི་སྔ་ཆ་དང་ཕྱི་ཆ་བྱས་ཏེ་བརྒྱད་གཉིས་བཅུ་དྲུག་ཏུ་དབྱེ་བས་འཆར་ཚུལ་ཐ་དད་དུ་ཡོད་དོ། །དེ་གང་ཞེ་ན་རང་རང་གི་ཚེས་རྣམས་ཀྱི་སྔ་ཆ་ལ་སྔར་ཇི་སྐད་བརྗོད་པ་ལྟར་རྣལ་འབྱོར་


MR17_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་དག་འཆར་ལ། ཕྱི་ཆ་ལ་རང་རང་གི་རྗེས་ཀྱི་ཚེས་ལ་འཆར་བའི་རྣལ་འབྱོར་མ་དེ་ཉིད་དེ་ཡི་ཕྱོགས་སུ་འཆར་ཏེ། དཔེར་ན་ཚེས་གཅིག་དང་དགུ་ཡི་སྔ་ཆར་ཚངས་མ་འཆར་ཞིང་། དེ་དག་གི་ཕྱི་ཆ་ལ་དྲག་མོ་བརྒྱད་ཀྱི་སྔ་ཆར་དཔལ་མོ་དང་ཕྱི་ཆར་ཚངས་མ་འཆར་བ་སོགས་རིམ་བཞིན་སྦྱར་ཏེ་བཅུ་བཞིའི་སྔ་ཆར་དབང་མོ་དང་ཕྱི་ཆར་ཙཱ་མུཎྜཱ། ཉ་སྟོང་གི་སྔ་ཆར་ཙཱ་མུཎྜཱ་དང་ཕྱི་ཆར་དཔལ་མོ་འཆར་བའི་བར་དུའོ། །འདིར་རྣལ་འབྱོར་མ་བརྒྱད་ཀ་ཚེས་ཀྱི་ཕྱེད་རེ་ལ་འཆར་བར་མཉམ་པས་རྣལ་འབྱོར་མ་བཅུ་དྲུག་གི་འཆར་ཚུལ་ཞེས་སྔ་འགྲེལ་རྣམས་སུ་བཤད་ཀྱང་ངོ་བོས་རྣལ་འབྱོར་མ་བརྒྱད་དཀར་ནག་གི་ཚེས་ལ་ལན་བརྒྱད་རེ་འཁོར་བ་ཡིན་ནོ། །སྔ་མར་རྣལ་འབྱོར་མ་ཕྱི་མ་གཉིས་ནི་ཞག་ཕྱེད་ལས་འཆར་བ་མེད་དོ། །དེ་ནས་བིཥྚི་འཆར་ཚུལ་གསུངས་པ། བི༷ཥྚི༷་བརྒྱད་པོ་རྣམས་ནི་དཀར་པོའི་ཕྱོགས་ཀྱི་ཚེས་ལ་བརྒྱ་བྱིན་གྱི་ཕྱོགས་སུ་ཚེས་བཞི་ལ་འཆར་རོ། །བརྒྱད་ལ་གཤིན་རྗེ། བཅུ་གཅིག་ལ་ཆུ་བདག་གི་ཕྱོགས་དང་། ཉ་ལ་གནོད་སྦྱིན་གྱི་ཕྱོགས་ཉིད་དུ་ཡང་འདིར་འཆར་པར་འགྱུར་རོ། །སླར་ཡང་ནག་པོའི་ཕྱོགས་ལ། བཅོ་བརྒྱད་ཀྱི་ཚེས་ལ་རྩེ་མོ་ཅན་མེ་ཡི་ཕྱོགས་དང་། ཉེར་གཉིས་ལ་ལྷ་མིན་གྱི་ཕྱོགས་ལྷོ་ནུབ་དང་། ཉེར་ལྔ་ལ་རླུང་གི་ཕྱོགས་དང་། ཉེར་དགུ་ལ་དབང་ལྡན་བྱང་ཤར་གྱི་ཟུར་རམ་མཚམས་ཉིད་དུ་འཆར་ཏེ་དེ་ལྟར་བིཥྚི་འཆར་བའི་བྱ་བའམ་ཆོ་ག་ནི་སྔར་ལྔ་བསྡུས་ཀྱི་སྐབས་སུ་བཤད་པའི་བིཥྚི་ཚེས་ལ་རྒྱུ་བ་དེ་དག་ཕྱོགས་གང་ནས་འཆར་ཚུལ་སྐབས་འདིར་བཤད་པ་བཞིན་རིམ་པས་སོ། །ཞེས་ཚེས་གྲངས་སྐབས་འདིར་དངོས་སུ་མ་གསུངས་པ་ཡང་དེའི་དབང་གིས་ཡིན་ནོ། །དེ་ནས་དྲག་པོ་འཆར་ཕྱོགས་ཀྱི་སྟོབས་གསུངས་པ། རཱ་ཧུ་དྲག་པོ་ནི་ལོ་གཅིག་ཉི་མའི་ཁྱིམ་འཕོ་བཅུ་གཉིས་དང་བསྟུན་ནས་ཕྱོགས་མཚམས་བརྒྱད་དུ་རིམ་པར་གཡོན་དུ་འཁོར་བ་སྟེ།


MR17_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ནས་བརྩམ་སྟེ་གཡོན་གྱི་ཕྱོགས་གཞན་གྱི་ཕྱེད་ནུབ་བྱང་གི་བར་དུ་འགྲོ་སྟེ་ཉི་མའི་ཁྱིམ་འཕོ་བའི་ཉིན་ཞག་གི་དབང་གིས་ཤར་ནས་བྱང་དུ་འཁོར་བ་ཡང་སྟེ་བྱང་དུ་བགྲོད་པ་དག་གི་ཉི་མ་རྣམས་ལའོ། །བྱང་བགྲོད་ཀྱི་ཁྱིམ་དྲུག་རྫོགས་ནས་ཆུ་སྟེ་ནུབ་ཕྱོགས་ནས་མ་ལྡན་ཤར་ལྷོའི་བར་དག་ཏུ་དྲག་པོ་དེ་ནི་ངེས་པར་འགྲོ་སྟེ་ནུབ་ནས་ལྷོ༷་རུ་ཕྱོགས་པར་ལྷོ་རུ་བགྲོད་པ་ཡི་ཉི་མ་ཡི་ཞག་དག་ལའོ། །ཞེས་གསུངས་པ་ལྟར། ཆུ་སྲིན་དང་བུམ་པའི་ཕྱེད་ལ་ཤར་དུའོ། །བུམ་པའི་ཕྱེད་དང་ཉ་ལ་དབང་ལྡན་དུའོ། །ལུག་དང་གླང་གི་ཕྱེད་ལ་བྱང་དུའོ། །གླང་གི་ཕྱེད་དང་འཁྲིག་པ་ལ་རླུང་དུའོ། །དེ་ལྟར་བྱང་བགྲོད་རྫོགས་ནས་ཀརྐ་ཊ་དང་སེང་གེའི་ཕྱེད་ལ་ཆུ་རུའོ། །སེང་གེའི་ཕྱེད་དང་བུ་མོ་ལ་བདེན་བྲལ་དུའོ། །སྲང་དང་སྡིག་པའི་ཕྱེད་ལ་གཤིན་རྗེར་རོ། །སྡིག་པའི་ཕྱེད་དང་གཞུ་ལ་མེ་རུའོ། །འདི་སྐབས་ཕྱོགས་བཤད་པ་འདི་དག་སྒྲ་གཅན་འཆར་ཕྱོགས་སུ་མི་བྱེད་པར་སྒྲ་གཅན་ལུས་ཀྱིས་ཕྱོགས་བརྒྱད་ཀྱི་ཕྱེད་ཁྱབ་ཅིང་དེའི་གདོང་གི་ཁ་བལྟ་ཕྱོགས་སུ་བཤད་པས་ཆུ་སྲིན་བུམ་པའི་ཕྱེད་ལ་སྒྲ་གཅན་གདོང་ནུབ་ནས་ཤར་དུ་ཁ་བལྟས་པ་དེའི་ཚེ་ཤར་དུ་ཁ་བལྟ་བ་རྒྱལ་ཞིང་ནུབ་ཏུ་བལྟས་པ་འཕམ་ཞེས་བཤད་པ་སྣང་སྟེ་བརྟག་པར་བྱའོ། །གཞན་ཟླ་བ་དང་ཕྱོགས་དང་ཉིན་ཞག་དང་དུས་ཀྱི་དྲག་པོ་རྣམ་པ་དྲུག་ཏུ་བཤད་པ་ནི་དོན་ཆེན་པོ་མེད་པ་སྟེ་དེས་ན་རྒྱུད་འདིར་མ་གསུངས་སོ་ཞེས་འགྲེལ་པ་ལས་གསུངས་པའི་ཤོང་འགྱུར་ལ་གཅིག་མ་ཚང་བ། དཔང་འགྱུར་ལས་བགྲོད་པའི་དྲག་པོ་དང་ལྔ་བྱུང་ངོ་། །དེ་ལྟར་ན་དེ་དྲུག་ལས་འདིར་ལོ་ཡི་དྲག་པོ་ཁོ་ན་གསུངས་ཞེས་སོ། །དེ་ནས་ཐུན་ཕྱེད་སྒྲ་གཅན་འཆར་བའི་སྟོབས་གསུངས་པ། ཐུན་ཕྱེད་སྒྲ་གཅན་འདིའི་རྒྱུ་ཚུལ་ནི་ཉིན་མོ་ཐུན་བརྒྱད་དང་མཚན་མོ་ཐུན་བརྒྱད་དུ་བྱས་པའི་ཐུན་རེ་ལ་ཕྱོགས་རེ་རེ་ནས་འཆར་བར་འགྱུར་ཏེ་འདིའི་རྒྱུ་བའི་ཕྱོགས་ནི་ཉིན་གྱི་ཐུན་ཕྱེད་དང་པོ་ཉི་མ་འཆར་


MR17_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་སུ་ཤར་ནས་རྒྱུ་བའི་ཚེ་ཐུན་ཕྱེད་དེའི་རིང་དག་ལ་ཤར་དུ་གནས་ནས་ཐུན་ཕྱེད་ཀྱི་མཇུག་ཏུ་ཕྱོགས་གཞན་རླུང་དུ་རབ་ཏུ་འཇུག་སྟེ་དེ་བཞིན་དུ་ནི་རླུང་ནས་ལྷོ༷་རུ་འགྲོ་བར་བྱེད་ཅིང་། ལྷོ་ནས་དབང་ལྡན་དང་དེ་ནས་ཆུ་དང་། དེ་ནས་མེ་དང་། དེ་ནས་གནོད་སྦྱིན་དང་། དེ་ནས་ལྷ་མིན་གྱི་གྲོང་ཁྱེར་དུ་སྟེ་ལྷོ་ནུབ་ཏུ་འགྲོ་ཞིང་དེ་ལྟར་ཉིན་ཐུན་བརྒྱད་རྫོགས་ནས་བདེན་བྲལ་གྱི་ཕྱོགས་དེ་ནས་སླར་ཡང་ཤར་དུ་འཁོད་པ་དེ་ང་གི་ཕྱོགས་ཉིད་དུ་རྒྱུ་བ་ནི་ཉི་མ་ནུབ་པ་མཚན་མོའི་ཐུན་ཕྱེད་དང་པོ་ལ་ཡིན་པར་འགྱུར་ཞིང་དེ་ནས་སྔར་བཞིན་བསྐོར་ཏེ་རྟག་ཏུ་གཡོན་སྐོར་འབའ་ཞིག་གིས་རྒྱུ་བ་ཡིན་ལ། རྒྱུད་དང་འགྲེལ་པ་ལས་དངོས་བསྟན་དུ་དེ་ལས་གཞན་ཅི་ཡང་མ་གསུངས་པ་འདི་ལྟར་ན་དུས་རྟག་ཏུ་ཉིན་མཚན་གྱི་ཐུན་ཕྱེད་བཅུ་དྲུག་པོ་འབའ་ཞིག་ལ་རྒྱུ་ཚུལ་ཡིན་ཞིང་། སྔ་འགྱུར་གཏེར་མའི་ཕྱོགས་འགའ་ལས་ཉིན་བཞི་མཚན་བཞིའི་ཐུན་བརྒྱད་ལ་དུས་ཀྱི་སྒྲ་གཅན་རྒྱུ་ཚུལ་ཡང་འདི་ལྟར་གསུངས་སོ། །དབྱངས་འཆར་བ་སོགས་རྩིས་ཀྱི་མན་ངག་གི་རྒྱུད་གཞན་ན། ཤར་དུ་ཉི་མ་ཤར་ལྷོར་མིག་དམར་སོགས་དང་བྱང་ཤར་དུ་རཱ་ཧུ་བཀོད་ཅིང་རེས་གཟའ་གང་ཡིན་དེ་ཡི་ཕྱོགས་ནས་ཉིན་གྱི་ཐུན་ཕྱེད་དང་པོ་ཡི་རཱ་ཧུ་འཆར་ཞིང་། དཀར་ནག་གི་ཕྱོགས་ཀྱི་ཉིན་མོ་དང་མཚན་མོ་ལ་གཡས་བསྐོར་གཡོན་བསྐོར་གྱི་ཁྱད་པར་བཤད་པ་ཡོད་དོ། །འགྲེལ་ཆེན་ལས་འདིར་གཟའ་བདུན་པོ་རྣམས་ལས་ཉི་མ་འཆར་བ་ལ་ཤར་ནས་ཏེ་ཞེས་གསུངས་པ་འདི་ལ་བརྟེན་ནས་རེས་གཟའ་བདུན་དང་སྦྱར་བའང་འགྲེལ་པ་དུ་མར་སྣང་མོད། གཟའ་བདུན་པོ་རྣམས་ལས་ཞེས་པ་ལུགས་འདིར་རེས་གཟའ་བདུན་པོ་རྣམས་ལས་གང་ཡོད་ཀྱང་འདྲ་སྟེ་ཉི་མ་འཆར་བའི་ཐུན་ཕྱེད་ལ་ཤར་ནས་ཅེས་པའི་དོན་ཡིན་པར་གོ་ཡང་ཆོག་ལ། གལ་ཏེ་རེས་གཟའི་ཁྱད་པར་གྱི་ཉིན་གྱི་དང་པོར་རྟག་ཏུ་ཤར་ནས་འཆར་བར་མི་ངེས་ན་གཟའ་


MR17_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བདུན་པོའི་འཆར་ཕྱོགས་གང་ཡིན་གསུངས་རིགས་པ་ལ་དེའི་ཟུར་ཙམ་ཡང་མ་བྱུང་བས་ལུགས་དེ་གཉིས་གང་འཐད་བརྟག་པར་བྱ་བའི་གནས་སུ་སྣང་ངོ་། །ཐུན་ཕྱེད་སྒྲ་གཅན་དེའི་སྟོབས་བསྔགས་པ་གསུངས་པ། དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་ཏེ་དེ་མ་གཏོགས་པ་དུས་ལྷ་གཞན་ལས་རླུང་སྟེ་ཐུན་ཕྱེད་སྒྲ་གཅན་དག་སྟོབས་ཆེ་བས་འདི་ལ་བརྟེན་པར་བྱས་པ་ལས་ཀྱང་རྣམ་པར་རྒྱལ་བ་ཐོབ་པར་འགྱུར་རོ། །རྩ་བའི་སྒྲ་གཅན་གྱི་སྟོབས་བསྔགས་པ་ན། གང་ཞིག་ཕན་ཚུན་རྒྱལ་ཕམ་འགྲན་པའི་འཐབ་མོ་ཆུང་ངུ་དང་། འཐབ་རྩོད་ཆེན་པོ་གཡུལ་དུ་འཁྲུག་པ་དག་ལ་རྩ་བའི་སྒྲ་གཅན་གྱིས་ནི་དགྲ་ཡི་སྟོབས་འཇོམས་པ་དེ་དང་མཚུངས་པ་གཞན་དུས་ལྷ་གང་ཡང་ཡོད་པ་མིན་ཏེ། ཟླ་བའི་སྒྲ་གཅན་དང་བིཥྚི་དང་རྣལ་འབྱོར་མ་ལ་སོགས་པ་མཐའ་དག་ལས་ཀྱང་རྩ་བའི་སྒྲ་གཅན་ཉིད་མཆོག་གོ་ཞེས་གསུངས་སོ། །འཐབ་མོ་པའི་རྒྱལ་ཕམ་གྱི་མཚན་མ་བརྟག་པ་གསུངས་པ། འཐབ་མོ་པ་གཉིས་པོའི་མིང་གཉིས་ཀྱི་དབྱངས་གཅིག་གིས་གཅིག་ལ་དམན་པར་བྱ་ཞིང་། དེ་ཡང་དབྱངས་ཐུང་ངུ་ནི་རིང་པོ་དང་། རིང་པོའང་ཤིན་ཏུ་རིང་པོས་འཇོམས་པའི་ཕྱིར་མིང་གི་དབྱངས་ཀྱི་ཡི་གེ་རྣམས་ཀྱི་མང་ཉུང་གི་སྟོབས་བརྟག་ནས། མཚན་མའི་འཐབ་མོ་པ་ནི་མཉམ་པ་དང་། མི་མཉམ་པའི་གཡུལ་ལ་གང་གི་མིང་གི་དབྱངས་ལྷག་པ་སྟེ་མང་བ་གང་གིས་ཅིག་ཤོས་འཇོམས་པར་བྱེད་པ་སྟེ། ཞེས་མིང་གི་དབྱངས་གང་མང་བ་རྒྱལ་བར་འགྱུར་ཞེས་སོ། །གོང་དུ་རྩ་བའི་སྒྲ་གཅན་གྱི་སྟོབས་བསྔགས་པའི་སྐབས་སུ། འགྲན་པའི་འཐབ་མོ་དང་། འཁྲུག་པ་ཞེས་གསུངས་པ་ལ་འགྲེལ་བར། མཚན་མའི་འཐབ་མོ་འཐབ་མོ་པ་གཉིས་ཀྱི་འཐབ་མོ་དང་འཁྲུག་པ་དག་ལ་ཡང་རྩ་བའི་སྒྲ་གཅན་གྱིས་ནི་ཞེས་གསུངས་ཤིང་། སྐབས་འདིར་འཐབ་མོ་པ་ནི་མཉམ་པའི་གཡུལ་མཚན་མའི་འཐབ་མོ་དང་། མི་མཉམ་


MR17_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཡུལ་གཉིས་ཀའི་དཔུང་གི་འཁྲུག་པ་ལ་སྟེ། ཞེས་གསུངས་པའི་དོན། སྔ་འགྲེལ་རྣམས་སུ་གཡུལ་འགྱེད་པའི་ཆས་སུ་ཞུགས་པའི་མཚན་མའམ། དཔའ་བོའི་མཚན་མ་ཅན་གྱི་དཔུང་ཕན་ཚུན་གྲངས་མཉམ་པ་དང་མི་མཉམ་པ་ཞེས་གསུངས་མོད། འགྲེལ་ཆེན་གྱི་ཚིག་རིས་དང་མི་མཐུན་པས་དཔྱད་བྱར་སྣང་ལ། འདིའི་དོན་འདི་ལྟར་བཤད་དེ་གཡུལ་འཁྲུགས་པ་ལའང་འཐབ་མོའི་མིང་འཇུག་ཅིང་། མཚན་མའི་འཐབ་མོ་ལའང་འཐབ་པའི་མིང་གཡུལ་ཞེས་བརྗོད་འདོད་ཀྱིས་བཏགས་པ་ཙམ་རུང་མོད། སྐབས་འདིར་ཕན་ཚུན་འགྲན་པའི་འཐབ་མོ་དང་། གཡུལ་གཉིས་སུ་བཤད་པའི་དོན་ནི། རང་དང་གཞན་གྱི་ཕྱོགས་ཀྱི་མཚན་མ་བཟུང་ནས་ཐུག་འགྱེད་པ་དང་། ཤོ་དང་རྒྱན་དང་མིག་མང་སོགས་འགྲན་པ་དང་། ཤེད་དང་མདའ་དང་བང་སོགས་འགྲན་པ་ལས་རྒྱལ་ཕམ་གྱི་མཚན་མ་བཟུང་བའི་རིགས་ནི་འཐབ་མོ་ཞེས་བྱ་སྟེ་ཕན་ཚུན་རྩོད་པ་ཡིན་ཡང་ཤིན་ཏུ་མི་མཐུན་པ་མ་ཡིན་པས་མཉམ་པའི་འཐབ་མོ་ཞེས་བྱའོ། །ཞེ་ཤིན་ཏུ་མི་མཐུན་པ་མི་མཉམ་པའི་འཐབ་པ་ནི་གཡུལ་འཁྲུག་པ་སྟེ་དེ་ལྟར་གཉིས་སུ་འབྱེད་པ་འགྲེལ་བའི་དགོངས་པར་གནས་སོ་སྙམ་དུ་བདག་གིས་སེམས་སོ། །གཞན་ཡང་ལུང་སྟོན་པ་པོའི་འབྱིན་རྔུབ་ཀྱི་དབུགས་ལ་འཐབ་མོ་པ་གཉིས་ཀྱི་མིང་གཉིས་ལས་གང་ཞིག །དབུགས་ནང་དུ་སྙིང་ལ་རབ་ཏུ་འཇུག་པ་རྔུབས་པའི་ཚེ་བརྗོད་ན་མིང་ཅན་དེ་ནི་འཁྲུག་པ་དག་ལས་རྒྱལ་བར་འགྱུར་ཞིང་དེའི་ཤུགས་ཀྱིས་དབུགས་ཕྱིར་འབྱིན་པའི་དུས་སུ་གང་གི་མིང་བརྗོད་པ་སྟེ་འཕམ་པར་འགྱུར་རོ། །ཞེས་བསྟན་ཏོ། ཕོ་ཉས་བརྗོད་པ་དག་གི་ཚེ་ན་དང་པོའི་མིང་སྟེ་གང་གི་མིང་དང་པོར་བརྗོད་པ་དེ་རྣམ་པར་རྒྱལ་བར་འགྱུར་ཏེ་མིང་སྔ་མ་བརྗོད་པ་དེའི་རྗེས་ནས་བརྗོད་པའམ། ཕྱིས་ཀྱི་མིང་ཅན་ནི་འཕམ་པར་འགྱུར་རོ། །དབྱངས་


MR17_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབུགས་ཀྱི་མཚན་མ་ལ་བརྟག་ནས་རྒྱལ་འཕམ་དུ་འགྱུར་ཚུལ་འདི་དབྱངས་འཆར་རྒྱུད་ཀྱི་རྩིས་ཕྲན་སྐོར་དུའང་བཤད་དོ། །གཞན་ཡང་འཐབ་མོའི་རྒྱལ་འཕམ་བརྟག་པའི་རྩིས་ཀྱི་སྐོར་དབྱངས་འཆར་གྱི་རྒྱུད་ལས་བཤད་པ་རྒྱན་གྱི་འཁོར་ལོ་རྒྱལ་མཚན་དང་དུ་བ་དང་སེང་གེ་དང་ཁྱི་ལ་སོགས་པ་བརྒྱད་ཀྱི་འདུ་བ་དང་ཁ་དོག་ལྗང་དཀར་དམར་ནག་དང་། དེ་བཞིན་བྲམ་ཟེ་སོགས་རིགས་བཞི་དང་མིང་གི་དབྱངས་ལ་སོགས་པ་ཡི་གེའི་ཚོགས་ཀྱི་གསལ་བྱེད་གཉིས་ཀྱིས་བསྒྱུར་ཞིང་དབྱངས་བཞིས་བསྒྱུར་བ་བསྡོམ་སྟེ་བདུན་གྱིས་བགོས་པའི་ལྷག་མ་མཉམ་དང་མི་མཉམ་གྱུར་པ་ལས་རྒྱལ་འཕམ་གྱི་འབྲས་བུ་སྟོན་པ་དབང་ཕྱུག་གིས་དབྱངས་འཆར་གྱི་རྒྱུད་དུ་སྤྲོས་པས་བརྗོད་པ་འདི་དག་ལ་བརྟེན་ནས་ཕྱི་རོལ་པའི་ལྷ་ཤེས་པ་རྣམས་ཀྱིས་མཉམ་པ་དང་མི་མཉམ་པར་གྱུར་པ་རྣམས་ཀྱི་དོན་དེ་ཁོ་ན་ལྟར་མཐའ་གཅིག་ཏུ་གཞན་ལ་རྒྱལ་འཕམ་ལུང་སྟོན་པ་ནི་འབྲས་བུ་མེད་པ་ལུང་སྟོན་པ་ཉིད་དེ། གང་གི་ཕྱིར་ན་མངོན་པར་ཤེས་པ་ལྔ་མེད་པའི་ཕྱིར་གཟའ་སོགས་ཀྱི་མཚན་མའི་བརྟག་པ་ཙམ་ཞིག་གིས་སེམས་ཅན་རྣམས་ཀྱི་ལས་ཀྱི་མྱོང་བ་སྣ་ཚོགས་མཐའ་གཅིག་ཏུ་རྟོགས་པར་མི་ནུས་སོ། །འཇིག་རྟེན་པའི་ཐ་སྙད་ཀྱིས་བརྗོད་པ་དག་གིས་བྱིས་པ་རྣམས་ཀུན་ཏུ་རྨོངས་པ་བསྐྱེད་པའི་ཚིག་ལ་གཙོ་བོར་བཟུང་ནས་སེམས་ཅན་རང་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་མི་ཤེས་པར་གཟའ་དང་སྐར་མ་ཁྱིམ་ལ་སོགས་པའི་དུས་ཀྱི་དབང་གིས་སེམས་ཅན་རྣམས་བདེ་བ་དང་སྡུག་བསྔལ་བ་དང་འཕམ་པ་དང་རྒྱལ་བ་སོགས་བྱུང་ངོ་སྙམ་དུ་གཟའ་ལ་སོགས་པའི་འབྲས་བུའི་ཟོལ་གྱིས་བྱིས་པ་བསླུ་བར་བྱེད་པའི་རྫུན་གྱི་ཚིག་གི་བཀོད་པ་དུ་མ་དབང་ཕྱུག་གི་ཆོས་ལ་གནས་པའི་དྲང་སྲོང་རྣམས་ཀྱིས་དབྱངས་འཆར་བའི་རྒྱུད་ཀྱི་དོན་དུ་བཀོད་པ་བྱས་ཏེ་དབང་ཕྱུག་གིས་དེ་ལྟར་གསུངས་སོ་ཞེས་རྫུན་གྱི་ཚིག་གིས་འཇིག་རྟེན་རྣམས་རབ་ཏུ་བསླུ་བར་བྱེད་པ་སྟེ་འདིའི་སྤྲོས་པ་རྒྱ་ཆེར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ་ཞེས་འགྲེལ་པའི་གསུངས་པ་གོ་བདེར་བཤད་པ་སྟེ། དྲང་སྲོང་སྐར་མ་ལ་དགའ་བས། ཐུབ་པ་ཁྱོད་ནི་


MR17_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལ་སྐྱེས། །མཚན་མཆོག་དག་ནི་ཤིན་ཏུ་དགའ། །ཞེས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་སེམས་ཆགས་པ། །དེ་ནི་བྱིས་པ་རྨོངས་པ་སྟེ། །ཞེས་སོགས་ཀྱིས་སྐར་མ་རྒྱལ་ལ་སྐྱེས་པའི་སེམས་ཅན་ཐམས་ཅད་མཐའ་གཅིག་ཏུ་བདེ་བར་འགྱུར་བ་མ་ངེས་པ་དང་། ཉ་ཡི་རྒྱ་བཅིངས་པ་སོགས་ལས་སྲོག་ཆགས་དུ་མ་གཅིག་ཆར་འཆི་བ་རྣམས་སྔར་སྐྱེས་པའི་དུས་གཅིག་མ་ཡིན་པ་སོགས་ལས་ཀྱི་དབང་ལས་ཡིན་པར་གསུངས་པ་དང་། སྔར་དྲངས་པའི་རྒྱུད་ཀྱི་ལུང་ལས་ཀྱང་དོན་དེ་ལྟ་བུ་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་ཀྱང་དོན་དེ་གསུངས་པ་འདིས། དབང་ཕྱུག་ལ་མངོན་ཤེས་ལྔ་མེད་པ་དང་། དབྱངས་འཆར་བའི་རྒྱུད་མཐའ་དག་དབང་ཕྱུག་ལ་ཁ་གཡར་ནས་དྲང་སྲོང་རྣམས་ཀྱི་རྫུན་གྱིས་བཀོད་པ་འབའ་ཞིག་ཏུ་བཤད་པར་མི་བྱ་སྟེ། ཟབ་མོ་ནང་གི་ང་རྩིས་དབུ་མའི་དབུགས་ཀྱི་རྒྱུ་ཚུལ་སོགས་དབྱངས་འཆར་ནས་བཤད་པ་དང་རྒྱུད་འདིར་གསུངས་པ་དགོངས་པ་གཅིག་ཏུ་གྱུར་ཅིང་གཞན་ཡང་རྩ་གསུམ་སྤྲུལ་འཁོར་སོགས་དུ་མ་རྒྱུད་འདི་དང་མཐུན་པ་དང་། ཐུན་ཕྱེད་སོགས་རྒྱུ་ཚུལ་ཆ་འགའ་ལ་མི་མཐུན་པ་ཡོད་ཀྱང་། དེ་འདྲ་ནང་པའི་རྒྱུད་སོ་སོ་ལ་ཡང་དགོངས་པའི་དབང་གིས་མི་འདྲ་བ་ཡོད་ལ། འདུ་བ་སོགས་ཀྱི་ཐད་འདི་མ་གཏོགས་དབྱངས་འཆར་གྱི་རྒྱུད་སྤྱིར་བཀག་པ་མེད་པའི་ཕྱིར། དབྱངས་འཆར་ནི་སྐར་རྩིས་ཀྱི་གཞུང་དག་གི་བླང་དོར་གྱི་འབྲས་རྩིས་སྟོན་པ་ལ་མཆོག་ཏུ་ཟབ་ཅིང་རྒྱུད་འདིའི་འབྲས་རྩིས་ཀྱི་ཆ་ལག་ལྟ་བུ་ཡིན་ལ། སྤྱན་རས་གཟིགས་དང་སྒྲོལ་མས་དབང་ཕྱུག་ཡབ་ཡུམ་གྱི་རྣམ་པས་བསྟན་ཏོ་ཞེས་བླ་མ་སྔ་མ་མང་པོས་གསུངས་ཤིང་ལྷ་དབང་ཕྱུག་ཆེན་པོ་ཡང་མུ་སྟེགས་འདུལ་བ་སོགས་ཀྱི་ཆེད་དུ་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་ཡིན་ལ་མ་འོངས་པར་སངས་རྒྱས་པའི་ལུང་བསྟན་ཐོབ་པ་ཡིན་ཞིང་། རྒྱུད་འདིའི་དཀྱིལ་


MR17_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ཡང་བཞུགས་པ་ཡིན་པ་དང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་མདོར་བསྡུས་ཆེན་པོ་ལས། དེ་ལྟར་བརྗོད་པའི་རིམ་པ་འདིས་ས་བརྒྱད་ཀྱི་དབང་ཕྱུག་དང་། དབང་ཕྱུག་ལ་སོགས་པའི་ལྷ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མངོན་པར་ཤེས་པ་ལྔ་རིག་པར་བྱའོ། །ཞེས་གསུངས་པས་སྐུའི་དཀྱིལ་འཁོར་གྱི་གཙོ་བོ་ལྷ་ཆེན་རྣམས་ལ་མངོན་ཤེས་ལྔ་མེད་ཅེས་རྒྱུད་དང་འགྲེལ་པར་དངོས་འགལ་སུ་ཞིག་གིས་སྨྲ་བར་ནུས་ཏེ་ལེགས་པར་བརྟག་ལ་སྨྲོས་ཤིག །ད་ནི་རྩ་བའི་སྒྲ་གཅན་གྱི་སྟོབས་གསུངས་པ། སྒྲ་གཅན་གྱི་མཇུག་མ་དུས་མེ་ནི་འཐབ་མོའི་ས་ལ་གཡུལ་འགྱེད་པ་པོ་མི་བདག་རྣམས་ཀྱི་གཡས་ཀྱི་ཕྱོགས་སུ་ཡོད་པ་དང་། གལ་ཏེ་གཡས་མིན་པ་གཡོན་གྱི་ཕྱོགས་དག་ལ་མུན་ཅན་ཏེ་སྒྲ་གཅན་གདོང་ཡོད་པར་གྱུར་པ་ན། དེ་ཡི་གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་བྱེད་ཁྱབ་འཇུག་དང་དྲག་པོ་དབང་ཕྱུག་ཆེན་པོ་དང་བཅས་པ་ཡང་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར་ན་གཞན་ཕལ་པ་ལྟ་ཅི་སྨོས་སོ། །དེའི་ཕྱིར་དཔལ་ལྡན་རྩ་བའི་སྒྲ་གཅན་རྒྱུ་སྐར་གྱི་ཕྱེད་ཁྱབ་པའི་ལུས་བགས་ཀྱིས་ནང་དུ་འགུག་པའི་ལྟོས་འགྲོ་འཁྱོགས་པོ་ཡི་རྣམ་པ་གཟའ་དྲག་པོ་རྣལ་འབྱོར་མ་དྲུག་ཅུ་སོགས་ལྷ་མིན་རྣམས་ལས་མཆོག་ཏུ་གྱུར་ཅིང་། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་དེ་ནི། གཡུལ་གྱི་དུས་སུ་ས་ཡི་དཀྱིལ་འཁོར་ལ་ཕྱོགས་གང་དུ་ཇི་ལྟར་གནས་པའི་ཚུལ་ཤེས་པར་བྱ་སྟེ། གཞན་དུ་སྟེ་དེ་ལྟར་མ་ཤེས་ན་ཕ་རོལ་དགྲ་ཡི་དཔུངས་ནི་ཉམས་པ་དག་ཏུ་བྱེད་པ་མེད་དོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། འཐབ་མོ་པའི་ས་ཡི་ཕྱོགས་ཀྱི་ཆ་རྣམས་ལ་རྒྱུ་སྐར་བཀོད་པར་བྱས་ནས་ཐུབ་པ་དུས་ཀྱིས་ཏེ་བཞིས་བསྒྱུར་བ་ཡི་རྒྱུ་སྐར་ཉེར་བརྒྱད་པོ་གཡོན་དུ་རིམ་པས་འགོད་དེ་ཉི་མ་རྒྱུ་སྐར་གང་ལ་གནས་པ་དེ་ཤར་གྱི་དབུས་སུ་བྱས་ནས་དེའི་གཡས་སུ་གསུམ་དང་གཡོན་དུ་གསུམ་སྟེ་བདུན་ནི་དབང་པོ་སྟེ་ཤར་གྱི་སྐར་མ་བདུན་


MR17_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་བཞིན་དུ་གནོད་སྦྱིན་བྱང་དང་ཆུ་ནུབ་དང་ལྷོ་ཕྱོགས་གཤིན་རྗེར་ནི་བདུན་རེ་བདུན་རེ་བཀོད་པ་དེ་ཡི་རྒྱུ་སྐར་གང་ལ་སྒྲ་གཅན་གདོང་སྐར་ཡོད་པ་དེ་ནས་རིམ་པར་བགྲང་བས་འཁོར་ཕྱེད་ལ་མཇུག་གནས་པས་ཕྱོགས་ཀྱི་ཕྱེད་ཁྱབ་པའི་འཁོར་ལོ་གོ་ལའི་རླུང་འགྲོས་ཀྱི་དབང་གིས་ས་ལ་གཡས་བསྐོར་དུ་འཁོར་བར་བྱེད་དེ། ཉིན་ཞག་བགྲོད་པའི་དབང་གིས་ནམ་ལངས་པ་ནས་སང་ཉིན་གྱི་ནམ་མ་ལངས་པའི་བར་དུ་ཕྱོགས་གང་དང་གང་དུ་འཁོར་བའི་ཚུལ་མཐའ་དག་རྣམས་ནི་རིག་པར་བྱ་སྟེ། ད་ལྟ་ཉི་མ་ས་ཡི་ཕྱོགས་དུམ་བུ་བཅུ་གཉིས་གང་དུ་ཡོད་པ་དེར་ཤར་དུ་ཡོད་པའི་སྐར་མ་བདུན་ཡོད་ལ། དེ་ཡི་མདུན་དྲང་པོར་ནུབ་སྐར་བདུན་ཡོད་ཅིང་། གཡས་དང་གཡོན་དུའང་བདུན་རེ་ཡོད་པ་དེ་ལས་སྒྲ་གཅན་གདོང་མཇུག་ཕྱོགས་གང་ན་ཡོད་པ་དང་། གང་དུ་འཁོར་བ་ཤེས་པར་འགྱུར་ཏེ་རང་གླིང་འདིའི་ཉི་མ་གུང་གི་དུས་ངེས་པར་ཉི་མ་ལྷོ་གླིང་དབུས་མའི་དབུས་དྲང་པོར་སླེབས་པ་ཡིན་པས་དེ་བཞིན་ནམ་ལངས་ནས་ཆུ་ཚོད་ལྔ་རེས་ཉི་མས་དུམ་བུ་རེ་རེ་ལ་གཡས་བསྐོར་གྱིས་བགྲོད་ཅིང་འཁོར་ཚུལ་དེ་ལས་སྒྲ་གཅན་འཁོར་བ་ཤེས་པར་བྱེད་དེ། གྲོ་བཞིན་བྱི་བཞིན་སྐར་མ་གཅིག་གིས་ཁྱོན་ཡིན་པས་རྒྱུ་སྐར་ཉེར་བདུན་གྱི་འཁོར་ལོ་ཟླུམ་པོར་བཀོད་པ་ལ་ནང་དུ་སྒྲ་གཅན་གྱི་གཟུགས་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་ཁྱབ་པའི་ཟླུམ་སྐོར་འཁོར་རུང་བ་བྱས་ནས་དེ་གདོང་མཇུག་གི་སྐར་མ་གང་གནས་དེ་དང་སྤྲད་ལ། རྒྱུ་སྐར་འཁོར་ལོའི་ཟླུམ་འཁོར་གྱི་ཕྱི་ལས་དུམ་བུ་བཅུ་གཉིས་པོ་ཆུ་ཚོད་ལྔ་རེས་བགྲོད་པའི་དུས་བཅུ་གཉིས་མཚོན་བྱེད་ཟླུམ་སྐོར་ཆ་བཅུ་གཉིས་པ་ལ་ལོ་བཅུ་གཉིས་ཀྱི་མིང་བྲིས་ནས། ཉི་མའི་སྐར་མ་གང་ཡིན་འདབ་མ་དེ་དུས་ཚོད་གང་ཡིན་གྱི་ལོ་དེ་ཡི་ཐད་ཀར་བསྐོར་བས་ད་ལྟ་སྒྲ་གཅན་ཕྱོགས་ལ་ཇི་ལྟར་འཁོར་བ་བདེ་བླག་ཏུ་ཤེས་པར་བྱེད་དེ། དེར་མ་ཟད་གཟའ་བདུན་པོ་ཡང་རྒྱུ་སྐར་གང་དང་གང་ལ་གནས་པ་ཤེས་པས་ད་ལྟ་ཕྱོགས་གང་དང་


MR17_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་འཁོད་པ་དེ་ཤེས་ཤིང་ས་ཡི་སྟོབས་བརྩི་བའི་ཚུལ་དཀའ་བ་མེད་པར་ཁོང་དུ་ཆུད་པར་འགྱུར་བས་སྒྲ་གཅན་བརྩི་བའི་འཁོར་ལོ་སུམ་བརྩེགས་མ་འདི་དེང་སང་སྐར་རྩིས་པ་ཡོངས་ལ་གྲགས་པའོ། །རྒྱུ་སྐར་གང་ལ་དུས་ཀྱི་མེ་དང་མུན་ཅན་དུ་ཡང་རབ་ཏུ་གྱུར་པའི་ལྟ་བ་ལྷུང་བ་ཞེས་པ། འཐབ་མོ་པ་གཅིག་གདོང་གི་སྐར་མའི་ཕྱོགས་དང་གཅིག་མཇུག་གི་སྐར་མའི་ཕྱོགས་སུ་ཡོད་ན། གཅིག་ལ་གདོང་དང་ཅིག་ཤོས་ལ་མཇུག་གི་ལྟ་བ་ལྷུང་སྟེ་དེ་ཡིས་དེ་ལ་ཁ་བལྟས་པའི་ཕྱིར་ན་འཐབ་མོ་པའི་ཕྱོགས་གཉིས་པོ་དག་ལ་ཡང་གཡུལ་དུ་ཕན་ཚུན་དགྲ་ཡི་སྡེ་རྣམས་དག་ནི་འཕྲལ་ལ་ངེས་པར་ལྷུང་བར་འགྱུར་བ་སྟེ་འཕམ་པར་འགྱུར་རོ། །གདོང་མཇུག་གི་སྐར་མ་དེ་གཅིག་པུར་མ་ཟད་དེ་ཡི་མདུན་དང་རྒྱབ་ཏུ་སྐར་མ་བཞི་བཞི་སྟེ་སྐར་མ་དགུ་ནི་གདོང་མཇུག་ཅིག་ཤོས་ཀྱི་ལྟ་བར་གཏོགས་པས་དེར་ཁ་བལྟ་བ་སྤང་བར་བྱའོ། །གདོང་མཇུག་གི་དབུས་ཕྱེད་ལ་གནས་པའི་སྐར་མ་བཞི་ནི་ལྟོ༷་བ་ཡི་དབུས་སུ་གྱུར་པ་དེ་ལ་རྒྱབ་གཏད་པ་རྣམས་རྒྱལ་བར་འགྱུར་རོ། །ལྟོ་བའི་དབུས་ཀྱི་སྐར་མ་བཞིའི་ཐད་དྲང་པོའི་སྐར་མ་བཞི་ནི་གདོང་མཇུག་གཉིས་ཐེབས་པའི་ཕྱོགས་རང་གི་ཁ་བལྟ་བའི་ཕྱོགས་མ་ནོར་བའོ། །དེ་ལྟར་ཤར་དུ་གདོང་པ་དང་ནུབ་ཏུ་མཇུག་མ་ཡོད་ན་དེའི་ཚེ་ལྷོར་ལྟ་བ་དང་། བྱང་དུ་ལྟོ་བའོ། །མེ་ལ་གདོང་པ་ཡོད་ན་རླུང་དུ་མཇུག་མ་དང་། བདེན་བྲལ་དུ་ལྟ་བ་དང་དབང་ལྡན་དུ་ལྟོ་བ་ཡིན་པ་དེའི་འགྲོས་ཀྱིས་ཕྱོགས་བརྒྱད་ཀྱི་ཕྱེད་ཁྱབ་པའི་ཕྱིར་ན་ཕྱོགས་ལྷག་མ་རྣམས་ལ་ཤེས་པར་བྱའོ། །སྒྲ་གཅན་གྱི་དུས་མི་བཟད་པ་ལ་གནས་པ་རྣམས་ནི་འཆི་བ་དང་བཅས་པར་འགྱུར་ཞིང་དེར་གནས་པའི་དཔུང་རྣམས་མཉམ་དུ་ལྷུང་བ་སྟེ་འཕམ་པ་ནི། སྒྲ་གཅན་གདོང་མཇུག་གཉིས་ཀའི་ཁ་བལྟ་བའི་ཕྱོགས་སུ་གྱུར་པ་ལྟོ་བའི་དབུས་ཀྱི་མདུན་གྱི་ཐད་ཀའི་ལྟ་བའི་ཆ་ལ་ངེས་པར་སོང་བ་སྒྲ་གཅན་ལྟོ་བར་ཁ་བལྟས་པ་རྣམས་ཏེ་རྐང་ལག་མེད་པར་བྲང་གིས་འགྲོ་བའི་གཟུགས་ཅན་སྒྲ་གཅན་འཁོར་བའམ་


MR17_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དབང་གིས་དེར་ནི་ཕྱོགས་དེ་ཡི་སྡེ་རྣམས་བཅོམ་པར་འགྱུར་རོ། །གཉིས་ཀས་ལྟ་བ་དང་། གདོང་མཇུག་རེ་རེའི་ཐད་ཀའི་ལྟ་བའི་ཆ་ནི་སྤང་བ་རྣམས་དག་ནི་རྣམ་པར་རྒྱལ་བར་འགྱུར་ཏེ། ལྟོ༷་བར་རྒྱབ་གཏད་ནས་ཞུགས་པ་ལ་གདོང་མཇུག་གཉིས་པོ་ཡང་རང་གི་སྟོབས་སུ་གྱུར་ནས་ཤིན་ཏུ་རྣམ་པར་རྒྱལ་བར་འགྱུར་རོ། །དེ་ལྟར་དཔལ་ལྡན་རྩ་བའི་སྒྲ་གཅན་བཅོམ་ལྡན་འདས་ས་གསུམ་འགྲོ་བའི་བླ་མའི་གསུངས་ལ་གནས་པ་དཔལ་དུས་ཀྱི་འཁོར་ལོར་ཤེས་པར་བྱའོ། །འདིར་རྣལ་འབྱོར་མ་དང་བི༷ཥྚི༷་དང་རཱ་ཧུ་དྲག་པོ་དང་བཀྲ་ཤིས་ལ་སོགས་པ་གཟའ་ཡི་ཚོགས་དང་བཅས་པ་དང་། དབྱངས་ནི་དུས་ལ་འཆར་བ་དག་དང་བཅས་པར་གྱུར་པ་དེ་དག་ཐམས་ཅད་རང་གི་ཕྱོགས་ལ་སྟོབས་སུ་གྱུར་པ་དང་འགྲིགས་ན་ལེགས་པ་ཡིན་མོད་ཀྱི། གལ་ཏེ་མ་འགྲིགས་ན་དེ་དག་ཐམས་ཅད་བཏང་ནས་རྒྱལ་རིགས་གཡུལ་འགྱེད་པ་རྣམས་ཀྱིས་སྲིད་གསུམ་རྣམ་རྒྱལ་རྩ་བའི་སྒྲ་གཅན་གཅིག་པུ་གཟུང་བར་བྱ་བ་སྟེ། གཟའ་ཆེན་པོ་གང་གིས་ཟླ་བ་ཉི་མ་ཟ་ཞིང་། སྐབས་གསུམ་པ་ལྷ་རྣམས་དག་འཇིགས་པར་བྱེད་པ་དྲག་པོའི་གཟུགས་ཅན་མིག་སྨན་གྱི་མདོག་ལྟར་གནག་པ་དེ་ནི་ས་ལ་གང་ཞིག་ཉིན་དང་མཚན་མོར་ཤར་དང་ནུབ་དང་ལྷོ་དང་བྱང་དུ་ཡང་ནི་འཁོར་བ་དེའོ། །ཞེས་སོ། །སྲིད་གསུམ་རྣམ་རྒྱལ་གྱི་དུས་སྦྱོར་ཁྱད་པར་ཅན་ནི། རང་གི་གཡས་སུ་དུས་མེ་དང་། གཡོན་དུ་སྒྲ་གཅན་གདོང་། རྒྱབ་དབུས་སུ་ཉི་མ། མདུན་དབུས་སུ་ཟླ་བ་ཡོད་པ་ལ་ལས་བརྩམ་པ་ན་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་དུས་ཁྱད་པར་འཕགས་པ་ཡིན་ནོ། །བཅུ་དགུ་པ་རྫོང་འཇོམས་པ་དང་བསྲུང་བའི་འཁྲུལ་འཁོར་གྱི་ངོ་བོ་ཉིད་ཀྱི་གནས་པ་ནི། གཡུལ་དུ་ཕམ་པའི་དགྲ་བོ་དག་ནི་ཞེས་སོགས་ཚིགས་བཅད་བརྒྱ་ཉེར་བདུན་པ་ནས། བརྒྱ་ཞེ་བརྒྱད་པའི་བར་གྱིས་བསྟན་ཏེ། ཆོས་དང་ལྡན་པའི་ཕྱོགས་


MR17_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཞིང་ཕ་རོལ་གྱི་སྡེ་འཇོམས་པའི་སླད་དུ་དུས་དང་ཕྱོགས་ཀྱི་སྟོབས་བརྩི་བ་སྔོན་དུ་བཏང་ནས་འདིར་འཁྲུལ་འཁོར་གྱི་བྱ་བ་ཅི་རིགས་གསུངས་པ་ལས། རྒྱུད་འདིར་རྡོ་སྒྱོགས་སོགས་བདུན་དང་། ས་འོག་རལ་གྲི་དང་ཤིང་རྟ་དང་། ལྟད་མོའི་ཁང་པ་དང་། འཁོར་ལོའི་ཁྱོགས། ཆུ་འདྲེན་པའི་འཁྲུལ་འཁོར་བཅས་རྣམ་གྲངས་བཅུ་གཉིས་གསུངས་པ་ལས། དང་པོ་ཕ་རོལ་གཞོམ་པའི་འཁྲུལ་འཁོར་གྱི་དགོས་པ་གསུངས་པ། གཡུལ་དུ་ཕམ་པར་གྱུར་པའི་དགྲ་བོ་དག་ནི། གལ་ཏེ་འཕྲལ་ལ་ཁོ་རང་གི་རྫོང་བཙན་པོ་དག་གི་ནང་དུ་ཞུགས་པར་གྱུར་པ་ན། དེ་ཡི་ཕྱི་རོལ་དུ་ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་ཡི་མདའ་རབ་ཏུ་འབབ་པ་དང་། རང་གི་ཁྱིམ་བསྲུང་བ་རལ་གྲི༷་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་། ས་གཞིའི་གནས་ལ་རྡོ་རྗེའི་གུར་དང་ཅོག་ནི་དབྱེ་བ་ཡིས། དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ། ཉིན་ཞག་ཉུང་ཟད་དག་གིས་འགྲུབ་པ་གདུག་པ་ཡི་ལས་དེ་ནི་བསྒྲུབ་པར་བྱ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་གཉིས་པོ་རིམ་པར་བསྟན་ཏེ་ར་བ་བཙན་པོས་བསྐོར་བའི་ཐང་རྫོང་འཇོམས་པ་སྒྱོགས་རྡོའི་འཁྲུལ་འཁོར་གསུངས་པ། ཀ་བ་བཞི་ནི་བརྒྱད་གཉིས་ཁྲུ་ལྡན་ཞེས་སྲིད་དུ་ཁྲུ་བཅུ་དྲུག་པ། དབྱིབས་གྲུ་བཞི། ཞེང་སོར་བཅུ་དྲུག་པ་སྟེ་འཁྲུལ་འཁོར་རབ་ཀྱི་ཚད་དོ། །འབྲིང་དུ་ཀ་བ་བཞི་པོ་ཁྲུ་བཅུ་བཞི་པ་ཞེང་སོར་བཅུ་བཞི་པའོ། །ཐ་མ་ཁྲུ་བཅུ་གཉིས་པ་ཞེང་སོར་བཅུ་གཉིས་པའོ། །ཀ་བ་བཞི་པོ་དེ་དག་ལ་བུག་པ་གྲངས་མཉམ་པ་ཤར་ནུབ་དང་། མི་མཉམ་པ་ལྷོ་བྱང་གི་མཐའི་གནས་ནས་གནས་བརྒྱད་དུ་ནི་ཀ་བའི་ཞེང་གི་སུམ་ཆའི་ཚད་ཙམ་གྱི་བུག་པ་ཕུག་པར་གྱུར་པ་ནི་གདང་བུ་འཛུག་པའི་གནས་སོ། །བུག་པ་དེ་དག་ཐ་དད་པ་རྣམས་ནི་མདུན་ཏུ་གདང་བུ་ཆུ་གཏེར་ཏེ་བཞི་དང་། གཡས་སུ་དུས་ཏེ་བཞི་དང་། གཡོན་དུ་དུས་ཏེ་བཞི་རྣམས་ཀྱིས་ཏེ། རྒྱབ་ཏུ་འོག་གི་ཆ་ལ་ཡང་ནི་གཅིག་གིས་སོ། །རྒྱབ་ཀྱི་ཀ་བ་གཉིས་ལ་བུག་པ་ལྔ་


MR17_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཤར་དུ་བསྟན་པའི་བུག་པ་བཞི་དང་། ལྷོ་བྱང་དུ་བསྟན་པའི་རེ་རེའོ། །མདུན་གྱི་ཀ་བ་གཉིས་པོ་དག་ལ་བུག་པ་བརྒྱད་དོ། །འཁྲུལ་འཁོར་གྱི་རྒྱའི་ཚད་ནི། རྩ་བར་ཏེ་འོག་ཏུ་འཁྲུལ་འཁོར་གྱི་ཀ་བ་བཞི་པོའི་རྒྱའི་ཚད་ནི། ལག་པ་བཅུ་ཞེས་པ་ཁྲུ་བཅུ་རུ་འགྱུར་ཏེ་སྟེང་གི་ཆ་དག་ལ་ནི་དེ་ཡི་ཕྱེད་ཁྲུ་ལྔ་ཡིན་ལ། དེ་གཉིས་ཀ་གྲུ་བཞིའོ། །སྒྱོགས་མདའ་ནི་ཀ་བ་རྣམས་ལས་ཁྲུ་གཉིས་དག་གིས་དམན་པར་འགྱུར་ཏེ་ཁྲུ་བཅུ་བཞིའོ། །སྒྱོགས་མདའི་མགོ་བོ་འཇུག་པའི་འཕྲུལ་ཤིང་ངམ་ཨོ༷་ལོག་གཅུ་ཡི་གཞུང་གི་ཚད་ནི་ཁྲུ་དྲུག་པ་སྟེ་སྟེང་གི་ཆ་ནི་ལྷག་པའོ་ཞེས་དེར་མ་གཏོགས་པའོ། །དབུས་སྦོམ་ཞིང་ངོས་གཡས་གཡོན་དུ་བ་ལང་གི་མཇུག་མའི་རྣམ་པར་ཇེ་ཕྲར་བྱས་པའི། །དབུས་ཀྱི་ཟླུམ་པོར་སྦོམ་ཚད་ཕྱེད་དང་བཅས་པའི་ཁྲུ་གཉིས་དག་སྟེ་ངོས་གཉིས་ཀར་སོར་ཉི་ཤུའོ། །ཨོ་ལོག་གཅུའི་རྩེ་མོ་གཉིས་ཀྱི་ཕྱིའི་བུམ་པ་དག་ལ་སོར་སུམ་ཅུའོ། །དབུས་ཀྱི་ཟླུམ་པོ་འདིའི་དབུས་སུ་སོར་མོ་ཐུབ་པ་མ་ནུར་ངེས་པའི་བུག་པ་གཅིག་ཏུ་ནི། ཞེས་པ་བུག་པ་སོར་བཅུ་བཞི་པ་ཞེང་དུ་སོར་བདུན་པ་ཕུག་པར་བྱས་ལ། ཨོ་ལོག་གཅུའི་བུག་པ་དེར་སྒྱོགས་མདའི་ཁྲུ་གང་དོར་ནས་ཁྲུ་བཅུ་གསུམ་པོ་རྣམས་བ་ལང་གི་མཇུག་མའི་རྣམ་པར་བྱས་ཏེ། སྒྱོགས་མདའ་དེ་དེའི་བུ་གར་རབ་ཏུ་གཞུག་པར་བྱ་སྟེ། འཕྲུལ་ཤིང་ཨོ༷་ལོག་གཅུ་ཡི་རྒྱབ་ཀྱི་ཆ་ལ་ལྕགས་ཀྱི་གཟེར་གྱིས་གདབ་སྟེ་བརྟན་པར་བྱའོ། །སྒྱོགས་མདའི་མགོ་བོར་ཁྲུ་གང་གི་ཚད་ལ། སུམ་ཆའི་བར་དུ་བུག་པ་གཉིས་ཕུག་པར་བྱས་པའི་བུག་པ་དེར་ལྕགས་ཀྱི་ཨ་ལོང་གཉིས་ལྡན་པ་དེའི་དབྱིབས་ཟླུམ་པོ་མཐའ་སྐོར་སོར་དྲུག་ཅུ་པ་ལྕགས་ཀྱི་དབྱུག་གུ་ཟླུམ་པོ་དེའི་རྒྱར་སོར་དྲུག་པའོ། །ཨ་ལོང་དེ་དག་རེ་རེ་ལ་ཐག་པ་ལྔ་བཅུ་གདགས་པར་བྱ་སྟེ། ཨོ་ལོག་བཅུའི་སྟེང་གི་ཚད་ནི་ཟླུམ་པོ་ཕྱེད་པའོ། །སྒྱོགས་མདའི་མཐར་ཞེས་རྩེ་


MR17_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མོར་ནི་མཛུབ་མོ་ལྕེ་དང་བཅས་པ་རབ་ཏུ་འཇུག་སྟེ། སྒྱོགས་མདའི་མཐར་གཉའ་ནོན་དབྱིབས་བས་ཟླུམ་པོ་དག་ནི་མཐོ་གང་ངོ་ཞེས་པ་སོར་བཅུ་གཉིས་སོ། །གཟེར་གཉིས་ཀྱིས་སྒྱོགས་མདའ་དང་བཅས་པ་དང་ལྕེ་དང་བཅས་པ་ལ་གདབ་བོ། །ལྕེའི་རྩེ་མོར་མཛུབ་མོར་ཤེས་པར་བྱ་སྟེ། སོར་དྲུག་ནི་ལྕེའི་གཉའ་ནོན་གྱི་ཚད་ཡིན་ལ་དེའི་བུག་པར་སྒྱོགས་མདའི་གཉའ་ནོན་གྱི་བར་དུ་ལྕེ་དང་མཛུབ་མོ་བཅས་པ་བཅུག་པར་འགྱུར་རོ། །སྒྱོགས་མདའི་མཛུབ་མོ་འདི་ལ་ནི་འུར་མཐིལ་ཐག་པར་བཅས་པ་དག་ལས་ངེས་པར་ཁྲུ་གསུམ་དག་ཏུ་འགྱུར་ཞིང་། འདིར་པགས་པའི་འུར་མཐིལ་སོར་ཉེར་བཞི་པ། དབུས་སྦོམ་པའི་ཞེང་ལ་སོར་བཅུ་གཉིས་པ་གཡས་གཡོན་དུ་རིམ་ཕྲ་བ་ལང་གི་མཇུག་མའི་རྣམ་པའོ། །དེ་ཡི་ངོས་གཉིས་ཀར་སྲད་བུའི་རང་བཞིན་གྱི་ཐག་པ་གཉིས་ཏེ། ཕྱེད་དང་བཅས་པའི་ཁྲུ་གཉིས་ལྷག་པའོ། །འུར་མཐིལ་དེ་ཡི་ནང་དུ་རྡོ་བ་རབ་ཏུ་བཅུག་སྟེ་མི་སྟོབས་དང་ལྡན་པ་འཐེན་པར་བྱེད་པ་རྣམས་ཀྱིས་ཐག་པ་འཐེན་པར་གྱུར་པ་དག་བཏང་བ་ནི་འཕྲལ་ལ་མྱུར་དུ་ནམ་མཁར་འགྲོ་སྟེ་སོང་ནས་འཕྲལ་ལ་ངེས་པར་ལྟུང་ཞིང་ཁང་སྟེང་སོགས་དང་ར་བའམ་ལམ་སྲང་ཉིད་དུ་དངོས་པོ་མཐའ་དག་ཕྱེ་མར་བྱས་ནས་རྡོ་བ་དེས་ཡི་འོག་ཏུ་འགྲོ་སྟེ། དཔེར་ན་རྡོ་རྗེ་སྟེ་ཐོག་འབབ་པ་ཇི་ལྟ་བ་ཉིད་བཞིན་ནོ། །འཁྲུལ་འཁོར་དེ་ཡི་མཛུབ་མོ་ཟླ་བ་ཕྱེད་པ་ཡི་རྣམ་པ་ཅན་ནི། ས་གཞིའི་གནས་སུ་ཤར་ནུབ་ཀྱི་དབུས་སུ་ཚངས་པའི་རི་མོ་མཛུབ་མོའི་འོག་གི་ཐད་ཀ་དང་མཉམ་པ་གདབ་པར་འགྱུར་རོ། །རི་མོ་དེ་ཡི་གཡས་གཡོན་གྱི་ངོས་གཉིས་པོ་དག་ཏུ་ནི་མཐོ་རེ་རེའི་བར་གྱིས་རྡོ་བ་བཏང་བའི་གནས་བརྒྱད་དུ་འགྱུར་བས་གཡས་གཡོན་གྱིས་ཆར་བརྒྱད་གཉིས་ནི་རྡོ་བ་བཏང་བའི་གནས་རྣམས་དག་སྟེ། རྡོ་བ་བཏང་ཚུལ་ནི་མི་རྣམས་ཀྱི་ལག་པ་གཉིས་ཀའི་ཁུ་ཚུར་བཅིངས་པ་བཀྲོལ་བ་ལས་ནི་གཏང་བར་བྱ་ཞིང་གཏོང་བ་ཡི་


MR17_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ། ལག་གཉིས་ཁུ་ཚུར་གྱིས་རྡོ་བ་ས་ལ་རེག་པ་ཉིད་བྱེད་དེ། གཡས་སུ་གཏོང་ཚེ་ཁ་གཡས་སུ་ཕྱོགས་ཏེ་མཉམ་པ་རྐང་པ་གཡས་པ་དང་། གཡོན་དུ་གཏོང་ཚེ་ཁ་གཡོན་དུ་བལྟས་ཏེ་མི་མཉམ་པ་རྐང་པ་གཡོན་པ་འཁྲུལ་འཁོར་གྱི་ནང་དུ་གཞུག་སྟེ་གནས་པས་ནི་རྡོ་གཏོང་བར་བྱའོ། །དབུས་སུ་གཏོང་ན་རྒྱབ་དྲང་པོར་བསྲང་། རྐང་པ་གཉིས་ཀ་འཁྲུལ་འཁོར་གྱི་ནང་དུ་གཞུག་ནས་སོ། །དེ་ལས་རང་གིས་ཇི་ལྟར་འདོད་པ་བཞིན་རྡོ་བ་ལྷུང་སྟེ་གཡས་གཡོན་དབུས་རྣམ་པ་གསུམ་དུ་བགྲོད་པའི་དབང་གིས་ཕ་རོལ་གྱི་རྫོང་ནི་རྣམ་པར་གཞོམ་པའི་དོན་དུའོ། །སྒྱོགས་རྡོ་གང་ཞིག་བསྣུན་པས་གླང་ཆེན་ཀྱང་འཕྲལ་ལ་ངེས་པར་ལྟུང་བ་སྟེ་གཞོམ་པ་དེ་ལ་སྲོག་ཆགས་ཕྲ་མོ་དག་ནི་ཅི་ཞིག་སྨྲོས། རྫོང་གི་སྟེང་ཁང་ལ་གནས་པའི་དགྲ་ཡི་དཔུང་མ་ལུས་པ་གང་དག་ཕྱི་རོལ་ཏུ་གནས་པར་ལྟུང་བར་བྱེད་པ་སྟེ། དེའི་ཕྱིར་ས་སྟེང་གི་གནས་སུ་ཐང་གི་རྫོང་གི་འཐབ་མོ་འགྱེད་པ་ལ་ནི་གཞུ་འཛིན་ཅིང་འཕོང་སྐྱེན་པ་རྣམས་ཀྱིས་འཁྲུལ་འཁོར་དེ་དང་ལྷན་ཅིག་སུ་ཞིག་འགྲན་ནུས་ཏེ། གང་དུ་དེ་འདྲའི་འཁྲུལ་འཁོར་རབ་ཏུ་བསྣུན་པར་གྱུར་པའི་རྫོང་དེར་དགྲ་བོ་སུ་ཞིག་ཞུགས་པ་དག་ནི་གཤིན་རྗེའི་ཁ་རུ་ཚུད་པའོ། །ཞེས་ཐང་རྫོང་འཇོམས་པ་རྡོའི་འཁྲུལ་འཁོར་བཤད་པའི་སྐབས་སོ། །དེ་ནས་ཆུ་ལ་གནས་པའི་རྫོང་བླང་བའི་དོན་དུ་ཆུའི་འཁྲུལ་འཁོར་གྲུ་བོ་ཆེའི་མཚན་ཉིད་གསུངས་པ། འདིར་ཆུའི་འཁྲུལ་འཁོར་གྱི་དོན་དུ་གཞུང་ཤིང་སྦོམ་དུ་སོར་དྲུག་པ་ཁྲུ་བཅུ་བཞི་པའོ། །གླང་པོ་ཆེ་འཇུག་པའི་འཁྲུལ་འཁོར་ལ་སོར་ཉེར་བཞི། རྟ་འཇུག་པའི་འཁྲུལ་འཁོར་ལ་སོར་ཉི་ཤུ། མི་འཇུག་པའི་འཁྲུལ་འཁོར་ལ་སོར་བཅུ་དྲུག་སྟེ། འཁྲུལ་འཁོར་དང་པོ་ལ་དཀྱུས་སུ་ཁྲུ་བཅུ་གཉིས་ཀྱི་ཁྲུ་དོ་རེ་དོ་རེའི་བར་དུ་འཕྲེད་ལ་གནས་པའི་ཀ་བ་དང་དཔུང་པ་སྟེ་གདང་ཤིང་གཉིས་དྲུག་རེ་དྲུག་རེ་དག་གིས་བརྒྱན་པ་


MR17_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟེང་དུ་ཡང་དེ་དང་འདྲ་སྟེ། སྟེང་འོག་གཉིས་ཀའི་ནང་ངམ་བར་ནི་ཚད་མཉམ་པ་སྟེ་རེ་རེ་ལ་ཁྲུ་ནི་ཟུང་གི་བར་ཏེ་ཁྲུ་གཉིས་པ་ཡིན་པས་གྲུ་བཞི་ལྷག་ཆད་མེད་པ་དག་ལ་ཀ་བ་དྲུག་དང་གདང་ཤིང་གི་ནང་གཉིས་ཀྱིས་སྙིང་པོ་རེ་རེ་དག་ཏུ་འགྱུར་བ་བསྡོམ་པས་ཉི་མའི་ཁྲུ་རུ་འགྱུར་ཏེ་ཀ་བ་དང་གདང་བུ་གཉིས་ཀའི་ནང་ནི་མཉམ་པ་ལྷག་པ་དང་ཆད་པ་མེད་པ་ཉིད་དོ། །སོ་སོའི་རེའུ་མིག་ཀུན་ལ། སྤང་ལེབ་ཁ་འགྲིག་པར་གཤོང་བྲུས་ཏེ་ཆུ་མི་འཆོར་བར་སྤྲད་པ་དག་སྟེང་འོག་ཤར་ལྷོ་ནུབ་བྱང་ཀུན་ཏུ་དང་། སྤང་ལེབ་སོ་སོའི་མཚམས་སུ་པགས་པ་བཞུ་བ་སྦྱིན་དང་སྤྲ་ཚིལ་དང་དེས་བསྐུས་པའི་གོས་ཆུ་དར་རྣམས་ཀྱིས་ཀྱང་གཡོགས་པ་སྟེ། དེ་ཡང་གླང་པོ་ཆེ་རྣམས་ཀྱི་སྙིང་པོ་ནི་དཔངས་སུ་ཁྲུ་གསུམ་མོ། །རྟ་རྣམས་ཀྱི་ཕྱེད་དང་བཅས་པའི་ཁྲུ་གཉིས། མི་རྣམས་ཀྱི་ཁྲུ་གཉིས་སོ། །ཇི་ལྟར་སྙིང་པོའི་དབུས་སུ་རླབས་ཀྱི་ཆུ་མི་འཇུག་པའི་ཆེད་དུ་ཁྲུ་གཉིས་ཀྱི་དཔངས་ནི་གྲུ་བོ་ཆེའི་མགྲིན་པའི་གནས་སུ་སྙིང་པོའི་དབུས་སུ་འཇུག་པའི་སླད་དུ་བྱའོ། །སྙིང་པོ་དམན་འབྲིང་མཆོག་གི་དབྱེ་བས་འཁྲུལ་འཁོར་དུ་མར་འགྱུར་ཏེ། དུས་ཞེས་པ་སྙིང་པོ་དྲུག་གིས་འཁྲུལ་འཁོར་གཅིག་ཏུ་འགྱུར་བ་དང་། དེ་བཞིན་དུ་བརྒྱད་དང་སྐྱོན་ཏེ་བཅོ་བརྒྱད་དང་། སུམ་འགྱུར་ཉིན་བྱེད་ཀྱིས་ཀྱང་སྟེ་སྙིང་པོ་སུམ་ཅུ་རྩ་དྲུག་གིས་འཁྲུལ་འཁོར་གཅིག་ནི་རབ་ཏུ་བྱ་ལ་རྒྱ་མཚོ་ཆེན་པོ་བརྒལ་བའི་སླད་དུ་སྙིང་པོ་སྟོང་ཕྲག་གི་མཐར་ཐུག་པའི་བར་དུའོ། །འདིར་ཕྱི་རོལ་དུ་དཔུང་པ་གདང་ཤིང་བཞི་རྣམས་ལ་ཤར་ནུབ་ཀྱི་དཔུང་བ་གཉིས་དང་། ལྷོ་བྱང་གི་གཉིས་ཏེ་བཞི་པོ་རྣམས་ཀྱི་ཀ་བའི་ཤིང་སྙིང་པོའི་གྲ་བཞིའི་བར་དུ་འཕྲུལ་བ་སྤང་ལེབ་དག་ཀྱང་དཔུང་པ་གདངས་ཤིང་རྣམས་ཀྱི་རྒྱ་ཡིས་བཏབ་པའམ་ཀུན་ནས་འཁོར་བར་གནས་སོ། །དེ་ཡང་སྐྱ་བ་འཛིན་པ་གྲུ་པ་རྣམས་ཀྱི་གནས་གསེང་བུ་ག་བཏོད་པ་མ་གཏོགས་པར་དེ་ལྟར་འཁོར་བར་བྱའོ། །འཁྲུལ་འཁོར་ཀུན་


MR17_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱབ་ཏུ་སྙིང་པོ་བཅུ་གཉིས་པ་ལ་སྐྱ་བ་འཛིན་པ་དྲུག་སྟེ། དེ་བཞིན་དུ་འཁྲུལ་འཁོར་ཆེ་རིམ་ལ་བཅུ་གཉིས་དང་སུམ་ཅུ་དང་བརྒྱའི་མཐར་ཐུག་པའི་བར་དུའོ། །སྐྱ་བ་འཛིན་པ་དེ་རྣམས་ཀྱི་ཐད་ཀ་འཁྲུལ་འཁོར་གྱི་མདུན་ནས་ཀྱང་རྒྱབ་མདུན་གྱི་དཔུང་པ་གཉིས་ཀ་མཉམ་པ་འཁྲུལ་འཁོར་འདྲེན་པ་གྲངས་སྔ་མ་ལྟ་བུའམ་འཁྲུལ་འཁོར་ཆེ་ཆུང་དང་རྗེས་སུ་མཐུན་པས་འཁྲུལ་འཁོར་འདྲེན་པ་སྟོང་གི་མཐར་ཐུག་པའི་བར་དུའོ། །ཕྱོགས་ཀྱི་ཀ་བའི་སྟེང་གི་ཁུང་བུར་རབ་ཏུ་བཙུགས་པའི་གཡོ་བའི་རླུང་གི་དར་རྣམས་ཀྱིས་ནི། རླུང་འགྲོ་ཕྱོགས་དང་རྗེས་སུ་མཐུན་པར་ཤེས་ནས་རླུང་དར་བཙུགས་པ་དེ་ཡིས་གྲུ་རླུང་གིས་བསྐྱོད་པ་ལས་གང་དྲང་སར་ཡང་འགྲོ་སྟེ། དེ་ལྟ་བུའི་གཟིངས་ཀྱི་འཁྲུལ་འཁོར་ལ་ཞོན་པ་རང་གི་སྡེ་རྣམས་ནི་ཕ་རོལ་གྱི་ཆུ་ཡི་དབུས་སུ་ཚུད་པའི་རྫོང་དག་ཉམས་པར་བྱེད་པའི་དོན་དང་གླིང་བཟུང་བའི་དོན་དུ་ཆུ་ཡི་གཏེར་ལ་འགྲོ་བ་ཡིན་ནོ། །ཆུ་རྫོང་འཇོམས་པ་གྲུ་ཡི་འཁྲུལ་འཁོར་བཤད་པའོ། །ད་ནི་རིའི་རྫོང་བཤིག་པ་མེའི་འབྲུ་མར་འཕེན་པའི་ཆེད་དུ་རླུང་གི་འཁྲུལ་ཁོར་རམ་མེའི་འཁྲུལ་འཁོར་གསུངས་པ། ཆུ་གཏེར་ཟུར་ལྡན་ཏེ་ཟུར་བཞི་པའི་སྟེགས་བུ་བྱ་ཚུལ་སྤང་ལེབ་གྲུ་བཞི་པ་ཁྲུ་བཞིའི་སྟེགས་བུ་གཅིག་གི་དབུས་དག་ལ་ཀ་བ་ཟླུམ་པོ་སྲིད་དུ་ཁྲུ་གསུམ་པ་རྒྱར་སོར་བཅུ་གཉིས་པ་གཅིག་བྱས་ཏེ། སྤང་ལེབ་འདིར་ཟུར་དུ་གཡོ་བའི་རླུང་གི་དར་དང་། སྲིད་དུ་ཁྲུ་ལྔ་པ་རྒྱར་གཅིག་པ་ཅན་གྱི་རྒྱལ་མཚན་རྣམས་དང་བཅས་པ་ཀ་བར་གདགས་པར་བྱའོ། །སྤང་ལེབ་ཀྱི་གཡོན་གཡས་རྒྱབ་མདུན་གྱི་ཟུར་རྣམས་སུ་ལྕགས་ཀྱི་ཕུར་པ་རྩེར་ཨ་ལོང་དང་བཅས་པའམ། ཨ་ལོང་དེ་རྣམས་ལ་བཏགས་པའི་ཐག་པ་རྣམས་ཀྱི་ཀ་བའི་མགོ་བཅིང་བར་བྱ་ཞིང་། འཁྲུལ་འཁོར་གྱི་ཕྱོགས་ཆ་གཉིས་སྟེང་དང་འོག་གི་མཐར་ཐུག་པར་སྲ་བའི་གོས་རྣམས་ཀྱིས་


MR17_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་པར་བྱའོ། །དེའི་ཟུར་དུ་རྒྱལ་མཚན་གོང་བཤད་བཞིན་ནོ། །འོག་དང་གཡོན་དང་གཡས་ཀྱི་ཟུར་གྱི་ཨ་ལོང་ལ་ཁྲུ་གཉིས་ཀྱི་བར་དུ་ཐག་པ་གསུམ་མོ། །དེར་ཐག་པ་རྣམས་གཅིག་ཏུ་བསྡོམ་པའི་རྩེ་ནས་ཐག་པ་རིའི་རྫོང་གི་དཔངས་ཀྱི་ཚད་དང་མཚུངས་པར་བྱས་ནས། ཐག་པ་དེས་རྫོང་གི་རྒྱབ་ཀྱི་ཕྱོགས་ནས་མི་རྣམས་དག་གིས་དྲངས་ཤིང་ས་ལས་ཐག་པ་དག་གིས་དྲངས་པའི་མཐུས་སྟེང་དུ་འགྲོ་བ་ནི་འཁྲུལ་འཁོར་དེ་རླུང་གིས་རབ་ཏུ་བསྐྱོད་པར་གྱུར་པ་ངེས་པར་བྲག་གི་རྫོང་གི་སྟེང་དུ་མཁའ་ལ་འགྲོ་བ་སྟེ། འཁྲུལ་འཁོར་དེར་མེ་ཡི་འབྲུ་མར་དང་མེ་དང་བཅས་པའི་སྐྱེས་བུ་ཞིག་གཞུག་པར་བྱ་ཞིང་། རླུང་གི་འཁྲུལ་འཁོར་ལ་ཞོན་པའི་མི་དེས་རླུང་གི་འཁྲུལ་འཁོར་དེ་ནས་མེ་ཡི་འབྲུ་མར་འཕངས་པས་དགྲ་ཡི་དཔུང་དང་རྫོང་ནི་ཐམས་ཅད་ཀུན་ནས་སྲེག་པར་བྱེད་པའོ། །རི་རྫོང་འཇོམས་པ་མེ་ཡི་འཁྲུལ་འཁོར་གྱི་ངེས་པའོ། །རང་གི་རྫོང་སོགས་ཀྱི་ཕྱོགས་ཀྱི་གནད་དུ་གཞན་མི་འཇུག་པའི་ཆེད་དུ་རལ་གྲི་འཁོར་བ་གྲི་གུག་གི་འཁྲུལ་འཁོར་ནི། རལ་གྲིའི་འཁོར་ལོའི་རྩ་བར་སྲོག་ཤིང་གི་སྣ་ལ་ལྕགས་ལས་བྱས་པའི་གནམ་གདན་རྩེ་གཅིག་པ་ནི་འོག་གི་ཁུང་བུར་གཞུག་ཅིང་། གནམ་གདན་གྱི་སྟེང་དུ་ཡང་ནི་འཁོར་ལོ་ཆུ་འཁོར་དང་ཆུ་འཐགས་ཀྱི་གཤོག་པའི་འཁོར་ལོ་ལྟ་བུ་དག་བྱས་པ་ལ་ནི་སྲོག་ཤིང་གི་ཟླུམ་སྐོར་གྱི་སོར་མོ་གཉིས་གཉིས་ཀྱི་བར་དུ་འཁོར་ལོའི་རྩིབས་སུ་ཞེས་རྩིབས་རེ་རེ་གཞུག་པར་འགྱུར་ཏེ། རྩིབས་ཀྱང་སྲོག་ཤིང་གི་ཟླུམ་པོའི་མཐའ་མ་མ་ལུས་པར་ནི་ཁྱབ་པར་དགོད་པར་བྱ། འཁོར་ལོ་དེ་ཡི་ཚད་ནི་ཐད་ཀར་ཁྲུ་ནི་ཕྱེད་དང་གསུམ་པར་འགྱུར་ཞིང་། གནམ་གདན་གྱི་སྟེང་དུ་འཁོར་ལོ་ལས་གཞན་ཡང་དེར་ནི་འཁོར་ལོའི་སྲོག་ཤིང་གནས་པ་སྟེ། སྲོག་ཤིང་གི་སྟེང་གི་རྩེ་མོ་ཉིད་དུ་འོག་གི་འཁོར་ལོའི་རྩིབས་བཅུག་པ་ལྟར་རལ་གྲི༷་རྣོན་པོ་བཅུག་པ་མྱུར་བར་འཁོར་ཏེ་དེས་དགྲའི་ལུས་གཅོད་པར་བྱེད་དོ། །དེ་འཁོར་བར་གང་གིས་བྱེད་ན་འཁྲུལ་


MR17_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ནི་རྩ་བ་ལ་ཡོད་པའི་འོག་གི་འཁོར་ལོ་དེ་ཆུའམ་རླུང་གིས་འཁོར་བས་སོ། །ཞེས་གསུངས་ཏེ། འགྲེལ་ཆེན་ལས་གྲི་གུག་གི་འཁྲུལ་འཁོར་ནི་མངོན་སུམ་མཐོང་བས་རྟོགས་པར་བྱ་སྟེ། ཚིགས་སུ་བཅད་པས་ཀྱང་གསལ་བར་གསུངས་ལ་དེ་བཞིན་རྩེ་མོ་འབྱེད་པ་རླུང་གི་འཁྲུལ་འཁོར་ཡང་རབ་ཏུ་གསལ་བར་གྱུར་པས་དེ་གཉིས་དང་གུར་གྱི་འཁྲུལ་འཁོར་ལ་ཡང་འགྲེལ་བཤད་མ་བྱས་ཞེས་གསུངས། འདིར་ནི་སྔ་འགྲེལ་རྣམས་ཀྱི་འབྲུ་གནོན་ཚུལ་དེ་བཞིན་དུ་བརྗོད་པའོ། །གྲི་གུག་གི་འཁྲུལ་འཁོར་གྱི་ངེས་པའོ། །རྫོང་གི་རྩེ་མོ་འབྱེད་པ་ང་གི་འཁྲུལ་འཁོར་གསུངས་པ། ཐག་པ་དྲངས་པ་ཡིས་ནི་རླུང་གི་འཁྲུལ་འཁོར་ནམ་མཁའ་དག་ལ་འགྲོ་སྟེ། སྔར་མེ་ཡི་འཁྲུལ་འཁོར་བཤད་པ་ལྟར་ལ།རང་གི་ཕྱོགས་ནས་དགྲ་ཡི་རྫོང་གི་ཕྱོགས་སུ་རིམ་པར་འགྲོ་བའི་རླུང་རྗེས་སུ་མཐུན་པ་གཡོ་བ་དང་རླུང་གི་དར་སོགས་ཀྱི་འཕྲུལ་ཐབས་ཁྱད་པར་བ་ལས། རིམ་པས་སོ་ཞེས་ཕ་རོལ་གྱི་རྫོང་གི་སྟེང་དང་དགྲ་ཡི་ཁྱིམ་དུ་སོ་སོར་འགྲོ་བར་ངེས་པ་ཉིད་དུ་མི་རྣམས་ཀྱི་ཚད་བཟུང་སྟེ་ཐག་པ་དྲངས་པར་བྱས་ནས། རི་ཡི་མཐོ་དམན་དང་དགྲ་ཡི་ས་ཡི་བར་ཐག་ལ་ཇི་ཙམ་ཡོད་པའི་ཚད་ཀྱང་ཚུལ་དེ་ཡིས་ཤེས་པའམ་བརྗོད་པར་འགྱུར་ཏེ། དེ་ལྟར་རླུང་གི་འཁྲུལ་འཁོར་ལ་ཞོན་ནས་དགྲ་རྣམས་ཀྱི་ནི་རྫོང་གི་རྩེ་མོ་འབུག་པའམ་འབྱེད་པ་ཡིས་བཤིག་པར་བྱེད་པ་རྫོང་གི་རྩེ་ལ་བཀོད་དེ་དགྲ་ཡི་ཁང་པའི་གཞི་དང་འདུན་ས་དག་ལ་སྔར་བཞིན་མེ་ནི་རབ་ཏུ་སྦྱིན་པར་བྱའོ། །རྫོང་གི་རྩེ་མོ་འབྱེད་པ་ང་གི་འཁྲུལ་འཁོར་གྱི་ངེས་པའོ། །དེ་ནས་མཁར་གྱི་རྩིག་པ་འཇིག་པ་རྡོ་རྗེ་གུར་གྱི་འཁྲུལ་འཁོར་གསུངས་པ། ཤིང་རྟའི་འཁོར་ལོ་ལྟ་བུའི་འཁོར་ལོ་རྣམས་ཀྱི་སྟེང་གི་ཆ་ལ་ལྕགས་དང་ཤིང་རྣམས་དག་གིས་གུར་གྱི་རྣམ་པའི་ཁང་པ་ཆེན་པོ་བཀོད་པ་དེ་ནི་བར་མཚམས་རྣམས་སུ་ཡང་སྤང་ལེབ་བམ་ཕུབ་དང་ནི་ཕྱི་ནས་མ་ཧེའི་པགས་པ་


MR17_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀུན་ནས་གཡོགས་པར་གྱུར་པ་ཟླུམ་པོའི་རྣམ་པ་སྟེ། དེ་འཁོར་ལོ་འདྲེན་པའི་མི་རྣམས་དག་གིས་བསྐྱོད་པར་གྱུར་པ་དེ་ནི་གཞི་ཀུན་ནས་མཉམ་པའི་ས་ལ་འོབས་ཀྱིས་བསྐོང་བ་ལ་ནི་མ་ཐུག་པ་ཇི་སྲིད་ཉིད་དུ་འགྲོ་བར་འགྱུར་ཞིང་། དེ་ནས་མི་རྣམས་ཀྱིས་འོབས་དེ་སས་བཀངས་ནས་མཉམ་པར་བྱས་ཏེ་དགྲ་བོའི་མཁར་གྱི་རྩིག་པ་དང་ནི་ལམ་སྲང་ངམ་འཐབ་ར་དག་ཏུ་འཕྲལ་ལ་རབ་ཏུ་འཇུག་པར་འགྱུར་ཞིང་ཚུལ་དེས་མཁར་གྱི་རྩིག་པའམ་ལམ་སྲང་གི་འཐབ་ར་རྣམས་བཤིག་པ་ལས་སྟོབས་དང་ལྡན་པར་འགྱུར་རོ། །རྡོ་རྗེ་གུར་གྱི་འཁྲུལ་འཁོར་རོ། །ཙོག་ནི་འདི་དང་ཆ་འདྲ་ཞིག་ཡིན་ནམ་སྙམ་མོ། །དེ་ནས་གོ་ཆ་འབིགས་པ་ལྕགས་མདའི་འཁྲུལ་འཁོར་གསུངས་པ། གཞུ་སོགས་གང་ལ་འཛུགས་པའི་གཞི་གདང་བུའམ་སྟེགས་བུ་ཞེང་སོར་དྲུག་པ་དཀྱུས་ལྕགས་མདའི་ཚད་དང་མཉམ་པ་ལ། ལྕགས་མདའི་ཞེང་ཚད་དང་མཉམ་པའི་་གསུམ་ནས་དྲུག་གི་བར་བརྐོས་པའི་་དེའི་འོག་དང་སྟེང་དང་གཡས་དང་གཡོན་གྱི་ཆར་ལྕགས་ཀྱི་དབྱུག་པ་སོར་དྲུག་པ་གྲུ་བཞི་པའི་རྩེ་མོར་སྟེགས་བུར་གཟེར་གྱིས་རྒྱས་བཏབ་པའི་བུག་པ་ལ་ལྕགས་ཀྱི་ཕུར་པ་གྲུ་བཞི་པ་རྣམས་ཀྱིས་མཚམས་གཉིས་དང་དབུས་མ་ལ་ངེས་པར་རྒྱུད་དང་བཅས་པའི་གཞུ་བཅུག་པ་ནི་གཡས་གཡོན་གྱི་ལྕགས་གཟེར་ལ་གཡོ་བ་མེད་པར་བཅིངས་པའམ་བཏགས་པར་བྱས་ནས་སྔར་གྱི་ལྕགས་དབྱུག་གི་རྩེ་མོར་ཕུར་པ་བཏབ་པའི་ཕུར་བའི་སྣའི་བུག་པར་འཁྲུལ་ཤིང་གི་རྩེ་མོ་གཉིས་པོ་གཞུག་པར་བྱའོ། །སླར་ཡང་འཁྲུལ་འཁོར་གྱི་སྟེགས་བུ་དེའི་རྒྱབ་ཀྱི་ཆ་དག་ཏུ། གཡས་དང་གཡོན་དུ་ལྕགས་ཀྱི་ཕུར་པ་གྲུ་བཞི་པ་གཉིས་བཏབ་པ་ལ་ལེགས་པར་བཀོད་པའི་འཕྲུལ་ཤིང་གི་དབུས་ལ་ནི་བྲེ་བའི་སོ་ལྟ་བུའམ་སོར་མོ་ལྟ་བུ་ཕྱེད་འཁྱོགས་གཉིས་ནས་དྲུག་གི་བར་རྣམས་སོ། །འོག་ཏུ་ལྕགས་ཀྱི་དབྱུག་གུ་མཐེའུ་ཆུང་གི་ཚད་ཆུར་སོར་གསུམ་པ་གཅིག་འོག་གི་ཕུར་པའི་ཨ་ལོང་གཡོ་བ་དང་བཅས་པ་ལ་


MR17_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པར་བྱའོ། །སྟེང་གི་སོར་མོའི་རྩེ་མོ་དག་ལ་གཞུ་རྒྱུད་རྣམས་བཅིངས་པར་བྱའོ། །སོར་མོའི་རྩེ་མོ་དེ་ལ་སོ་སོའི་མཚམས་སུ་ལྕགས་མདའ་དང་རྒྱུད་རྣམས་སོ། །གཞུ་ཡི་རྒྱུད་དེ་ཉིད་ཀྱིས་ནི་མང་ཞིང་ཤུགས་མཉམ་པའི་མདའ་འམ་ལྕགས་མདའ་རྣོན་པོ་རྣམས། གཡུལ་གྱི་དུས་སུ་འཕངས་པས་གོ་ཆ་བགོས་པ་དང་བཅས་པའི་གླང་ཆེན་གྱི་ལུས་པོ་ཐལ་བྱུང་དུ་ཕུག་ནས་རབ་ཏུ་འགྲོ་བར་འགྱུར་རོ། །གོ་ཆ་དང་བཅས་པའི་གླང་ཆེན་འབིགས་བ་ལྕགས་མདའི་འཁྲུལ་འཁོར་རོ། །འདི་ལ་འགྲེལ་པས་ཅུང་ཞིག་རྒྱས་བཤད་མཛད་པ་འདུག་ཀྱང་འདིར་རྒྱུད་རྩ་བའི་འབྲུ་ནོན་ཙམ་ཞིག་གི་ཆེད་དུ་བཀོད་པ་སྟེ། འཁྲུལ་འཁོར་འདི་རིགས་མིག་མཐོང་ལག་ལེན་མེད་པས་བཤད་ཡམ་གྱིས་ཇི་བཞིན་ཤེས་པ་མི་འོང་ཞིང་བོད་ཀྱི་སྔ་འགྲེལ་རྣམས་སུའང་ཞིབ་ཏིག་ཅི་གསུང་མ་བྱུང་བ་ལྟར་གྱུར་ཅིང་། མཐོང་རྒྱུན་ཡོད་ན་ལས་སླ་བར་ཟད་མོད། མ་ཤེས་ཐབས་ཆགས་ཀྱང་མེད་པས་འོལ་སྤྱི་ཙམ་མོ། །དེ་ལྟར་ཕ་རོལ་གྱི་སྡེ་འཇོམས་པའི་འཁྲུལ་འཁོར་བདུན་བཤད་པ་སོང་ནས།ད་ནི་རང་གི་ཕྱོགས་བསྲུང་བའི་འཁྲུལ་འཁོར་ལས། རྒྱལ་པོའི་ཕོ་བྲང་བསྲུང་བའི་སླད་དུ་ས་འོག་རལ་གྲིའི་འཁྲུལ་འཁོར་གསུངས་པ། ཀ་བ་གྲུ་བཞི་པ་རྒྱར་སོར་བཅུ་གཉིས་ཀྱི་ཚད་རིང་ཐུང་ཁྲུ་བཞི་པ་གཉིས་ནི། ཁྲུ་གཉིས་ཐུར་དུ་བརྐོས་པའི་ས་ཡི་ནང་དུ་ནུབ་ཅིང་བརྟན་པར་བཙུགས་པ་དག་ཏུ་བྱས་ལ། ས་ཡི་གནས་ནས་སྟེང་དུ་ཁྲུ་ཕྱེད་དང་གཉིས་དོར་ཏེ་དེ་ནས་གཡས་དང་གཡོན་གྱི་ཀ་བའི་བུག་ལ་འཕྲུལ་ཤིང་ངམ་གདང་བུ་གཞུག་པར་བྱའོ། །སྟེང་དུ་སོར་དྲུག་དོར་ནས་ཐག་པ་རྣམས་ཀྱིས་དམ་པོར་དཀྲིས་པར་གྱུར་པ་སྟེ། ཕན་ཚུན་གཉིས་ཀྱི་ཐག་པའི་དབུས་ཀྱི་ཟླུམ་པོའི་དབུས་སུ་རལ་གྲི༷འི་ཆང་ཟུང་ཚུད་པ་དག་ཏུ་བྱ་བའི་ཆེད་དུ་སྦུ་གུ་ཟླུམ་པོ་དང་བཅས་པའི་ཐག་པ་གཅུས་ཏེ་སྐོར་བ་དུ་མས་བསྐོར་བར་གྱུར་པ་ཚད་དུ་ཕྱིན་པ་ན་ཟླུམ་པོ་དེ་ཡི་དབུས་སུ་


MR17_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲིའི་ཆང་ཟུང་བཅུག་ལ། ཟླུམ་པོ་དང་རལ་གྲིའི་ཆང་ཟུང་ཐད་ཀར་ཕུག་པ་ལ་ངེས་པར་གཡོ་བ་མེད་པར་བྱ་བའི་དོན་དུ་སྣ་གཟེར་གྱིས་བཏབ་པར་རབ་ཏུ་འགྱུར་རོ། །དེ་བཞིན་དུ་མདུན་ནས་ཀ་བ་གཉིས་པོ་ལ་རལ་གྲི་སྔ་མ་བསྐོར་ལུགས་ལས་བཟློག་པས་བསྐོར་བས་རལ་གྲི་གཉིས་ཀའི་རྩེ་མོ་ཕྱོགས་ལྷན་ཅིག་ཏུ་འོང་བ་བྱས་ལ། གཟེར་དང་ཐག་པར་བཅས་པ་རལ་གྲི་འཐོན་པའི་ས་མ་གཏོགས་པ་སྤང་ལེབ་ཀྱིས་གཡོགས་པར་བྱ་ཞིང་མི་མངོན་པར་བྱའོ། །རལ་གྲིའི་སོ་ཡི་རྩེ་མོའི་ཆ་ཡང་སྟེང་ནས་དགྲ་ཡི་རྐང་པས་མནན་ཏེ་མ་བསྐུལ་བར་དུ་རང་གར་རལ་གྲི་མི་གཡོ་བར་མནན་པར་བྱའོ། །དེ་ཡི་སྟེང་དུ་རལ་གྲི་འཐོན་པའི་བུག་པའི་རེ་ཁཱ་ཅན་གྱི་སྤང་ལེབ་བསྒྲིག་པ་དེ་ལ་གང་གི་རྐང་པ་བཞག་པ་ལས་ནི་རལ་གྲི་བསྐུལ་བར་འགྱུར་བ་སྟེང་དུ་འཐོན་པའོ། །རལ་གྲིའི་སྟེང་དུ་ཟླ་བའི་ཞེས་པ། རལ་གྲིའི་ཆང་ཟུང་གི་སྟེང་དུ་གནས་པའི་འཕྲུལ་ཤིང་གི་མིང་ལ་ཟླ་བ་ཞེས་གསང་བའམ་སྦས་པའི་བརྡས་བརྗོད་པ་སྟེ་འཕྲུལ་ཤིང་དེའི་ཚད་ནི་སོར་དྲུག་པའོ། །དབུས་ཀྱི་ཆ་ལ་ལྕགས་ལས་བྱས་པ་ཆུང་ངུ་ཡང་ལ་སྲབ་པ་གཅིག་ཀྱང་བཞག་པར་བྱ་སྟེ་རལ་གྲི་མནན་པའི་དོན་དུའོ། །འཕྲུལ་ཤིང་ཟླ་བའི་སྟེང་དུ་གང་གི་རྐང་པ་བཞག་པ་དེ་ནི་འཕྲལ་ལ་རལ་གྲི༷་ཡིས་ཀྱང་གཅོད་པར་བྱེད། བསྲུང་བྱའི་མཁར་གྱི་སྒོ་ཡི་རྒྱུན་གྱི་ལམ་སྲང་མ་གཏོགས་པའི་མཐའ་རྣམས་དང་ནི་མི་ཡི་བདག་པོའི་ཁང་བར་འཁྲུལ་འཁོར་ཁོ་ན་དགྲ་རྣམས་ལ་བསྣུན་པའི་མཚོན་ཆ་མཆོག་ཡིན་པའོ། །དེ་ནས་རྒྱལ་རིགས་འཐབ་པ་ཤིང་རྟའི་མཚན་ཉིད་གསུངས་པ། ཤིང་རྟའི་དོན་དུ་དང་པོར་སྲོག་ཤིང་བརྟན་པོར་བྱས་ལ། སྲོག་ཤིང་གི་སྟེང་དུ་ཉི་མའི་ལག་པས་ཞེས་རྒྱར་སོར་དྲུག་པའི་ཤིང་ཁྲུ་བཅུ་གཉིས་ཏེ་ཤར་དང་ནུབ་ཀྱི་དྲུག་དང་ལྷོ་དང་བྱང་གི་དྲུག་གིས་གདན་ནམ་རྩ་བའི་གནས་སུ་འགྱུར་ཏེ། དེ་ཡང་སྲོག་ཤིང་གི་སྟེང་དུ་མི་རྣམས་ཀྱི་གདན་ནམ་སྡོད་གནས་ཀྱི་ཁང་པ་བྱའོ། །ཇི་ལྟར་ན་ཕྱོགས་བརྒྱད་དང་དབུས་སུ་ཤིང་རྟའི་འཁོར་ལོའི་ཚད་དང་མཉམ་པ་ལ་གནས་སམ་གདན་གྱི་རེའུ་མིག་དགུ་ཡི་ཆའོ། །སྲོག་ཤིང་རྒྱར་སོར་བཅུ་བཞི་པ་སྟེ་དེ་ཆ་གསུམ་དུ་བྱས་ནས་དབུས་ཀྱི་ཆ་སྤངས་ཏེ་རྩེ་མོ་


MR17_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་གནས་སུ་བུག་པ་བྱ་ཞིང་། བུག་པ་དེ་དག་ཏུ་འཁོར་ལོའི་རྩིབས་བཅུག་ནས་སྲོག་ཤིང་དང་ལྷན་ཅིག་གཟེར་བཏབ་པར་བྱ་སྟེ་གཞིའི་བུག་པ་ཟླུམ་པོ་ལ་འཁོར་ལོ་དང་བཅས་པ་འཁོར་བའོ། །དེ་ནས་གདན་དེའི་ཟུར་བཞི་པོ་ཉིད་དུ་ཀ་བ་བཞི་དང་སྟེང་འོག་ཏུ་འཕྲད་ལ་གདང་བུ་ཡིས་སྦྲེལ་བ་བྱའོ། །མཉམ་པའི་ཤིང་རྟ་ནི་མཉམ་པའི་རྟ་སོགས་ཀྱིས་འདྲེན་པ་དང་། མི་མཉམ་པའི་ཤིང་རྟ་ནི་རྟ་སོགས་གྲངས་མི་མཉམ་པས་འདྲེན་པ་ཡིན་ལ། དེ་ལྟར་ཤིང་རྟ་གཉིས་པོ་རིམ་བཞིན་གནས་ལས་གཉིས་དང་ཕྱེད་ཀྱི་ཚད་ཀྱིས་སོ། །སྟེང་གི་ཀ་བ་རྣམས་ཀྱི་ཆ་གཅིག་གནས་ཀྱི་ཚད་དོར་ནས་སྟེང་དུ་ཆ་ཕྱེད་དག་ལ་འཐབ་མོ་པ་ཡི་ས་སྟེ། མཉམ་དང་མི་མཉམ་པའི་འདྲེན་བྱེད་རྟའམ་གླང་པོ་རྣམས་ནི། གཉིས་བཞི་དྲུག་རྣམས་མཉམ་པ་དང་། གསུམ་ལྔ་བདུན་རྣམས་མི་མཉམ་པ་ཡིན་ཞིང་འདྲེན་བྱེད་ཀྱི་ལུས་དཔངས་ཀྱི་ཚད་ཀྱིས་ཤིང་རྟ་མཐོ་དམན་དུ་འགྱུར་རོ། །དེ་ནས་འཐབ་མོ་པའི་སྟེང་གི་གནས་འཁོར་ལོའི་ཕྱེད་ཀྱི་ས་ལ་སྟེང་དུ་མེ་ལོང་དང་དོ་ཤལ་རྒྱལ་མཚན་དྲིལ་བུ་ལ་སོགས་བཀོད་པ་ཡིས་མཛེས་པར་བྱས་པའོ། །གཅིག་ཕྱེད་ཆ་གཉིས་དག་སྟེ་ཞེས་པ། རྩ་བའི་གནས་ཀྱི་འོག་ཏུ་འཐབ་མོ་པའི་ས་ལ་ཆ་གཅིག་གོ། རབ་ཏུ་གསལ་བ་ཞེས་གློ་སྐར་ལྟ་བུའི་བུག་པ་ལ་ཆ་ཕྱེད་དང་། སྟེང་གི་མཚན་མོའི་ལྟད་མོ་ལྟ་བའི་རབ་གསལ་ལ་ཡང་ཆ་ཕྱེད་དོ། །དེ་གཉིས་ཆ་འདྲ་སྟེ་བསྡོམ་པས་ཆ་གཅིག་དང་། འཐབ་མོ་པའི་ཆ་བཅས་ཆ་གཉིས་སོ། །གཡུལ་གྱི་འཐབ་མོའི་དོན་དུ་ཕྱོགས་བཞི་པོ་རྣམས་སུ་ལྟ་བར་བྱེད་པའི་གློ་སྐར་ནི་འཐབ་མོ་དང་མཚན་མའི་ས་ལ་བྱའོ། །ཟླ་བ་ལག་པ་རྩེ་མོ་ཅན་རྣམས་ཞེས་པ་ཀ་བའི་གདང་བུ་རྣམས་ཀྱི་རྩ་བའི་གནས་ཀྱི་སྟེང་དུ་འདྲེན་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཅིག་གོ། དེ་ནས་ཀ་བ་རྣམས་ཀྱི་འཐབ་མོ་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཉིས་སོ། །དེ་ནས་ཀ་བ་རྣམས་ཀྱི་སྟེང་དུ་སོར་བཞི་པ་རྣམས་ཀྱི་ཆ་གསུམ་པ་སྟེ། དེའི་སྟེང་དུ་རྒྱལ་མཚན་


MR17_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་མཚན་མའི་སའོ། །དེ་ལྟར་ཟླ་བ་ཆ་གཅིག་ལ་སོགས་པ་རྣམས་རྩ་བའི་གནས་དང་སོ་སོའི་གདན་ལ་སོགས་པ་རྣམས་ཀྱི་ཚད་ངེས་པར་ཤེས་པར་བྱའོ། །ཤིང་རྟ་དེ་ཡི་དབྱེ་བ་ལ་རྟ་རྣམས་ཀྱིས་འདྲེན་པའི་ཤིང་རྟའི་འཕང་ལོའམ་འཁོར་ལོའི་ཚད་ནི་ཕྱེད་དང་བཅས་པའི་ཁྲུ་གཉིས་སོ། །སྲོག་ཤིང་ནི་འཁོར་ལོའི་ཚད་དེའི་བཞི་འགྱུར་ལ་མུ་ཁྱུད་ཀྱི་ཆས་ཅུང་ཟད་ལྷག་པ་དང་བཅས་པའོ། །ཤིང་རྟའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཆ་ལ་འཁོར་ལོའི་ཚད་དེ་ཉིས་ལྡབ་ཀྱི་ཚད་ཀྱིས་ཕྱོགས་བཞིར་གྲུ་བཞི་དང་། མཐའ་གཉིས་སུ་འཁོར་ལོའི་ཚད་ཀྱིས་ཟླུམ་པོ་བྱའོ། །གླང་པོའི་ཤིང་རྟ་ནི་རྟའི་ཤིང་རྟ་ལས་ཉིས་འགྱུར་རོ། །དེ་ལྟར་ཟླུམ་པོ་ཕྱེད་དང་བཅས་པའི་གཅིག་གི་ཆ་ཅན་བཤད་མ་ཐག་པ་ལྟར་ལ། ཟླུམ་པོ་དེ་ནི་པདྨའི་ཤིང་རྟའི་ས་ནི་ཡིན་ཏེ། དགའ་བའི་ཤིང་རྟས་དབྱེ་བ་དག་ལ་གྲུ་བཞི་པར་མཉམ་པར་འགྱུར་རོ། །རྟེན་གཞི་དང་བཅས་པའི་འཕང་ལོའམ་འཁོར་ལོའི་ཚད་ནི་རྟ་དང་གླང་པོའི་དབང་གིས་ཕྱེད་དང་བཅས་པ་ཡི་ཁྲུ་རྣམས་དང་། དེ་གཉིས་འགྱུར་ཀྱང་རིམ་པས་སོ། །དེ་ཡང་ལྷ་རྣམས་ཀྱི་ཤིང་རྟ་ནི་པདྨའི་རིགས་ཟླུམ་པོ་ཡིན་ཏེ། ལྷ་ཡི་བུ་ཡིས་ཞེས་པ་སྲིད་སྒྲུབ་ཀྱིས་བཀོད་པ་དགའ་བའི་རིགས་གྲུ་བཞི་ནི་སྲིད་སྒྲུབ་ཀྱི་ཤིང་རྟ་སྟེ། མི་གཞན་རྒྱལ་རིགས་རྣམས་ཀྱི་ཡང་གྲུ་བཞིའོ། །བརྒྱད་དང་ཆུ་གཏེར་སྲོག་ཤིང་འཁོར་ལོ་རྣམས་ཀྱིས་ཞེས་པ། སྲོག་ཤིང་བཞི་དང་འཁོར་ལོ་བརྒྱད་ཀྱིས་གཡུལ་དུ་ཕྱིར་མི་ལྡོག་པའི་ཤིང་རྟ་ཆེན་པོར་འགྱུར་རོ། །འོག་དང་སྟེང་དུ་སྲོག་ཤིང་གཉིས་དག་དང་འཁོར་ལོ་བཞི་ཡིས་ཤིང་རྟ་ཆེན་པོའི་ཕྱེད་དུ་འགྱུར་རོ། །དེས་ན་ཤིང་རྟ་རྣམ་པ་གསུམ་དུ་འདིར་ནི་འགྱུར་ཏེ་ཤིང་རྟ་ཆེན་པོ་དང་། དེ་ཡི་ཕྱེད་དང་། དེ་ཡིས་ཕྱེད་དང་མཉམ་པ་འཁོར་ལོ་གཉིས་ཡོད་པའོ། །འཁོར་ལོ་གཅིག་གིས་ལྷ་རྣམས་ཀྱི་ཤིང་རྟར་འགྱུར་ཏེ་དེ་བཞིན་དུ་གཟའ་ཉི་མའི་ཤིང་རྟ་ཡང་ཡིན་ཏེ།


MR17_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ན་ཉི་མའི་ཤིང་རྟ་མཆོག་ནི་འཁོར་ལོ་གཅིག་པ་འདྲེན་བྱེད་མི་མཉམ་པ་བདུན་གྱི་གྲངས་ཀྱི་རྟ་ཡིས་དྲངས་པ་ཡང་ཡིན་ལ། ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པ་ཡི་ཤིང་རྟའོ། །གཡུལ་དུ་ཕྱིར་མི་ལྡོག་པར་འཇུག་པར་འགྱུར་བ་མི་མཉམ་པ་དང་མཉམ་པའི་ཤིང་རྟ་ཆེན་པོ་རྒྱལ་རིགས་རྣམས་ཀྱི་ཤིང་རྟའོ། །ཤིང་རྟ་དེས་སྟེང་དང་མངོན་དུ་ཕྱོགས་པ་འཇོམས་ཏེ་མཉམ་དང་མི་མཉམ་པའི་ཤིང་རྟ་དེ་དག་གཡུལ་དུའོ། །རྒྱབ་ནི་འཇོམས་པ་ཞེས་པ། གཡུལ་དུ་མི་ལྡོག་པའི་ཤིང་རྟ་ལ་མཉམ་པའི་འདྲེན་བྱེད་ཀྱི་གཉའ་ཤིང་བཅུ་བདུན་གྱི་ཐག་པ་རྣམས་ཀྱིས་རྟ་བཅུ་དྲུག་གི་སྟེང་ངམ་རྒྱབ་བཅོམ་པར་འགྱུར་རོ། །དེ་བཞིན་དུ་སྲོག་ཤིང་གཅིག་དང་འཁོར་ལོ་གཉིས་ཀྱི་མཉམ་པའི་ཤིང་རྟ་ལ། དེ་འདྲེན་པའི་གཉའ་ཤིང་གསུམ་དང་ཐག་པ་གཉིས་ཀྱིས་རྟ་སོགས་འདྲེན་བྱེད་དེའི་རྒྱབ་ཀྱི་སྟེང་གནོན་ཅིང་འཇོམ་པས་ན་མངོན་དུ་ཕྱོགས་པའི་དགྲ་འཇོམས་དང་འདྲེན་བྱེད་ཀྱི་སྟེང་ངམ་རྒྱབ་འཇོམས་པ་ནི་མཉམ་པར་འགྱུར་རོ། །དེ་ལྟར་རང་ཕྱོགས་བསྲུང་བའི་ཆེད་དུ་ས་འོག་རལ་གྲིའི་འཁྲུལ་འཁོར་དང་རྒྱལ་རིགས་འཐབ་པའི་ཤིང་རྟའི་མཚན་ཉིད་གཉིས་གསུངས་སོ། །དེ་ནས་ཞར་ལ་བདེ་བར་སྤྱོད་པའི་འཁྲུལ་འཁོར་གསུངས་པ་ལས། ལྷ་རྣམས་ཀྱི་གཞལ་ཡས་ཁང་དང་ཆ་འདྲ་བ་མི་བདག་རྣམས་ལྟད་མོའི་དོན་དུ་བསྐྱོད་པའི་གནས་ཀྱི་མཚན་ཉིད་གསུངས་པ། ཀ་བ་ཁྲུ་ཉི་ཤུ་ལ། རྒྱལ་སོར་མོ་ཉི་ཤུ་པ་བཞི་ལ། བུག་པའི་གྲངས་མཉམ་པར་བུག་པར་འགྱུར་ཏེ་གང་ཞེ་ན། བུག་པའི་མཐའ་གཅིག་ནི་ཁྲུ་དྲུག་གི་ཆ་ལའོ། །གཉིས་པ་ནི་ཁྲུ་ལྔ་ཡི་ཆ་ལའོ། །གསུམ་པ་ནི་ཆུ་གཏེར་ཏེ་བཞི་ཡི་ཆ་ལའོ། །བཞི་པ་ནི་མེ་ཡི་སྟེ་གསུམ་པའི་ཆ་ལ་འགྱུར་རོ། །དེ་ལྟར་ཆ་རྣམས་དག་གིས་ཀ་བའི་རྩེ་མོར་ཐུག་གི་བར་དུ་ཁྲུ་རེ་རེ་བར་དུ་དོར་བའི་བུག་པ་མཉམ་པར་རབ་ཏུ་འགྱུར་ཏེ། བཞི་ཀ་ལ་འདྲ་བར་ཕུག་པའོ། །རྩ་བའམ་འོག་གི་ཆ་ལ་ཁྲུ་བཅུ་གསུམ་དུ་འགྱུར་རོ། །


MR17_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཡི་ཆ་དག་ལས་སྟེང་དུ་དེའི་ཕྱེད་ཀྱི་ཆ་ཁྲུ་ཕྱེད་དང་བདུན་དུ་ནི་འགྱུར་ཏེ་ཁང་པ་བརྩེགས་མའི་དབང་གིས་དེ་ལྟར་འགྱུར་ཏེ། ཚོགས་ཀྱི་གཞལ་ཡས་ཁང་ལ་གདང་བུ་བཞི་བཞིའི་སྟེང་ནི་ཐོག་འབུབ་ཀྱི་སའམ་གནས་སུ་འགྱུར་ཏེ་ལྷ་རྣམས་ཀྱི་གཞལ་མེད་ཁང་བརྩེགས་མའི་རྣམ་པ་དང་འདྲ་བའོ། །ལྷའི་ཕོ་བྲང་དེ་བཞིན་དུ་ས་ལ་མི་བདག་རྣམས་ཀྱི་གནས་ཀྱང་རྣམ་གསུམ་བརྩེག་མའི་དབང་གིས་ཡུལ་གྱི་ལྟད་མོ་དང་དགའ་སྟོན་ལ་བསྐྱོད་པའི་ཚེ། ཁྲུ་ནས་ཁྲུ་ཡི་བར་དག་གིས་ནི་ཕྱོགས་རྣམས་ཀུན་དུ་འཁོར་བ་དང་ལྡན་པ་ནི་ཆེན་པོར་རབ་ཏུ་འགྱུར་ཏེ། དང་པོའི་རྩེག་མ་ལ་ཀ་བའི་ཕྱི་རོལ་དུ་བྱུང་བའི་གདང་བུའི་སྟེང་དུ་སྤང་ལེབ་རྣམས་ཀྱིས་ཐམས་ཅད་དུ་འཁོར་བ་ནི་ཁྲུ་གསུམ་གྱིས་འཁོར་བའོ། །གཉིས་པའི་རྩེག་མ་ལ་ཁྲུ་གཅིག་གིས་འཁོར་བའོ། །ལྷའི་གཞལ་ཡས་ཁང་དང་མི་བདག་ལྟད་མོ་ལ་བགྲོད་པའི་ཁྱིམ་གྱི་མཚན་ཉིད་ངེས་པའོ། །ད་ནི་དཔྱིད་ཀྱི་དགའ་སྟོན་གྱི་སླད་དུ་འཁོར་ལོའི་ཁྱོགས་ཀྱི་མཚན་ཉིད་གསུངས་པ། སྔར་བཤད་པའི་ཤིང་རྟ་སྲོག་ཤིང་བཞི་དང་འཁོར་ལོ་བརྒྱད་གནས་དང་བཅསཔ་དེ་བཞིན་དུ། བརྒྱད་ཀྱི་གྲགས་སུ་གྱུར་པའི་ཤིང་རྟའི་འཁོར་ལོའི་སྟེང་དུ་གླང་པོ་ཆེའི་ཤིང་རྟའི་ཀ་བའི་ཚད་ཀྱི་ཀ་བ་བཞི་བཙུགས་པའི་ཀ་བའི་རྩེ་མོ་སྟེ་འོག་ནས་སྟེང་དུ་གནས་པའི་ཆ་དག་ལ་གོང་བཤད་ལྟར་ཁང་པ་རྣམ་པ་གསུམ་བརྩེགས་མའི་དབང་གིས་ཁྱོགས་རྣམས་ཕྱོགས་བཞི་པོ་ཀུན་ཏུ་འཁོར་བར་གནས་པ་སྟེ། གདང་བུ་བཞི་བཞིའི་སྟེང་དུ་རྩེག་མ་དང་པོ་ལ་ཕྱོགས་བཞི་རྣམས་སུ་བརྒྱད་གཉིས་ཏེ་ཁྱོགས་བཅུ་དྲུག་ཏུ་འགྱུར་རོ། །གཉིས་པ་ལ་བརྒྱད་དང་། དེ་ནས་གསུམ་པ་ལ་སྔ་མའི་ཕྱེད་དེ་བཞིའོ། །རྩེག་མ་དང་པོ་ལ་ཕྱོགས་ཞེས་ལག་པ་བཅུ་གདང་བུའི་སྟེང་ན་གནས་པ་ནི་ཕྱོགས་རེ་རེའི་དབང་དུ་བྱས་པ་སྟེ་དེ་བཞིན་ཕྱོགས་གཞན་ལ་ཤེས་པར་བྱ་བ་དང་། རྩེག་མ་གཉིས་པར་ཕྱོགས་རེ་ལ་དུས་ཞེས་པ་ལག་པ་དྲུག་དང་། བཞི་པར་


MR17_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེར་དུས་དག་ཅེས་ལག་པ་བཞི་ཡིས་བརྟེན་པའོ། །དེ་ལྟར་ལག་པ་རྣམས་ཀྱི་རྟེན་ཉིད་ནི་ས་གསུམ་མམ་རྩེག་མ་གསུམ་གྱི་གདང་བུ་རྣམས་ཡིན་ཏེ་དེ་ཡང་ས་གསུམ་ལ་འོག་མ་རྣམས་ཀྱི་སྟེང་དང་སྟེང་མ་རྣམས་ཀྱི་འོག་ཏུ་འཁོར་བར་བྱེད་པ་གང་ཞིག་ལག་པས་བཟུང་བའི་འཕྲུལ་ཤིང་ཀ་བ་རྣམས་ཀྱི་བུག་པར་བཅུག་པ་དེ་ལ་ནི་བུ་མོ་གཞོན་ནུ་ཡིད་དུ་འོང་བའི་བཙུན་མོ་རྣམས་ཀྱིས་སྟེན་པར་བྱེད་དོ། །ཁྱོགས་དེ་དག་ནི་སྟེང་མ་རྣམས་ནང་དང་འོག་མ་རྣམས་དེ་ལས་ཕྱི་རོལ་དག་ཏུ་གནས་པ་དང་། རྩེག་མའི་དབང་གིས་འོག་དང་སྟེང་དུ་སོན་ཅིང་། ཕྱོགས་བརྒྱད་དུ་ནི་གཡོ་བའམ་འཁྱོགས་པ་སྟེ་མངོན་པར་ཕྱོགས་པའམ་འཁོར་བར་གྱུར་པ་རྣམས་སོ། །འཁོར་ལོའི་ཁྱོགས་ཀྱི་མཚན་ཉིད་དོ། །ད་ནི་མེ་ཏོག་གི་ལྡུམ་ར་ལ་སོགས་པར་ཆུ་འདྲེན་པ་བུམ་པའི་ཆུའི་འཁྲུལ་འཁོར་གསུངས་པ། སྟེང་དང་འོག་ཏུའམ་གཡས་དང་གཡོན་བྱས་ཀྱང་རུང་སྟེ། སྟེང་སྟེ་གཡས་གྱེན་གྱི་ཕྱོགས་དང་། འོག་སྟེ་གཡས་ཐུར་གྱི་ཕྱོགས་སུ་སྙུག་དོང་ལྟ་བུ་སྦུབས་ཅན་གྱི་འཁྲུལ་འཁོར་ནི་འཁྱོགས་པོར་འགྱུར་ཏེ། གཅིག་ལ་གཅིག་མཐུད་དུ་བྱ་རྒྱུའི་འཁྲུལ་འཁོར་ཐམས་ཅད་ཀྱང་ཀུན་ནས་སྦུབས་ཀྱི་རྣམ་པ་དག་གིས་སོ། །རྩ་བའི་འཁྲུལ་འཁོར་ནི་ཀུན་ནས་ནང་གྲུ་བཞི་པའི་སྦུབ་ཀྱི་རྣམ་པ་དག་གིས་ཆུ་འདྲེན་པར་བྱེད་པའི་འཁྲུལ་འཁོར་རོ། །དེ་ཡང་དེའི་རྒྱབ་ངོས་ཀྱི་དབུས་སུ་ཆུ་འཇུག་པའི་བུག་པ་དང་བཅས་པའོ། །དེའི་རྒྱབ་ཀྱི་བུག་པར་བཅུག་པའི་སྦུབས་ཀྱི་རྩེ་མོར་བུམ་པའི་གཟུགས་ལྟ་བུའི་སྣོད་ཀྱི་ཁའི་མགྲིན་པའི་སྦུབས་ཀྱི་རྩེ་མོ་བཅུག་པར་བྱའོ། །འོག་ཏུ་བུམ་པའི་ཁ་ལ་ཡང་བུག་པ་ཡང་ནི་སྦུབས་ཀྱི་བུག་པ་དག་གི་ཚད་དུ་འགྱུར་རོ། །བུམ་པའམ་སྦུབས་ཀྱི་རྣམ་པ་གཞན་རྣམས་ནི་རྩ་བའི་འཁྲུལ་འཁོར་དུ་འཇུག་པའི་སྦུབས་རིང་ལ། དེའི་རྩེ་མོའམ་ཕྱེད་དམ་སུམ་གཉིས་ཙམ་དུ་སྦུབས་གཞན་གྱི་རྩེ་མོ་བར་མཚམས་མེད་པར་


MR17_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་གཅིག་ལ་གཅིག་མཐུད་པ་ཆུའི་གནས་ནས་གང་དུ་ཆུ་འདྲེན་པའི་སར་སླེབ་པར་བྱའོ། །རྩ་བའི་འཁྲུལ་འཁོར་གྱི་རྒྱབ་ཀྱི་བུག་པ་ནི་སྦུབས་ཀྱི་རྩེ་མོར་ཆུད་པའི་བུམ་པའི་མགྲིན་པའི་སྦུབས་ཀྱི་ཚད་དུ་བྱས་ནས། བུམ་པ་ཡོད་པའི་སྦུབས་ལས་གཞན་པའི་སྦུབས་རྩ་བའི་འཁྲུལ་འཁོར་གྱི་ཆུའི་ནང་དུ་གཞུག་པར་བྱའོ། །དེ་ནས་རྩ་བའི་སྦུབས་ཀྱི་རྩེར་སྦུབས་གཞན་སྦྱར་བ་ཡིན་ན། བུམ་པའི་བུག་པ་སྦུབས་ཀྱི་རྩེ་མོའི་མདུན་ནས་བཅུག་སྟེ་ང་མི་འཆོར་བར་རྒྱས་གདབ་པའམ་རྩ་བའི་སྦུབས་ཀྱི་སུམ་གཉིས་སོགས་ཀྱི་བུ་གར་སྦུབས་གཞན་སྦྱར་བ་ཡིན་ན་བུམ་པས་མདུན་ནས་བཀག་ལ། ཆུར་སོན་པའི་སྦུབས་ཀྱི་རྩེ་མོའི་བུག་པ་འབོལ་དོས་དགག་པར་བྱ་སྟེ། དེ་ནས་ཇི་སྲིད་རྩ་བའི་འཁྲུལ་འཁོར་ཆུས་གང་བར་གྱུར་གྱི་བར་དུ་རྩ་བའི་འཁྲུལ་འཁོར་གྱི་དབུས་སུ་བུག་པ་ནས་ཆུ་གཞུག་པར་བྱའོ། །དེ་ནས་འཁྲུལ་འཁོར་ཕྱི་མ་ལ་ཆུའི་ནང་གི་རྩ་བའི་འཁྲུལ་འཁོར་གྱི་སྦུབས་ཀྱི་བུག་པ་འབོལ་དོས་བཀག་པའམ། སྦུབས་ཀྱི་རྩེ་མོའི་མགྲིན་པའི་བུག་དང་། འཁྲུལ་འཁོར་སྔ་མ་ལ་རྒྱབ་ཀྱི་སྦུབས་ཀྱི་བུམ་པའི་བུག་པ་བཀག་པ་ཅིག་ཅར་བྱུང་བ་ན། མཚོ་སོགས་ལས་བུམ་པའི་ནང་གི་རླུང་གི་དབུགས་ཀྱིས་ཆུ་ནི་འདྲེན་པར་བྱེད་ཅིང་། དྲངས་པའི་ཆུ་དེ་ཉིད་ནི་བཏང་བར་གྱུར་པ་དག་ཀྱང་བུམ་པའི་བུ་ག་ནས་མེ་ཏོག་གི་སྐྱེད་མོས་ཚལ་དང་སྨན་གྱི་ལྡུམ་རྭ་སྟེ་དེ་དག་གི་མཉམ་པའི་ས་ལ་གང་དུ་དྲངས་པ་དེར་ནི་འགྲོ་བར་འགྱུར་རོ། །ཆུ་བཅུ་བའི་འཁྲུལ་འཁོར་གྱི་ངེས་པའོ། །འཁྲུལ་འཁོར་གྱི་སྐབས་སུ་ངེས་དོན་གྱི་བཤད་པ་སྦྱར་བ་དག་མཆིས་ཀྱང་འགལ་བ་ཆེར་མེད་མོད། སྐབས་མིན་ལ་མི་དགོས་པར་མཁས་པ་དག་བཞེད། འཁྲུལ་འཁོར་འདི་དག་མིག་མཐོང་མེད་པས་རྩ་བའི་གནད་མ་ངེས་པ་དང་། འགའ་ཞིག་གོ་སླར་དགོངས་ཏེ་འགྲེལ་པས་མ་བཤད་ལ། ཅི་རིགས་བཤད་པ་རྣམས་ཀྱང་འགྲེལ་པའི་


MR17_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་མདོར་བསྡུས་ཤིང་བརླིང་བ་དང་། འགྱུར་སྣ་ཚོགས་སུ་གྱུར་པ་དང་། བླ་མ་གོང་མ་དག་གིས་ཀྱང་གསལ་བར་མ་གསུངས་པས་བཏང་སྙོམས་སུ་བཞག་འོས་ཡིན་ནའང་། རྒྱུད་རྩ་བའི་ཚིག་གི་འབྲུ་མནན་པའི་གྲས་སུ་འདི་རྣམས་ལའང་འབྲུ་ཅུང་ཞིག་མནན་ཏེ་བཤད་མོད། དོན་དུ་མི་གནས་པ་ཅུང་ཟད་ཡོད་ན་མཐོལ་ཞིང་བཤགས་སོ། །འཁྲུལ་འཁོར་གསུངས་པའི་སྐབས་ཀྱི་མཇུག་བསྡུ་བ་ནི། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གྲགས་པས་བྲམ་ཟེ་ཉི་མའི་ཤིང་རྟ་ལ་ངེས་པ་སྦྱིན་པ་གསུངས་པ། རབ་མཆོག་འཛམ་གླིང་ཆེན་པོའི་ས་གཞི་སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུལ་དག་ལ་བསྟན་ལ་འཚེ་བའི་ཕྱོགས་ཀླ་ཀློ་སོགས་ལ་ཚར་གཅོད་པ་གདུག་པ་ཅན་གྱི་ལས་རྣམས་སྒྲུབ་པའི་དོན་དང་། ཆོས་དང་ལྡན་པ་རྒྱལ་བའི་དོན་དུ་མཆོག་གི་དང་པོའི་སངས་རྒྱས་སུ་ནི་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སྲིད་པ་གསུམ་གྱི་བླ་མས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོ་ལ་དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་མཚན་ཉིད་ཐམས་ཅད་སྔོན་དུ་གསུངས་པ་གང་ཡིན་པ་དེ་ཡི་ནང་ནས་ཅུང་ཟད་ཙམ་ཞིག་བསྡུས་རྒྱུད་འདིར་ནི་དེ་རིང་ཤམ་བྷ་ལའི་ཡུལ་འདི་ཉི་མའི་ཤིང་རྟ་ཁྱོད་ལ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་བདག་གིས་གསལ་བར་བསྟན་ཏོ། །ཆོས་ལྡན་རང་གི་གནས་བསྲུང་བའི་དོན་དུ་འདི་རྣམས་མཐའ་དག་གྱིས་ཤིག། ཞེ་སྡང་དང་ཆགས་པས་བྱ་བ་མིན་ནོ་ཉི་མ་ཀྱེ། ཞེས་གསུངས་པ་ལྟར་དུས་ཀྱི་འཁོར་ལོ་ཡོངས་སུ་ཤེས་པ་དང་ལྡན་པའི་རྗེས་འཇུག་གཞན་རྣམས་ཀྱིས་ཀྱང་དེ་ལྟར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའི་ངེས་པའོ། །དེ་ཡན་ཆད་ཕྱི་ནང་གཞན་གསུམ་གྱི་གནས་སམ། རྣམ་བཅུ་དབང་ལྡན་དག་པའི་མཚོན་བྱེད་འགྲེལ་ཆེན་གྱི་མདོར་བསྡུས་བཅུའི་སྒོ་ནས་རྣམ་པར་བཤད་ཅིང་འདི་མན་ཆད་གོ་སླ་བས་འགྲེལ་བཤད་མ་མཛད་དོ། །ཉི་ཤུ་


MR17_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁོར་ལོས་སྒྱུར་བ་དུམ་བུ་བཅུ་གཉིས་སུ་འཁོར་བའི་ངོ་བོ་ཉིད་ཀྱི་གནས་པ། ཆང་དང་ལན་ཚྭའི་སོགས། ཚིགས་བཅད་བརྒྱ་ཞེ་དགུ་པ་ནས། བརྒྱ་ང་དགུ་པའི་བར་གྱིས་བསྟན་ཏེ། ནང་གི་མཚོ་དྲུག་པ་ཆང་གི་རྒྱ་མཚོ་དང་། ཕྱིའི་མཚོ་བདུན་པ་ལན་ཚྭའི་ཆུ་གཏེར་གྱི་བར་རམ་དབུས་སུ་ཐུབ་པ་སྟེ་གླིང་བདུན་པ་ས་ཡི་དཀྱིལ་འཁོར་ལ་ནི་འཛམ་གླིང་ཆེན་པོ་ལས་ཀྱི་ས་ཡང་དག་པར་གནས་པ་དེ་ཉིད་ཀྱི་ཕྱིའི་མཐའ་བསྐོར་དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་སྟེ་གླིང་བཅུ་གཉིས་རྣམས་སུ་མི་ཡི་བདག་པོ་ཆོས་ཀྱི་འཁོར་ལོས་སྒྱུར་བ་རིམ་པས་འཁོར་བར་འགྱུར་རོ། །འདི་ལ་དཀའ་འགྲེལ་པདྨ་ཅན་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་འཁོར་བར་འགྱུར་རོ་ཞེས་བཤད་པ་སྔགས་ཀྱི་བསྟན་པ་འཁོར་བ་ལ་དེ་ལྟར་བརྗོད་པར་ཟད་དོ། །གླིང་དུམ་བུ་བཅུ་གཉིས་པོ་དེ་དག་གི་ནང་ནས་དུམ་བུ་གཅིག་འཛམ་གླིང་ཆུང་ངུ་འདི་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ། འབུམ་ཕྲག་གསུམ་ལ་བཅུ་གཉིས་ཀྱིས་ཐོབ་པ་ཤར་ནུབ་ཀྱི་མཐའི་རིང་ཚད་དེ་ལྷོ་བྱང་གི་ཐད་ཀར་ཡང་ཚད་དེ་ཉིད་དོ། །འདི་སྐབས་སུ་ནོར་གྱི་འདབ་མ་ཞེས་པ་འཛམ་གླིང་ཆུང་ངུ་འདི་ལ་ཕྱོགས་བཞི་མཚམས་བརྒྱད་དུ་ཕྱེ་བ་ལ་བཤད་ན་ཤམ་བྷ་ལ་འཛམ་གླིང་གི་དབུས་ན་ཡོད་པ་སོགས་སུ་འགྱུར་བས་མི་འཐད་ཅིང་འཕགས་ཡུལ་དང་བོད་ལ་སོགས་པར་ཐུར་གྲིབ་ཀྱི་ཁྱད་པར་སྔར་གསུངས་པ་བཞིན་འཕགས་བོད་ལི་དང་རྒྱ་ནག་རྒྱ་ནག་ཆེན་པོ་ཀཻ་ལ་ཤའི་དུམ་བུ་རྣམས་ནི་འཛམ་གླིང་ཆུང་ངུ་འདི་ལ་ལྷོ་བྱང་དུ་དཔག་ཚད་ཉེར་ལྔའི་ཞེང་ཚད་ཡོད་པ་དེ་ཉིད་དྲུག་གིས་བགོས་པས་དཔག་ཚད་སྟོང་ཕྲག་བཞི་བརྒྱ་དྲུག་ཅུ་རེ་ཕྱེད་བདུན། གཞུ་འདོམ་སུམ་བརྒྱ་དང་སོ་གསུམ་ཁྲུ་གང་སོར་བརྒྱད་འབྱུང་བས་ཀཻ་ལ་ཤའི་དུམ་བུའི་ཞེང་ཚད་དེ་ཙམ་ལ། ཀཻ་ལ་ཤའི་དུམ་བུ་དེ་ཉིད་ཀྱི་བྱང་ན་ལྷུན་པོ་གནས་པ་རྒྱབ་དང་། ལྷོ་ན་ཆུ་བོ་ཤཱི་ཏ་འབབ་པ་མདུན་དུ་བྱས་


MR17_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱབ་མདུན་ལ་ལྟོས་ནས། དུམ་བུ་དེའི་ཕྱེད་ནུབ་ཕྱོགས་ནི་དུམ་བུ་དེའི་ཕྱེད་གཡས་དང་། ཕྱེད་ཤར་མ་གཡོན་མར་བྱས་ཏེ་དེའི་ཕྱེད་གཡས་ན་ཤམ་བྷ་ལ་ཞེས་པའི་ཡུལ་ཡོད་པ་དེ་ཉིད་ལ་པདྨ་འདབ་བརྒྱད་ལྟར་བྱས་ནས་འཆད་དགོས་པར་མཁས་གྲུབ་འགྲེལ་ཆེན་དེ་ཉིད་སྣང་བར་གསུངས་ལ། བླ་མ་འགའ་ཞིག་ཤམ་བྷ་ལའི་ཡུལ་གླིང་འདིའི་ཕྱེད་ཀྱི་ཚད་ཙམ་དང་འགའ་ཞིག་སུམ་གཉིས་ཙམ་དང་སུམ་ཆ་ཙམ་དུ་བཞེད་པ་སོགས་རྒྱ་ཆེན་པོར་འདོད་ཀྱང་འདིར་རིགས་པས་བརྟགས་ན་ཡུལ་དྲུག་ཏུ་ཕྱེ་བའི་ཚད་རྣམས་རགས་པ་ཙམ་དུ་མཉམ་པ་དང་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་ན་ཤམ་བྷ་ལ་ཡོད་ཅིང་དེ་ཡི་ཡུལ་གྱི་ཆ་ལ་འདབ་མ་བརྒྱད་དུ་ཕྱེ་བ་ཡིན་པ་ལས་འོས་མེད་པས་འདིར་འཛམ་གླིང་ཆུང་ངུ་འདིའི་ཆུ་བོ་ཤཱི་ཏའི་བྱང་ན་གནས་པ་ཤམ་བྷ་ལའི་ཡུལ་གྱི་དུམ་བུ་དེ་ལ་པདྨ་འདབ་བརྒྱད་དང་འདྲ་བར་དབུས་ཀྱི་ལྟེ་བའི་ཕྱོགས་བཞི་དང་མཚམས་བཞི་རུ་ནོར་གྱི་འདབ་མ་དག་ཅེས་པ་འདབ་མ་བརྒྱད་དང་བཅས་པའོ། །འདབ་མ་བརྒྱད་པོ་དེ་ཡི་དབུས་ན་ཀེ༷་ལ་ཤ་ཡི་རི་བོ་ཟླུམ་པོ་སྟེང་གི་ཐེལ་ཆེ་ཞིང་ཤིན་ཏུ་ཡངས་པའི་དབུས་ན་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཕོ་བྲང་ཀ་ལཱ་པ་ཞེང་དུ་དཔག་ཚད་བཅུ་གཉིས་པ་ཡོད་དོ། །ཕོ་བྲང་དེའི་མདུན་ལྷོའི་ཕྱོགས་ཀྱི་དབུས་ན་མ་ལ་ཡའི་སྐྱེད་མོས་ཚལ་དཔག་ཚད་བཅུ་གཉིས་པའི་དབུས་སུ་རྒྱལ་པོ་ཟླ་བ་བཟང་པོས་བཞེངས་པའི་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་ཡོད་ཅིང་། སྐྱེད་ཚལ་དེའི་ཤར་ན་ཉེ་བའི་ཡིད་ཀྱི་མཚོ་དང་། ནུབ་ན་པདྨ་དཀར་པོའི་མཚོ་གཉིས་ཀ་རྒྱར་དཔག་ཚད་བཅུ་གཉིས་པའོ། །ཕོ་བྲང་དེའི་འཁོར་དུ་གཏོགས་པའི་གྲོང་བྱེ་བ་ཕྲག་གཅིག་སྟེ། དེ་ཐམས་ཅད་གནས་པའི་ཁྱོན་ཡངས་པ་དེའི་མཐའ་རི་དང་ནགས་ཚལ་གྱིས་བསྐོར་བའི་རི་རྣམས་ཀྱི་རྩེ་མོར་གངས་ཀྱི་རི་དང་བཅས་པའོ། །དེ་ལྟར་ན་དབུས་སུ་ཀེ་ལ་ཤ་ཞེས་པ་གངས་རི་


MR17_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་རྩེ་ན་ཕོ་བྲང་ཡོད་པ་ལྟ་བུའི་རྒྱ་ཆུང་ངུར་བསམ་པར་མི་བྱ་སྟེ། ཤམ་བྷ་ལའི་ཡུལ་གྱི་ཆགས་ལུགས་པདྨ་འདབ་བརྒྱད་ལྟ་བུ་དེ་ཡི་སུམ་ཆའི་ཚད་ཀྱི་ས་ཡི་ལྟེ་བ་ཟེའུ་འབྲུའི་ཚུལ་དུ་གྱེན་དུ་མཐོ་བའི་རྩེ་དབུས་ན་ཕོ་བྲང་དང་དེའི་ཕྱོགས་ཀྱི་གྲོང་རྣམས་གནས་པའི་མཐའི་རི་རྣམས་ཀྱི་རྩེ་མོ་གངས་རིས་བསྐོར་བས་ན་ཀེ་ལ་ཤ་ཞེས་བཏག་པ་སྟེ། མཆོག་གི་གངས་རི་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བའོ། །ཤམ་བྷ་ལའི་ས་ལ་དབུས་ཀྱི་ཀཻ་ལ་ཤ་ཡི་དུམ་བུ་མཐའ་གངས་ཀྱི་རི་དང་བཅས་པ་དེ་ནི་ཀུན་ནས་ཡུལ་དེའི་སུམ་ཆ་སྟེ། དབུས་ཀཻ་ལ་ཤ་ཡི་དུམ་བུ་ཕོ་བྲང་ཀ་ལཱ་པ་གྲོང་བྱེ་བ་དང་བཅས་པ་གནས་པ་དེའི་ཕྱི་རོལ་དུ་ནི་པདྨའི་འདབ་མ་བརྒྱད་པོ་རེ་རེ་དག་ཀྱང་ཉིན་བྱེད་ཅེས་བཅུ་གཉིས་ཀྱི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་པོ་དང་། ཡུལ་ཆེན་པོ་དེ་རེ་རེ་ལའང་གླིང་གི་ཡུལ་རྣམས་བརྒྱ་རེ་བརྒྱ་རེ་དག་གིས་བརྒྱན་པས་ཡུལ་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ལྟེ་བ་ཡུལ་གྱི་ཚད་ཀྱི་སུམ་ཆ་ཡིན་པ་བཞིན་དུ་འདབ་མ་རེ་རེའང་སུམ་ཆ་ཡིན་ཏེ་པདྨ་འདབ་བརྒྱད་ཀྱི་ཚུལ་གྱིས་སོ། །འགྲེལ་བར་སྐབས་དུ་མར་ཤམ་བྷ་ལ་ལ་སོགས་པའི་ཡུལ་གོ་དྲུག་ཅེས་གསུངས་པས་ཀཻ་ལ་ཤའི་དུམ་བུ་དང་ཤམ་བྷ་ལ་ནི་དབུས་ཀྱི་ཕོ་བྲང་ཀ་ལཱ་པའི་གྲོང་དེ་ལ་ཐོགས་པར་མངོན་ཞིང་བྱེ་བྲག་གི་མིང་སྤྱི་ལ་ཞུགས་པའི་ཚུལ་གྱིས་ཕྱིའི་ཡུལ་གོ་དྲུག་དང་བཅས་པ་ལ་ཤམ་བྷ་ལ་ཞེས་བཏགས་པའི་སྐབས་ཀྱང་ཡོད་པ་ཤེས་པར་བྱའོ། །འདིར་ཇོ་འགྱུར་དུ། དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམ་བྷ་ལར་གྲགས་པ། །ཐུབ་མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་ཏེ་ནོར་གྱི་འདབ་མ་རྣམས་དང་བཅས་པ་ཡི། །ཕྱོགས་རྣམས་ཀུན་ཏུ་མཆོག་གི་གངས་རི་ཡིས་ནི་རྣམ་པར་བསྐོར་ཏེ་དེ་ཡི་དབུས་ན་ཀཻ་ལ་ཤ །ས་ལ་ཀེ་ལ་ཤ་ཡི་དུམ་བུ་དེ་ནི་གངས་ཀྱི་རི་དང་བཅས་པའི་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་དུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་


MR17_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་ཏེ་འབུམ་ཕྲག་གྲོང་རྣམས་ཀྱིས་ནི་ཡུལ་འཁོར་རོ། །གཅིག་གཉིས་གསུམ་དང་ཆུ་གཏེར་མདའ་རོ་ཐུབ་པ་ལྔ་དང་འཇིག་རྟེན་ལ་སོགས་དབྱེ་བ་ཡིས། །ཕྱེ་བ་མི་དབང་འཁོར་ལོ་ཅན་ནི་ས་ཡི་གཞི་ལ་འཁོར་ཏེ་རྣམ་ཤེས་ལྡན་པས་བཙལ་བར་བྱ། །ཞེས་བསྒྱུར་བ་ཤིན་ཏུ་གོ་བདེ་བར་དོན་བཞིན་བསྒྱུར་བའོ། །དེ་ལྟ་བུའི་ཤམ་བྷ་ལའི་ཡུལ་དེ་འཛམ་གླིང་ཆུང་ངུ་འདིའི་ཕྱོགས་གང་ན་ཡོད། མིང་ཅི་ཞིག་ཡིན། གྲོང་ཇི་ཙམ་ཡོད། བདག་པོ་ཇི་ལྟ་བུ་གནས་ཞེ་ན་གསུངས་པ། ཆུ་བོ་ཤཱི་ཏ་འབབ་པ་ཚུན་ཆོད་གཡས་དང་། དེ་ཕན་ཆད་གཡོན་དུ་བྱས་ཏེ་འཛམ་གླིང་ཆུང་ངུའི་ས་འདི་དུམ་བུ་གཉིས་སུ་ཕྱེད་མར་བྱས་པ་ནི་གླིང་འདིའི་ཤར་ལ་མདུན་དུ་བརྩིས་ཤིང་ནུབ་ལ་རྒྱབ་ཏུ་བྱས་པའི་ཚུལ་གྱིས་ལྷོ་ལ་གཡས་དང་བྱང་ལ་གཡོན་ཅེས་རྒྱུད་འདིར་དུ་མར་གསུངས་པ་ལྟར་བྱས་ནས། གཡས་ཀྱི་ཕྱེད་ཅེས་བརྗོད་ན་ས་ལ་གཡས་གཡོན་གྱི་ཆ་གཉིས་སུ་བགོས་པའི་ཕྱེད་གཡོན་པ་གོ་བ་ཡིན་པས་ཆུ་བོ་ཤཱི་ཏའི་བྱང་ན་ཤམ་བྷ་ལ་ཡོད་ཅེས་པའི་དོན་དུ་འགྱུར་ཏེ། ཆུ་བོ་ཤཱི་ཏ་དབུས་སུ་བྱས་པའི་ཕྱེད་ཀྱི་ཆ་ཡི་ཕྱོགས་སུ་ཤམ་བྷ་ལའི་ཡུལ་ཡོད་ཀྱང་འཛམ་གླིང་གི་ཕྱེད་ཆའི་ས་ཁྱོན་ཡིན་མི་དགོས་སོ། །དེང་སང་ཡུལ་དྲུག་གི་ནང་ཚན་བྱང་ཕྱོགས་ཀྱི་དུམ་བུའི་ས་ཡི་དབུས་སུ་ཡོད་ཀྱི། དེའི་གཡས་གཡོན་གྱི་ཕྱེད་ལ་མ་ཡིན་ནོ། །མཁས་གྲུབ་འགྲེལ་ཆེན་ལྟར་ན་གོང་དུ་གསུངས་པ་བཞིན་དུ་དུམ་བུའི་ཕྱེད་གཡས་པ་ན་ཡོད་པར་བཤད་ཀྱང་འདིར་གཡས་ཀྱི་དོན་བཤད་མ་ཐག་པ་ལྟར་ཤེས་པར་བྱའོ། །དེ་ཡང་ཡུལ་དེའི་མིང་སྤྱིར་ཐོགས་པ་ཤམ་བྷ་ལར་གྲགས་པ་སྟེ། བྲམ་ཟེ་དང་ཐུབ་པ་མཆོག་དག་གི་གནས་གྲོང་ནི་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་དབུས་ཀྱི་ཕོ་བྲང་གི་འཁོར་གྱི་གྲོང་བྱེ་བ་ལྷག་པར་གནས་པ་སྟེ། དེ་ཡང་པདྨའི་འདབ་མ་རེ་རེར་ཡུལ་ཆེན་པོ་བཅུ་གཉིས་རེ་གནས་པའི་ཡུལ་


MR17_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལ་བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ནི་ཡུལ་ཆེན་པོར་ཉིད་དུ་འགྱུར་ཏེ། ཡུལ་གོ་དྲུག་པོ་དེ་རེ་རེ་ལ་ལྷ་དང་ཀླུའི་སྤྲུལ་པའི་མི་ཡི་བདག་པོ་གསེར་ཅོད་པན་དང་ལྡན་པ་རེ་རེ་དབང་བྱེད་པར་འགྱུར་རོ། །ཡུལ་ཆེན་པོ་རེ་རེ་ལ་ནང་གསེས་སུ་ཡུལ་གླིང་ངམ་ཡུལ་འཁོར་རམ་རྒྱལ་ཁམས་ཀྱི་གྲོང་ནི་བརྒྱ་ཡོད་པ་དེ་རེ་རེ་ལ་མི་ཁྱིམ་འབུམ་ཕྲག་གཅིག་རྣམས་ཀྱིས་སོ། །སྐབས་འདིར་ཡུལ་དྲུག་ཏུ་ཕྱེ་བའི་གངས་ཅན་གྱི་ནུབ་ཕྱེད་ཀྱི་དུམ་བུ་ལ་ཤམ་བྷ་ལ་ཡོད་པར་བཞེད་པ་དེའི་ལུགས་ལ། ཤམ་བྷ་ལའི་ཡུལ་གྱི་གྲོང་མང་པོ་དེ་ཙམ་ཤོང་བར་མི་སྲིད་སྙམ་དུ་དོགས་པ་བསལ་བ་མཁས་གྲུབ་པའི་འགྲེལ་ཆེན་དེ་ཉིད་སྣང་བྱེད་དུ་གསུངས་པ། ཤམ་བྷ་ལའི་ཡུལ་ཁྱོན་ལ་ཆེ་ཆུང་འདོད་ཚུལ་དུ་མ་བྱུང་ཡང་ཆུང་མཐའ་འདོད་པ་དེའི་དབང་དུ་བྱས་ན་ཡང་། ཤམ་བྷ་ལའི་ཡུལ་སྤྱིའི་ཚད་ཐད་ཀར་དཔག་ཚད་ལྔ་བརྒྱ། ལྷོ་བྱང་གི་ཚད་དེའི་སུམ་ཆ་ལྟེ་བ། སུམ་ཆ་རེ་འདབ་མའི་ཕྱི་ནང་གི་བར་ཚད་དུ་བྱས་ན། ལྟེ་བའི་ཐད་ཀའི་ཚད་དཔག་ཚད་ལྔ་བརྒྱའི་སུམ་ཆ་ཡིན་ཞིང་། མཐའ་སྐོར་ལ་དཔག་ཚད་ལྔ་བརྒྱའོ། །སྤྱིའི་ཚད་དང་དཔག་ཚད་ལྔ་བརྒྱ་དེ་ལ་བརྒྱད་ཀྱིས་བགོས་པས་དཔག་ཚད་དྲུག་ཅུ་རེ་གཉིས་དང་། དཔག་ཚད་ཕྱེད་རེ་ཐོབ་པ་འདབ་མ་གཅིག་གི་རྩ་བའི་ཐད་ཀའི་ཞེང་ཚད་དོ། །ལྷོ་བྱང་གི་འདབ་མའི་ཕྱི་མཐའི་ཐད་ཀར་དཔག་ཚད་ལྔ་བརྒྱ་ཡོད་པ་དེ་མཐའ་སྐོར་ལ་སུམ་འགྱུར་ཡིན་པས་དཔག་ཚད་སྟོང་ཕྲག་ཕྱེད་དང་གཉིས་པོ་དེ་ལ་བརྒྱད་ཀྱིས་བགོས་པས་དཔག་ཚད་བརྒྱ་དང་བརྒྱད་ཅུ་གྱ་ཕྱེད་དང་བརྒྱད་ཐོབ་པ་འདབ་མ་རེ་རེའི་ཕྱིའི་མཐའ་བསྐོར་གྱི་ཚད་དོ། །འདབ་མ་གཅིག་གིས་ཁྱོན་མཐའ་དག་བརྩི་བ་ལ་ཕྱི་མཐའི་ཚད་དང་ནང་མཐའི་ཚད་ལ་སུམ་ཆ་དང་སུམ་གཉིས་ཀྱི་ཆེ་ཆུང་གི་ཚད་ཡོད་པས་བརྩི་དཀའ་བ་བྱ་སླ་བར་བྱ་བའི་དོན་དུ་ཕྱི་མཐའི་ཚད་ཀྱི་སུམ་ཆ་ཕྲིས་ནས་ནང་མཐའི་ཚད་ལ་བསྲེས་པ་ན་ཕྱི་མཐའ་ནང་མཐའ་གཉིས་ཀ་དཔག་ཚད་བརྒྱ་ཉེར་ལྔར་ཚད་མཉམ་


MR17_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །འདབ་མ་གཅིག་གི་ཕྱི་མཐའ་ནས་ནང་མཐའི་བར་གྱི་དཀྱུས་ཚད་ནི་དཔག་ཚད་ལྔ་བརྒྱའི་སུམ་ཆ་ཡིན་པས། དཔག་ཚད་བརྒྱ་དང་དྲུག་ཅུ་རེ་ཕྱེད་དང་བདུན། འདོམ་སྟོང་སུམ་བརྒྱ་སོ་གསུམ། ཁྲུ་གང་སོར་བརྒྱད་དོ། །འདབ་མ་གཅིག་གི་ཞེང་ཚད་དང་དཀྱུས་ཚད་བསྲེས་པས་འདབ་མ་གཅིག་གིས་ཁྱོན་རིལ་པོའི་ཚད་དུ་འགྱུར་བ་གནས་མེད་པ་བྱིས་པས་ཀྱང་ཤེས་པས་འདབ་མ་གཅིག་གི་ཞེང་ཚད་དང་དཀྱུས་ཚད་བསྲེས་པ་ལ་གྲོང་བྱེ་བ་ཕྲག་བཅུ་གཉིས་ཀྱིས་གྲངས་ཀྱིས་བགོད་ན་ད་གདོད་བསྒྱུར་བགོད་བསླབ་དགོས་ཏེ་བགོད་ཚུལ་མ་ཤེས་པས་ལན་པའོ། །དེ་ཉིད་དཔེར་ན་རི་མོ་བཅུ་བདུན་གྱེན་མཐུར་དུ་བསྣོལ་བའི་རེའུ་མིག་གྱེན་དུ་བཅུ་དྲུག་འཕྲེད་ལ་བཅུ་དྲུག་ཡོད་པ་ལ་རེའུ་མིག་ཉིས་བརྒྱ་ང་དྲུག་ཡོད་མོད། གྱེན་འཕྲེད་ཀྱི་བཅུ་དྲུག་བསྡོམ་པས་སོ་གཉིས་ལས་མི་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེས་ན་གོང་དུ་འདབ་མའི་མགོ་མཇུག་གི་ཆེ་ཆུང་མཉམ་པའི་གྲངས་དེ་དཀྱུས་ཚད་ཀྱི་གྲངས་དེས་བསྒྱུར་བ་ནས་ཁྱོན་ཇི་ཙམ་ཡོད་པའི་ཚད་དུ་འགྱུར་རོ། །དེ་ཡང་གྲོང་རེའི་ཕྱོགས་རེ་ལ་དཔག་ཚད་དང་རྒྱང་གྲགས་སུ་ལོངས་བ་ལུགས་འདི་ལ་མི་ཐོབ་པས། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀ་འདོམ་གྱི་ཕུང་པོར་བྱས་ནས་ཤེད་མཚུངས་པར་བསྒྱུར་བར་བྱ་སྟེ། འདབ་མའི་མགོ་མཇུག་གི་ཚད་དཔག་ཚད་བརྒྱ་ཉེར་ལྔ་བཞིས་བསྒྱུར་བས་རྒྱང་གྲགས། དེ་གཉིས་སྟོང་གིས་བསྒྱུར་བས་འདོམ་ཚད་ཁྲུ་བཞི་པ་ཞེང་ལ་བསྒྲིག་པ་འཕྲེང་གཅིག་གི་གྲངས་སུ་འགྱུར་ཏེ། འདོམ་གྲུ་བཞི་པའི་གྲངས་ས་ཡ་གཅིག་འབྱུང་ངོ་། །དཀྱུས་ཚད་དཔག་ཚད་བརྒྱ་རེ་དྲུག་བཞིས་བསྒྱུར་བ་རྒྱང་གྲགས། དེ་ཉིས་སྟོང་གིས་བསྒྱུར་བ་འདོམ་གྱི་གྲངས་ཏེ། སྔར་ལྷག་དཔག་ཚད་ཕྱེད་འདོམ་དུ་བསིལ་བས་འདོམ་སྟོང་ཕྲག་བཞི་དང་། ཡང་འདོམ་སུམ་བརྒྱ་སོ་གསུམ་ཡོད་པ་རྣམས་བསྡོམ་པས། འདོམ་ས་ཡ་གཅིག །འབུམ་གསུམ།


MR17_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཁྲི། སུམ་སྟོང་སུམ་བརྒྱ་སུམ་ཅུ་སོ་གསུམ་འབྱུང་སྟེ་འདོམ་རེ་དཀྱུས་ལ་བསྒྲིག་པའི་འཕྲེང་གཅིག་གི་གྲངས་སོ། །དཀྱུས་འཕྲེང་གཅིག་གི་འདོམ་གྲངས་ངེས། ཞེང་གི་འཕྲེང་གཅིག་གི་འདོམ་གྲངས་བསྒྱུར་བས་ཁྲག་ཁྲིག་ཆེན་པོ་གཅིག །ཁྲག་ཁྲིག་གསུམ། ཐེར་འབུམ་ཆེན་པོ་གསུམ། ཐེར་འབུམ་གསུམ། དུང་ཕྱུར་གསུམ། བྱེ་བ་གསུམ། ས་ཡ་གསུམ། རྣམས་འབྱུང་སྟེ། འདོམ་རེ་དཀྱུས་ལ་བསྒྲིགས་པའི་འཕྲེང་གཅིག་གི་གྲངས་སོ། །དཀྱུས་འཕྲེང་གཅིག་གི་འདོམ་གྲངས་དེ་ཞེང་ཕྲེང་གཅིག་གི་འདོམ་གྲངས་ཀྱིས་བསྒྱུར་བས། ཁྲག་ཁྲིག་ཆེན་པོ་གཅིག །ཁྲག་ཁྲིག་གསུམ། ཐེར་འབུམ་ཆེན་པོ་གསུམ། ཐེར་འབུམ་གསུམ། དུང་ཕྱུར་གསུམ། བྱེ་བ་གསུམ། ས་ཡ་གསུམ་རྣམས་འབྱུང་སྟེ། འདབ་མ་གཅིག་གི་སའི་ཁྱོན་རངས་པོ་ལ་འདོམ་གྲུ་བཞི་པ་ཇི་ཙམ་ཡོད་པའི་གྲངས་སོ། །དེ་ཉིད་འདབ་མ་རེ་ལ་ཡུལ་ཆེན་པོ་བཅུ་གཉིས་ཡོད་པས་བཅུ་གཉིས་ཀྱིས་བགོས་པས། ཁྲག་ཁྲིག་གཅིག །ཐེར་འབུམ་ཆེན་པོ་གཅིག །ཐེར་འབུམ་གཅིག །དུང་ཕྱུར་གཅིག །བྱེ་བ་གཅིག །ས་ཡ་གཅིག །འབུམ་སྟོང་། ཁྲི་བརྒྱད། སུམ་སྟོང་། སུམ་བརྒྱ་སོ་གསུམ་འབྱུང་བ་ནི་ཡུལ་ཆེན་པོ་གཅིག་ལ་འདོམས་གྲུ་བཞི་པ་ཇི་ཙམ་ཡོད་པའི་གྲངས་སོ། །དེ་ལ་ལྷག་བཞི་ལུས་པ་དོར་ནས། རྙེད་ནོར་དེ་ལ་བྱེ་བ་གཅིག་གིས་བགོས་པས་གྲོང་རེའི་ཐོབ་སྐལ་གྱི་སའི་ཁྱོན་ཕྱོགས་རེ་ལ་འདོམ་རེ་ཡོད་པ་གྲུ་བཞི་པ་སྟོང་ཕྲག་གཅིག་བརྒྱ་དང་བཅུ་གཅིག་གི་སའི་ཁྱོན་ཡོད་དོ། །ཤམ་བྷ་ལ་ཡི་ས་ཁྱོན་ཤིན་ཏུ་ཆུང་བར་འདོད་པའི་ལུགས་ལ་དེ་ཙམ་ཐོབ་ན་ཁོ་བོ་ཅག་ཤམ་བྷ་ལའི་ཐད་ཀའི་རྒྱ་ཚད་དཔག་ཚད་སྟོང་ཕྲག་བཞི་དང་། བརྒྱ་དང་དྲུག་ཅུ་རེ་ཕྱེད་དང་བདུན། རྒྱང་གྲགས་ཕྱེད། འདོམ་སུམ་བརྒྱ་སོ་གསུམ། ཁྲུ་གང་། སོར་བརྒྱད་ཡོད་པ་དང་། དེ་སུམ་འགྱུར་འདབ་མ་བརྒྱད་ཀྱི་མཐའ་བསྐོར་གྱི་ཚད་དུ་


MR17_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་ལུགས་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་ཡང་ཞིབ་པར་མི་དཔྱོད་པ་དག་གིས་དུས་ཀྱི་འཁོར་ལོའི་རྒྱུད་ལ་མ་གུས་པ་དང་ཡིད་གཉིས་ཟ་བའི་རྒྱུ་བྱེད་པ་དག་མཐོང་ནས་བྱིས་པ་ལ་གཏམ་དུ་བྱ་བ་ལྟར་གསལ་པོར་སྨྲས་སོ། །ཞེས་གསུངས་པ་འདི་ཤམ་བྷ་ལ་འཛམ་གླིང་འདིའི་ཕྱེད་དང་སུམ་ཆ་ལྟ་བུའི་ས་ཁྱོན་ཅན་མིན་ན་གྲོང་མང་པོ་དེ་ཙམ་མི་ཤོང་སྙམ་པའི་དོགས་སེལ་དུ་འདིར་ཡང་ཚིག་སྣ་ཅུང་ཟད་བསྡུས་ཏེ་དོན་ཚང་བར་བཀོད་པར་བྱས་སོ། །མཁས་གྲུབ་རྗེའི་ལུགས་ཀྱི་བྱང་གི་དུམ་བུ་ཕྱེད་ཀྱི་ཆ་ལའང་བཤད་མ་ཐག་པ་ལྟར་ས་ཁྱོན་དེ་ཙམ་ཐོབ་ན། ཆུ་བོ་ཤཱི་ཏའི་བྱང་གི་དུམ་བུ་ཕྱེད་མ་ཡིན་པ་རིལ་པོར་འདོད་པའི་རང་ལུགས་སྔར་བཤད་པ་ལ་ཁྱོན་རྒྱ་ཆེར་འོང་བ་སྨོས་མ་དགོས་སོ། །དེ་ལ་ཤམ་བྷ་ལ་དེར་མིའི་བདག་པོ་ཇི་ལྟར་བྱོན་པ་གསུངས་པ། གཅིག་གཉིས་གསུམ་དང་ལ་སོགས་པ་སྟེ་འདི་ལ་བཤད་ཚུལ་མི་འདྲ་བ་འགའ་བྱུང་སྟེ། འགྲེལ་ཆུང་པདྨ་ཅན་དང་དེའི་རྗེས་འབྲངས་དག་གིས་ས་དུམ་བུ་བཅུ་གཉིས་སུ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྱུང་བ་དེའང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་དང་ཐབས་ཤེས་གཉིས་དང་སྐུ་གསུང་ཐུགས་གསུམ་དང་། ཆུ་གཏེར་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབྱེ་བ་ཡིས་བཞི་དང་། མདའ་སྟེ་ཕུང་ལྔ་དག་པའི་རིགས་ལྔའམ་ཡེ་ཤེས་ལྔ་དང་། རོ་སྟེ་ཡེ་ཤེས་ཀྱི་ཕུང་པོ་དང་བཅས་པ་རིགས་དྲུག་དང་། ཐུབ་པ་སྟེ་སངས་རྒྱས་ཀྱི་རིགས་བདུན་དང་ཕུང་པོ་ལྔ་དང་འཇིག་རྟེན་ཏེ་རིགས་གསུམ་ལ་སོགས་པའི་དབྱེ་བས་མི་དབང་འཁོར་ལོ་ཅན་ས་ལ་འཁོར་ཞེས་སུ་བཤད་དོ། །འདིར་ཕུང་པོ་ལྔའི་རིགས་ལན་གཉིས་སུ་ཟློས་པ་སོགས་ཀྱི་ཕྱིར་ཐུབ་པ་ནི་བྱང་ཆུབ་ཡན་ལག་བདུན་ནམ་ཁ་སྦྱོར་བདུན་དང་། ལྔ་དང་འཇིག་རྟེན་ནི་བརྒྱད་དེ་འཕགས་ལམ་བརྒྱད་ལ་སོགས་པ་ཆོས་ཀྱི་སྒོ་སྣ་ཚོགས་སྟོན་པའི་ཆོས་ཀྱི་འཁོར་ལོ་ལ་བཤད་ན་བདེའོ། །འདི་ཀླ་ཀློ་འཇོམས་བྱེད་མི་དབང་འཁོར་ལོ་ཅན་


MR17_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་དངོས་བཤད་པ་སྐབས་སུ་མ་བབ་ཅེས་མཁས་པ་དག་གིས་བཀག་པ་བདེན་ཡང་། མི་དབང་འཁོར་ལོ་ཅན་གྱི་བསྐོར་རྒྱུའི་ཆོས་ལ་གོ་ན་མི་རུང་བའང་མེད་དོ། །ཡང་ཁ་ཅིག་གིས་གཅིག་ཅེས་པ་དྲག་པོར་འཁོར་ལོ་ཅན་དང་། དེའི་སྲས་གཉིས་དུས་གཅིག་ལ་བྱུང་བ་དང་། དེ་དག་གི་སྲས་གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། ལྔ་དང་འཇིག་རྟེན་ཏེ་བརྒྱད་དང་ལ་སོགས་པ་དགུ་ཅིག་ཆར་འབྱུང་བ་ལ་སོགས་པའི་དབྱེ་བ་ཡིས་ཞེས་པ། རིགས་ལྡན་འཁོར་ལོ་ཅན་བཤད་པའི་སྐབས་སུ་དེའི་སྲས་དང་ཚ་བོ་སོགས་འཁོར་ལོ་ཅན་གྱི་དབྱེ་བར་འོང་དོན་མེད་ལ། དབྱེ་བ་ཡིས་ཕྱེ་བ་འཁོར་ལོ་ཅན་ནི་ཞེས་གསུངས་པའི་ཚིག་དོན་ལ་མ་ཞུགས་སོ་ཞེས་མཁས་པ་དག་གསུངས། ཡང་ཁ་ཅིག་གླིང་འདིར་ཀླ་ཀློ་འཇོམས་པ་དྲག་པོ་འཁོར་ལོ་ཅན་དང་པོ་ནི་གཅིག་དང་། དེ་ནས་དུམ་བུ་ལྷག་མ་བཅུ་གཅིག་ཏུ་ཀླ་ཀློ་འཇོམ་པར་རིམ་གྱིས་བྱོན་པའི་འཁོར་ལོ་ཅན་གཉིས་ལ་སོགས་པ་བཅུ་གཉིས་ཀྱི་བར་དུ་ལོ་སྟོང་བརྒྱད་བརྒྱ་རེས་བར་དུ་ཆོད་པའི་སྐྱེ་བ་སྔ་ཕྱི་བཅུ་གཉིས་སུ་འདོད་དོ། །སངས་རྒྱས་ཉིད་སྐུ་གཅིག་པོ་དེས་གླིང་བཅུ་གཉིས་སུ་ཆོས་སྟོན་གྱི་སྐྱེ་བ་བཅུ་གཉིས་བཞེས་དགོས་པ་མིན་པ་ལྟར་གླིང་འདིར་ཤམ་བྷ་ལར་བྱོན་པའི་རིགས་ལྡན་འཁོར་ལོ་ཅན་ཡང་སྐྱེ་བ་མི་འདྲ་བ་བཅུ་གཉིས་སུ་སྟོན་པར་ལུང་ལས་མ་བཤད་ལ། རིགས་པས་ཀྱང་འགྲུབ་དཀའ་བས་དེ་ལྟར་བཤད་པ་ལ་རྒྱུ་མཚན་ངེས་པ་ཅན་མེད་པར་བླ་མ་སྔ་མ་དག་གིས་བཞེད། དེས་ན་གླིང་འདིར་ཀླ་ཀློ་འཇོམས་པ་རིགས་ལྡན་འཁོར་ལོ་ཅན་དེ་ཉིད་ཀྱིས་གླིང་གཞན་བཅུ་གཅིག་པོར་ཡུན་ཐུང་ངུས་ཆོས་མིན་འཇོམས་པའམ། ཡང་ན་གླིང་འདིར་ཀླ་ཀློ་འཇོམས་པའི་དུས་སུ་དཔུང་དང་བཅས་པའི་སྤྲུལ་པའི་བཀོད་པས་གླིང་གཞན་རྣམས་སུའང་ཆོས་མིན་འཇོམས་ཏེ་ཀླ་ཀློ་སྟག་གཟིག་པའི་ཆོས་ལུགས་དངོས་


MR17_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་འདིར་བྱུང་གི་གླིང་གཞན་ཐམས་ཅད་ན་འབྱུང་བར་ངེས་པའི་ལུང་དང་རིགས་པ་མེད་དོ་ཞེས་གསུངས། དེ་ལྟར་ན་དང་པོ་གླིང་གཅིག་འཛམ་གླིང་ཆུང་ངུ་འདིར་ཀླ་ཀློ་འཇོམས་པ་དང་། དེ་ནས་གཡས་བསྐོར་གྱིས་རིམ་པ་བཞིན་གླིང་གཉིས་གསུམ་བཞི་ལྔ་དྲུག་བདུན་དང་ལྔ་དང་འཇིག་རྟེན་བསྡོམས་པ་བརྒྱད་ལ་སོགས་པ་བཅུ་གཉིས་ཀྱི་བར་དུ་ཀླ་ཀློ་འཇོམས་ཤིང་། སངས་རྒྱས་ཀྱི་བསྟན་པ་འཇོག་པའི་དབྱེ་བས་འཁོར་ལོ་ཅན་བཅུ་གཉིས་འཁོར་བར་འགྱུར་རོ་ཞེས་འཆད་དོ། །འདི་དག་ལ་ལུང་གི་ངེས་པ་མེད་ན་རིགས་དཔྱད་ཀྱིས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང་། གང་ལྟར་ན་ཡང་ལུགས་འདིར་ས་དུམ་བུ་བཅུ་གཉིས་སུ་སངས་རྒྱས་ཀྱི་བསྟན་པ་རིམ་བཞིན་འཁོར་བ་དང་། དེའི་བྱེད་པོ་མི་དབང་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འཁོར་བར་གསུངས་པ་ལྟར་ངེས་པར་ཁས་བླངས་དགོས་ཤིང་། ལུང་གཞན་ལས་སྒྲ་མི་སྙན་སོགས་སུ་བསྟན་པ་མེད་པར་གསུངས་པ་སོ་ཐར་གྱི་སྡོམ་པའི་རྟེན་དུ་མི་རུང་བའི་ཆ་ནས་ཡིན་གྱི། སྔགས་དང་དམ་པའི་ཆོས་ཀྱི་སྣོད་དུ་མི་རུང་བ་མ་ཡིན་པས། སྤྱིར་དེ་བཞིན་གཤེགས་པའི་ཆོས་ནི་ལས་ཀྱི་ས་དུམ་བུ་བཅུ་གཉིས་སུ་འཁོར་བར་འགྱུར་ལ། དེར་ཡང་སྔར་གྱི་བསྟན་པའི་དུས་བཞིའི་མཇུག་ཏུ་འཇམ་དཔལ་གྱི་སྤྲུལ་པ་མི་དབང་འཁོར་ལོ་ཅན་གྱིས་གསོས་ནས་སླར་ཡང་བསྟན་པའི་དབང་དུ་བྱས་པའི་དུས་བཞི་རིམ་པར་འཇུག་སྟེ་དེ་ལ་བསྟན་པ་སྔ་དར་དང་ཕྱི་དར་གྱི་ཐ་སྙད་མཛད་པ་ཡིན་ནོ། །བསྟན་པའི་དུས་བཞི་ཡང་གླིང་ཐམས་ཅད་དུ་རིམ་ཅན་དུ་འཁོར་བ་དང་། གླིང་ཐམས་ཅད་དུ་ཡང་སྔ་མའི་དུས་བཞི་རིམ་ཅན་དུ་བྱུང་མཐར་དུས་བཞི་ཕྱི་མ་རིམ་ཅན་དུ་འབྱུང་བར་འདོད་པའི་ལུགས་གཉིས་བྱུང་ལ། ལུགས་སྔ་མས་རྒྱལ་པོའི་རྒྱབ་ཏུ་སུམ་ལྡན་སོགས་གླིང་གི་དབང་དུ་བྱས་ནས་འཆད། ཕྱི་མའི་རྒྱལ་པོ་བྱོན་པའི་དུས་རྫོགས་ལྡན། དེའི་


MR17_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་སྟེ་རྗེས་སུ་སུམ་ལྡན་སོགས་དུས་བཞི་རིམ་པར་འབྱུང་བ་ལ་འཆད་དོ། །དེ་ལྟར་ལུགས་སོ་སོའི་འདོད་པ་བརྗོད་ནས་འཐད་པའི་ཕྱོགས་ནི་སྐབས་འདིར་བསྟན་བྱ་ཆོས་ཀྱི་དབང་དུ་བྱས་ན་སྔ་མ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ལྷན་སྐྱེས་སམ། དེ་ཁོ་ན་ཉིད་གཅིག་དང་། ཐབས་ཤེས་གཉིས་དང་། སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གསུམ་དང་། ཆུ་གཏེར་ཏེ་རྡོ་རྗེ་བཞི་ཡི་དབྱེ་བ་དང་། མདའ་སྟེ་རིགས་ལྔའམ་ཡེ་ཤེས་ལྔ་དང་། རོ་སྟེ་ཕར་ཕྱིན་དྲུག་གམ་རིགས་ལྔ་ཡེ་ཤེས་དང་བཅས་པའི་རིགས་དྲུག་དང་། །ཐུབ་པ་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་ནམ། ཁ་སྦྱོར་ཡན་ལག་བདུན་དང་། ལྔ་དང་འཇིག་རྟེན་ཞེས་འཕགས་ལམ་བརྒྱད་དང་། དེ་ལ་སོགས་པའི་དབྱེ་བ་ཆོས་ཀྱི་སྒོ་རྣམས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡིས་ཕྱེ་བ། འཇིག་རྟེན་གྱི་འཁོར་ལོས་སྒྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པའི་མི་དབང་འཁོར་ལོ་ཅན་ནི་ས་ཡི་གཞི་དུམ་བུ་བཅུ་གཉིས་དག་ལ་འཁོར་བར་འགྱུར་ཏེ། ཡང་དག་པར་དཔྱོད་པའི་རྣམ་ཤེས་ལྡན་པས་ཏེ་མཁས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སླད་དུ་བསྟན་པ་དམ་པའི་ཆོས་དེ་ཉིད་བཙལ་བར་བྱའོ། །ཚིག་དེས་ཤུགས་བསྟན་ས་དུམ་བུ་བཅུ་གཉིས་པོར་གཅིག་ནས་བཅུ་གཉིས་ཀྱི་བར་དུ་ཆོས་སྟོན་པ་པོ་མི་དབང་འཁོར་ལོ་ཅན་འཁོར་བ་ཡང་བསྟན་ཏེ། གཅིག་ནས་བརྒྱད་ལ་སོགས་པ་བཅུ་གཉིས་ཀྱི་མཐར་ཐུག་པར་ཡུལ་སོ་སོར་ཆོས་སྟོན་པ་པོའི་དབང་གིས་འཁོར་ལོ་ཅན་གཅིག་ལ་བཅུ་གཉིས་སུ་ཕྱེ་བ་སྟེ། ཉི་མ་གཅིག་ཁྱིམ་མམ་སའི་དུམ་བུ་བཅུ་གཉིས་སུ་བགྲོད་པའི་དབང་གིས་བཅུ་གཉིས་ཀྱི་དབྱེ་བ་ལྟར། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུས་ཞི་བ་དྲག་པོ་གང་འདུལ་གྱི་རྣམ་པས་གླིང་སོ་སོར་དམ་པའི་ཆོས་ཉིན་མོར་བྱེད་པ་བཞིན་དུ་གསལ་བར་བྱེད་དོ། །ཞེས་སོ། །འཁོར་ལོ་ཅན་དེ་ཉིད་རྣམ་ཤེས་ལྡན་པས་རྒྱུད་འདི་ལས་གསུངས་པ་བཞིན་ཤེས་པར་བྱས་ནས་བཙལ་ཞིང་བསྟེན་


MR17_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཞེས་དོན་དུ་འཁོར་ལོ་ཅན་ནི་ཡང་དག་ཡེ་ཤེས་སོགས་འོག་ནས་འཆད་པར་འགྱུར་བ་ལྟར་དུའོ། །འཁོར་ལོ་ཅན་དང་ཕྱེད་ཅན་སོགས་ཀྱི་ཚིགས་རྐང་གཉིས་ཀྱི་དོན་ལའང་སྔ་མ་རྣམས་ཀྱི་བཞེད་པ་ཐ་དད་བྱུང་སྟེ། དཀའ་འགྲེལ་པདྨ་ཅན་གྱི་རྗེས་སུ་འབྲངས་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་ཉིད་འདུལ་བའི་དབང་གིས་མུ་སྟེགས་ཀྱི་བསམ་པ་དང་མཐུན་པར་ཁྱབ་འཇུག་གི་མིང་བཟུང་ནས་སེམས་ཅན་གྱི་དོན་མཛད་པ་ནི། འཁོར་ལོ་ཅན་དང་། ཕྱེད་ཅན་དང་།དུམ་བུ་ཅན་དང་། ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་པ་ཅན་དང་། དེ་ལས་གཞན་ཡང་ཁྱབ་འཇུག་གི་མིང་གིས་སེམས་ཅན་གྱི་དོན་མཛད་པ། ཕྱི་རོལ་དུ་ལོ་གཅིག་དང་བགྲོད་པ་གཉིས་ལ་སོགས་པའི་དུས་ཀྱི་དབྱེ་བར་ངེས་པར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི་ཡང་གཅིག་དང་གཉིས་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པ་ནི་དེ་བཞིན་ནོ་ཞེས་བཤད། ཁ་ཅིག་གོང་བསྟན་ལྟར་གཅིག་པ་ནི་འཁོར་ལོ་ཅན་དང་། སྲས་གཉིས་ནི་ཕྱེད་ཅན་དང་། གསུམ་དུས་ཅིག་ཆར་བྱུང་བ་ནས་དགུ་ཅིག་ཆར་འབྱུང་བའི་བར་ནི་དུམ་ཅན་དང་། ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་ཅན་རྣམས་ནི་སྤྲུལ་པའི་སྐུ་དང་། དེ་ལས་གཞན་རྣམས་མི་དབང་ཐུབ་པ་ཕལ་པ་རྣམས་ཀྱང་། ཕྱི་རོལ་དུ་དུས་བཟང་ངན་གྱི་དབྱེ་བ་དང་འཚམས་པར་ངེས་པར་འབྱུང་བར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི་ཆོས་དུས་བཟང་ངན་དང་འཚམས་པར་འབྱུང་བ་བཞིན་ནོ་ཞེས་འཆད་དོ། །རྭ་པ་ལྟར་ན། གཅིག་གཉིས་དང་མར་བཅད་ཀྱི་དོན་འདི་ལྟར་འཆད་དེ། གཅིག་གཉིས་གསུམ་དང་རྒྱ་མཚོའི་དབྱེ་བས་དུས་ལྡན་ཉི་མ་རྣམས་ཀྱིས་འཇིག་རྟེན་ལྔ་སོགས་དབྱེ་བ་ཡིས། ཞེས་བཀླག་ནས། ཆོས་ཀྱི་ཆ་གཅིག་དང་གཉིས་དང་གསུམ་དང་རྒྱ་མཚོ་སྟེ་བཞི་རྫོགས་པའི་དབྱེ་བས་རྩོད་དུས་དང་ཉིས་ལྡན་དང་སུམ་ལྡན་དང་རྫོགས་ལྡན་གྱི་དུས་


MR17_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་ལྡན་པའི་ཉི་མ་ནུས་པའི་ཉི་མ་སྟེ་ནུས་པའི་ཉིན་ཞག་གཅིག་གི་དུས་རྣམས་ཀྱི་ཕྱི་རོལ་འཇིག་རྟེན་པའི་སྟོན་པ་གོས་དཀར་ཅན་ལ་སོགས་པ་ལྔ་དང་། ཨརྡྷ་ནོ་ལ་སོགས་པའི་དབྱེ་བ་ཡིས་འབྱུང་བ་རྣམས་འདུལ་བའི་ཕྱིར་དུ་སངས་རྒྱས་ཀྱི་ཡང་མི་ཡི་བདག་པོ་བསྟན་པ་ཡོངས་རྫོགས་ཀྱི་བདག་བྱེད་པས་འཁོར་ལོ་ཅན་ནི་གང་འདུལ་གྱི་གཟུགས་ཀྱིས་ས་སྟེང་དུ་ཉི་མ་སྟེ་ས་དུམ་བུ་བཅུ་གཉིས་ཐ་དད་པ་རྣམས་སུ་བསྐོར་བར་བྱེད་པ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་རྣམས་འབྱུང་ངོ་། །ཇི་ལྟར་ན་བསྟན་པ་ཡོངས་སུ་རྫོགས་པའི་འཁོར་ལོ་ཅན་གླིང་བཞི་ལ་དབང་བ་དང་། བསྟན་པ་ཕྱེད་ཀྱི་བདག་ཕྱེད་པས་ཕྱེད་ཅན་གླིང་གཉིས་དང་། བསྟན་པ་དུམ་བུའི་བདག་པོ་ཕྱེད་པས་དུམ་ཅན་གླིང་གཅིག་དང་། གྲོང་བྱེ་བས་བཅིངས་པའི་ཡུལ་གྱི་བདག་ཕྱེད་པས་ཡུལ་གྱི་མི་བདག་དང་། ཕྱག་རྒྱ་ཐོགས་ནས་རྒྱལ་ཁམས་གྲོང་འབུམ་གྱི་བདག་ཉིད་ལ་དབང་བྱེད་པའི་ཕྱག་རྒྱའི་ལག་དང་། དེ་ལས་གཞན་མི་ཕལ་པའི་ཚུལ་བཟུང་ནས་བསྟན་པ་འཛིན་ནོ། །དེ་ཡང་ཕྱི་རོལ་དུ་དུས་ཀྱི་དབྱེ་བས་ཀླ་ཀློ་འབྱུང་བ་ལྟར་དེ་དང་འཚམས་པར་འདུལ་བྱེད་རིགས་ལྡན་ཡང་ངེས་པར་འབྱུང་བ་ཡིན་ཏེ། འཇིག་རྟེན་མགོན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས་ཕྱི་རོལ་པའི་སྟོན་པ་འདུལ་བྱེད་ཇི་ལྟར་བསྟན་པ་དེ་བཞིན་ནོ་ཞེས་བཤད་དོ། །ཡང་ཁ་ཅིག་རིགས་ལྡན་འཁོར་ལོ་ཅན་དང་། དེའི་སྲས་གཉིས་འཁོར་ལོ་ཕྱེད་ཅན་དང་། ཚངས་པ་སོགས་ཀྱི་སྲས་མང་པོ་ཅིག་ཆར་བྱུང་བ་དུམ་བུ་ཅན་ཞེས་དང་། དེ་རྣམས་ཀྱི་ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་ཅན་སྤྲུལ་པའི་སྐུ་རྣམས་ནི། མི་དབང་ཐུབ་པ་ཕལ་པ་རྣམས་ཀྱང་འབྱུང་ངོ་ཞེས་བཤད། དེ་ལ་སོགས་པ་འཆད་ཚུལ་དུ་མ་བྱུང་ངོ་། །དེ་རྣམས་ལས་འཐད་པའི་ཕྱོགས་གང་ཞེ་ན། དང་པོར་ཀླ་ཀློ་བཅོམ་ནས་སངས་རྒྱས་ཀྱི་ཆོས་འཇོག་པ་པོ་རིགས་ལྡན་དྲག་པོ་ནི་གླིང་བཅུ་གཉིས་པོ་ཐམས་ཅད་དུ་བྱོན་ནས་དེ་དག་ལ་


MR17_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་བའི་འཁོར་ལོ་ཅན་དང་། དེའི་སྲས་ཚངས་པ་དང་ལྷ་དབང་ནི་གླིང་འདིའི་ཕྱེད་ཕྱེད་ལ་དབང་བྱེད་པས་ཕྱེད་ཅན་དང་། ཚངས་པའི་སྲས་པོ་འོད་སྲུང་མན་ཆད་ཆུ་བོ་ཤཱི་ཏའི་ལྷོ་ཚུན་ཆད་དུ་མི་འབྱོན་པས། གླིང་འདིའི་དུམ་བུ་དྲུག་གི་ཆ་གཅིག་ཤམ་བྷ་ལའི་ཡུལ་ཙམ་ལ་དབང་བྱེད་པས་དུམ་བུ་ཅན་ཞེས་བྱ་ལ། དུམ་བུ་ཅན་ནི་དེ་དག་གི་དང་པོ་འོད་སྲུང་ནས་བརྩམ་སྟེ་བརྒྱད་ཀྱི་བར་དུའོ། །དེའི་རྗེས་སུ་ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་ཅན་ནི་རྒྱལ་པོའི་མཚན་མ་ཡི་རྒྱ་ལག་ཏུ་ཐོགས་པ་རྣམས་དང་། དེ་ལས་གཞན་པ་རྗེ་དཔོན་ལ་སོགས་པའི་རྣམ་པར་སྣང་བ། ཕྱི་རོལ་དུ་ནི་རྫོགས་ལྡན་ལ་སོགས་པའི་དུས་ཀྱི་དབྱེ་བ་བཞིན་དུ་ངེས་པར་འབྱུང་བར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་མགོན་པོ་སངས་རྒྱས་དང་བྱང་སེམས་ཐབས་མཁས་ཅན་གྱི་མཛད་པའང་དེ་བཞིན་དུ་གང་འདུལ་དུ་སྟོན་པ་ཡིན་ནོ་ཞེས་སོ། །མཁས་གྲུབ་རྗེས། འཁོར་ལོ་ཅན་དང་ཕྱེད་ཅན་འཆད་ཚུལ་དེ་དང་འདྲ་ལ། འཛམ་གླིང་འདིའི་དུམ་བུ་ཤམ་བྷ་ལའི་ཡུལ་སྐྱོང་བའི་དུམ་ཅན་དང་པོ་འོད་སྲུང་དང་། དེའི་རྗེས་སུ་འབྱུང་བ་ཕྱག་རྒྱའི་གྲངས་ཏེ་དྲུག་དང་། ལག་པ་སྟེ་གཉིས་དང་བརྒྱད་པོ་ནི་རིགས་བཅུའི་དབང་ཕྱུག་དེ་ལས་གཞན་པ་ས་མ་ཐོབ་པ་འབྱུང་བ་དེ་དག་གི་དང་པོ་འཁོར་ལོ་ཅན་ནས་དུམ་བུ་ཅན་དགུ་པ་རྫོགས་ཀྱི་བར་ལ། ཤམ་བྷ་ལའི་ཕྱི་རོལ་དུ་སའི་གཞི་ལ་ནི་འཁོར་ལོ་ཅན་གྱི་བསྟན་པ་རྫོགས་ལྡན་ལ་སོགས་པ་བཞིའི་དུས་ཀྱི་དབྱེ་བ་རིམ་པ་ལྟར་ངེས་པར་འབྱུང་བར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི་བསྟན་པའི་དུས་བཞི་རིམ་པ་ལྟར་འབྱུང་བ་དེ་བཞིན་ནོ། །འདི་ལས་གཞན་དུ་འཆད་པ་དག་གིས་ནི་དུམ་བུ་ཅན་གྱི་དོན་གང་ལ་བྱ་བའི་རྟོལ་མ་བྱུང་ལ། ཕྱག་རྒྱ་ལག་པས་འཛིན་པའི་དོན་ཡང་ཇི་ལྟ་བུ་ལ་བྱ་བ་ཤིན་ཏུ་དཀའོ་ཞེས་གསུངས་སོ། །དེ་ནས་ཆོས་རྒྱལ་རྣམས་ཀྱི་སྐྱེ་གནས་ཀྱི་ཁྱད་པར་དང་ཆོས་ཀྱི་འཁོར་ལོས་སྒྱུར་བ་


MR17_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་དུས་བསྟན་པ་ནི། འོད་ཟེར་བདུན་དང་སོགས་གསུངས་ཏེ། འདིའི་རྐང་པ་སྔ་མ་གསུམ་གྱི་དོན་ལ་པདྨ་ཅན་རྗེས་འབྲངས་དང་བཅས་པས་མུ་སྟེགས་འདུལ་བའི་དོན་དུ་སངས་རྒྱས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་མཐུན་པར་སྤྲུལ་པ་བསྟན་པ་ནི། འོད་ཟེར་སོགས་དྲང་སྲོང་བདུན་དང་། རི་གཟའ་སྟེ་གཟའ་བདུན་དང་ཐུབ་པ་བདུན་རྣམས་འདིར་ནི་སྙིང་སྟོབས་ལྡན་པ་སྟེ་དགེ་བའི་བསམ་པ་འབའ་ཞིག་གི་རང་བཞིན་ཅན་ལྷའི་སྐྱེ་གནས་དང་། ཁྱབ་འཇུག་གི་འཇུག་པ་དང་མིང་མཚུངས་པའི་སངས་རྒྱས་ཀྱི་སྤྲུལ་པ་བསྟན་པ་ཉ་ལ་སོགས་པ་བརྒྱད་ནི་དགེ་མི་དགེ་འདྲེས་པའི་བསམ་པ་ཅན་ཡིན་པས་རྡུལ་གྱིས་བསྐྱེད་པ་འབྱུང་པོ་ལྷ་མ་ཡིན་གྱི་རིགས་ཀྱི་སྐྱེ་གནས་སོ། །ཞེས་བཤད་དོ། །དེ་ལ་མཁས་པ་དག་གིས་སངས་རྒྱས་ཀྱི་སྤྲུལ་པ་མི་དགེ་བ་དང་འདྲེས་པའི་བསམ་པ་ཅན་ཆེས་ངོ་མཚར་ཞེས་ཧ་ཅང་ཐལ་བར་སྨྲ་ཞིང་དེ་བཞིན་ཅེས་པའི་དོན་ཡང་མ་སྨྲས་སོ། །ཞེས་སུན་འབྱིན་ཀྱང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ལ་དགེ་མི་དགེ་འདྲེས་པའི་བསམ་པ་ཅན་མེད་ཀྱང་གདུལ་བྱ་ལ་ཞི་བ་དང་དྲག་པོའི་ཕྲིན་ལས་འཇུག་པའི་ཆ་ནས་དེ་ལྟར་བརྗོད་པ་ལ་འགལ་བ་མེད་འདྲ་སྟེ་དགེ་མི་དགེའི་ལས་ཀྱི་རང་བཞིན་དུ་གྱུར་པ་ཞེས་གཞུང་དེར་སྣང་ངོ་། །ཡང་ཁ་ཅིག་འོད་ཟེར་ནི་དྲུག་དང་དེ་ནས་བདུན་དང་རི་སྟེ་བདུན་དང་གཟའ་སྟེ་བདུན་དང་ཐུབ་པ་སྟེ་བདུན་ནོ། །དེ་རྣམས་བསྡོམ་པས་འཁོར་ལོ་ཅན་སོ་གཉིས་ལ་ཕྱེད་ཅན་གཉིས་བསྣན་པའི་སོ་བཞི་པོ་འདི་རྣམས་སྙིང་སྟོབས་ལྡན་པ་ལྷའི་སྐྱེ་གནས་ཏེ། དུམ་ཅན་ཉའི་མིང་ཅན་རྣམས་དང་། རུས་སྦལ་ལ་སོགས་པ་སྡེ་ཚན་བརྒྱད་ནི་ལྷ་མིན་ཀླ་ཀློའི་རིགས་ལ་འཇིགས་པ་སྟེར་བ་རྡུལ་གྱི་རང་བཞིན་གྱི་འབྱུང་པོའི་སྐྱེ་གནས་ཅན་ནོ། །ཞེས་བརྗོད་པ་ལ། གཞན་དག་གིས་འོད་ཟེར་གྱི་སྒྲ་དྲུག་ལ་བཤད་པའི རྒྱུ་མཚན་མེད་ལ། སོ་གཉིས་པོ་ཐམས་ཅད་ལ་འཁོར་ལོ་ཅན་གྱི་མིང་འདོགས་པ་ཡང་མི་ལེགས་ཤིང་། དེ་བཞིན་གྱི་དོན་ཡང་ནོར་བའོ་ཞེས་བཤད། ཡང་ཁ་ཅིག་གིས་འོད་ཟེར་ནི་བཅུ་གཉིས་ཀྱི་མིང་སྟེ་གསང་འདུས་ཀྱི་བཤད་རྒྱུད་རྡོར་ཕྲེང་ལས། དེ་ནི་འོད་ཟེར་བཅུ་གཉིས་ཏེ། །འོད་


MR17_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་འོད་ཟེར་གཟི་བརྗིད་མ། །ཞེས་སོགས་གསུངས་པ་ལྟར་གྲགས་པ་ནས་རིགས་ལྡན་བཅུ་གཉིས་དང་། དེ་ནས་བདུན་དང་། ཡང་བདུན་དང་། ཆོས་རྒྱལ་བདུན་ལས། ཆོས་རྒྱལ་བདུན་ནི་ཐུབ་པ་ལྷའི་སྐྱེ་གནས། གྲགས་པ་ཉའི་སྐྱེ་གནས། པད་དཀར་ནས་བཅུ་བཞི་རུས་སྦལ། དེ་ནས་དྲུག་ཕག །རིགས་ལྡན་མི་ཡི་སེང་གེ་ནས་དྲག་པོའི་བར་ལྔ་རིམ་པར་མི་ཡི་སེང་གེ་ནས་ནག་པོའི་བར་དུ་སྦྱར་ཏེ་དེ་བརྒྱད་འབྱུང་པོའི་སྐྱེ་གནས་སུ་བཤད་ཅིང་། དོན་འདི་ཚིགས་བཅད་བརྒྱ་རེ་བདུན་པ་ལས་ཤེས་སོ། །ཞེས་བཤད། ལུགས་དེ་ལ་གཞན་དག་གིས་འོད་ཟེར་བཅུ་གཉིས་ཀྱི་དོན་དུ་བཤད་པ། འདུས་པའི་བརྡ་ལ་མ་བྱང་བའི་གཏམ་སྟེ། འདུས་པ་རྩ་བཤད་དེ་དག་གི་ལུགས་ལ་འོད་ཟེར་ཅེས་པ་ང་གི་མིང་ཡིན་ལ། སྙིང་ག་ནས་མིག་སོགས་ཀྱི་སྒོར་བྱུང་སྟེ་གཟུང་འཛིན་གྱི་རྣམ་རྟོག་བསྐྱེད་པའི་རླུང་གི་འོད་ཟེར་བཅུ་གཉིས་ནི་འོད་འཕེལ་ལ་སོགས་པར་གསུངས་པའི་ཕྱིར་རོ། །ཞེས་གཞན་དག་གིས་སུན་འབྱིན་ནོ། །རྭ་པ་ལྟར་ན་ཕྱི་རོལ་པའི་སྟོན་པ་མཱ་རི་ཙི་སྟེ་འོད་ཟེར་དང་། ཨཾ་གི་ར་ལ་སོགས་པ་བདུན་དང་། གཟའ་བདུན་གྱི་སྤྲུལ་པ་བདུན་ཏེ་དེ་ལྟར་ཐུབ་པའམ་དྲང་སྲོང་བཅུ་བཞི་ནི་ལྷའི་སྐྱེ་གནས་དང་། ཉ་སོགས་ཀྱི་མིང་ཅན་བརྒྱད་འབྱུང་སྐྱེས་ཏེ་ཉི་ཤུ་རྩ་གཉིས་རིམ་པས་བྱུང་བའི་མཐའ་ཚེ་ལོ་བརྒྱ་བའི་དུས་སུ་ལྷ་མིན་དགྲ་བོ་ཕྱག་ན་འཁོར་ལོ་ཅན་འབྱུང་ཞེས་འཆད་དེ། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ཞེས་པ་ཉི་ཤུ་རྩ་གཉིས་ཞེས་པར་འདོན་ཏོ། །དེ་ལྟར་འཆད་ཚུལ་མང་དུ་སྣང་ཡང་དོན་ལ་འགལ་བ་ཆེར་མེད་མོད་གདན་རབས་དང་སྦྱར་ན་འདི་ལྟར་བཤད་པ་ལེགས་ཏེ། དམ་པའི་ཆོས་ཀྱི་འོད་ཟེར་སྤྲོ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་སོགས་ཆོས་རྒྱལ་བདུན་དང་། དེ་ནས་འཇམ་དཔལ་གྲགས་པ་ལ་སོགས་པ་རིགས་ལྡན་རི་སྟེ་བདུན་དང་། ཉི་མ་གྲགས་སོགས་གཟའ་སྟེ་བདུན་དང་། མཐའ་ཡས་སོགས་ཐུབ་པ་སྟེ་བདུན་རྣམས་


MR17_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདུན་ཚན་གསུམ་པའི་རྗེས་འདིར་ནི་སྔ་མ་དེ་བཞིན་དུ་ཡང་རིགས་ལྡན་ལྷག་མ་བཞི་བསྣན་པ་ཁྱོན་སུམ་ཅུ་རྩ་གཉིས་ལས། དང་པོའི་ཆོས་རྒྱལ་བདུན་ནི་སྙིང་སྟོབས་ལྡན་པ་ལྷ་ཡི་སྐྱེ་གནས་ཏེ་ཆོས་ཀྱི་རྐང་པ་བཞི་ལ་རྫོགས་པར་ལོངས་སྤྱོད་པས་སོ། །རིགས་ལྡན་གྲགས་པ་ནི་ཉ་ཡི་སྐྱེ་གནས་དང་མཚུངས་ཏེ་ཀླ་ཀློའི་ཆོས་ཐོག་མར་འགོག་པ་པོའོ། །པད་དཀར་ནས་ཁྱབ་འཇུག་སྦས་པའི་བར་དྲུག་ནི་རུས་སྦལ་གྱི་དང་། ཉི་མ་གྲགས་པ་ནས་ཟླ་འོད་བར་བདུན་ཕག་པ་དང་མཐའ་ཡས་ནས་མ་འགགས་པའི་བར་བདུན་ནི་མི་ཡི་སེང་གེའི་སྐྱེ་གནས་དང་བཅས་པ་དང་། རིགས་ལྡན་མི་ཡི་སེང་གེ་ནི། མི་ཐུང་དང་། དབང་ཕྱུག་ཆེན་པོ་ནི་ཛཱ་མད་ཨགྣི་སྟེ། དྲང་སྲོང་གཤིན་རྗེ་མེའི་བུ་ར་མ་དགྲ་སྟ་འཛིན་པ་དང་། མཐའ་ཡས་རྣམ་རྒྱལ་ནི་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་རཱ་མ་དང་། དྲག་པོ་འཁོར་ལོ་ཅན་ནི། ནག་པོ་སྟེ་དེ་ལྟར་བརྒྱད་ནི་ལྷ་མིན་ཀླ་ཀློའི་རིགས་ལ་འཇིགས་པ་སྟེར་བ་རྡུལ་གྱི་ཡོན་ཏན་གྱི་སྟོབས་དང་ལྡན་པ་འབྱུང་པོ་མི་ཡི་སྐྱེ་གནས་སོ། །ཞེས་སོ། །སྐབས་འདིར་མཁས་གྲུབ་རྗེས། ཆོས་རྒྱལ་བདུན་དང་རིགས་ལྡན་བདུན་དང་ཡང་བདུན་དང་བདུན་སྟེ་ཉེར་གཅིག་པོའི་རྗེས་སུ་འདིར་ནི་དེ་བཞིན་ཞེས་པ་སླར་ཡང་བདུན་ཚན་གཅིག་སྟེ། འཁོར་ལོ་ཅན་ཡར་བཅད་བཞི་དང་སྲས་ཚངས་པ་དང་ལྷ་དབང་དང་འོད་སྲུང་བཅས་བདུན་པོ་བསྣན་ནས་དེ་ལྟར་སོ་ལྔ་པོ་སྙིང་སྟོབས་ཀྱི་ཡོན་ཏན་ལྡན་པ་ལྷའི་སྐྱེ་གནས་སོ། །དེའི་རྗེས་སུ་རིམ་པར་བྱུང་བ་སྔར་ཕྱག་རྒྱའི་ལག་ཅེས་བཤད་པ་དུམ་བུ་ཅན་བརྒྱད་པོ་ཉ་དང་རུས་སྦལ་ཕག་པ་མི་ཡི་སེང་གེ་དང་བཅས་མི་ཐུང་དང་། ཡ་མད་ཨགྣིའི་བུ་ར་མ་དགྲ་སྟ་འཛིན་པ་དང་། དགའ་བྱེད་རཱ་མ་དང་། ནག་པོའི་མིང་ཅན་རྣམས་ཏེ་དེ་ལྟར་བརྒྱད་ནི་ལྷ་མིན་རིགས་ལ་འཇིག་སྟེར་རྡུལ་གྱི་ཡོན་ཏན་གྱིས་འབྱུང་པོ་མིའི་སྐྱེ་གནས་སོ། །ཞེས་གསུངས། སྐབས་འདི་སོགས་འགྲེལ་


MR17_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་ཁུངས་ཐུབ་ཀྱི་གཞུང་ལས་བཤད་པ་མ་མཐོང་བ་དག་ལ། འགྲེལ་བྱེད་རྣམས་ཀྱི་རང་བློས་འཐད་པ་བཙལ་ནས་འཆད་ཚུལ་མི་འདྲ་བ་དུ་མར་བྱུང་བ་ཡིན་ཀྱང་། འདིར་རང་ལུགས་སུ་བརྗོད་པ་འདི་དག་གི་འཐད་པ་ནི་སྐབས་འདི་གདན་རབས་སོ་གཉིས་ཀྱི་སྐྱེ་གནས་བཤད་པའི་སྐབས་ཡིན་པར་དངོས་སུ་གསལ་བས། རིགས་ལྡན་དྲག་པོའི་སྲས་གཉིས་དང་འོད་སྲུང་འདིར་བསྣན་དོན་མེད་ཅིང་། འོད་ཟེར་བདུན་དང་རི་གཟའ་ཐུབ་པ་འདིར་ནི་དེ་བཞིན་ཞེས་པའི་ཚིག་ལ་རྒྱུ་མཚན་ཡོད་དགོས་པས་འདི་ལྟར་སྦྱར་བ་ཡིན་ལ། རིགས་ལྡན་དྲག་པོ་ལས་གཞན་པའི་རིགས་ལྡན་རྣམས་ཀྱིས་ལྷ་མིན་རིགས་ལ་འཇིགས་པ་སྟེར་བ་པོར་བཤད་པ་མི་འཐད་སྙམ་ན། ལྷ་མིན་རིགས་ལ་འཇིགས་སྟེར་དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན། ཞེས་གསུངས་པ་དང་། ལྷ་མིན་ཀླ་ཀློའི་སྟོན་པ་རྣམས་འབྱུང་བ་དང་མཐུན་པར་འདུལ་བྱེད་རྣམས་ཀྱང་རིམ་པར་འབྱུང་བར་གསུངས་པའང་མི་འཐད་པར་འགྱུར་ལ། ལྷ་མིན་རིགས་ལ་འཇིགས་པ་དངོས་སུ་སྟེར་བའི་གཙོ་བོ་འཁོར་ལོ་ཅན་དང་སྲས་གཉིས་སོགས་ལྷ་མིན་ལ་འཇིགས་པ་སྟེར་བའི་སྐྱེ་གནས་བརྒྱད་དུ་མི་གཏོགས་པར་འདོད་པའི་ལུགས་ལ། འོད་སྲུང་མ་གཏོགས་པའི་རིགས་བརྒྱུད་ལྷག་མ་དུམ་ཅན་བརྒྱད་པོས་ཀླ་ཀློའི་རིགས་ལ་ལྷག་པར་འཇིགས་པ་ཅི་ཞིག་སྟེར་ཏེ། དེ་དག་གི་དུས་སུ་འཁོར་ལོ་ཅན་གྱིས་ལྷ་མིན་རྒྱུན་བཅད་ཟིན་པའི་ཕྱིར་རོ་སྙམ་མོ། །སྤྱིར་གོང་འོག་གི་སྐབས་ཕལ་ཆེར་དུ་འགྲེལ་བཤད་སྔ་མ་དག་གི་འཐད་མི་འཐད་ཀྱི་ཆ་ཅི་རིགས་མཐོང་མོད། དུས་ཀྱི་དབང་གིས་དགག་སྒྲུབ་ཀྱི་ཚིག་མང་པོ་སྤྲོས་ཀྱང་གཞན་ལ་ཕན་པར་དཀའ་བས་མི་བརྗོད་ཀ་མེད་ཀྱི་གནད་རེ་ཟུང་ཙམ་ལས་སུ་ལའང་ཆེད་དུ་དགག་པའི་ཚིག་སྨྲ་བར་མ་བྱས་ཤིང་རྒྱུད་འདིའི་བསྟན་དོན་གྱི་ཆ་ཅི་རིགས་སྔ་འགྲེལ་རྣམས་ཀྱིས་ལེགས་པར་བཤད་པ་ལ་བྱས་པ་གཟོ་


MR17_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་པས་གུས་པར་བྱེད་པ་གཙོ་བོར་བྱས་པ་ཡིན་ནོ། །དེ་ལྟར་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་སྟེ་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་སྤྲུལ་པ་སུམ་ཅུ་རྩ་གཉིས་ཀྱི་གདན་གྱི་མཐར་ནི། གདན་རབས་སོ་གཉིས་པ་དང་། རིགས་ལྡན་ཉེར་ལྔ་པ། འཇམ་པའི་དབྱངས་རིགས་ལྡན་གྲགས་པ་ཉིད་སླར་ཡང་ལྷ་མིན་ཀླ་ཀློ་ཐམས་ཅད་འཇོམས་པའི་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར་ཞེས་པ་ཕྱག་ན་འཁོར་ལོ་འཛིན་པ་ཉིད་འབྱུང་བར་འགྱུར་ཞེས་པའོ། །ཀླ་ཀློའི་འདུལ་བྱེད་རིགས་ལྡན་རྣམས་ཀྱིས་གཞོམ་བྱ་ཀླ་ཀློ་ཞེས་པ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། ཀླ་ཀློའི་སྟོན་པ་འབྱུང་ཚུལ་དང་ཀླ་ཀློ་རྣམས་ཀྱི་ཀུན་སྤྱོད་གསུངས་པ། ཨཱ་དྲ་ཞེས་པ་ཕྱེད་དམ་གཤེད་པོ་ཞེས་སུ་ཡང་བསྒྱུར་ཏེ་དེ་ཉིད་དང་པོ་དང་། ཨ་ནོ་གྷ་ཞེས་པ་རླབས་མིན་ནམ་ནད་མེད་ཅེས་པ་དང་། ཕག་ལྡན་ཏེ་གསུམ་པོ་ནི་ལྷ་མིན་གྱི་རིགས་སོ། །ལྷག་མ་ལྔ་པོ་ལྷ་མིན་ལག་འགྲོའི་རིགས་ཏེ་ལྷ་མིན་གྱི་བྱེ་བྲག་ཀླུའི་རིགས་ལ་མུན་པ་ཡི་སྐྱེ་གནས་ཅན་ནི་ཀླ་ཀློའི་རྒྱལ་པོ་དང་སྟོན་པ་གཞན་ཡང་ལྔ་སྟེ། བྱི་བ་དང་། དབང་པོ་དང་། གོས་དཀར་ཅན་དང་། སྦྲང་རྩིའི་བློ་གྲོས་དང་། འཇོམ་བྱེད་དམ་འཁྲུག་བྱེད་ཅེས་པ་ནི་བརྒྱད་པ་སྟེ། བརྒྱད་པོ་གང་ཡིན་པ་དེ་དག་མུན་པ་ཡི་སྐྱེ་གནས་ཅན་ནོ། །ཨནྡྷ་ཀའི་སྒྲ་ལོང་བ་དང་མུན་པ་གཉིས་ཀར་འཇུག་པས་པདྨ་ཅན་དང་ག་རོད་ལོ་ཙཱས་བརྒྱད་པ་དེ་ནི་ལོང་བ་ཡིན་ཞེས་འདོན་ཏོ། དེ་ཡང་ཀླ་ཀློ་དེ་དག་གྲུབ་མཐའ་ངན་པའི་ནང་གི་མུན་པ་ཅན་ལོང་བ་ལྟ་བུ་ཤི་ནས་དམྱལ་བར་སྐྱེ་བས་ན་མུན་པ་ཅན་དུ་བརྗོད་པ་འདྲ་སྙམ་མོ། །གསལ་བར་སོག་པོའི་ཡུལ་ལམ་མ་ཁའི་ཡུལ་གྱི་བཱ་ག་ད་ངག་སྦྱིན་ཞེས་སོགས་གྲོང་ཁྱེར་དུ་ནི་ཀླ་ཀློའི་སྟོན་པ་བདུན་པ་སྦྲང་རྩིའི་བློ་གྲོས་ཡང་དག་པར་སྐྱེས་པ་སྟེ། དེས་ནི་ཀླ་ཀློའི་ཆོས་རཧྨ་ཎའི་འཇུག་པ་དར་བར་བྱེད་ཅིང་ཀླ་ཀློའི་ཆོས་ལུགས་དང་། བྱེད་


MR17_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་རྩོམ་པ་ཀླ་ཀློ་རྣམས་ཀྱི་བླ་མ་དང་རྗེ་བོར་བཀུར་པའོ། །ཀླ་ཀློ་རྣམས་ཀྱི་ཀུན་སྤྱོད་ནི་ཡུལ་གང་དུ་འཇིག་རྟེན་ན་ལྷ་མིན་གྱི་ཡན་ལག་གམ་ཕྱོགས་སམ་རིགས་སུ་གྱུར་པའི་བདུད་ཀྱི་རིས་སྟོབས་དང་ལྡན་པར་བྱེད་པ་ཉིད་དུ་གནས་ཤིང་། སེམས་ཅན་ལ་བརྩེ་བ་མེད་པ་ཀླ་ཀློའི་གཟུགས་སམ་ཆ་ལུགས་ཅན་ནོ། །ཡུལ་དེར་གནས་པའི་མི་རྣམས་ནི་རྔ་མོང་དང་རྟ་དང་བ་ལང་རང་གིས་བསད་ནས་དེ་ཡི་ཁྲག་དང་བཅས་པའི་ཤ་ནི་ཅུང་ཟད་བཙོས་པ་སྟེ་ཆེར་མ་ཚོས་པ་འབའ་ཞིག་ཟ་བ་དང་། བ་ལང་གི་ཤ་དང་དངུལ་ཆུ་ཞེས་པ་བརྒྱ་དཔེར་སུ་ཏ་ཞེས་ཡོད་པ་རྭ་འགྱུར་དུ་མངལ་ཆུ་ཞེས་དང་། ག་རོད་ལོ་ཙཱས་བུ་བཙས་ཆུ་ཞེས་བསྒྱུར་བས་ས་སྐྱའི་བླ་མ་དམ་པའི་འགྲེལ་ཆེན་དུ་ཕྱུགས་རྣམས་ཀྱི་སྤྲི་ལ་བཞེད་པར་སྣང་། འོ་མ་ལ་ཡང་བྱ་རུང་ངམ་སྙམ་མོ། །ཆུ་དང་མར་དང་ཚ་བ་གསུམ་རྣམས་མཉམ་པ་འབྲས་དང་ལོ་མ་དང་བསྲེས་པ་ནི། གཅིག་ཏུ་མེ་ལ་བཙོས་པ་དང་། ནགས་ཀྱི་འབྲས་བུ་ཤིང་ཐོག་དག་དང་བཅས་པ་ནི། མ་ཁའི་གྲོང་གང་དུ་གནས་པའི་ཀླ་ཀློའི་མི་རྣམས་དག་གི་ཟས་ཡིན་ལ། བཏུང་བ་བྱ་རྣམས་དག་གི་སྒོ་ངར་འགྱུར་རོ་ཞེས་པ་སྒོ་ང་བཙིར་པའི་ཁུ་བ་ལས་བཅོས་པའི་ཁུ་བའོ། །ཀྱེ་མི་ཡི་བདག་པོ་དེ་ལྟ་བུའི་ཡུལ་གྱི་སྤྱོད་པ་ཅན་ནི་ལྷ་མིན་ཀླ་ཀློའི་མི་རྣམས་ཀྱི་གནས་ཚུལ་ཡིན་ནོ། །དེ་ལྟར་མུན་པའི་བློ་ཅན་ཀླ་ཀློ་རྣམས་ཀྱང་དུས་ཀྱི་དབང་གིས་འབྱུང་བ་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་སུ་རྣམ་པར་འཕྲུལ་པ་ཅི་ལྟ་བུ་འབྱུང་ཞེ་ན། ཐིག་ལེ་ནུས་མ་ཞེས་སོགས་གསུངས་ཏེ། འདི་ལ་དོན་དམ་དང་ཀུན་རྫོབ་ཀྱི་རྣམ་པས་བཤད་ཚུལ་གཉིས་ཐོབ་པས་དང་པོ་གདུལ་བྱ་མཆོག་རྣམས་ལ་ནི། ཐིག་ལེ་ནི་ཐབས་ཡབ་དང་། ནུས་མ་ནི་ཤེས་རབ་ཡུམ་སྟེ་དེ་གཉིས་དབྱེར་མེད་པར་སྦྱོར་བ་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལས། དེ་ཁོ་ན་ཉིད་ལ་སྒྲིབ་པའི་རབ་རིབ་སེལ་བའི་


MR17_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྨན་དག་དང་། ཉོན་མོངས་པའི་སྦྲུལ་གདུག་པ་ཟ་བའི་མཁའ་ལྡིང་དང་། སྒྲིབ་པའི་དྲི་མ་འཁྲུད་པའི་ལྷ་ཡི་ཆུ་བོ་དང་། འཇིག་རྟེན་ན་དྲང་སྲོང་གི་མཆོག་ཏུ་གྱུར་པ་མི་སྦྱིན་དང་འདྲ་བར་མཆོག་ཏུ་ལམ་དྲང་ཞིང་ཞི་བ་དང་ནི། དངོས་གྲུབ་གཉིས་ཀྱིས་འདོད་པའི་དོན་མ་ལུས་པ་འཇོ་བ་དང་། བདུད་ཀྱིས་གཞིག་པར་མི་ནུས་པའི་རྫོང་དང་། མ་རིག་པའི་མུན་ཁྲོད་དུ་ཡེ་ཤེས་ཀྱི་སྣང་བ་བྱེད་པའི་གློག་དང་། ཞེས་དེ་རྣམས་ཀྱིས་བྱེད་ལས་མཚོན་དོན་གྱི་སྒོ་ནས་བརྗོད་ཅིང་། བྱེད་ལས་དེ་ལྟ་བུ་དང་ལྡན་པའི་རིག་པ་བཟང་པོ་ནང་རིག་པའི་མཆོག་ཏུ་གྱུར་པ་འགྱུར་མེད་མཆོག་གི་ཆ་དང་ཞེས་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་ཆ་བཅུ་དྲུག་པར་འགྱུར་བ་དང་ཞེས་པ་རྣམས་ཀྱི་སྟོན་པ་པོའི་ཐུགས་ཀྱི་ཁྱད་པར་གཙོ་བོར་བརྗོད་ཅིང་། ཀུན་སློང་གི་གཡོ་རྟོག་མེད་པར་གདུལ་བྱ་སོ་སོའི་སྐད་དང་མཐུན་པར་སྟོན་པའི་གསུང་རྣམ་པ་ཐམས་ཅད་པ་ལྷ་ཡི་སྐད་མཆོག་དང་ཞེས་གསུང་གི་ཁྱད་པར་དང་། རྡུལ་ཕྲ་རབ་བསགས་པའི་ལུས་མེད་པ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་གཟུགས་ཀྱི་སྐུ་ཉིད་དེ། དེ་ལྟར་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་དོན་དུ་ཕྲིན་ལས་ཀྱི་འཇུག་པ་ཡང་དག་པར་རྒྱུ་བའི་གཟུགས་སམ་རང་བཞིན་འདི་ལྟ་བུ་རྣམས་ཀྱིས་ལས་ཀྱི་ས་ལ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་དོན་དུ་འཇུག་པར་འགྱུར་རོ། །དེ་ལྟར་རྒྱལ་བ་ཡི་ནི་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་ཅིང་མཆོག་ཏུ་མི་འགྱུར་བ་ནམ་མཁའ་དང་མཉམ་པ་ལ་བཞུགས་ནས། ཤེས་བྱ་གང་དག་སྔར་བྱུང་བར་གྱུར་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་ན་འབྱུང་བར་འགྱུར་བ་ཐམས་ཅད་ལུང་སྟོན་ཅིང་སྨྲ་བ་དང་། ཡང་ན་དུས་གསུམ་དུ་བྱུང་དང་འབྱུང་བ་དེ་དག་རིག་པར་བྱེད་པའམ། ཤེས་པར་བྱེད་པའི་ཆོས་སྟོན་པ་ཞེས་འབྲུ་མནན་པའང་ཡོད་དོ། །བྱེ་བྲག་ཏུ་རིག་བྱེད་ཀྱི་གཞུང་སྣ་ཚོགས་དང་རྟོག་གེ་སྟེ་ཚུར་


MR17_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གི་གནས་ལ་སྒྲོ་འདོགས་ལེགས་པར་གཅོད་པའི་གཏན་ཚིགས་རིག་པ་ལ་སོགས་པ་བཟོ་གསོ་སྒྲ་ཡི་རིག་པ་རྣམས་དང་། ནང་རིག་པ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བསྟན་བཅོས་ཏེ་རྒྱུ་དང་འབྲས་བུའི་ཐེག་པ་མཐའ་དག་རབ་ཏུ་སྨྲ་ཞིང་ཆོས་སྟོན་པར་མཛད་དོ། །ཞེས་སོ། །གཞན་ནང་དོན་ལ་སྦྱར་ན་དགའ་བ་བཞིའི་དབྱེ་བས་ཐིག་ལེ་དང་། ནུས་མ་ཡེ་ཤེས་ཀྱི་རླུང་བཅུ་སོགས་ལ་སྦྱར་དུ་ཡོད་ཀྱང་མ་སྨྲོས་སོ། །ཐུན་མོང་པའི་གདུལ་བྱར་ཀུན་རྫོབ་ཏུ་སྣ་ཚོགས་ཀྱི་གཟུགས་སུ་སྣང་བས་སེམས་ཅན་གྱི་དོན་མཛད་པ་ནི་ཐིག་ལེ་སྟེ་རྫས་གྲུབ་པ་གང་གི་དཔྲལ་བ་སོགས་སུ་ཐིག་ལེ་བྱས་པས་མི་སྣང་བ་དང་མཁའ་ལ་འགྲོ་བ་སོགས་འགྲུབ་པ་དང་། ནུས་མ་ལྷ་མོ་སོགས་འགུག་པ་དང་། མིག་སྨན་དང་། ནམ་མཁའ་ལྡིང་གྲུབ་པ་དང་། ལྷ་ཡི་ཆུ་བོ་དང་འདྲ་བའི་ལོངས་སྤྱོད་མི་ཟད་པ་དང་། དྲང་སྲོང་མིས་བྱིན་དང་འདྲ་བར་འཇིག་རྟེན་ན་བཀུར་བ་དང་། སྣ་ཚོགས་པའི་འདོད་པ་འཇོ་བའི་རྫས་མང་པོ་རིགས་ཐ་དད་པ་གྲུབ་པ་དང་། ཕས་རྒོལ་གྱིས་མི་ཚུགས་པའི་རྫོང་དང་། གློག་དང་འདྲ་བར་གར་འདོད་དུ་ཕྱིན་པ་དང་། ཡིད་ལ་རིག་པ་བཟང་པོ་འགྱུར་མེད་མཆོག་གི་ཆ་ཡི་དེ་ཁོ་ན་ཉིད་མཐོང་བ་ཐོབ་པ་དང་། ལྷ་ཡི་སྐད་སོགས་སུ་ཆོས་སྨྲ་བ་དང་། རགས་པའི་ལུས་སུ་མེད་པ་དྭངས་མའི་ལུས་ཐོབ་པ་སོགས་སྔགས་ཀྱི་དངོས་གྲུབ་སྣ་ཚོགས་ཀྱི་གཟུགས་སམ་རང་བཞིན་གྱིས་ས་སྟེང་གི་སྒྲུབ་པ་པོ་རྣམས་ལ་ཕན་པ་མཛད་པར་འགྱུར་ཞིང་། དུས་གསུམ་གྱི་དོན་དུ་གྱུར་པའི་ཤེས་བྱ་དང་གནས་ལྔ་རིག་པ་རྣམས་གདུལ་བྱ་ལ་སྟོན་པར་མཛད་དོ་ཞེས་སོ། །མདོར་ན་ཀླ་ཀློའི་ཆོས་ནི་མི་ཤེས་པའི་མུན་པའི་རྒྱུ་ལས་བྱུང་བས་དངོས་པོའི་དོན་ཕྱིན་ཅི་ལོག་ཏུ་སྟོན་པ་སེམས་ཅན་ལ་འཚེ་བ་དང་། འདི་ཕྱིར་མི་བདེ་བ་སྐྱེད་པ་ཡིན་ལ། སངས་རྒྱས་ཀྱི་ཆོས་ནི་དེ་ལས་ལྡོག་


MR17_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱའོ། །དེ་ནས་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟླ་བ་བཟང་པོ་ལ་བཀའ་ཡི་ངེས་པ་བྱིན་པ་ནི། དཔལ་ལྡན་རྒྱལ་པོ་ཞེས་བོས་ནས། ཉི་མ་འགའ་ཞིག་དག་གིས་ཏེ་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་དག་གི་རིང་ལ་རྩ་རྒྱུད་ལ་འགྲེལ་བཤད་བྱས་ནས་གཞན་ལ་སྟོན་པ་དང་། དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་བཞེངས་པ་ལ་སོགས་པའི་བྱ་བ་དག་ནི་རྫོགས་པར་བྱས་ནས། ཤམ་བྷ་ལ་ཞེས་པར་རབ་ཏུ་གྲགས་པའི་ཡུལ་གྱི་དབུས་ན་ཕོ་བྲང་ཀ་ལཱ་པ་ཞེས་བྱ་བ་ཡོད་པའི་གྲོང་དེ་ཡི་མཐར་ཕྱོགས་བཞི་དག་ནི་གངས་ཀྱི་རི་ཡིས་མུ་ཁྱུད་ལྟ་བུར་བསྐོར་ཞིང་། ཕོ་བྲང་དེ་ནས་རི་ཡི་རྩ་བ་ལ་ཐུག་གི་བར་དུ་མདའ་ཡིས་བསྒྱུར་པ་བརྒྱ་ཡི་དཔག་ཚད་དེ་དཔག་ཚད་ལྔ་བརྒྱ་རྣམས་ཀྱི་ཚད་དུ་གྱུར་པ་ཡི་གནས་དེར་ནི། རང་གི་སྲས་པོ་ས་ཡི་སྙིང་པོའི་སྤྲུལ་པ་ལྷ་ཡི་དབང་པོ་ཉིད་རབ་མཆོག་མི་ཡི་བདག་པོར་བཞག་སྟེ་རྩ་རྒྱུད་སྟོན་པ་པོར་བསྐོས་ནས། ཟླ་བ་བཟང་པོ་ཁྱོད་ནི་དང་པོ་སྤྲུལ་པ་གང་ནས་འོང་བ་རང་གི་གནས་སུ་འགྲོ་བར་གྱིས་ཤིག་ཅེས་གསུངས་ཏེ། རང་གི་གནས་ནི་སྤྲུལ་གཞི་ཕྱག་ན་རྡོ་རྗེ་གང་དུ་བཞུགས་པ་སྟེ། ཁ་ཅིག་ལོངས་སྐུའི་གནས་དང་ཁ་ཅིག་གི་ལྕང་ལོ་ཅན་ལ་འཆད་དོ། །དེ་ལྟར་ངེས་པ་བྱིན་ནས་རིགས་ལྡན་འབྱུང་ཚུལ་ལུང་བསྟན་པ་ནི། དཔལ་ལྡན་ཤཱཀྱའི་རིགས་ཤམ་བྷ་ལའི་རྒྱལ་པོ་ཉི་མའི་འོད་ཀྱི་བརྒྱུད་ལ་རབ་ཏུ་གསལ་བར་མི་ཡི་བདག་པོ་ཟླ་བ་བཟང་པོ་ནས་ལྷའི་དབང་ལྡན་གྱི་བར་ཆོས་རྒྱལ་བདུན་འབྱུང་སྟེ། བརྒྱད་པ་དཔལ་ལྡན་གྲགས་པ་དག་དང་བཅས་པ་ཡང་ལོ་བརྒྱའི་བར་དུ་རྩ་བའི་རྒྱུད་སྟོན་པ་པོར་འགྱུར་ཞིང་། གྲགས་པ་འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་དངོས་ཡིན་ཏེ་རྣམ་པའི་ཚུལ་ལ་ཤམ་བྷ་ལའི་རྒྱལ་པོར་སྣང་བ་སྤྲུལ་པའི་སྐུ་ཞེས་བྱའོ། །འདི་ལ་ལྷ་ཡི་མཆོག་རྣམས་དག་གིས་ཞབས་ཀྱི་པདྨོ་ལ་གུས་པས་བཏུད་པ་འདིས་ཆོས་བསྟན་ནས་ལོ་བརྒྱ་


MR17_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ན་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་རྣམས་ལ་ངེས་པ་བྱིན་ཅིང་གསང་བ་སྔགས་ཀྱི་ཐེག་པ་མཆོག་རྡོ་རྗེའི་རིགས་ཀྱིས་དབང་བསྐུར་བ་སྦྱིན་པའི་རིགས་ལྡན་ཞེས་བྱ་བའི་མཚན་འཆང་བར་འགྱུར་ཏེ། ཅིའི་ཕྱིར་ན་རིགས་དང་རིགས་མ་ཡིན་པར་དབྱེ་བའི་བརྟུལ་ཞུགས་ཐ་དད་པ་ལ་གནས་པའི་བྲམ་ཟེ་སོགས་རིགས་བཞི་པོ་རྣམས་ལ། གསང་བ་སྔགས་ཀྱི་རྡོ་རྗེའི་དབང་བསྐུར་བ་བྱིན་ནས་མཐའ་དག་ཚངས་པའམ་ཐུབ་པའི་རིགས་རྣམས་དག་ནི་རྡོ་རྗེའི་རིགས་གཅིག་དག་ཏུ་བྱེད་པར་འགྱུར་བ་དེས་ན་རིགས་ལྡན་ཞེས་བརྗོད་ཅིང་དེ་ཕན་ཆད་ཤམ་བྷ་ལའི་རྒྱལ་པོ་བརྒྱུད་པ་རྣམས་ལའང་དྲག་པོའི་བར་དུ་རིགས་ལྡན་ཞེས་མཚན་ཆགས་སོ། །དེ་ལྟར་ཡང་དག་པའི་ཐེག་པ་སྟེ། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པར་མངོན་པར་འཛེགས་ཤིང་ས་བཅུའི་དབང་ཕྱུག་དམ་པར་གྱུར་པ། ལྷ་མིན་ཀླ་ཀློའི་རིགས་ལ་འཇིགས་པ་སྟེར་བར་མཛད་པ་དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན་དེས། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་སྟེ་ཐར་པ་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སླད་དུ་ས་ཡི་གཞི་འདི་དག་ལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཡི་གེ་ཉེར་གཅིག་པ་རབ་བྱེད་ལྡན་གྱི་ཚིགས་བཅད་སྟོང་དང་སུམ་ཅུ་ལ་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་པ་ཉིད་རབ་ཏུ་གསལ་བར་བྱེད་པར་འགྱུར་རོ། །རིགས་ལྡན་གྲགས་པ་ཉིད་ཐོག་མར་བྱས་ཏེ། རིགས་ལྡན་དེ་ཡི་ནང་ངམ་དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲང་བ་དག་གི་དུས་ཀྱི་མཐར་རྩོད་པའི་དུས་དེར། གདན་རབས་ཉེར་ལྔ་པ་རིགས་ལྡན་གྱི་རིགས་མི་ཡི་རྒྱུད་ལ་འཁྲུངས་ཀྱང་མི་རྣམས་སུ་མ་ཟད་ལྷ་ཡི་ཚོགས་ཀྱི་ཡང་དབང་པོ་ཉིད་དུ་གྱུར་པ་དེ་ལ་ལྷ་ཡི་མཆོག་ཚངས་དབང་ལ་སོགས་པ་དག་གིས་ཀྱང་ཞབས་ཀྱི་པདྨོ་ལ་མངོན་པར་བཏུད་པ་འཇམ་དཔལ་སྤྲུལ་པ་དྲག་པོའི་རིགས་ལྡན་འཁོར་ལོ་ཅན་འབྱུང་བར་འགྱུར་ཏེ་དེ་ནི་ཀླ་ཀློ་རྣམས་འཇོམས་པར་བྱེད་པ་རྣམ་པ་དྲག་པོའི་


MR17_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་བསྟན་ཀྱང་ཐུགས་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་པས་གང་ཟག་དམ་པ་རྣམས་ལ་འཇམ་དཔལ་དང་སྤྱན་རས་གཟིགས་སོགས་ཞི་བའི་གཟུགས་སུ་སྟོན་ཏེ་ཆོས་བསྟན་ནས་འགྱུར་མེད་མཆོག་གི་བདེ་བ་སྟེར་བ་པོ་ཞེས་པ་ཡིན་ཞིང་། དེ་བཞིན་དུ་ལོག་པའི་ལམ་དུ་ཞུགས་ཤིང་སེམས་ཅན་ལ་གནོད་པའི་ཆོས་ལུགས་འཛིན་པ་ཀླ་ཀློའི་རིགས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་དབང་གིས་དེ་དག་གི་ལས་ངན་པའི་ལམ་རྒྱུན་བཅད་པའི་དོན་དུ་ཐབས་ལ་མཁས་པས་སྲོག་མཐར་བྱེད་པ་གཤིན་རྗེའི་གཤེད་ཉིད་དུ་སྣང་ངོ་། །དེ་ཉིད་ཀྱི་སྐུའི་རྣམ་པའང་སྤྲུལ་པའི་རྡོ་ཡི་རྟ་ལ་བཅིབས་ཤིང་འཁོར་ལོ་ཅན་གྱི་ཕྱག་ན་མདུང་ཐུང་བསྣམས་ནས་མཐའ་དག་དགྲ་ཡི་ཚོགས་ལ་སྣུན་པར་བྱེད་པའི་སྐུ་བལྟ་བར་མི་བཟོད་པ་ཉི་མའི་གཟི་བརྗིད་ཅན་ནོ། །དུས་ནམ་གྱི་ཚེ་རིགས་ལྡན་དྲག་པོ་དང་ཀླ་ཀློ་འཁྲུག་པ་འབྱུང་ཞེ་ན། རིགས་ལྡན་འཇམ་དཔལ་གྲགས་པའི་རིགས་བརྒྱུད་ཀྱི་ནང་ནས་སམ་དབུས་སུ་ལག་པས་བསྒྱུར་བའི་དུས་ཞེས་བཞི་སྟེ་བརྒྱད་ཀྱི་གྲངས་ཀྱི་རིགས་ལྡན་དང་པོའི་བུ་དང་ཚ་བོ་པད་དཀར་ནས་ཤིན་ཏུ་བཟང་པོའི་བར་དག་ནི་འདས་པར་གྱུར་པ་དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་སྦྲང་རྩིའི་བློ་གྲོས་ཀྱིས་ཀླ་ཀློ༷འི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར་ཞིང་། དེ་ནས་བཟུང་སྟེ་ཇི་སྙེད་ཀླ་ཀློའི་དབང་པོ་གདུག་པ་ཅན་རིམ་པར་བྱུང་བ་ཇི་ཙམ་པ་དེ་སྙེད་དུ་ལྷ་ཡི་མཆོག་གིས་བཏུད་པ་ཡི་རིགས་ལྡན་དུ་མ་ཡང་འབྱུང་ཞིང་། རིགས་ལྡན་རྣམས་ཀྱི་ཐ་མར་དྲག་པོའི་སྔགས་དང་ལྡན་པའི་རིགས་ལྡན་དྲག་པོ་ཡང་འབྱུང་སྟེ། དྲག་པོ་འཁོར་ལོ་ཅན་དེ་ཡི་དུས་སུ་རིགས་ལྡན་དང་ཀླ་ཀློའི་དཔུང་གཉིས་པོ་དག་ཀྱང་འཛམ་གླིང་འདིའི་ས་ཡི་སྟེང་གི་གནས་སུ་འཁྲུག་པ་དྲག་པོ་འབྱུང་བར་འགྱུར་རོ། །ཉེར་གཅིག་པ་ཀླ་ཀློའི་ཆོས་བཅོམ་ནས་སངས་རྒྱས་ཀྱི་ཆོས་རབ་ཏུ་འཇོག་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། གཡུལ་དུ་ཀླ་ཀློ་དག་ལ་སོགས། ཚིགས་བཅད་


MR17_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དྲུག་ཅུ་པ་ནས་བརྒྱ་རེ་གཉིས་པའི་བར་གྱིས་བསྟན་ཏེ། དེ་ལ་རིགས་ལྡན་དྲག་པོའི་དམག་གི་དཔུང་ཇི་ལྟ་བུས་ཀླ་ཀློ་རྣམས་གཞོམ་པར་མཛད་ཅེ་ན། གཡུལ་དུ་ཀླ་ཀློ༷་དག་ལ་བསྣུན་པར་བྱེད་པ་མཐའ་དག་ས་ཡི་སྟེང་དུ་དྲག་པོ་འཁོར་ལོ་ཅན་རང་གི་དཔུང་ནི་ཤིང་རྟ་དང་རྟ་དང་གླང་པོ་ཆེ་དང་རྐང་ཐང་གི་དཔུང་ཡན་ལག་བཞི་དང་ལྡན་པ། ཀླ་ཀློ་དང་འཁྲུག་པའི་དུས་འདིར་ཀཻ་ལ་ཤ་ཡི་རི་བོ་ལ་གནས་པ་ལྷ་ཡིས་བཀོད་པའི་གྲོང་ཀ་ལཱ་པ་ནས་འཁོར་ལོས་སྒྱུར་བ་རིགས་ལྡན་དྲག་པོ་དཔུང་དང་བཅས་པ་ཕྱིར་འབྱུང་བར་འགྱུར་ཏེ། དེ་ཡི་ཚེ་ན་དྲག་པོ་དབང་ཕྱུག་ཆེན་པོ་དང་། ཕུང་པོ་ཞེས་པ་འདི་སྐནྡ་ཞེས་པའི་སྐད་དོད་ལས་འགྱུར་ཅུང་མ་ལེགས་པ་འདྲ་སྟེ། སྐེམ་བྱེད་དམ་གཞོན་ནུ་གདོང་དྲུག་གི་མིང་ཡིན་པས། དཔེ་ལ་ལར་གདོང་དྲུག་དང་ལ་ལར་གཞོན་ནུ་ཞེས་ཡོད་ལ་ག་རོད་ལོ་ཙཱས་སྨིན་དྲུག་ཅེས་དང་གྱི་ཇོས་ཚངས་པ་ཞེས་འདོན་ཏོ། །ཚོགས་ཀྱི་དབང་པོ་ཞེས་པ་ཚོགས་ཀྱི་བདག་པོའོ། །འཕྲོག་བྱེད་ཁྱབ་འཇུག་སྟེ་དེ་ལ་སོགས་པ་ལྷ་ཆེན་པོ་བཅུ་གཉིས་པོ་འཁོར་དང་བཅས་པ་དག་ཀྱང་རིགས་ལྡན་དྲག་པོ་ལ་ནི་དཔུང་གི་གྲོགས་དག་སྦྱིན་པར་འགྱུར་ཏེ། རིགས་ལྡན་གྱིས་རྟ་མཆོག་གི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་རྡོ་ཡི་རྟ་དང་། གླང་པོའི་དབང་པོ་དང་། གསེར་གྱི་ཤིང་རྟ་པ་དང་། མི་ཡི་བདག་པོ་ཕྱག་ན་མཚོན་ཆ་དང་ལྡན་པ་དཔའ་བོ་རྣམས་ཀྱང་རིགས་ལྡན་གྱི་དཔུང་དུ་འབྱུང་ངོ་། །དཔུང་གི་གྲངས་ཇི་ཙམ་ཞིག་ཡིན་པ་གསུངས་པ། རྡོ་ཡི་རྟ་ནི་ང་གི་ཤུགས་ཅན་ཡོན་ཏན་གྱིས་བསྒྱུར་ཡོན་ཏན་བྱེ་བ་ཞེས་པ། གསུམ་ནི་གསུམ་གྱིས་བསྒྱུར་བ་དགུ་སྟེ། བྱེ་བ་ཕྲག་དགུའི་གྲངས་དང་ལྡན་པ། དེ་ཡང་ཁ་དོག་མི་འདྲ་བ་སྣ་ཚོགས་པ་ཅན་ནོ། །ཆང་གིས་དྲེགས་པའི་གླང་ཆེན་རིག་བྱེད་ཅེས་པའི་འབུམ་ཕྲག་གྲངས་དང་ཞེས་པ་འབུམ་ཕྲག་བཞིའོ། །དེ་བཞིན་དུ་ཤིང་རྟ་འབུམ་ཕྲག་འབྱུང་བ་


MR17_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་པ་ལྔ་འབུམ་མོ། །ཨཱ་ཀྵཽ་ཧི་ཎཱི་དྲུག་དང་ཅེས་པ་འདི་དཔུང་བཞིའི་དམག་གི་གྲངས་ཞིག་གི་མིང་སྟེ། ཙནྡྲ་པའི་མདོར་ཨ་ཀྵ་ལས་ཨུ་ཧི་ནཱི་ལའོ། །ཞེས་པ་ལྟར། ཨཀྵ་འཁོར་ལོའམ་དབང་པོ་ལ་འཇུག །ཨུ་ཧིའི་སྒྲ་ཚོགས་པའམ་རྟོགས་པ་འཇུག །ལྡན་རྐྱེན་དཱིཔ྄་སྦྱར་བས་ཎཱིའོ། །མཚམས་སྦྱར་བས་ཨ་ཀྵཽ་ཧི་ཎཱི་ཞེས་གྲུབ་པ་སྟེ། དེ་ཡང་འཆི་མེད་མཛོད་རྩ་འགྲེལ་ལས་གསུངས་པ་གླང་པོ་གཅིག་ཤིང་རྟ་གཅིག་རྟ་གསུམ་རྐང་ཐང་ལྔ་དང་བཅས་པའི་མིང་ལ། བཏྟིཿ སྟེ་འགྲོ་ཤེས་ཞེས་བྱའོ། །འགྲོ་ཤེས་གསུམ་ལ་སེ་ན་མུ་ཁཾ་སྟེ། དམག་སྒོ། དེ་བཞིན་དུ་དམག་སྒོ་གསུམ་ལ་གུལྨཿ འགེལ་བྱེད། དེ་གསུམ་ལ་ག་ཎཿ ཚོགས་པ། དེ་གསུམ་ལ་བཱ་ཧི་ནཱི། རྟ་ཅན། དེ་གསུམ་ལ་པྲྀ་ཏ་ནཱ། སྐྱོང་བྱེད། དེ་གསུམ་ལ་ཙ་མཱུཿ ཟད་བྱེད། ཟད་བྱེད་གསུམ་ལ། ཨ་ནཱི་ཀི་ནཱི། ཚོགས་ཅན། ཚོགས་ཅན་བཅུ་ནི་ཨ་ཀྵཽ་ཧི་ཎཱི། སྟེ་འཁོར་ལོའི་ཚོགས་ཅན་ནམ་དབང་པོའི་རྟོགས་པ་ཅན་ཞེས་བྱའོ། །དེ་ལྟར་འཁོར་ལོའི་ཚོགས་ཅན་གྱི་དཔུང་ཚོགས་ལ། གླང་པོ་ཆེ་ལ་ཞོན་པའི་དམག་ཁྲི་གཉིས་དང་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུ་ཡོད་ལ། རྟ་པ་ཡང་དེ་དང་གྲངས་འདྲའོ། །ཤིང་རྟ་པ་དེའི་སུམ་འགྱུར་གྱིས་མང་བས་དྲུག་ཁྲི་ལྔ་སྟོང་དྲུག་བརྒྱ་དང་བཅུ་ཡོད། རྐང་ཐང་ཆིག་འབུམ་དགུ་སྟོང་སུམ་བརྒྱ་ལྔ་བཅུ་ཡོད་དོ། །པདྨ་ཅན་ནས་རྐང་ཐང་ས་ཡ་ཕྲག་དྲུག་གསུངས། འདིར་ནི་ཨ་ཀྵཽ་ཧི་ཎཱི་དྲུག་ཅེས་གསུངས་པས་གོང་གི་གྲངས་དེ་དག་དྲུག་གིས་བསྒྱུར་བའི་གྲངས་ཡིན་ནོ། །ཨཀྵཽ་ཧི་ཎཱི་ཞེས་པ་དཔུང་གི་གྲངས་ཞིག་གི་མིང་ཡིན་པར་མ་རྟོགས་ནས། ག་རོད་ལོ་ཙཱས་མི་འཁྲུག་དྲུག་ཅེས་དང་། གྱི་ཇོས་མིག་གིས་མཐོང་ཚད་དྲུག་དང་ཅེས་བསྒྱུར་བ་དོན་མ་ཡིན་ལ། ཁ་ཅིག་དཔའ་བོ་མི་འཁྲུག་ཡིན་ནམ་ཡང་ཟེར། འདི་སྐབས་སྦ་འགྲེལ་རྣམས་སུ། རྟ་དང་གླང་པོ་ཤིང་རྟའི་གྲངས་གོང་དུ་སྨོས་ཟིན་པས་


MR17_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཨ་ཀྵཽ་ཧི་ཎཱིའི་གྲངས་རྐང་ཐང་གི་གྲངས་འབའ་ཞིག་ལ་འཆད་པ་དང་། དེ་ཡང་འཆི་མེད་མཛོད་ལྟར་རྟ་པ་གསུམ་ལ་རྐང་ཐང་ལྔ་ཐོབ་པས་དེ་ཡི་འགྲོས་ཀྱིས་རྟ་པ་བྱེ་བ་དགུ་རྒྱུད་ལས་གསུངས་པས་རྐང་ཐང་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལ། བཏྟིཿ གཅིག་བྱས་ནས་སྔ་མ་ལྟར་ཨ་ཀྵཽ་ཧི་ཎཱིའི་བར་དུ་བརྩིས་པས་རྐང་ཐང་ཁྲག་ཁྲིག་གསུམ་དང་ཐེར་འབུམ་ཆེན་པོ་གཉིས་ཐེར་འབུམ་བརྒྱད་བྱེ་བ་ལྔ། ཨ་ཀྵཽ་ཧཱི་ཎཱི་གཅིག་གི་རྐང་ཐང་གི་གྲངས་དང་། དེ་དྲུག་གིས་བསྒྱུར་བས། ཁྲག་ཁྲིག་ཆེན་པོ་གཅིག །ཁྲག་ཁྲིག་དགུ། ཐེར་འབུམ་ཆེན་པོ་དྲུག །ཐེར་འབུམ་བརྒྱད། དུང་ཕྱུར་གསུམ་ནི་རྐང་ཐང་གི་གྲངས་སུ་བཤད་ཀྱང་། འདི་ཐད་འགྲེལ་ཆེན་ལས་གོ་སླར་མཛད་དེ་བཤད་པ་མེད་ལ། ཚད་ལྡན་གྱི་ཁུངས་གཞན་འདི་ཡིན་སྟོན་རྒྱུ་མེད་ན། འདི་འདྲའི་རྟོག་བཟོ་ལ་འཐད་པ་བཙལ་དུ་མེད་པས་དགོས་པ་ཅི་ཡང་མི་སྣང་སྟེ། གཞུང་དུ་རྡོ་ཡི་རྟ་དང་གླང་པོ་ཤིང་རྟའི་གྲངས་བསྟན་པ་དེ་དག་ཨཀྵཽ་ཧི་ཎཱིའི་གྲངས་སུ་མ་གཏོགས་པའི་རྒྱལ་རིགས་ཆེན་པོ་རྣམས་ཀྱིས་བཞོན་པ་དམིགས་བསལ་ཡིན་ལ། ཨཀྵཽ་ཧི་ཎཱི་ནི་འཆི་མེད་མཛོད་རྩ་འགྲེལ་ལས་གྲགས་པ་ལྟར་དཔུང་བཞི་ཀའི་གྲངས་སུ་བྱས་ནས་དེ་དྲུག་འགྱུར་ཞིག་ཡོད་པར་བྱས་ན་མི་རུང་བ་ཅི་ཞིག་ཡོད་དེ་དོན་མེད་ཀྱི་རྐང་ཐང་གྲངས་མང་བརྩི་བ་མི་དགོས་པ་འདྲ་ཞིང་། སྔར་ནས་འཇིག་རྟེན་ན་ཡོངས་སུ་གྲགས་པའི་དཔུང་གི་གྲངས་བརྩི་ཚུལ་འཆི་མེད་མཛོད་རྩ་འགྲེལ་དུ་བཤད་པ་ལ་ཁུངས་བྱས་ནས་དེར་མ་བཤད་པའི་རྩི་ཚུལ་ལོག་པོ་ཞིག་རང་བློས་བསྣན་པ་ལ་རྒྱུ་མཚན་ཅི་ཡང་མི་སྣང་སྟེ། འགྲེལ་ཆེན་ལྟ་བུ་ཚད་ཐུབ་ཀྱི་གཞུང་གི་ཁུངས་སྟོན་རྒྱུ་ཡོད་ན་ནི་དེ་ལྟར་ཡིན་པ་ལ་སུ་ཡང་རྩོད་པ་མེད་དོ། །ཤམ་བྷ་ལའི་ཡུལ་གོ་དྲུག་གི་མི་ཡི་དབང་པོ་ཅོད་པན་བཅིངས་པའི་རིགས་ནི་རོ་དང་དགུ་བཅུ་སྟེ་ཞེས་དགུ་བཅུ་གོ་དྲུག་གོ། དེ་ལྟར་ན་རིགས་


MR17_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དྲག་པོ་འཁོར་ལོ་ཅན་དང་། ཁྱབ་འཇུག་དང་། འཕྲོག་བྱེད་ནི་དབང་ཕྱུག་ཆེན་པོ་སྟེ། འཕྲོག་བྱེད་ཀྱི་སྐད་དོད་ཧ་རིའི་སྒྲ་སེང་གེ་དང་ཁྱབ་འཇུག་དྲག་པོ་སོགས་དོན་མང་པོ་ལ་འཇུག་གོ། དེ་ལྟར་རིགས་ལྡན་གྱི་དཔུང་དང་ལྷ་ཆེན་པོ་བཅུ་གཉིས་ཀྱི་དཔུང་དག་དང་བཅས་པ་ཡི་སྡེ་འདི་དག་གིས་ཀླ་ཀློ༷་རྣམས་བརླག་པར་བྱེད་པར་འགྱུར་རོ། །ཇི་ལྟར་འཐབ་པའི་ཚུལ་ཀྱང་རིགས་ལྡན་གྱི་འཁོར་མཆོག་ཏུ་རྣོ་བའམ་དབལ་ཚ་བའི་དཔའ་བོ་ཞེས་ཕ་རོལ་གཞོམ་པའི་སྙིང་སྟོབས་དང་ལྡན་ཞིང་གང་གཏད་པར་ཐོག་མེད་དུ་འབིགས་པའི་འཕོང་སྐྱེན་པའི་དཔའ་བོ་རྣམས་ཀྱིས་ཀླ་ཀློའི་དཔུང་གི་ཚོགས་ལ་མཚོན་གྱིས་བསྣུན་པར་བྱ་བར་འགྱུར་ཞིང་། དེ་བཞིན་དུ་རིགས་ལྡན་གྱི་དཔུང་གི་གླང་པོའི་དབང་པོས་ཀླ་ཀློའི་གླང་པོ་ལ་དང་། རྡོ་ཡི་རྟ་ཡིས་ཕ་རོལ་གྱི་རྟ་རྣམས་ལ་བསྣུན་པ་སྟེ། དཔའ་བོ་མང་ཉུང་གྲངས་མཚུངས་པ་མཉམ་པ་དང་། གྲངས་མི་མཚུངས་པ་མི་མཉམ་པ་ཕན་ཚུན་འགྱེད་པའི་གཡུལ་དུ་རིགས་ལྡན་འཁོར་གྱི་ས་སྐྱོང་མི་བདག་རྣམས་ཀྱིས་ཀླ་ཀློའི་དབང་པོའི་འཁོར་གྱི་ས་སྐྱོང་རྣམས་ལ་བསྣུནཔར་བྱེད་དོ། །ཀླ་ཀློའི་དམག་དཔོན་རྟ་ཡི་བཞོན་པ་ལ་གནས་པ་ཟླ་བ་ཆེན་པོའི་བུ་ནི་རིགས་ལྡན་གྱི་འཁོར་ཧ་ནུ་མཱན་དཱ་ཞེས་བྱ་བས་རྣོན་པོའི་མཚོན་གྱིས་བསྣུན་པར་འགྱུར་ཞིང་། རིགས་ལྡན་གྱི་གྲོགས་སུ་གྱུར་པ་དྲག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཀླ་ཀློའི་དབང་པོ་ཡི་མགོན་བྱེད་པ་ནག་ཕྱོགས་ལྷ་མིན་བདུད་ཀྱི་རིས་མཐའ་དག་ལ་བསྣུན་པར་བྱེད་དོ། །ལྷ་མིན་ཀླ་ཀློའི་བདག་པོ་བྱས་པའི་བློ་ལ་དྲག་པོའི་རིགས་ལྡན་འཁོར་ལོ་ཅན་ཉིད་ཀྱི་ཕྱག་གི་མཚོན་གྱིས་བསྣུན་པར་མཛད་དོ། །བྱེད་པའི་བློ་འམ་བྱས་པའི་བློ་ཞེས་སུ་ཡང་བསྒྱུར་རོ། །དེ་ལྟར་ཀླ་ཀློའི་དབང་པོ་སྡེ་དང་བཅས་པ་དང་མགོན་བྱེད་པའི་ནག་ཕྱོགས་རྣམས་དང་བཅས་པ་རྩད་ནས་གཞོམ་པར་འགྱུར་རོ། །ཉེར་གཉིས་པ་སེམས་ཅན་མཐའ་དག་ལ་འཇིག་རྟེན་དང་འཇིག་


MR17_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་སྦྱིན་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། དཔུང་ནི་ཐམས་ཅད་སོགས་ཚིགས་སུ་བཅད་པ་བརྒྱ་རེ་གསུམ་པ་དང་དེའི་རྗེས་ཀྱི་རྐང་པ་གཉིས་ཀྱིས་བསྟན་ཏེ་དེ་ལྟར་རིགས་ལྡན་དྲག་པོའི་དཔུང་ནི་ཐམས་ཅད་དག་གིས་གཡུལ་དུ་ཀླ་ཀློ༷་ཡི་ཚོགས་མཐའ་དག་བཅོམ་ནས། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་འཁོར་དང་བཅས་པའི་རིགས་ལྡན་ཉིད་ནི། ཀཻ༷་ལ་ཤ་ཡི་རི་བོ་ལ་ལྷ་ཡིས་བཀོད་པའི་གྲོང་ཁྱེར་ཀ་ལཱ་པ་གང་དུ་འཁོར་ལོ་ཅན་དག་སྟེ་འཁོར་ལོས་སྒྱུར་བ་རང་ཉིད་གནས་པར་བྱེད་པའི་གཞི་དེ་ཉིད་དུ་འགྲོ་བར་འགྱུར་རོ། །པདྨ་ཅན་ནས་དུས་འཁོར་གྱི་སྤྱན་སྔར་འགྲོ་ཞེས་བཤད་དོ། །དེ་ལྟར་ཀླ་ཀློའི་རྒྱུན་བཅད་པ་དེ་ཡི་དུས་སུ་འཛིན་མ་ས་གཞི་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི། སེམས་དགེ་ཞིང་ཚོགས་གཉིས་ཀྱི་ལས་ལ་སྤྱོད་པར་འགྱུར་བ་དང་། ཆོས་དང་འདོད་པ་ནོར་རྣམས་དང་ཐར་པ་སྟེ་ཕུན་སུམ་ཚོགས་པ་སྡེ་བཞིའི་འབྲས་བུ་ཡོངས་སུ་རྫོགས་པ་དང་། འབྲུ་རྣམས་ཀྱང་འབྲོག་དགོན་པ་དག་ཏུ་ཡང་ལེགས་པར་སྐྱེ་བ་དང་ནི་ལྗོན་ཤིང་རྣམས་འབྲས་བུ་བརྟན་པོའི་ཁུར་གྱི་ལྗིད་ཆེན་པོས་ཡལ་ག་རྣམས་དུད་པ་དེ་ལྟ་བུ་དག་འབྱུང་བར་འགྱུར་ཞིང་མི་རྣམས་དགྱེས་དགུར་ལོངས་སྤྱོད་པར་འགྱུར་རོ། །ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་པའི་ཆོས་མ་ཡིན་གྱི་རྒྱུན་རབ་ཏུ་བཅད་པ་དེ་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་དེ་ལྔ་བཅུ་ན་རིགས་ལྡན་འཁོར་ལོ་ཅན་ནི་མཁའ་སྤྱོ ད་ཀྱི་རིག་འཛིན་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པར་འགྱུར་ཏེ། མཁའ་ལ་སྤྱོད་པའི་གནས་སུ་འབྲེལ་པ་ཐོགས་པའི་སེམས་ཅན་ཐམས་ཅད་འདྲེན་པར་འགྱུར་རོ། །གནས་གང་དུ་གྲུབ་པ་བརྙེས་ཞེ་ན་ལྷ་ཡིས་བཀོད་པའི་ཕོ་བྲང་མངོན་པར་མཐོ་བ་ཀ་ལཱ་པ་ཡོད་པའི་ཀཻ་ལ་ཤ་ཡི་རི་བོའི་རྒྱབ་ཏུའོ། །ཞེས་སོ། །འདིར་འགྱུར་གཞན་ན་ཀླ་ཀློའི་ཚོགས་ནི་རབ་ཏུ་བཅད་ནས་འཁོར་གྱི་སྐྱེ་བོ་དང་བཅས་ལོ་ནི་བརྒྱ་ཕྱེད་ན་


MR17_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡོང་བ་ལེགས་ཏེ་རིགས་ལྡན་འཁོར་དང་བཅས་པ་མཁའ་ལ་སྤྱོད་པའི་གྲུབ་པ་བརྙེས་ཏེ་མཁའ་སྤྱོད་དུ་གཤེགས་པའི་དོན་དུ་འགྱུར་རོ། །འདི་ལ་རིགས་ལྡན་གྲུབ་པའི་གནས་སུ་གཤེགས་པར་འགྱུར་ཏེ་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བཤད་དགོས་ཀྱི། རིགས་ལྡན་ནི་འཇམ་དཔལ་དབྱངས་ཡིན་པས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་མཆོག་གི་དངོས་གྲུབ་གྲུབ་ཟིན་པའི་ཕྱིར་ད་གཟོད་གྲུབ་པ་བརྙེས་པའི་འཆད་ཚུལ་དེ་ལེགས་པར་མི་སེམས་སོ་ཞེས་འགྲེལ་བཤད་འགར་གསུངས་ཀྱང་།དོན་ལ་དེ་ལྟར་ཡིན་མོད་ཀྱི་རྣམ་པའི་ཚུལ་དུ་གདུལ་བྱའི་ངོར་གསར་དུ་གྲུབ་པ་ལྟར་སྟོན་པའང་མི་འགལ་ཏེ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱང་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཏུ་སངས་རྒྱས་སུ་ཟིན་ཀྱང་། ཞིང་འདིར་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་རྡོ་རྗེ་གདན་གྱི་དྲུང་དུ་སངས་རྒྱས་པར་སྟོང་པ་ལྟར་དབང་ཐོབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་དེ་ལྟར་བཤད་པའང་མི་ལེགས་པ་མེད་ཀྱི་ལེགས་པར་སེམས་སོ། །འགྲེལ་པ་པདྨ་ཅན་ནས་འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྤྱན་སྔར་གཤེགས་ཞེས་བྱ་བའོ། །ཞེས་བཤད་པ་ཡང་ལུས་མ་སྤངས་པར་གཤེགས་པར་བཤད་པའི་དོན་ནོ། །རྒྱུད་འདིར་རིགས་ལྡན་འཁོར་ལོས་སྒྱུར་བ་ཆེན་པོས་ས་དུམ་བུ་བཅུ་གཉིས་སུ་དབང་སྒྱུར་བར་གསུངས་པ་ལ། ཁ་ཅིག་གིས་རྩོད་པའི་དུས་སུ་འཁོར་ལོས་སྒྱུར་བ་མི་འབྱུང་བར་གསུངས་པའི་ལུང་དང་འགལ་བར་འཛིན་པ་ནི་གྱི་ན་སྟེ། འདི་ཉིད་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཡིན་པས་འཁོར་སྒྱུར་དུ་གསུངས་ཀྱི། རྫོགས་ལྡན་དུས་ཀྱི་འཁོར་ལོ་རིན་པོ་ཆེ་སོགས་རྒྱལ་སྲིད་བདུན་དང་ལྡན་པའི་སྟོབས་ཀྱིས་འཇིག་རྟེན་དུ་འབྱུང་བའི་འཁོར་སྒྱུར་དེ་མ་ཡིན་ལ། རྩོད་ལྡན་གྱི་དུས་མི་བཟད་པ་ལ་ཡང་ཆོས་ཀྱི་འཁོར་ལོས་བསྒྱུར་བ་འདི་ལྟ་བུ་རེས་འགའ་འབྱུང་


MR17_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་དགག་ཏུ་མེད་དེ། སངས་རྒྱས་བྱང་སེམས་རྣམས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར། དཔེར་ན་ལས་ཁྱད་པར་ཅན་ནམ། སྔགས་གྲུབ་པའི་མཐུས་རྩོད་དུས་ན་ཡང་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་རེས་འགའ་འབྱུང་སྲིད་པ་བཞིན་ནོ། །ཉེར་གསུམ་པ་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་མདུན་དང་རྒྱབ་ཏུ་སྟོན་པ་པོའི་ངོ་བོ་ཉིད་ཀྱི་གནས་པ་ནི་ལྷ་དང་མི་ཡི་བླ་མའི་སྲས་ནི་སོགས་ཚིགས་བཅད་སྔ་མའི་རྐང་པ་གཉིས་ནས་ཚིགས་བཅད་བརྒྱ་རེ་དྲུག་པའི་བར་གྱིས་བསྟན་ཏེ། དྲག་པོ་འཁོར་ལོ་ཅན་ལྷ་དང་མི་ཡི་བླ་མའི་སྲས་ནི་འཇམ་དཔལ་གྱི་སྤྲུལ་པ་ཚངས་པ་དང་། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་ལྷ་ཡི་དབང་པོ་ཟུང་གི་རྒྱལ་པོ་མཛད་དེ། སངས་རྒྱས་ཀྱི་ཆོས་ལ་སྟོན་པ་པོར་འགྱུར་བ་དག་གོ། དེ་ཡང་ཚངས་པ་དེ་ནི་ཆུ་བོ་ཤཱི་ཏའི་རྒྱབ་ཏུ་སྟེ་བྱང་ཕྱོགས་སུ་ཀཻ་ལ་ཤའི་དུམ་བུ་གཅིག་ལ་སྟེ་ཤམ་བྷ་ལའི་ཡུལ་དུ་མི་ཡི་བདག་པོར་འགྱུར་ཏེ། དེའི་མདུན་ནམ་སྔོན་ནམ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་ཀྱི་དུམ་བུ་ཐམས་ཅད་ཀྱི་ས་ཀུན་ལ་ནི་སྲས་ལྷ་ཡི་དབང་པོ་རྒྱལ་པོར་འགྱུར་ཞིང་དེ་རྣམ་པ་གཉིས་ཀྱིས་དུས་ཀྱི་འཁོར་ལོ་ལ་སོགས་པའི་ཆོས་རྒྱ་ཆེར་སྟོན་པར་འགྱུར་རོ། །བསྟན་པའི་དུས་བཞི་སྔ་མའི་རྩོད་ལྡན་གྱི་མཐར་རིགས་ལྡན་དྲག་པོས་གསར་དུ་གསོས་པའི་རྫོགས་ལྡན་གྱི་མགོ་འཇུག་པའི་མཚམས་སུ་ཀླ་ཀློའི་ཆོས་རྣམས་མཐའ་དག་སྲིད་པ་གསུམ་གྱི་བླ་མ་དྲག་པོ་འཁོར་ལོ་ཅན་དག་གིས་རྒྱུན་བཅད་པར་བྱས་ཏེ། བཅད་ཟིན་ནས་ལོ་ནི་བརྒྱད་བརྒྱ་རྣམས་སུ་སྲས་ཚངས་པ་ཕོ་བྲང་ཀ་ལཱ་པའི་སེང་གེའི་ཁྲིར་ཆོས་སྟོན་པ་པོར་བཞག་པ་ཉིད་མཛད་ནས། འཁོར་ལོ་ཅན་རང་ཉིད་དཔུང་བཅས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བདེ་བའི་གནས་སུ་འགྲོ་བར་འགྱུར་རོ། །སླར་ཡར་ཚངས་པ་དེ་ཉིད་ཀྱི་སྲས་བརྒྱུད་ཀྱི་དབུས་སུའམ། ནང་ནས་མི་ཡི་བདག་པོ་སྔ་མ་སྔ་མ་དག་གི་སྲས་རྣམས་རིམ་པར་བྱུང་བ་འོད་སྲུང་


MR17_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དག་གི་རིགས་ཀྱི་དབྱེ་བ་དག་ཏུ་འགྱུར་ཏེ་ཞེས་ཤམ་བྷ་ལའི་ཁྲི་ལ་བཞུགས་པ་རིགས་ལྡན་གྱི་གདན་རབས་བཤད་ཀྱི་ལྷ་དབང་གི་རིགས་བརྒྱུད་ནི་སྐབས་འདིར་མ་གསུངས་སོ་ཞེས་སྔ་མ་རྣམས་བཞེད་དོ། །མི་ཡི་བདག་པོ་ཞེས་པ་འབོད་པའི་ཚིག་ཏུ་བཤད་པའང་ཡོད་ལ། ཚངས་པའི་སྲས་བརྒྱུད་རྣམས་སྔར་གྱི་པད་དཀར་ལ་སོགས་པའི་རིགས་ཀྱི་དབྱེ་བ་དང་སྦྱར་ནས་འཆད་པའང་ཡོད་དོ། །སྲས་བརྒྱུད་དེ་རྣམས་ཀྱི་དབུས་སུའམ་ནང་དུ་ལྷ་མིན་ཀླ་ཀློའི་ཚོགས་ཀྱིའང་དབང་པོ་མི་བདག་ཉིད་དུ་གྱུར་པ་ཐུབ་པ་དྲང་སྲོང་སྤྲུལ་པའི་སྐུ་རྣམས་དང་ནི་སྤྲུལ་པའི་སྐུ་མ་ཡིན་པ་ཕལ་པ་གཞན་རྣམས་དག་ཀྱང་འབྱུང་བར་འགྱུར་བ་ཞེས་པ་འདི་ཚངས་པའི་སྲས་བརྒྱུད་འབའ་ཞིག་ལ་འཆད་མོད་སྲས་གཉིས་ཀ་ལ་སྦྱར་ནའང་རུང་བར་མངོན་ནོ། །དེ་ཉིད་དབུས་སུ་ཞེས་པ་ལོ་བརྒྱད་བརྒྱའི་རིང་ལ་ཞེས་འཆད་པ་དང་། ལོ་བརྒྱད་བརྒྱའི་རྗེས་སུ་ལྷ་མིན་ཀླ་ཀློའི་མི་བདག་དང་། ཕྱི་རོལ་གྱི་ཐུབ་པ་དྲང་སྲོང་དང་། ཀླ་ཀློ་ཕལ་པ་སླར་ཡང་འབྱུང་བའི་དོན་དུ་འཆད་པ་སོགས་རང་བློས་བཙལ་བའི་འཆད་ཚུལ་མི་འདྲ་བ་དུ་མ་སྔ་འགྲེལ་རྣམས་སུ་སྣང་ངོ་། །གལ་ཏེ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དེས་འཛམ་གླིང་ཆུང་ངུ་འདི་འབའ་ཤིག་གི་ཀླ་ཀློ་འཇོམས་པ་ཙམ་ཡིན་ནམ་ཞེ་ན། དེ་མ་ཡིན་ཏེ་དུམ་བུ་བཅུ་གཉིས་མཐའ་དག་ཏུ་ཆོས་མིན་ཀླ་ཀློའི་ཕྱོགས་འཇོམས་པར་བསྟན་པ་ནི། ཀླ་ཀློ༷་རྣམས་ནི་གཞོམ་པའི་སླད་དུ་ལྷ་ཡི་བདག་པོ་དང་མིའི་དབང་པོ་འཁོར་ལོ་ཅན་རྣམ་པ་བཅུ་གཉིས་དག་དང་ལྡན་པར་འགྲོ་སྟེ། ས་ཡི་དུམ་བུ་དུམ་བུ་དག་ཏུ་ཀླ་ཀློའི་ཆོས་དར་བ་དེ་ནི་བཅོམ་ནས་འཁོར་ལོ་ཅན་ཡང་མཆོག་ཏུ་བདེ་བའི་གནས་སུ་འགྲོ་བར་འགྱུར་རོ། །སྐབས་གསུམ་པ་ལྷ་དང་མི་ཡི་བླ་མའི་སྲས་ནི་ཚངས་པ་དང་ལྷ་ཡི་དབང་པོ་རྒྱབ་དང་མདུན་དུ་རྒྱལ་པོར་བཞག་སྟེ། འཁོར་ལོ་ཅན་འདས་པའི་རྗེས་སུ་རྒྱབ་ཏུ་བཞུགས་པ་ཚངས་པ་ལ་སོགས་ཞེས་པའི་ལྷ་དབང་


MR17_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་སྲས་རིགས་བརྒྱུད་རྣམས་རྣམ་པ་སྣ་ཚོགས་ས་ཡི་སྟེང་དུ་རིགས་མཆོག་དམན་གྱི་དབྱེ་བ་དུ་མར་འགྱུར་རོ་ཞེས་སོ། །ཚིག་འདི་སྔར་གསུངས་ཟིན་དང་དོན་གཅིག་པས་ན་འདི་ཐད་ལ་བརྟེན་ནས་དུམ་བུ་སོ་སོར་འཁོར་ལོ་ཅན་རེ་འབྱུང་བར་འདོད་པའི་ལུགས་རྣམས་བྱུང་བར་གདའོ། །ལྷ་ཡི་བདག་པོ་དབང་པོ་བཅུ་གཉིས་ཞེས་པ་ལ་མཚན་དབང་པོ་ཞེས་བྱ་བ་ཞེས་འབྲུ་གནོན་པ་སོགས་བོད་འགྲེལ་རྣམས་སུ་བཤད་ཚུལ་འགའ་བྱས་པ་སྣང་ངོ་། །ཉེར་བཞི་པ་འཁོར་ལོས་སྒྱུར་བ་ཆེན་པོ་ལ་སོགས་པ་རིགས་ལྡན་གྱི་མཐར་ཐུག་པའི་མི་རྣམས་ཀྱི་མཆོག་གི་ཚེའི་ངོ་བོ་ཉིད་ཀྱི་གནས་པ་ནི། ཚངས་པ་སོགས་ལ་ཞེས་སོགས་ཚིགས་བཅད་བརྒྱ་རེ་བདུན་པ་དང་། དུས་བཞི་འཇུག་ཚད་བསྟན་པའི་ཚིགས་བཅད་རྗེས་མ་བརྒྱ་རེ་བརྒྱད་པ་དང་བཅས་པ་གཉིས་ཀྱིས་བསྟན་ཏེ། སྐབས་འདིར་བོད་ཀྱི་འགྲེལ་བྱེད་རྣམས་ཀྱིས་བཤད་ཚུལ་མི་འདྲ་བ་འདི་ལྟར་སྣང་སྟེ། ཁ་ཅིག་སྲས་ཚངས་པའི་དུས་ཀྱི་མི་རྣམས་ཀྱི་ཚེ་ལོ་སྟོང་བརྒྱད་བརྒྱ། དེ་ཡི་ཕྱེད་དགུ་བརྒྱ་ནི་འོད་སྲུང་གིའོ། །དེའི་ཕྱེད་བཞི་བརྒྱ་ལྔ་བཅུ་མི་ཡི་སེང་གེའི་དུས་ཀྱི་ཚེ་ཚད། དེ་ནས་མི་ཐུང་དང་། སོགས་སྒྲས་ར་མ་གཉིས་དང་ནག་པ་རྣམས་ཀྱི་དུས་ཀྱི་ཚད་ཀྱང་རིམ་བཞིན་སྔ་མ་སྔ་མ་ལས་དྲུག་ཅུས་དམན་པ་ཡིན་ནོ་ཞེས་འཆད། དེ་ལ་མཁས་པ་གཞན་དག་གིས་བརྒལ་པ། རིགས་ལྡན་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་སངས་རྒྱས་ཀྱི་ཆོས་བཞག་པའི་དུས་བཞི་རིལ་པོའི་ཚད་ལ་ལོ་སྟོང་བརྒྱད་བརྒྱ་ལས་མེད་ལ། དེ་ཚངས་པའི་དུས་སུ་རྫོགས་ཟིན་པས་འོད་སྲུང་སོགས་ཀྱི་དུས་ན་བསྟན་པ་མེད་པར་ཐལ་བས་གནོད་པ་དང་། ཚངས་པའི་དུས་ཀྱི་མིའི་ཚེ་ཚད་འདོད་ཚུལ་འདིས་ཚངས་པའི་སྐུ་ཚེའི་ཚད་ཀྱང་ལོ་བརྒྱད་བརྒྱར་འདོད་པ་ཡང་བསལ་བར་ཐལ་བས་མི་འཐད་དོ། །ཞེས་དང་། ཚངས་པའི་རྗེས་ཀྱི་འོད་སྲུང་དང་མིའི་སེང་གེ་


MR17_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ཐུང་ལ་སོགས་པའི་དུས་ཀྱི་མིའི་ཚེ་ཚད་ཀྱི་དབྱེ་བ་ཡང་། འཁོར་ལོ་ཅན་གྱི་བསྟན་པའི་དུས་བཞིའི་གནས་སྐབས་ལ་འཇོག་དགོས་པ་ནི་དུས་བཞི་སོ་སོའི་དུས་སུ་མི་ཐུང་སོགས་ལ་ཞེས་པའི་ཚིག་གིས་བསྙོན་མེད་དུ་གྲུབ་བོ། །ཞེས་གསུངས། ཡང་ཁ་ཅིག་ཚངས་པ་སོགས་ཀྱི་ཚིག་འདི་དག་རིགས་ལྡན་འཇམ་དཔལ་གྲགས་པ་དང་། པད་དཀར་སོགས་ལ་སྦྱར་ནས་གྲགས་པ་ནས་དྲག་པོའི་བར་གྱི་མི་རྣམས་ལོ་བརྒྱ་ཕྲག་བཅོ་བརྒྱད་དང་ལྡན་པར་འཆད་པ་སོགས་ཡོད་ལ། དེ་ལ་གཞན་དག་གིས་ཧ་ཅང་སྐྱོགས་བཤད་རྣ་བར་མི་འོང་བ་དང་དེ་ལྟར་བཤད་པའི་སྒོ་ནས་རྒྱལ་པོ་སོ་སོའི་སྐུ་ཚེའི་ཚད་རྣམ་པར་འཇོག་པ་མི་འཐད་པར་བསྒྲུབ་པར་མཛད་ནས་དེ་དག་གི་རང་ལུགས་འདི་ལྟར་འདོད་དེ། ཚངས་པ་དང་ལ་སོགས་པ་ར་མ་གཉིས་དང་ནག་པོ་ཡར་བཅད་ལ། འཁོར་ལོ་ཅན་གྱི་དུས་བཞིའི་ཚད་མི་ལོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་གྲངས་དང་ལྡན་པ་ལས། སྟོང་བརྒྱད་བརྒྱའི་གྲངས་འདི་དག་གི་ཚེ་ལོ་དེའི་ཕྱེད་དགུ་བརྒྱ་ནི་ཚངས་པས་ཐོག་མར་ཆོས་སྟོན་པ་ནས་འོད་སྲུངས་ཀྱི་ཆོས་སྟོན་པ་རྫོགས་ཀྱི་བར་གྱི་མི་རྣམས་ཀྱི་ཚེ་ཚད་དོ། །དེ་ནས་ཉ་རུས་སྦལ་ཕག་པའི་མིང་ཅན་གྱི་བར་ལ་རིམ་གྱིས་ཕྲི་བས་ས་ཡི་སྟེང་དུ་དཔལ་ལྡན་མི་ཡི་སེང་གེའི་དུས་ཀྱི་མི་རྣམས་ཀྱི་ཚེ་ཚད་ནི་དགུ་བརྒྱའི་ཕྱེད་དུ་དྲུག་ཅུས་དམན་པའི་ཚད་དོ། །དེ་དག་གི་དུས་ལ་རིམ་གྱིས་ཕྲི་བ་དེ་བཞིན་ཉིད་དུ་དུས་བཞི་སོ་སོའི་དུས་སུ་མི་ཐུང་དང་ལ་སོགས་པ་ཡ་མད་ཨགྣི་དང་། རཱ་མ་དང་ནག་པའི་བར་ལ་རིམ་གྱིས་ཕྲི་བར་འགྱུར་ཏེ་འཕྲོག་བྱེད་ཁྱབ་འཇུག་གི་འཇུག་པ་སོ་སོའི་མིང་ཅན་གྱི་རྒྱལ་པོ་རིགས་ལྡན་གྱི་རིགས་སུ་བྱུང་བ་དེ་དག་གི་མཇུག་ནག་པས་ཆོས་བསྟན་པ་རྫོགས་ཤིང་། འཁོར་ལོ་ཅན་གྱི་དུས་བཞི་རྫོགས་པའི་མཐར་ནི་བརྒྱ་ཕྲག་གཅིག་གི་ལོ་གྲངས་ཀྱི་སྐྱེ་བོའི་ཚེ་རུ་འགྱུར་རོ། །ཞེས་སོགས་སུ་བཤད་དོ། །སྤྱིར་སྲས་འོད་སྲུང་སོགས་ཀྱི་ལོའི་འཇོག་ལུགས་སོགས་དེ་ལྟར་ཡིན་དུ་ཆུག་མོད་ཀྱི། འཁོར་ལོས་


MR17_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བ་ཆེན་པོ་སོགས་རིགས་ལྡན་གྱི་མཐར་ཐུག་པའི་མི་རྣམས་ཀྱི་མཆོག་གི་ཚེའི་ངོ་བོ་ཉིད་ཀྱི་གནས་པ་འཆད་པའི་སྐབས་ཡིན་པས་འདིས་རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་མི་སྟོན་པ་ཞིག་ན་གནས་པ་དེ་ཉིད་འདིར་སྦྱར་བ་དོན་མེད་པ་དང་རིགས་ལྡན་མཐར་ནི་ཞེས་པའི་ཚིག་ཀྱང་སོར་བཞག་ཏུ་མི་འགྲིག་པར་སྐྱོགས་བཤད་དགོས་པར་འགྱུར་རོ། །དེས་ན་ཚངས་པ་སོགས་ལ་ཞེས་པའི་དོན་སྔ་མ་དག་གིས་བཤད་པ་དེ་ཉིད་དང་ཕྱོགས་མཐུན་པར་བཀོད་ན། ཚངས་པ་ཞེས་པ་འཁོར་ལོ་ཅན་གྱི་སྲས་ཚངས་པ་མ་ཡིན་གྱི་རྒྱལ་པོ་ཚངས་པའི་དུས་སུ་བྱུང་བ་རིགས་ལྡན་གྱི་ཐོག་མ་འཇམ་དཔལ་གྲགས་པ་ལ་གོ་བར་བྱའོ། །སོགས་ལ་ཞེས་པ་དྲག་པོ་འཁོར་ལོ་ཅན་གྱི་བར་གྱི་རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་དེང་དུས་ཀྱི་མི་རྣམས་ཀྱི་མཆོག་གི་ཚེའི་ཚད་ནི་འདི་ལྟ་སྟེ། གླིང་གཅིག་གི་བསྟན་པ་ཕྱི་དར་གྱི་ཚད་མི་རྣམས་ལོ་ནི་བརྒྱ་ཕྲག་བཅོ་བརྒྱད་དང་ལྡན་པ་འདི་དག་ཡིན་ལ། འདི་དག་སྐབས་ཀྱི་བཤད་བྱའི་ཚེ་ལོ་རྣམས་བརྩི་བའི་གཞིར་བྱས་པ་ཙམ་སྟེ་བསྟན་པའི་དུས་བཞི་དང་སྦྱར་དགོས་པ་མ་ཡིན་ནོ། །མི་རྣམས་དག་གི་ཚེ་ཞེས་པ། མི་ཐམས་ཅད་ཀྱི་ཚེ་བཤད་པ་མ་ཡིན་ཏེ་འཁོར་ལོས་སྒྱུར་བ་ཆེན་པོ་དྲག་པོའི་རིགས་ལྡན་ནས། རིགས་ལྡན་དང་པོའི་བར་གྱི་མི་རྣམས་ཀྱི་མཆོག་གི་ཚེའི་ངོ་བོ་ཉིད་འཆད་པའི་སྐབས་ཡིན་པར་གཟུང་དགོས་སོ། །མཆོག་གི་ཚེ་ཞེས་བྱ་བ་ནི་འཛམ་གླིང་ཆུང་ངུ་འདིར་སྟོན་པ་ཤཱཀྱ་ཐུབ་པ་བྱོན་དུས་གླིང་འདིའི་མི་རྣམས་མཆོག་ལོ་བརྒྱ་པར་གྲགས་ཀྱང་། རིགས་ལྡན་ཐ་མ་དྲག་པོ་འཁོར་ལོ་ཅན་ཉིད་ཀྱང་ལོ་བརྒྱ་ལས་ལྷག་པར་བཞུགས་པ་ཡིན་ན་གཞན་གོང་མ་རྣམས་མཆོག་གི་ལོ་ལས་ལྷག་པ་ནི་སྨོས་མ་དགོས་སོ། །དེ་ལ་རྒྱལ་པོ་ཚངས་པའི་དུས་སུ་རིགས་ལྡན་གྲགས་པ། འོད་སྲུངས་ཀྱི་དུས་སུ་པད་དཀར། ཨནྡྷ་ཀའི་དུས་སུ་ས་སྐྱོང་། སྟོབས་ལྡན་གྱི་དུས་སུ་སེང་གེ། འདྲོ་བས་སྐྱོབ་གསེར་ཅན་གྱི་དུས་སུ་དབང་ཕྱུག་ཆེན་པོ་


MR17_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བར་བཤད་ཀྱང་ཕྱི་མ་འདི་བརྟག་དགོས་པར་སྣང་། དེས་ན་དེ་ཡི་ཕྱེད་ནི་འོད་སྲུང་གིའོ་ཞེས་པ་དུ་མ་ཅན་བརྒྱད་ཀྱི་ཡ་གྱལ་འོད་སྲུང་དེ་མ་ཡིན་ཏེ་འདིར་རིགས་ལྡན་རྣམས་ཀྱི་སྐུ་ཚེ་འཆད་པའི་སྐབས་སུ་དེ་འཆད་དོན་མེད་མོད། ཚངས་པ་དང་འོད་སྲུང་ཞེས་པའི་མིང་འདིའི་དོན་མ་གོ་བར་སྲས་ཚངས་པའི་སོགས་ཀྱི་དུས་ཀྱི་མི་རྣམས་ཀྱི་ཚེ་ཚད་དང་། ཡང་དུ་མ་ཅན་བརྒྱད་ཀྱི་དུས་ཀྱི་བསྟན་པའི་དུས་བཞི་ཁོ་ནར་འཆད་པ་དག་བྱུང་ངོ་། །དེས་ན་སྟོང་བརྒྱད་བརྒྱ་དེ་ཡི་ཕྱེད་དགུ་བརྒྱ་ནི་རྒྱལ་པོ་འོད་སྲུང་གི་དུས་སུ་བྱུང་བ་པད་དཀར་སོགས་ཀྱི་སྐུ་ཚེའི་ཚད་ཡིན་ནོ་ཞེས་གསུངས་པ་སྟེ་གོང་དུ་སྐྱེ་གནས་བསྟན་པའི་སྐབས་ལྟར་ཉ་དང་རུས་སྦལ་གྱི་སྐྱེ་གནས་ཅན་རིགས་ལྡན་དང་པོ་བདུན་གྱི་སྐུ་ཚེའི་ཚད་དོ། །དེ་ནས་དགུ་བརྒྱ་ལ་དྲུག་ཅུ་རེས་རིམ་པར་ཕྲི་བ་ཕག་པའི་སྐྱེ་གནས་ཅན་བདུན་གྱི་ཚེ་ཡིན་པ་ནི་བར་གྱི་ཆ་འདི་དག་ཚིག་གོང་འོག་གི་ཤུགས་ལས་བསྟན་པའོ། །སྔ་མ་དག་རིགས་ལྡན་བཅུ་བཞིའི་བར་སྐུ་ཚེ་འདྲ་བར་བྱས་པའང་སྣང་ངོ་། །རབ་མཆོག་ས་ཡི་སྟེང་དུ་དཔལ་ལྡན་མི་ཡི་སེང་གེའི་སྐྱེ་གནས་ཅན་མཐའ་ཡས་ནས་མ་འགགས་པའི་བར་བདུན་ནི་སྔ་མ་དགུ་བརྒྱ་པོའི་ཕྱེད་བཞི་བརྒྱ་ལྔ་བཅུ་ལ་དྲུག་ཅུས་དམན་པ་སུམ་བརྒྱ་དགུ་བཅུ་ཡི་སྐུ་ཚེའི་ཚད་ཅན་ནོ། །དེ་བཞིན་ཉིད་དུ་དུས་བཞི་སོ་སོའི་དུས་སུ་ཞེས་པ་བསྟན་པའི་དུས་བཞི་མ་ཡིན་གྱི་ཁྱབ་འཇུག་གི་སྐྱེ་གནས་ལྷག་མ་མི་ཐུང་སོགས་བཞིའི་དུས་ལ་ནི་མི་ལོ་དྲུག་ཅུ་རེ་སྔ་མ་སུམ་བརྒྱ་དགུ་བཅུ་ལ་རིམ་པར་ཕྲི་བ་ཚེ་ཡི་ཚད་དེ། སུམ་བརྒྱ་སུམ་ཅུ་རིགས་ལྡན་མི་ཡི་སེང་གེ་མི་ཐུང་གི་དུས་ཀྱིའོ། །ཉིས་བརྒྱ་བདུན་ཅུ་ནི་རིགས་ལྡན་དབང་ཕྱུག་ཆེན་པོ་ར་མ་དགྲ་སྟ་འཛིན་པའི་དུས་ཀྱིའོ། །ཉིས་བརྒྱ་དང་བཅུ་ནི་རིགས་ལྡན་མཐའ་ཡས་རྣམ་རྒྱལ་རཱ་མ་ཕྱི་མའི་དུས་ཀྱིའོ། །བརྒྱ་དང་ལྔ་བཅུ་ཐམ་པ་ནི་ནག་པོའི་སྐྱེ་གནས་ཅན་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་སྐུ་ཚེའི་ཚད་དོ། །དེ་ལྟར་འཕྲོག་བྱེད་ཁྱབ་འཇུག་


MR17_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་འཇུག་པ་བརྒྱད་དང་སྦྱར་བའི་རིགས་ལྡན་རྣམས་ཀྱི་མཐར་ནི་ཇི་སྲིད་བརྒྱ་ཕྲག་གཅིག་གི་ལོ་ཡི་གྲངས་ཀྱི་སྐྱེ་བོའི་ཚེ་རུ་རབ་ཏུ་འགྱུར་ཏེ། ལྔ་བཅུ་ལྷག་པ་ཡོད་ཀྱང་བརྒྱར་མ་ལོངས་པས་བརྒྱ་ཕྲག་གཅིག་གི་སྟེང་དུ་བབ་པ་ཡིན་ལ་དྲག་པོ་ཡན་ཆད་ཀྱི་རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་ནི་ཉིས་བརྒྱ་ལས་ཉུང་བ་མེད་ཅིང་དགུ་བརྒྱའི་མཐར་ཐུག་པའི་བར་གྱི་སྐུ་ཚེ་ཅན་ནོ། །དེ་ལྟར་བཤད་པ་ལ་འགའ་ཞིག་གིས་འདི་ནི་ཤིན་ཏུ་རྣ་བར་མི་འོངས་པའི་གཏམ་སྟེ་སྙིགས་མ་ཚེ་ལོ་བརྒྱ་པའི་དུས་སུ་གླིང་འདིའི་མི་རྣམས་ཚེ་མཚུངས་པ་ལ་རིགས་ལྡན་རྣམས་ལ་དེ་ལྟར་སྐུ་ཚེ་ཡར་ལྷག་མངའ་བར་ག་ལ་འགྱུར་ཞེས་བློ་ཆུང་ངུའི་བསམ་པས་ལུགས་འདི་ལ་ཁྲེལ་དགོད་བྱ་མི་རུང་སྟེ། སངས་རྒྱས་ཀྱིས་ལུང་བསྟན་པའི་རིགས་ལྡན་འདི་རྣམས་ནི། རིགས་གསུམ་མགོན་པོ་སོགས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཁྲོ་བོའི་དབང་པོ་རྣམས་ཤམ་བྷ་ལའི་གྲོང་བྱེ་བ་ཕྲག་གོ་དྲུག་གི་རྒྱལ་པོའི་ཚུལ་དུ་བསྟན་ནས། སེམས་ཅན་མཐའ་དག་ལ་དེ་བཞིན་གཤེགས་པའི་ཆོས་རབ་ཏུ་སྟོན་པ། ཀླ་ཀློ་ལ་སོགས་པའི་ཆོས་ངན་པ་འཇོམས་པར་མཛད་པ་ཡིན་ཅིང་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ། མངོན་པར་ཤེས་པ་ལྔ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན་ཡོངས་སུ་རྫོགས་པ་ཡིན་པར་གསུངས་པས་གང་ཟག་མཆོག་འདི་རྣམས་དང་དེང་དུས་ཀྱི་མི་རྣམས་ཀྱི་ཚེ་སོགས་དང་སྐལ་བ་མཉམ་མི་དགོས་ཤིང་། གཞན་ཡང་མགོན་པོ་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱར་བཞུགས་པར་བཤད་པ་སོགས་དེ་འདྲ་བ་དུ་མ་ཚད་ལྡན་གྱི་གཞུང་ལས་བཤད་པ་དང་། རྒྱུད་འདིར་ཡང་སྲས་ཚངས་པས་ལོ་བརྒྱད་བརྒྱར་ཆོས་སྟོན་པ་དང་། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱིས་ཁྲི་བཞུགས་ཀྱི་ལོ་བརྒྱ་དང་གྱ་གཉིས་སུ་ཆོས་སྟོན་པ་དང་། རྒྱལ་དཀས་ཁྲི་བཞུགས་ཀྱི་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་བསྟན་པ་རྣམས་གངས་ཅན་པའི་


MR17_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདིར་ཕལ་མོ་ཆེས་ཁས་ལེན་པ་ལྟར། རིགས་ལྡན་འདི་གཉིས་མ་གཏོགས་གཞན་ཆོས་རྒྱལ་དང་རིགས་ལྡན་རྣམས་ཁྲི་ལ་བཞུགས་ནས་ལོ་བརྒྱ་རེ་བརྒྱ་རེར་ཆོས་སྟོན་པ་ཡིན་པར་ཕལ་མོ་ཆེས་འདོད་བཞིན་དུ། དེང་སང་གི་མི་ཕལ་པའི་ཚེ་ཚད་ཙམ་ལས་རིགས་ལྡན་རྣམས་ཀྱང་མི་བཞུགས་སྙམ་པ་ལོག་རྟོག་སྟེ། ཁྲི་ལ་བཞུགས་ནས་ལོ་བརྒྱར་ཆོས་སྟོན་པ་པོ་རྣམས་ཀྱང་རང་རང་གི་ཡབ་རྣམས་སྐུ་ཚེ་རིང་པོར་གཞེས་པ་དེ་དག་གཞོན་པའི་དུས་སུ་སྲས་རྣམས་འཁྲུངས་ནས་ཁྲི་ལ་མ་བཞུགས་ཀྱི་བར་དུ་ལོ་མང་དུ་སོང་བ་ཡིན་ཅིང་། ཁྲི་ལ་བཞུགས་ནས་ཆོས་སྟོན་པའི་ལོ་བརྒྱའི་རྗེས་སུའང་ཕལ་ཆེར་ལོ་ཇི་ལྟར་རིགས་པར་གཞེས་པ་ག་ལ་འགལ་ཏེ། སྲས་འཁྲུངས་པ་དང་མཉམ་དུ་ཡབ་འདའ་ཞིང་སྲས་ལོ་གཅིག་གི་དུས་སུ་ཁྲི་ལ་བཞུགས་ནས་ལོ་བརྒྱར་ཆོས་བསྟན་ནས་དེ་མ་ཐག་ཏུ་འདའ་བ་ལོངས་མེད་པོ་དེ་འདྲ་འཇིག་རྟེན་ཚུལ་ལུགས་དང་བསྟུན་ན་འོང་བ་གནས་མེད་ལ། དབང་ཐོབ་པ་རྣམས་མཛད་པ་ཇི་ལྟར་བཞེད་པ་བཞིན་སྟོན་པ་ལ་མངའ་བརྙེས་མོད་ཀྱི་རིགས་ལྡན་རྣམས་འཇིག་རྟེན་འདུལ་བའི་སླད་དུ་འཇིག་རྟེན་དང་མཐུན་པར་མངལ་ནས་འཁྲུངས་པའི་ཚུལ་སྟོན་པ་འབའ་ཞིག་ཡིན་གྱི་བརྒྱ་བྱིན་འཕོ་འཇུག་གི་རྫུས་སྐྱེས་ལྟ་བུར་སྟོན་པ་ནི་མ་ཡིན་ནོ། །དེས་ན་དབང་ཐོབ་པའི་བདག་ཉིད་ཆེན་པོ་འདི་དག་གདུལ་བྱའི་དུས་ལ་ལྟོས་ནས་ཇི་ཙམ་གཞེས་པ་ལ་དབང་འབྱོར་པས་སྙིགས་དུས་ཀྱི་མི་ཕལ་པའི་ཚེ་ཚད་ལས་རིང་དུ་མི་གཞེས་སྙམ་པ་མཁས་པ་དག་གི་རྣ་བར་ཆེས་མི་འོང་བའི་གཏམ་དུ་ཟད་དོ། །མི་ཕལ་པ་དག་གིས་ཀྱང་ལམ་རྡོ་རྗེའི་རྣལ་འབྱོར་ལ་གནད་དུ་བསྣུན་པས་རོ་རྐྱང་གི་རྒྱུ་བ་དྷཱུ་ཏིར་འགགས་ནས་འཆི་མེད་གྲུབ་པ་ལ་ཚེགས་མེད་ན་རིགས་ལྡན་རྒྱལ་པོ་རྡོ་རྗེའི་རྣལ་འབྱོར་སྟོན་པ་པོ་རྣམས་ཀྱིས་སྨོས་ཅི་དགོས་སོ། །འོ་ན་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར་ཞེས་པ་དང་། འགལ་སྙམ་ན་ཅུང་ཟད་མི་འགལ་ཏེ། དེ་ནི་ལོ་བརྒྱ་ཁོ་ནར་ངེས་པར་བཟུང་བ་མ་


MR17_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་དུས་ཀྱི་མི་རྣམས་ཀྱི་མཆོག་གི་ལོའི་ཚད་བརྒྱ་ཡི་ཆ་དང་བསྟུན་ནས་རགས་པར་གསུངས་པ་སྟེ་ཚིག་ལ་སྡེབ་སྦྱོར་གྱི་དབང་དུ་དེ་ལྟར་གསུངས་ཀྱང་དོན་ལ་ལྔ་བཅུས་ལྷག་པ་མི་འགལ་ཏེ། དུས་འདིའི་མི་རྣམས་ལ་ཚེ་ལོ་བརྒྱ་པ་ཞེས་བརྗོད་ཀྱང་། དེ་ལས་རིང་བ་དང་ཐུང་བ་སྣ་ཚོགས་འབྱུང་གི་ཐམས་ཅད་བརྒྱ་འབའ་ཞིག་ཏུ་ངེས་མི་དགོས་པ་བཞིན་ནོ། །དེས་ན་མི་ཡི་ལོ་ནི་བརྒྱ་ཕྱེད་ན་རིགས་ལྡན་གྲུབ་པར་འགྱུར་ཏེ་ཞེས་གསུངས་པའང་། ཤམ་བྷ་ལའི་ཁྲི་ལ་བཞུགས་ནས་ཆོས་བསྟན་པ་སོགས་ཀྱི་སྐུ་ཚེའི་ཚད་བརྒྱ་སོང་བའི་ལྷག་མ་ལྔ་བཅུ་པོ་ལ་འཛིན་པར་བྱའོ། །དེ་ལྟར་མ་བྱས་ན་བརྒྱ་ཕྱེད་ལྔ་བཅུ་ལ་ཀླ་ཀློ་རྒྱུན་བཅད་ནས་རིགས་ལྡན་ཀཻ་ལ་ཤ་ཡི་རི་བོའི་རྒྱབ་ཏུ་གྲུབ་པ་བརྙེས་པར་བཤད་ན་འཁོར་ལོ་ཅན་ཁྲིར་བཞུགས་ཀྱི་ལོ་བརྒྱ་མི་ཚང་ཞིང་ཀླ་ཀློའི་གནས་ཚད་སོགས་བསྟན་པའི་རྩིས་དང་ཡང་མི་འགྲིག་པ་སོགས་འབྱུང་ངོ་། །གཞན་དག་འདི་སྙམ་དུ་རིགས་ལྡན་གྲགས་པ་སོགས་ཀྱི་སྐུ་ཚེའི་ཚད་དགུ་བརྒྱ་ཡིན་པར་ངེས་ན། གྲགས་པ་ཉིད་ཟླ་བཟང་གི་དུས་ནས་འཁྲུངས་པ་ཞིག་ན་རང་ཉིད་ཁྲིར་བཞུགས་ཀྱི་ལོ་བརྒྱ་རྫོགས་པའི་རྗེས་སུ་ཡང་ད་དུང་ལོ་བརྒྱར་བཞུགས་དགོས་ལ། ཟླ་བཟང་གི་རྗེས་ཀྱི་རྒྱལ་པོ་རྣམས་གང་རུང་གི་སྐུ་དུས་ནས་འཁྲུངས་པ་ཞིག་ན། བསྡུས་རྒྱུད་བསྟན་པའི་རྗེས་སུ་ཡང་ལོ་བརྒྱ་ཕྲག་འགའ་ཞིག་ཏུ་བཞུགས་དགོས་ན་ཡང་། འགྲེལ་ཆེན་ལས་རྩ་རྒྱུད་བསྟན་པའི་རྗེས་ནས་ལོ་དྲུག་བརྒྱ་ན་རིགས་ལྡན་གྲགས་པ་ཉིད་ཤམ་བྷ་ལར་སྤྲུལ་པའི་སྐུ་འཛིན་པ་དང་། གྲགས་པ་མྱ་ངན་ལས་འདས་པ་དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་བྱེད་རྩིས་འབྱུང་བར་དངོས་སུ་གསུངས་པ་འདི་དང་འགལ་བར་མི་འགྱུར་རམ་ཞེ་ན། ཁྱེད་ཅག་གིས་རིགས་ལྡན་རྣམས་ལོ་བརྒྱ་པ་ཤ་སྟག་ཏུ་འདོད་པའི་འཁྲུལ་གཞིའི་ཚིག་འདིའི་དགོངས་པ་ད་དུང་བརྟག་བྱར་ཡོད་ཀྱི། འདི་སྒྲ་ཇི་བཞིན་དུ་ཁས་ལེན་མི་དགོས་པའི་རྒྱུ་མཚན་བརྗོད་པར་བྱ་


MR17_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྤྲུལ་པ་འཛིན་པ་དང་འདས་པ་ཞེས་པའི་ཚིག་འདི་ཕལ་ཆེར་རང་རང་ཁྲི་བཞུགས་ཀྱི་ལོ་ཉིད་ལ་བརྗོད་པར་སྣང་བས་ཁྲིར་བཞུགས་ཀྱི་ལོ་གྲངས་དེ་ཙམ་ཁོ་ན་སྐུ་ཚེའི་ཚད་ཡིན་པར་རིགས་པས་མི་འགྲུབ་པའི་རྒྱུ་མཚན་གོང་དུ་བརྗོད་པ་བཞིན་དང་། གྲགས་པའི་ཁྲི་ལོ་རྫོགས་པ་དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་ཡིན་པར་རྩོད་པ་མེད་ཀྱང་། གྲགས་པ་མྱ་ངན་ལས་འདས་པ་དེ་ནས་ཞེས་པ་འདི་འགྱུར་གྱི་དབང་གིས་གོ་རིམ་ཅུང་མི་བདེ་བ་སྟེ། འདིར་མ་ཟད་འདི་འདྲའི་གོ་རིམ་མི་བདེ་བ་དུ་མ་ཡོད་པ་དོན་ལ་ལྟོས་ནས་བཤད་དགོས་པ་རང་གཞན་ཀུན་ལ་མངོན་སུམ་ཡིན་ན་འདི་ཙམ་གྱིས་གནོད་པ་སྟོན་མི་ནུས་ཏེ་མྱང་འདས་ཀྱི་སྐད་དོད་ནི་རྦ་ཎའི་སྒྲ་ཡང་སྐུ་ཚེའི་འདུ་བྱེད་གཏོང་པ་ཁོ་ནའི་མིང་མ་ཡིན་པར་བྱ་བ་རྫོགས་པའི་གནས་སྐབས་སོགས་དུ་མར་འཇུག་ཏུ་རུང་བས་བསྡུས་རྒྱུད་བསྡུས་པ་དང་། ཁྲི་ལོ་རྫོགས་པའི་སྐབས་ལའང་གོ་རུང་ལ། གཞན་ཡང་འགྱུར་འདི་དོན་གྱི་གོ་རིམ་བསྡེབས་ན། གྲགས་པའི་ཁྲི་ལོ་བརྒྱ་པོ་རྫོགས་ཤིང་བསྡུས་རྒྱུད་བསྡུས་པའི་ལོ་དེ་ནས་བརྒྱད་བརྒྱ་ན་གྲགས་པ་མྱ་ངན་ལས་འདས་པའི་རྗེས་སུ་ཀླ་ཀློའི་བྱེད་རྩིས་ཟུག་ཅིང་ཀླ་ཀློའི་ལུགས་རྒྱ་ཆེར་དར་བ་ཞེས་ཚིག་གོང་འོག་བརྗེས་ན་ལུགས་འདི་གྲགས་པ་ལོ་དགུ་བརྒྱར་བཞུགས་པའི་སྒྲུབ་བྱེད་དུ་ཡང་འགྱུར་ཏེ་རྒྱ་སྐད་ཀྱི་ཚིག་རྣམས་དོན་འགྱུར་གྱི་གོ་རིམ་བསྡེབས་པའི་འགྱུར་འགོ་དུ་མར་སྣང་བས་ན་འགྱུར་འདི་ཁོ་ནའི་ཚིག་གི་རྗེས་སུ་འབྲངས་དགོས་པའང་མ་ཡིན་ཏེ་དོན་ལ་བརྟེན་ནས་གོ་རིམ་བསྡེབ་ཚུལ་དུ་མར་སྣང་བའི་ཕྱིར་རོ། །སྐབས་འདི་ཉིད་འོད་སྲུང་དང་དུམ་ཅན་རྣམས་ཀྱི་དུས་འབའ་ཞིག་ལ་སྦྱར་བས་ནི། འཁོར་ལོས་སྒྱུར་བ་ཆེན་པོ་ནས་རིགས་ལྡན་གྱི་མཐར་ཐུག་པའི་མི་རྣམས་ཀྱི་ཚེའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་པའི་དོན་ལ་རྟོག་དཔྱོད་མ་ཞུགས་པར་ཟད་དོ། །ད་ནི་ཀླ་ཀློའི་ཆོས་འཇུག་པ་དང་སངས་རྒྱས་ཀྱི་ཆོས་འཇུག་པའི་དུས་བཞི་བསྟན་པས་མཇུག་


MR17_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་ནི། དེ་ལྟར་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་ཡང་ཐོག་མར་སངས་རྒྱས་ཀྱི་བསྟན་པའི་དུས་བཞིའི་དབྱེ་བ་བྱུང་བ་དེ་ཡི་ཐ་མ་རྩོད་ལྡན་གྱི་མཇུག་གི་དུས་སུ་ཀླ་ཀློའི་ཚེས་ནི་རབ་ཏུ་འཇུག་པ་སྟེ། ཀླ་ཀློའི་ཆོས་ཞུགས་པའི་དུས་ཀྱི་ཡུན་ལོ་ནི་བརྒྱད་དང་བརྒྱ་ཕྲག་གཅིག་ཏུ་ཞེས་པ་བརྒྱ་དང་བརྒྱད་དུ་སྣང་ཡང་འགྱུར་མི་བདེ་བ་ཡིན་པར་བཤད་ལ། བརྒྱད་དང་གཅིག་གི་བརྒྱར་ནི་ཞེས་འདོན་པ་ལྟར་འབྲི་བགྲང་སྣོན་པ་གཡས་ནས་བརྩམ་ཞེས་པ་བཞིན་དུ་བརྒྱད་དང་གཅིག་མས་ནས་ཡར་བཀོད་པ་བརྒྱས་བསྒྱུར་ན་སྟོང་བརྒྱད་བརྒྱ་འབྱུང་བ་དེ་ཡི་གྲངས་སུ་ངེས་པར་གནས་ཏེ་དེ་རྫོགས་ནས་ཀླ་ཀློའི་ཆོས་ནི་ཉམས་པ་དག་ཏུ་འགྱུར་བའོ། །ཞེས་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ཀྱི་ལོ་ནས་རིགས་ལྡན་དྲག་པོ་ཁྲིར་བཞུགས་ཀྱི་ལོ་རྫོགས་པའི་བར་དུ་ཀླ་ཀློའི་ཆོས་གནས་པ་ཡིན་པས་ཚད་དེ་ལྟར་ངེས་སོ། །ཀླ་ཀློའི་ཆོས་རྫོགས་པ་དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལ་ལག་པ་བརྒྱ་དང་ཞེས་ཉིས་བརྒྱ་དང་བྲལ་བ་སྟོང་དང་བརྒྱད་བརྒྱར་འཁོར་ལོ་ཅན་གྱིས་གསོལ་བའི་བསྟན་པའི་དུས་བཞིར་སངས་རྒྱས་ཀྱི་ཆོས་ནི་རབ་ཏུ་འཇུག་པ་སྟེ། དུམ་བུ་བཅུ་གཉིས་སུ་འཇུག་པ་བསྡོམ་ན་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་རོ། །དེ་ལས་གླིང་འདིའི་ཐོབ་སྐལ་སྟོང་བརྒྱད་བརྒྱ་ཕྲི་བའི་ལྷག་མ་ནི་དུམ་བུ་ལྷག་མ་བཅུ་གཅིག་པོར་སངས་རྒྱས་ཀྱི་ཆོས་འཇུག་པའི་ལོ་གྲངས་སོ། །གླིང་བཅུ་གཉིས་པོ་ཐམས་ཅད་དུ་བསྟན་པ་ཕྱི་དར་གྱི་དུས་བཞི་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་བཞི་པོ་རྣམས་ནི་མི་ལོ་སྟོང་དང་བརྒྱད་བརྒྱ་རེར་འཇུག་པའི་ལོ་གྲངས་ཕྱོགས་གཅིག་བསྡོམ་པ་ནི་འོག་མིན་པ་ནུས་པའི་མིང་ཅན་གྱི་ཞག་གཅིག་གི་ཚད་དེ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིད་ཀྱིས་ས་གཞི་དག་ལ་བསྟན་པའི་དུས་བཞི་པོ་དེ་ལྟར་ངེས་པར་རྒྱུ་ཞིང་འཁོར་བར་འགྱུར་རོ། །སྐབས་འདིར་བསྟན་རྩིས་སོགས་ལ་ཉེ་བར་མཁོ་བ་ལོ་དག་གི་ངེས་པ་


MR17_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་གོ་སླ་བར་བརྗོད་ན། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། རྩ་རྒྱུད་བསྟན་པའི་ལོ་དེ་ནས་ལོ་དྲུག་བརྒྱ་ན་ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་དང་པོ་འཇམ་དཔལ་གྲགས་པ་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་སྟོན་པ་པོ་འབྱུང་བར་ལུང་བསྟན་པ་ལྟར། ཟླ་བཟང་གི་སྲས་ལྷ་དབང་དང་། གཟི་བརྗིད་ཅན་དང་། ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་དྲུག་པོས་རིམ་པར་ལོ་བརྒྱ་རེ་བརྒྱ་རེར་ཆོས་བསྟན་པར་མཛད་པའི་ལོ་དྲུག་བརྒྱ་རྫོགས་པ་ན། ལྷའི་དབང་ལྡན་གྱི་སྲས་རིགས་ལྡན་དང་པོ་རྒྱལ་པོ་འཇམ་དཔལ་གྲགས་པ་ཁྲི་ལ་བཞུགས་ནས་ལོ་བརྒྱ་ཐམ་པར་རྩ་བའི་རྒྱུད་བསྟན་པར་མཛད་ནས། ལོ་བརྒྱ་པོ་རྫོགས་པའི་ཕྱི་ལོ་དེ་ལ་བསྡུས་རྒྱུད་བསྟན་ཅིང་། ལོ་དེར་གྲགས་པའི་སྲས་རིགས་ལྡན་པདྨ་དཀར་པོ་ཁྲི་ལ་བཞུགས་ནས་ཆོས་སྟོན་པར་མཛད་དོ། །རིགས་ལྡན་གཉིས་པ་པད་དཀར་དང་། གསུམ་པ་བཟང་པོ་དང་། བཞི་པ་རྣམ་རྒྱལ་དང་། ལྔ་པ་བཤེས་གཉེན་བཟང་པོ་དང་། དྲུག་པ་ཕྱག་དམར་རམ་རིན་ཆེན་ཕྱག་དང་། བདུན་པ་ཁྱབ་འཇུག་སྦས་པ་དང་། བརྒྱད་པ་ཉི་མ་གྲགས་པ་དང་། དགུ་པ་ཤིན་ཏུ་བཟང་པོ་སྟེ་བརྒྱད་པོ་འདི་དག་གིས་རིམ་བཞིན་ལོ་བརྒྱ་རེར་ཆོས་བསྟན་པས་ལོ་བརྒྱད་བརྒྱ་པོ་རྫོགས་པ་དང་། རིགས་ལྡན་བཅུ་པ་བརྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པའི་ལོ་དེ་ལ། ཆུ་བོ་ཤཱི་ཏིའི་ལྷོ་ཕྱོགས་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་འཇུག་ཅིང་ཀླ་ཀློའི་སྟོན་པ་བདུན་པ་སྦྲང་རྩིའི་བློ་གྲོས་ཀྱིས་ཉུང་ངུའི་བྱེད་རྩིས་བརྩམ་པ་ཡིན་པར་གསུངས་ཤིང་། རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲི་ལ་བཞུགས་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་སུ་ཆོས་བསྟན་ནས། དེའི་རྗེས་སུ་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲི་ལ་བཞུགས་ཤིང་བྱེད་པའི་རྩིས་མགོ་བཟུང་། དེ་ཉིད་ལོ་ཉིས་བརྒྱ་ཉེར་གཅིག་གི་བར་དུ་ཁྲི་ལ་བཞུགས་ནས་


MR17_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསྟན་པར་མཛད་པའི་རྗེས་སུ་རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲི་ལ་ཕེབས་པའི་ལོ་འདི་རབ་བྱུང་དང་པོར་བརྩི་བའི་ཐ་སྙད་ཆགས་པ་མེ་ཡོས་ཡིན་ལ། དེའི་ཕྱིར་དེ་ཡན་ཆད་ཀྱི་ཀླ་ཀློ་ཞུགས་པའི་ལོ་གྲངས་མེ་མཁའ་རྒྱ་མཚོ་ལ་དེ་ཕྱིན་ཆད་རབ་བྱུང་བགྲངས་ཏེ་འདས་ལོ་བྱིན་པས་ད་ལྟའི་བར་ལོ་དག་ནོར་འཆུག་འབྱུང་དོན་མེད་དོ། །རིགས་ལྡན་ཉི་མའི་རྗེས་སུ་བཅུ་གསུམ་པ་སྣ་ཚོགས་གཟུགས། བཅུ་བཞི་པ་ཟླ་བའི་འོད། བཅོ་ལྔ་པ་མཐའ་ཡས། བཅུ་དྲུག་པ་ས་སྐྱོང་། བཅུ་བདུན་པ་དཔལ་སྐྱོང་། བཅོ་བརྒྱད་པ་སེང་གེ བཅུ་དགུ་པ་རྣམ་པར་གནོན། ཉི་ཤུ་པ་སྟོབས་པོ་ཆེ། ཉེར་གཅིག་པ་མ་འགག་པ། ཉེར་གཉིས་པ་མི་ཡི་སེང་གེ ཉེར་གསུམ་པ་དབང་ཕྱུག་ཆེན་པོ། ཉེར་བཞི་པ་མཐའ་ཡས་རྣམ་རྒྱ་ལ། ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་ཏེ། རིགས་ལྡན་ཉེར་ལྔ་པོ་རིམ་པར་སྔ་མའི་སྲས་སུ་ཕྱི་མ་འབྱུང་ཞིང་དེ་རྣམས་ཀྱིས་དྲག་པོ་མ་གཏོགས་གཞན་རྣམས་ལོ་བརྒྱ་རེ་བརྒྱ་རེ་ཆོས་སྟོན་པར་མཛད་ལ། དྲག་པོས་ལོ་གོ་བདུན་བར་དུ་ཁྲི་ལ་བཞུགས་ནས་ཆོས་སྟོན་ཏོ། །དེ་ཡན་ཆད་ཀྱིས་བསྟན་པ་སྔ་དར་གྱི་ཚད་རྫོགས་ནས། དེ་ཕྱིན་ཆད་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་གསོས་པའི་བསྟན་པ་ཕྱི་དར་གྱི་གནས་ཚད་སྟོང་དང་བརྒྱད་བརྒྱར་གསུངས་སོ། །དེ་ལྟ་ན་ཆོས་རྒྱལ་ཟླ་བ་བཟང་པོ་ནི་རྒྱུད་ཞུ་བ་པོ་ཡིན་ལ། དེས་རྩ་རྒྱུད་ཀྱི་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་མཛད་ནས་ཀུན་ལ་བསྟན། རྒྱུད་བསྟན་པའི་ཕྱི་ལོ་དུས་འཁོར་གྱི་བློས་བསླང་བཞེངས་ནས་གཟུགས་སྐུའི་བཀོད་པ་བསྡུས། ཟླ་བཟང་དང་དེའི་སྲས་བརྒྱུད་ལྷ་དབང་སོགས་དྲུག་པོ་དེ་ལ་ཆོས་རྒྱལ་བདུན་ཞེས་བྱ་ཞིང་། དེ་སྟེང་རིགས་ལྡན་ཉེར་ལྔ་བསྡོམ་པ་ལ་གདན་རབས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་རྣམས་ཀྱི་གོ་རིམ་རྩ་རྒྱུད་ལས་ལུང་བསྟན་པ་དང་། བསྡུས་རྒྱུད་རྩ་འགྲེལ་ན་གསལ་པོར་གསུངས་པ་དཔང་པོར་བྱར་ཡོད་པས་


MR17_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལོ་དག་ལྟར་ན། རྩ་རྒྱུད་བསྟན་པའི་རྗེས་ཀྱི་ལོ་དྲུག་བརྒྱ་དང་། དེ་སྟེང་འཇམ་དཔལ་གྲགས་པས་ལོ་བརྒྱར་ཆོས་བསྟན་པས་བདུན་བརྒྱ། དེ་རྗེས་ཀྱི་རིགས་ལྡན་བརྒྱད་ཀྱིས་ཆོས་བསྟན་པའི་ལོ་གྲངས་བརྒྱད་བརྒྱ་བསྡོམས་པས་ལོ་སྟོང་དང་ལྔ་བརྒྱ་ལ་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ཀྱི་ཁྲི་ལོ་བསྡོམ་པ་བཞི་བརྒྱ་དང་གསུམ་བསྣན་པས། སྟོང་ཕྲག་གཅིག་དང་དགུ་བརྒྱ་དང་ཉག་མ་གསུམ་འབྱུང་བ་འདི་རབ་བྱུང་དང་པོ་ཡན་ཆད་ལ་སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་པའི་འདས་ལོར་ལུང་གིས་བསྙོན་མེད་དུ་གྲུབ་བོ། །དེ་ཕྱིན་ཆད་ཀྱི་རིགས་ལྡན་ཉི་མ་ལ་སོགས་པ་འཁོར་ལོ་ཅན་གྱི་མཐར་ཐུག་པའི་རིགས་ལྡན་བཅུ་བཞི་པོ་ཁྲིར་བཞུགས་ཀྱི་ལོ་བརྒྱ་རེར་མཉམ་པར་བྱས་ན་སྟང་དང་བཞི་བརྒྱ་འབྱུང་བ་དེ་སྔ་མ་ལ་བསྣན་པས་སུམ་སྟོང་སུམ་བརྒྱ་དང་ཉག་མ་གསུམ་འབྱུང་བ་འདི་བསྟན་པ་སྔ་དར་གྱི་ཚད་ཡིན་པར་གྲུབ་ལ། འདི་ལ་ཕྱི་དར་གྱི་སྟོང་དང་བརྒྱད་བརྒྱ་བསྣན་ན། ལྔ་སྟོང་དང་ཆིག་བརྒྱ་དང་གསུམ་འབྱུང་བ་འདི་ཙམ་བསྙོན་མེད་དུ་གྲུབ་བོ། །འོན་ཀྱང་དྲག་པོ་འཁོར་ལོ་ཅན་ལོ་གོ་བདུན་གྱི་བར་དུ་ཁྲི་ལ་བཞུགས་ནས་ཆོས་བསྟན་ཏེ་གོ་བརྒྱད་པ་ལ་ཀླ་ཀློ་འཇོམས་པར་མཛད་པར་བྱས་ན་བསྟན་པའི་གནས་ཚད་ལོ་ལྔ་སྟོང་དུ་གསུངས་པ་ལས་ལོ་བརྒྱ་ལྷག་པ་ཡོད་ལ། ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་གསུངས་པ་དང་ཆད་ལྷག་མེད་པར་འགྲིགས། ལོ་བརྒྱ་ནི་ལྔ་སྟོང་ལས་ལྷག་ཀྱང་ཞིབ་རྩིས་སུ་སོང་བས་འགལ་བ་མེད་པར་རུང་སྟེ། གླིང་བཅུ་གཉིས་ལས་དུམ་བུ་གཅིག་གི་བསྟན་པའི་གནས་ཚད་ལྔ་སྟོང་བཞི་བརྒྱར་རྒྱུད་འདི་ལས་གསུངས་པས་ཤེས་སོ། །ཡང་འགའ་ཞིག་དྲག་པོ་འཁོར་ལོ་ཅན་ཉིད་སྐུ་ཚེ་བརྒྱ་པར་ངེས་པར་འདོད་པ་དག་གིས་ལོ་ལྔ་བཅུར་ཤམ་བྷ་ལའི་ཁྲི་ལ་བཞུགས་ནས་ཆོས་བསྟན་ཏེ་དེ་ནས་ཀླ་ཀློ་འཇོམས་པར་བཞེད། དེའི་ལུགས་ལ་ཀླ་ཀློའི་གནས་ཚད་ལས་བཞི་བཅུ་རྩ་བདུན་ཉུང་བར་


MR17_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཕུག་པ་པས་གོ་དྲུག་བར་དུ་ཁྲིར་བཞུགས་གོ་བདུན་གྱི་ལོ་ལ་ཀླ་ཀློ་འདུལ་དུ་བྱོན་པར་བཞེད་ཅིང་སྐུ་ཚེའི་ཚད་བརྒྱར་འདོད་དོ། །རང་ལུགས་ལ་ནི་རིགས་ལྡན་རྣམས་ཁྲིར་བཞུགས་ཀྱི་ལོ་བརྒྱ་ཡིས་རྩི་ཚུལ་གོང་ལྟར་ལ་སྐུ་ཚེའི་ཚད་ནི་བརྒྱ་འབའ་ཞིག་ལས་མི་བཞུགས་པ་མིན་ཏེ་དེ་ལས་རིང་བར་གཞེས་པའི་ཚུལ་འགྲེལ་བའི་གཞུང་དུ་བཤད་པ་ལྟར་རོ། །ཡང་སངས་རྒྱས་པའི་ལོ་དེའི་ཕྱི་ལོ་དུས་འཁོར་རྩ་རྒྱུད་བསྟན་པར་བཞེད་པ་དང་། སངས་རྒྱས་པའི་ཕྱི་ལོ་ནས་ད་དུང་ལོ་ཞེ་དྲུག་བཞུགས་པའི་དབང་དུ་བྱས་ན་གོང་གི་ལྔ་སྟོང་གི་ལྷག་པོ་བརྒྱ་དང་གསུམ་ལ་ཞེ་དྲུག་ཕྲིས་པས་ང་བདུན་ལྷག་མར་ཡོད་དོ། །དེ་སྟེང་རིགས་ལྡན་དྲག་པོ་ཁྲིར་བཞུགས་ཀྱི་ལོ་ལྔ་བཅུར་འདོད་པ་ལྟར་ན་ལྔ་སྟོང་གི་ལྷག་བདུན་ལས་མེད་པས་མདོ་ཕྱོགས་ཀྱི་བསྟན་པའི་གནས་ཚད་དང་མི་འགྲིག་པ་མེད་ཀྱང་ཀླ་ཀློའི་གནས་ཚད་ལས་ཉུང་བས་མི་འགྲིག་གོ། དེས་ན་འཁོར་ལོ་ཅན་ཁྲིར་བཞུགས་ཀྱི་ལོ་གོ་བདུན་དུ་བྱས་ཤིང་དུས་འཁོར་རྩ་རྒྱུད་བསྟན་པའི་ལོ་དེ་སངས་རྒྱས་པའི་ཕྱི་ལོ་ཡིན་པར་བྱས་ནས་བརྒྱ་དང་གསུམ་ལྷག་པ་ལ་ཞེ་དགུ་ཕྲི་ན་ལྷག་ང་བཞི་ལས་མེད་པས་མདོ་ཕྱོགས་བསྟན་པའི་གནས་ཚད་དང་ཀླ་ཀློའི་གནས་ཚད་ལ་མི་འགྲིག་པ་མེད་མོད་རྩ་རྒྱུད་བསྟན་པ་དང་མྱང་འདས་ཀྱི་ལོ་གཅིག་ཡིན་མིན་འདི་ད་དུང་བརྟག་པར་བྱའོ། །འདི་རྣམས་སྤྱིར་བསྟན་ནས། སངས་རྒྱས་ཉིད་འཁྲུངས་ནས་དགུང་ལོ་ཉེར་དགུ་པ་ལ་ཁབ་ནས་ཕྱུངས་པ་དང་། དེ་རྗེས་ལོ་དྲུག་དཀའ་བ་སྤྱད་དེ་སོ་ལྔ་པ་ལ་སངས་རྒྱས་པ་དང་། དེ་རྗེས་ལོ་གྲངས་ཞེ་དྲུག་བར་དུ་ཆོས་འཁོར་བསྐོར་ནས་ལོ་རིལ་པོ་བརྒྱད་ཅུ་ཐམ་པ་འདས་ཤིང་ངོ་ཐོག་གྱ་གཅིག་པ་ལ་མྱ་ངན་ལས་འདས་པར་ཕལ་མོ་ཆེ་བཞེད་པ་མཐུན་མོད། འཁྲུངས་པ་སོགས་ཀྱི་ལོ་ཡི་ངོས་འཛིན་དང་། དེ་ནས་ད་ལྟའི་བར་འདས་ལོ་དུ་སོང་གྲངས་ལ་བཞེད་པ་མི་མཐུན་པ་དུ་མ་ཡོད་པ་དེ་དག་བདེ་བླག་ཏུ་རྟོགས་ཕྱིར། དང་པོ་ཡོངས་སུ་གྲགས་ཆེ་བའི་རྩིས་


MR17_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཕུག་པ་པའི་ལུགས་ཀྱི་དུས་འཁོར་རྩ་རྒྱུད་གསུངས་པའི་ལོ་དག་བརྗོད་པར་བྱས་པ་གཞིར་བྱས་ནས། དེ་ལས་མང་བ་དང་ཉུང་བར་འདོད་པ་རྣམས་ཕྲི་སྣོན་གྱི་སྒོ་ནས་ཤེས་པར་བྱ་བ་ལ། ཕུག་པའི་པད་དཀར་ཞལ་ལུང་གི་རྗེས་འབྲངས་བཻཌཱུར་དཀར་པོ་དང་། རྩིས་གཞུང་ཉིན་བྱེད་སྣང་བའི་བཞེད་པ་ལྟར་ན་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད། ས་ལུག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་མཚན་མོར་ལྷུམས་སུ་ཞུགས་ཏེ་ཟླ་བ་རིལ་པོ་དགུ་དང་ཞག་ཉེར་གསུམ་ལྷུམས་སུ་བཞུགས་ནས། ལྕགས་སྤྲེལ་ས་གའི་ཚེས་བདུན་གྱི་མཚན་མོའི་གུང་ཐུན་ཆ་ལ་ལུ་མྦི་ནིའི་ཚལ་དུ་སྐུ་བལྟམས། དེ་ཉིན་གྱི་ཚེས་རྩིས་བྱས་པས་རེས་གཟའ་སྤེན་པ། ཆུ་ཚོད་བཅོ་ལྔ། ཟླ་སྐར་རྒྱལ། ཆུ་ཚོད་ཐིག །ཉི་སྐར་ཐིག་དང་ཆུ་ཚོད་ང་བདུན་ཤར། འདུས་པ་ཏོག་གི་གཟུངས་དང་ཀླུ་སྒྲུབ་ཀྱིས་སྟོན་པ་རྒྱལ་ལ་འཁྲུངས་པར་གསུངས་པ་དང་འགྲིགས། དེ་ནས་དགུང་ལོ་ཉེར་དགུ་པ་ཀུན་འཛིན་ས་ཁྱི་ལོར་ཁབ་ནས་ཕྱུངས། དེ་ནས་ལོ་དྲུག་དཀའ་བ་སྤྱད་དེ་ལོ་སུམ་ཅུ་རྩ་ལྔ་བཞེས་པ་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་འཆར་བའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས། དེ་ཉིན་གྱི་ཚེས་རྩིས་དང་གཟའ་འཛིན་རི་མོ་བཏབ་པས་གདོང་འཛིན་ཡོད་པས་སངས་རྒྱས་ཚེ་ཟླ་བ་གཟས་བཟུང་བར་གསུངས་པ་དང་འགྲིགས། དེ་ནས་ལོ་གྲངས་བཞི་བཅུ་རྩ་དྲུག་བར་དུ་ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར་ནས། སངས་རྒྱས་ནས་ལོ་ཞེ་བདུན་དང་། འཁྲུངས་ནས་ལོ་རིལ་པོ་བརྒྱད་ཅུ་དང་། ངོ་ཐོག་གྱ་གཅིག་པ་ལྕགས་འབྲུག་ནག་པའི་ཉ་ལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དུས་འཁོར་རྩ་རྒྱུད་གསུངས། དེའི་ཟླ་བ་ཕྱི་མ་ས་གའི་ཉ་ཡི་མཚན་ཐུན་ཐ་མར་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་སོ་ཞེས་བཞེད་པ་འདིའི་ལུགས་ཀྱི་དུས་འཁོར་ཞལ་ཆེམ་གྱི་ཚུལ་དུ་བསྟན་ནས་ལོ་དེ་ལ་མྱ་ངན་ལས་འདས་པར་བཞེད་དོ། །ལུགས་འདིའི་དབང་དུ་བྱས་ན་དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་


MR17_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འདི་བརྩམ་པའི་ལོ་རབ་བྱུང་བཅོ་ལྔ་པའི་ནང་ཚན་དུ་གྱུར་པ་ཀཱི་ལ་ཀ་ཞེས་པ་ཕུར་བུ་ས་སྤྲེལ་གྱི་གནམ་ལོ་འདི་ཡན་ལ་ལོ་གྲངས་ཉིས་སྟོང་བདུན་བརྒྱ་གྱ་བརྒྱད་འདས་པ་ཡིན་ནོ། །གོང་ལྟར་རྒྱུད་ཀྱི་དངོས་བསྟན་ལོ་དག་ལྟར་བརྩིས་ན། ཕུག་ལུགས་དུས་འཁོར་རྒྱུད་བསྟན་པའི། །ལོ་གྲངས་དེ་ལ་གསུམ་ཕྲི་བ། །ཉི་མ་ཞེས་པ་ཆུ་ལུག་ལོར། །དུས་འཁོར་རྩ་རྒྱུད་གསུངས་པ་དང་། །དེ་ལ་གཅིག་ཕྲི་ཤིང་སྤྲེལ་ལོར། །ལྷ་དབང་ཁྲི་ལ་ཕེབས་པ་ཡིན། །ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །ཞེས་གསུངས་ཐོག་མ་འདི་ཡིན་ལ། །ཆོས་རྒྱལ་རིགས་ལྡན་རིམ་བྱོན་པའི། །ཁྲི་ལོ་དང་པོ་འདི་ནས་བརྩི། །འདི་ཉིད་རང་ལུགས་བཟུང་དགོས་སོ། །གོང་གི་ས་སྤྲེལ་འདས་ལོ་ལ། །བཅུ་དགུ་བསྣན་པར་བྱས་པ་ན། །རབ་བྱུང་བཅུ་དྲུག་པའི་ཐོག་མ། །མེ་ཡོས་སྟོན་པའི་འདས་ལོར་གྲུབ། །ལོ་དེར་མ་འགགས་པ་ཁྲིར་ཕེབས། །བསྟན་པའི་གནས་ཚད་ཚུལ་ཁྲིམས་ཀྱི། །སྟེང་ནས་སུམ་བརྒྱ་ང་བདུན་འདས། །དེ་ལྷག་མེ་ཡོས་འདི་བཅས་པ། །བརྒྱ་དང་གོ་གསུམ་ཡོད་པ་ནི། །ཕུག་པ་པ་ཡི་བཞེད་པའོ། །དྲུག་ཅུ་རེ་རེ་རིམ་བསྣན་པས། །རབ་བྱུང་སྐོར་རེའི་མཚམས་ནས་རྟོགས། །སོ་སོའི་ནང་གི་མེ་ཡོས་སོགས། །དུ་འདས་དྲུག་ཅུའི་ཤོག་ཁྲག་གསལ། ༈ །ཚུལ་འདི་རི་མོས་གཏན་འབེབ་ན། །རི་མཚོ་ཀླུ་གཟུགས་ལོ་ཚོགས་ལ། །རབ་བྱུང་དུ་ཡིན་གྲངས་དེ་ནི། །དྲུག་ཅུས་བསྒྱུར་བ་བསྲེས་བྱས་ན། །རབ་བྱུང་དེ་ཡི་མེ་ཡོས་ལ། །སྟོན་པ་མྱ་ངན་འདས་ནས་ལོ། །དུ་འདས་ཕུག་ལུགས་བཞེད་པ་སྟོན། །དེ་ནང་དུ་འདས་དེ་ལ་བསྲེ། །སྟོན་པ་འདས་ནས་ལོ་དུ་འདས། །དེ་ལ་ལྔ་བརྒྱས་བགོས་པ་ཡིས། །ཐོབ་ནོར་ལྔ་བརྒྱ་ཕྲག་བཅུ་ལས། །དུ་འདས་གྲངས་ཡིན་ལྷག་མ་ནི། །ངོ་ཐོག་པ་ཡི་འདས་ལོ་སྟེ། །དེ་ཡིས་ལྔ་བརྒྱ་ལ་ཕྲི་བའི། །ལྷག་མ་དེ་ཡི་མ་འོངས་པའོ། །


MR17_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་འདས་ཕྱིན་འདས་ལོ་ལ། །བཞི་ཡིས་ཕྲི་བ་ཤིང་སྤྲེལ་ལོར། །ལྷ་དབང་ཁྲི་ལ་ཕེབ་པའི་ལོ། །དེ་ལ་མེ་མཁའ་བུག་གཟུགས་སྦྱངས། །རྒྱལ་དཀའི་ཁྲི་ལོ་ཡན་ཆད་རྫོགས། །དེ་ལྷག་བརྒྱ་ཡིས་བགོས་པའི་ནོར། །རིགས་ལྡན་བཅུ་གཉིས་པར་གྱུར་པ། །ཉི་མ་ནས་ནི་རིམ་བཞིན་ཏེ། །ཉི་མ་དང་ནི་སྣ་ཚོགས་གཟུགས། །ཟླ་འོད་དང་ནི་མཐའ་ཡས་དང་། །ས་སྐྱོང་དང་ནི་དཔལ་སྐྱོང་དང་། །སེང་གེ་དང་ནི་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་འཁོར་ལོ་ཅན། །རིགས་ལྡན་བཅུ་བཞིའི་དུ་འདས་རྟོགས། །ལྷག་མ་རིགས་ལྡན་ད་ལྟ་བ། །གང་ཡིན་དེ་ཡི་ཁྲི་ལོ་འདས། །དེ་ཡིས་བརྒྱར་ཁྲི་མ་འོངས་ལོའོ། །མཚུར་རྩིས་བུམ་བཟང་ལུགས་ལྟར་ན། །གོང་བཤད་ལྷ་དབང་ཁྲིར་ཕེབས་ལོ། །དེ་ལ་དྲུག་བརྒྱས་ཕྲི་ལྷག་རྣམས། །བརྒྱ་ཡིས་བགོས་ནོར་དུ་ཡོད་པ། །རིགས་ལྡན་ཉེར་ལྔ་ལས་དེ་འདས། །ལྷག་མ་ད་ལྟ་བའི་ཁྲི་ལོ། །འདས་པར་འདོད་ཀྱང་དཔྱད་བྱར་སྣང་། །ལྷ་དབང་ཁྲི་ལ་ཕེབ་པ་ནས། །དུ་འདས་ལྔ་བརྒྱས་བགོས་པ་ཡིས། །བསྟན་པའི་གནས་ཚད་འདས་ལུས་རྟོགས། །ལུགས་གཞན་སྣོན་འབྲིད་བྱས་པས་ཤེས། །ཕུགས་ལུགས་སྟོན་པ་མྱང་འདས་ལོ། །དེ་ལ་ཞེ་དགུས་ཕྲི་ལྷག་ལ། །བསྟན་པའི་གནས་ཚད་བརྟག་པ་དང་། །ཤིང་སྤྲེལ་ལྷ་དབང་ཁྲིར་ཕེབ་ནས། །མགོ་བཟུང་ཆོས་རྒྱལ་རིགས་ལྡན་རྣམས། །རིམ་བཞིན་ཕུག་ལུགས་བཞིན་བརྩི་བ། །མཁས་གྲུབ་རྗེ་སོགས་བཞེད་པར་གྲུབ། །འདི་ལྟར་ཕུག་ལུགས་པའི་སྟོན་པ་མྱང་འདས་ཀྱི་ལོ་དེ་གཞིར་བཞག་ནས་འདི་ལ་གསུམ་ཕྲི་ན་གཡུང་སྟོན་རྡོ་རྗེ་དཔལ་གྱི་ལུགས་སོ། །བཞི་ཕྲི་ན་བསྟན་འཛིན་བཟང་པོ་སོགས་ཀྱི་ལུགས་སོ། །བཞི་བཅུ་རྩ་དྲུག་ཕྲི་ན་ཐེལ་པ་ཀུན་དགའ་རྒྱལ་མཚན་པའི་ལུགས་སོ། །བརྒྱ་དང་སོ་གཅིག་ཕྲི་ན་


MR17_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས་སོ། །ཉིས་བརྒྱ་སུམ་ཅུ་ཐམ་པ་ཕྲི་ན་གྲུབ་ཐོབ་ཨོ་རྒྱན་པ་ཡི་ལུགས་སོ། །སུམ་བརྒྱ་དང་བདུན་ཕྲི་ན་ས་སྐྱ་པ་དཔལ་ལྡན་བླ་མ་དམ་པའི་ལུགས་སོ། །སུམ་བརྒྱ་སུམ་ཅུ་རྩ་བདུན་ཕྲི་ན་ཨ་བྷ་ཡཱ་ཀ་ར་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་། ནམ་མཁའ་བཟང་པོ་སོགས་ཀྱི་བཞེད་པ་སྟེ། པཎ་ཆེན་ཤཱཀྱ་ཤྲཱིས་མེ་བྱི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ནམ་གུང་ཟླ་བ་ནུབ་རིར་ནུབ་པའི་ཚེ་ཐུབ་པ་མྱ་ངན་ལས་འདས་སོ། །དེ་ཕྱིན་ཆད་ལོ་ཟླ་ཞག་གྲངས་དུ་སོང་ཤིང་བྱི་ལོར་ཁྲོ་ཕུར་བརྩིས་པ་ལྟར་རོ། །བཞི་བརྒྱ་དང་དྲུག་ཕྲི་ན་རོང་པ་ངག་དབང་གྲགས་པའི་ལུགས་སོ། །འདི་རྣམས་ཕུག་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་པའི་ལོ་གྲངས་ལས་ཉུང་བ་རྣམས་སོ། །དེ་བཞིན་དུ་སྟོན་པས་དུས་འཁོར་གྱི་རྒྱུད་གསུངས་པའི་ལོ་གང་ཡིན་ངོས་འཛིན་པ་ལ་ཡང་བཞེད་པ་མི་འདྲ་བ་མཐོང་སྟེ་ཕུག་ལུགས་ཀྱི་དུས་འཁོར་རྩ་རྒྱུད་གསུངས་པའི་ལོ་གྲངས་དེ་ལ་གཉིས་ཕྲི་ན་ཀུན་མཁྱེན་བུ་སྟོན་དང་བྱང་པའི་ལུགས་ཏེ། འདི་དག་གིས་སྣ་ཚོགས་ཆུ་རྟ་ལོའི་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད། གསུམ་ཕྲི་ན་གཡུང་སྟོན་དང་འཇམ་དབྱངས་ཆོས་མགོན་སོགས་ཀྱི་ལུགས་ཏེ་འདིས་ཆུ་ལུག་ལོའི་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད། ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་མཚུར་ལུགས་རྩིས་གཞུང་ཉེར་མཁོ་བུམ་བཟང་གི་ལུགས་ཀྱང་འདི་དང་མཚུངས་ལ་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་ལས་ཀྱང་དུས་འཁོར་རྒྱུད་གསུངས་པའི་ལོ་འདི་དང་གཅིག་གོ། འོན་ཀྱང་བཞེད་པ་མི་འདྲ་བའི་ཁྱད་པར་ནི་མཚུར་རྩིས་ཉེར་མཁོ་བུམ་བཟང་གི་ལུགས་ལྟར་ན་ཁྲག་སྐྱུགས་ཆུ་ཕག་ལོར་སྟོན་པ་ཉིད་ལྷུམས་སུ་ཞུགས། དེའི་ཕྱི་ལོ་ཤིང་བྱི་ས་ག་ཟླ་བའི་ཚེས་བརྒྱད་རྒྱལ་ལ་སྐུ་བལྟམས། དེ་ནས་ལོ་སོ་བཞི་སོང་བ་རྣམ་འཕྱངས་ས་ཁྱི་ས་ག་ཟླ་བའི་ཉ་ཡི་ཐོ་རེངས་སངས་རྒྱས། དེ་ནས་ལོ་ཞེ་ལྔ་པར་ཆོས་


MR17_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྐོར་ནས་ཆུ་ལུག་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས། ཟླ་བ་དེའི་རྗེས་མ་ས་གའི་ཉ་ལ་མྱ་ངན་ལས་འདས་པར་བཞེད། ལུགས་འདི་ཉིད་རྒྱུད་ཀྱི་དངོས་བསྟན་ལོ་དག་དང་འགྲིགས་པ་སྔར་བཤད་ལྟར་ལ། ལུགས་འདིས་ཆོས་རྒྱལ་དྲུག་དང་འཇམ་དཔལ་གྲགས་པ་སོགས་རིགས་ལྡན་ཐམས་ཅད་ལོ་བརྒྱ་རེར་ཆོས་སྟོན་པ་ཤ་སྟག་ཏུ་འདོད་ཀྱི་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའི་ཁྲི་ལོ་ལྷག་པ་མི་འདོད་པའི་དབང་གིས་རིགས་ལྡན་གཉིས་ཀྱི་ཁྲིར་བཞུགས་ཀྱི་ལོ་ཕུག་ལུགས་ལས་སྔ་བར་སོང་བ་ནི་དཔྱད་བྱ་སྟེ། རིགས་ལྡན་ཉེར་དྲུག་ཏུ་འདོད་པ་མི་འཐད་ལ། རིགས་ལྡན་ཉེར་ལྔ་བྱས་ན་ལུགས་དེར་བསྟན་པའི་གནས་ཚད་ལྔ་སྟོང་ལས་ལོ་བརྒྱ་ལྷག་ཙམ་ཉུང་ཞིང་། ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་ལས་ལོ་ཉིས་བརྒྱ་ལྷག་ཅིག་ཉུང་བ་སོགས་བརྟག་མི་བཟོད་པ་འགའ་སྣང་ངོ་། །མཁས་གྲུབ་དགེ་ལེགས་དཔལ་བཟང་གི་བཞེད་པས་སྟོན་པ་ཉིད་སྣ་ཚོགས་ཆུ་རྟ་ལོའི་དཔྱིད་ཐ་ཆུང་ས་གའི་ཉ་ཡི་སྐྱ་རེངས་འཆར་དུས་སུ་སངས་རྒྱས། དེ་ཉིན་ཚེས་རྩིས་བྱས་པས་གཟའ་འཛིན་དང་འགྲིགས། སངས་རྒྱས་པའི་དུས་དེ་ནས་ལོ་གཅིག་གི་བར་ཕར་ཕྱིན་ཐེག་པ་སྤྱི་དང་། བྱ་རྒོད་སྤུངས་རིར་ཤེར་ཕྱིན་གསུངས། སངས་རྒྱས་ནས་ཟླ་བ་བཅུ་གཉིས་སོང་བ་ཆུ་ལུག་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད་དེ་འགྲེལ་ཆེན་དྲི་མེད་འོད་ཀྱི་དབང་གི་ལེའུའི་ནག་པའི་མཐར་ནི་སོགས་ཀྱི་ཐད་དུ་འཕགས་ཡུལ་དུ་ས་གའི་ཉའི་སྐྱ་རེངས་འཆར་ཚེ་བཅོམ་ལྡན་འདས་སངས་རྒྱས་ཏེ་ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་དུས་འཁོར་རྒྱུད་བསྟན་པར་གསུངས་པ་འདི་ཁུངས་སུ་བྱེད་དོ། །ལུགས་གཞན་དག་གིས་ལུང་འདིའི་དོན་དེ་ལྟར་མི་འཆད་དོ། །རྩ་རྒྱུད་བསྟན་པའི་ལོ་དང་ཟླ་བཟང་གིས་ཆོས་བསྟན་པའི་ལོ་གཉིས་ཀ་དྲུག་བརྒྱའི་ཁོངས་སུ་བརྩིས་ན་


MR17_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་འཛིན་རི་མོ་མི་འཆར། གཅིག་མ་བརྩིས་ན་འཆར་བས་ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་ཞེས་པ་ལོ་འདི་འདས་མ་ཐག་པ་ལ་གོ་བར་བྱའོ། །ཞེས་གསུངས། སངས་རྒྱས་ནས་ལོ་ཞེ་དྲུག་བར་དུ་བཞུགས་པར་བཞེད། རྩ་རྒྱུད་བསྟན་པའི་ཕྱི་ལོ་ནས་རབ་བྱུང་བདུན་པའི་ཀུན་དགའ་ཤིང་སྟག་ཡན་ལ་དུ་འདས་སླར་ལུས་པ་སོགས་བརྩིས་ཏེ་དུས་བཞི་སྔ་མར་ལོ་སུམ་སྟོང་ཉིས་བརྒྱ་ང་ལྔ། ཕྱི་མར་སྟོང་བརྒྱད་བརྒྱ་ཡོད་པ་བསྡོམས་པས་ལྔ་སྟོང་ང་ལྔ་འབྱུང་བའི་སྟེང་ནས་སྟོན་པ་སངས་རྒྱས་ནས་མྱ་ངན་ལས་འདས་པའི་བར་གྱི་ལོ་ཞེ་དྲུག་ཕྲི་བས་ལྔ་སྟོང་དང་དགུ་བྱུང་བ་མདོ་ཕྱོགས་བསྟན་པའི་གནས་ཚད་དང་འགྲིགས། ལོ་དགུ་ནི་རགས་རྩིས་ལ་མ་བརྩིས་ཀྱང་རུང་། སངས་རྒྱས་མྱང་འདས་ཕྱིན་གྱི་ལོ་ལ་དུས་འཁོར་ལུགས་ལས་ལོ་སྟོང་ཕྲག་ལྷག་ཙམ་གྱི་མང་བར་འདོད་པ་རྣམས་ནི་བབ་ཅོལ་ལོ་ཞེས་གསུངས། ཕུག་ལུགས་ཀྱི་སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་ཕྱིན་གྱི་འདས་པའི་ལོ་གྲངས་དེ་ལ་བཞིས་ཕྲི་ན་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་ལུགས་སོ། །འདིའི་ལུགས་ལ་ཤིང་སྤྲེལ་ལ་རྩ་རྒྱུད་གསུངས་པར་བཞེད། འདི་རྣམས་ཕུག་ལུགས་ཀྱི་དུས་འཁོར་རྒྱུད་གསུངས་པའི་ལོ་དག་ལས་ཉུང་ངོ་། །ཡང་ཕུག་ལུགས་པའི་རྩ་རྒྱུད་གསུངས་པར་འདོད་པའི་ལོ་གྲངས་དེ་ལ་བཞི་བརྒྱ་དང་བདུན་ཅུ་རྩ་གཉིས་བསྣན་པ་འགོས་ལོ་གཞོན་ནུ་དཔལ་གྱི་ལུགས་སོ། །འདི་ནི་ཕུག་ལུགས་ཀྱི་དེ་ལས་ཆེས་མང་ངོ་། །ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དུ་སོང་ཕུག་ལུགས་པའི་བཞེད་པ་དེ་ལས་མང་བར་འདོད་པའི་ཕྱོགས་ནི། ཕུག་ལུགས་ཀྱི་འདས་ལོ་དེ་ཉིད་གཞིར་བཞག་ལ་འདི་ལྟར་བསྣན་པས་འགྲུབ་སྟེ་བརྒྱ་དང་ཉེར་བདུན་བསྣན་ན་ཐང་གི་ཡིག་ཚང་གི་ལུགས་སོ། །ཡང་ན་དེ་ཉིད་ལ་སླར་ཡང་དྲུག་ཅུས་ཕྲི་བའི་ལུགས་ཀྱང་ཡོད། སྟོང་དང་ཉིས་བརྒྱ་ང་གཉིས་བསྣན་ན་ས་སྐྱ་པཎྜི་ཏ་སོགས་ཀྱིས་བཞེད་དེ། ས་པཎ་གྱིས་སྟོན་པ་ཉིད་མེ་ཡོས་ལ་ལྷུམས་སུ་ཞུགས། ས་འབྲུག་ས་ག་ཟླ་བའི་


MR17_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བརྒྱད་སྔ་དྲོ་རྒྱལ་ལ་སྐུ་བལྟམས། ཆུ་སྟག་ལོའི་དཔྱིད་ཐ་ཆུང་ས་གའི་ཉ་ཡི་ཐོ་རེངས་ཟླ་བ་གཟས་བཟུང་ཚེ་སངས་རྒྱས། མེ་ཕག་དཔྱིད་ཐ་ཆུང་ས་གའི་ཉའི་མཚན་མོར་མྱ་ངན་ལས་འདས་ཞེས་གསུངས། སྟོན་ཐའི་ཚེས་བརྒྱད་ལ་འདས་པར་འདོད་པའང་སྣང་། སྟོན་པ་འདས་ནས་ལོ་དུ་སོང་བརྩི་ཚུལ་ལ་མང་ཉུང་བྱུང་བ་ནི། རྒྱ་གར་དུ་ཉན་ཐོས་སེནྡྷ་པ་རྣམས་ཉིན་བཞིན་སྟོན་པ་འདས་པའི་ལོ་ཟླ་ཞག་གྲངས་བརྗོད་སྲོལ་ཡོད་པ་ལས། ཕྱིས་མ་ག་དྷར་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་སྤུན་གྱིས་ཙན་དན་གྱི་ལྡེ་གུ་སྤུངས་པ་ལས་བྱང་ཆུབ་ཆེན་པོའི་སྐུ་རང་གྲུབ་ཏུ་བྱུང་བ་དེ་ཕྱིན་ཆད་དེ་ཡི་དུས་ཀྱང་བརྗོད་པ་ལས། ཕྱིས་བྱང་ཆུབ་ཆེན་པོ་བྱོན་པ་དང་སྟོན་པ་འདས་དུས་ནོར་བ་ཡིན་གསུངས། འདི་སྐབས་སུ་བླ་མ་དག་ལྷ་མོ་དྲི་མེད་འོད་ལུང་བསྟན་པའི་མདོ་ལས། ང་འདས་ནས་ལོ་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་ཆོས་རྒྱས་པར་འགྱུར་རོ་ཞེས་གསུངས་པ་གདོང་དམར་ཅན་བོད་ཡིན་ལ་དེར་ཆོས་དར་བའི་དུས་ཚིགས་དང་། གཞན་ཡང་ཀླུ་སྒྲུབ་སོགས་ལུང་བསྟན་པའི་ལོ་ཚིགས་དང་། རྒྱལ་པོ་སོགས་ཀྱི་རབས་བརྩིས་ན་དེ་དང་མི་འགྲིགས་པའི་ལུགས་གཞན་མི་འཐད་ལ། དུས་འཁོར་རྒྱུད་ཀྱི་དངོས་བསྟན་ལྟར་བརྩིས་པའི་ལོ་ཚིགས་དེ་ལས་ལོ་སྟོང་ལྔ་བརྒྱ་སོང་བ་ན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པ་དང་དེ་དང་མི་རིང་བར་སྲོང་བཙན་སྒམ་པོའི་སྐུ་དུས་དང་འགྲིགས་པ་སོགས་འཐད་པ་དུ་མ་ཡོད་པར་བཤད། ཡང་ཕུག་ལུགས་ཀྱི་སྟོན་པ་འདས་ནས་ལོ་དུ་སོང་གི་གྲངས་དེ་ལ་སྟོང་དང་ཉིས་བརྒྱ་ང་དྲུག་བསྣན་ན་མཉམ་མེད་ཇོ་བོ་རྗེ་མར་མེ་མཛད་དང་། དེའི་རྗེས་འབྲངས་མཆིམས་ཆེན་དང་དབུས་པ་བློ་གསལ་སོགས་གངས་ཅན་མཁས་པ་དུ་མས་བཞེད་དེ། ཇོ་བོ་རྗེས་སྟོན་པ་ཉིད་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་གླང་ལ་སྐུ་བལྟམས། ས་ཕག་ལོར་སངས་རྒྱས། ཤིང་སྤྲེལ་སྟོན་ཐ་ཆུང་གི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པ་ཞེས་བཞེད། ཡང་སྟོང་དང་ཉིས་བརྒྱ་རེ་ལྔ་བསྣན་ན་འདུལ་འཛིན་ནེལྤ་པཎ་ཆེན་གྱི་


MR17_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ། །སྟོང་དང་ལྔ་བརྒྱ་སོ་དགུ་བསྣན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀྱི་ལུགས་སོ། །དེ་ལྟར་ཕུག་ལུགས་ལས་མང་བ་འདི་རྣམས་སོ་སོའི་ཁུངས་དང་འབྲེལ་མོད་ཀྱང་། རྒྱ་གར་ན་བྱི་བ་སོགས་ལོ་བཅུ་གཉིས་དང་། དེ་དབང་ཐང་ཤིང་སོགས་ཀྱིས་ཕྱེ་བའི་དྲུག་ཅུའི་རྣམ་གཞག་གི་སྲོལ་མེད་ཀྱང་། རབ་བྱུང་སོགས་དྲུག་ཅུའི་ཐ་སྙད་ཙམ་ཡོད་པས་མེ་ཡོས་དང་རབ་བྱུང་དོན་གཅིག་པར་བཞེད། དེ་ཡང་ལོའི་ཐ་སྙད་བཅུ་གཉིས་དང་དྲུག་ཅུ་ལྟ་བུ་མ་སྦྱར་བར་ལོ་དུ་སོང་རིམ་བརྩིས་བྱས་པས་ལོ་གྲངས་མང་ནས་ནོར་བའམ། གཞན་ཡང་བགྲོད་པ་རེ་ལ་ལོ་རེར་བརྩི་བའི་ལུགས་ཀྱང་ཡོད་ཅེས་གྲགས་པ་ལྟར་ཡིན་ནམ། རྒྱུ་མཚན་ཅི་ཞིག་གིས་ཡིན་མ་ངེས་ཀྱང་། དུས་འཁོར་རྩ་རྒྱུད་གསུངས་པའི་ལོ་གྲངས་ཕུག་ལུགས་ཀྱི་འདོད་པ་དེ་ལས་བཞི་ཕྲི་བ་ལས་མང་བར་ཕྲི་ན་དུས་འཁོར་རྒྱུད་ཀྱི་དངོས་བསྟན་ལོ་གྲངས་དང་མི་འགྲིགས་ཤིང་། དུས་འཁོར་རྒྱུད་གསུངས་པའི་ལོ་དང་མྱང་འདས་ཀྱི་ལོ་དུས་གཅིག་མིན་པར་དུས་འཁོར་རྩ་རྒྱུད་བསྟན་པའི་རྗེས་སུ་ལོ་ཞེ་དྲུག་བར་དུ་བཞུགས་པར་འདོད་པ་ལྟར་ན་ཕུག་ལུགས་ཀྱི་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་གྲངས་དེ་ལ་ཞེ་དྲུག་གིས་ཕྲི་བ་འདི་ལས་མང་བ་ཕྲིས་ནའང་བསྟན་རྩིས་དང་ཀླ་ཀློའི་གནས་ཚད་སོགས་དང་ངེས་པར་མི་འགྲིགས། ཕུག་ལུགས་ཀྱི་དུས་འཁོར་རྒྱུད་གསུངས་པའི་ལོ་དང་སྟོན་པ་མྱ་ངན་ལས་འདས་པའི་ལོ་གྲངས་འདྲ་ལ་དེ་ལས་མང་བ་ནི་དུས་འཁོར་རྒྱུད་རྩ་འགྲེལ་གྱི་དངོས་བསྟན་དང་མི་འགྲིགས་པ་ལྟ་ཅི། ཕུག་ལུགས་ཀྱི་དེ་ལའང་གསུམ་ཙམ་གྱི་མང་སྐྱོན་ཡོད་དོ། །སྟོན་པའི་འདས་ལོ་མང་བ་ཅན་གྱི་ལུགས་ཕལ་མོ་ཆེ་ལྟར་ན། དེང་སང་གི་དུས་སུ་བསྟན་པ་སྔ་དར་གྱི་ཚད་སྔར་ནས་རྫོགས་ཏེ་དྲག་པོ་འཁོར་ལོ་ཅན་བྱོན་རྗེས་ལོ་མང་པོ་སོང་བར་འདོད་དགོས་པས། དེ་རྣམས་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་བཏུབ་པས་ལོ་དག་གི་ཞིབ་ཆའི་ངེས་པ་ཡོད་པ་དུས་འཁོར་རྒྱུད་ཀྱི་དངོས་བསྟན་


MR17_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲིགས་པ་ཞིག་ཁས་ལེན་དགོས་པར་མངོན་ཏེ། ཞིང་འདིའི་ཐུན་མོང་གི་གདུལ་བྱའི་ངོར་སངས་རྒྱས་ཤཱཀྱ་ཐུབ་པ་གཅིག་གིས་ཆོས་བསྟན་ནས། མྱ་ངན་ལས་འདས་པ་ལས་དུ་མ་སྔ་ཕྱིར་བྱུང་བ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་གདན་རབས་སོ་གཉིས་ཀྱི་ལོ་ཚིགས་སོགས་ལོ་དག་མ་འགྲིགས་ནས་བོད་འགྲེལ་རྣམས་སུ་འདོད་པ་མི་མཐུན་པ་དུ་མ་བྱུང་སྣང་སྟེ། ཁ་ཅིག་གིས་རྒྱ་མཚོ་དང་རྣམ་རྒྱལ་ཐ་དད་དུ་བགྲང་ནས་རིགས་ལྡན་ཉེར་དྲུག་བྱེད་པ་དང་། ཁ་ཅིག་གིས་དཔལ་སྐྱོང་དང་སེང་གེ་གཅིག་ཏུ་བགྲང་བ་དང་། ས་སྐྱ་བླ་མ་དམ་པས་མཐའ་ཡས་དང་རྣམ་རྒྱལ་ཐ་དད་དུ་བགྲང་སྟེ་རིགས་ལྡན་ཉེར་ལྔ་རྫོགས་པའི་རྗེས་སུ་དྲག་པོ་འཁོར་ལོ་ཅན་འབྱོན་པས་ཉེར་དྲུག་ཏུ་བཤད་ཅིང་། རིགས་ལྡན་འཇམ་དཔལ་གྲགས་པ་ལོ་ཉིས་བརྒྱར་བཞུགས་པ་དང་། དྲག་པོ་འཁོར་ལོ་ཅན་ལོ་བརྒྱ། རིགས་ལྡན་གཞན་རྣམས་ཀྱིས་ལོ་དྲུག་ཅུ་རེར་ཆོས་བསྟན་པར་བཞེད། དེ་ལ་སོགས་པ་ཤམ་བྷ་ལའི་རྒྱལ་རབས་འཆད་པའི་སྐབས་འདིར་འདོད་པ་མི་འདྲ་བ་དུ་མར་སྣང་བ་ཡི་གེ་མང་བས་འདིར་མ་བཀོད་ལ། དེ་རྣམས་ཕལ་ཆེ་བ་རྒྱུད་ཀྱི་ཚིག་དང་མི་མཐུན་ཞིང་ཁུངས་དང་མ་འབྲེལ་པའི་རྟོག་བཟོ་དཔྱད་མི་བཟོད་པར་སྣང་ཡང་འདིར་མ་སྤྲོས་སོ། །དེ་ཡང་བསྟན་པའི་གནས་ཚད་མདོ་རྣམས་ལས་སྟོང་ཕྲག་གཅིག་དང་ཡང་ཉིས་སྟོང་ལྔ་བརྒྱ་སོགས་ཅི་རིགས་སུ་གསུངས་པ་རྣམས་དགོངས་པ་ཅན་དང་། ལྔ་སྟོང་དུ་གསུངས་པ་དགོངས་པ་ཅན་མ་ཡིན་པར་དོན་ལ་གནས་པར་མཁས་པ་ཀུན་བཞེད་པ་མཐུན་ཅིང་། དེ་ཉིད་དུས་འཁོར་གྱི་རྒྱུད་ལས་གསུངས་པ་ཞིབ་རྩིས་ཡིན་པའི་ཁྱད་ཅུང་ཟད་ལས་ཁོག་འགྲིགས་པས་རྒྱུད་འདི་ལས་གསུངས་པ་བཞིན་རྩི་དགོས་ལ། སྟོན་པ་འདས་པའི་ལོ་དེ་ཡི་ཕྱི་ལོ་ནས་མགོ་བརྩམ་སྟེ། བསྟན་རྩིས་བརྩི་དགོས་པ་ཡིན་ནོ། །དེ་ཡང་སྟོན་པའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་དེར་ལྔ་བརྒྱ་རེ་ལ་སྡེ་ཚན་དུ་བྱས་པའི་ལྔ་བརྒྱ་ཕྲག་བཅུ་འབྱུང་བའི་


MR17_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གསུམ་འབྲས་བུའི་དུས་ཞེས་དགྲ་བཅོམ་དང་ཕྱིར་མི་འོང་རྒྱུན་ཞུགས་ཀྱི་དུས་གསུམ། དེ་ནས་ཤེས་རབ་ཏིང་འཛིན་ཚུལ་ཁྲིམས་ཏེ་སྒྲུབ་པའི་དུས་གསུམ། དེ་རྗེས་མངོན་པ་མདོ་སྡེ་འདུལ་བ་ཡི་ལུང་གི་དུས་གསུམ། དེ་ནས་ལྔ་བརྒྱ་ཐ་མ་ནི་རྟགས་ཙམ་འཛིན་པའི་དུས་སུ་བཞེད་དོ། །དེ་ལྟར་བརྩིས་ནས་ད་ལྟ་ཅི་ཙམ་ལ་སླེབས། མ་འོངས་ཇི་ཙམ་གནས། ད་ལྟ་རིགས་ལྡན་གང་ཞིག་ཁྲི་ལ་བཞུགས་ནས་ལོ་དུ་སོང་། ད་གཟོད་དུ་ཡོད། དྲག་པོ་འཁོར་ལོ་ཅན་ནམ་འབྱོན་པ་སོགས་ལེགས་པར་རྟོགས་པ་ནི་ལོ་དག་ལ་རག་ལས་པས་འདིར་སོ་སོའི་ལུགས་དང་། ཁྱད་པར་དུས་འཁོར་གྱི་རྒྱུད་ནས་བསྟན་པའི་ལོ་དག་གི་གནད་མདོར་བསྡུས་སུ་བརྗོད་པ་སྟེ། སྤྱིར་བསྟན་པའི་གནས་ཚད་ཁྱད་པར་རིགས་ལྡན་སུ་ཞིག་ཁྲི་ལ་བཞུགས་པ་སོགས་རྒྱུད་འདིའི་དབང་གི་སྐབས་སུ་དུས་བརྗོད་པ་ལ་ཉེ་བར་མཁོ་བས་འདིར་བཤད་པ་ཡིན་ནོ། །དེ་བཞིན་དུ་བསྡུས་རྒྱུད་ལས་གྲུབ་མཐའི་རྩིས་སྦས་པར་མཛད་ཀྱང་། གྲུབ་རྩིས་ཀྱི་རྩིས་འཕྲོ་བཙལ་བའི་རྩིས་གཞུང་རྣམས་ལ། སྔོན་སྟོན་པ་སངས་རྒྱས་པའི་དུས་ཀྱི་གཟའ་འཛིན་སོགས་དང་བསྒྲིགས་ཤིང་། སྟོང་ཆེན་གྱི་ལོ་ཚོགས་སོགས་སྐར་རྩིས་ཀྱི་གནད་རྣམས་མཐར་ཆགས་སུ་དཔྱད་པ་ཞིབ་མོས་གཏན་ལ་ཕབ་པས་ཕུག་པའི་ལུགས་ཉིད་གྲགས་ཆེ་ལ། ཕུག་པའི་རྩིས་གཞུང་ལག་ལེན་དུ་བསྟར་བའི་གཞུང་ཚང་ལ་དཔྱིས་ཕྱིན་པར་བཤད་པ་སྨིན་གླིང་ལོ་ཆེན་པའི་རྩིས་གཞུང་ཉིན་བྱེད་སྣང་བ་འདི་ལེགས་བཤད་ཆེ་བར་མངོན། །འདི་དང་རྩིས་འཕྲོ་སྟེར་རྒྱུ་ཅུང་ཟད་མི་འདྲ་བའི་ཁྱད་པར་ལས། མཚུར་རྩིས་ཞེས་གྲགས་པ་དང་། ཕྱིས་སུ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་རྩིས་འཕྲོ་བཙལ་བ་དགའ་ལྡན་རྩིས་གསར་དུ་གྲགས་པ་དང་། ཐཱོ་ཀྭན་གྱི་རྩིས་གཞུང་སོགས་རྩིས་འཕྲོའི་དབང་གིས་ཅུང་ཟད་མི་འདྲ་བའི་རྩིས་གཞུང་


MR17_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་གསར་དུ་བྱུང་། རྔ་པན་ཀུན་དགའི་མཚན་ཅན་གྱིས་རྩིས་གསར་ཐུབ་བསྟན་མཛེས་རྒྱན་ཞེས་པ་གཟའ་འཛིན་ཐིག་པར་དེ་དུས་གྲགས་ཆེ་ཡང་གཞུང་ནོར་ཚབས་ཆེ་བ་ཅན་དུ་མཐོང་། གཞན་རྣམས་རྩིས་འཕྲོའི་དབང་གིས་ཅུང་ཟད་མི་འདྲ་བར་གྱུར་ཅིང་། སོ་སོའི་ལུགས་ཀྱི་སྟོང་འཇུག་དང་འགྲིགས་པ་དང་། གཟའ་འཛིན་ཐིག་པ་སོགས་རང་བསྟོད་ཅན་དེ་དག་རྩ་རྒྱུད་དངོས་ལས་གསུངས་པའི་རྩིས་འཕྲོ་རྣམ་དག་རྙེད་པ་ཡིན་མིན་ངེས་དཀའ་ཡང་རེ་ཞིག་དེ་ལྟར་བྱས་པ་ལ་འགལ་བ་མེད་དོ། །འོན་ཀྱང་རགས་པ་ཙམ་དུ་མིག་སྐར་དང་མཐུན་པ་དང་། གཟའ་འཛིན་དང་བསྟུན་ན་ཉིན་སྣང་ལས་སྒྲ་གཅན་ལོངས་སྤྱོད་ལ་ནུར་ཕྲི་བསྣན་བྱེད་པ་འདི་མན་ངག་ཁུངས་ཅན་ཞིག་ཡིན་འདྲ་ལ། འདི་ལས་དཔགས་ནས་ཕུག་གྲུབ་ཉི་སྐར་ལ་ཆུ་ཚོད་སོ་གཅིག་གམ་སོ་གཉིས་ཙམ་བསྣན་ན་འགྲིགས་ཀྱི། དེ་ལས་མང་ན་མང་སྐྱོན་འདུག་པས། འདི་ཚུན་ཆད་རྩིས་འཕྲོ་སྣ་ཚོགས་བཙལ་བ་རྣམས་ལ་སྐྱོན་མི་འོང་འདྲ་སྟེ། རྩ་རྒྱུད་ཀྱི་རྩིས་འཕྲོ་རྣམ་དག་མིན་ཡང་དེའི་སྐྱོན་བསགས་ནས་འཕེལ་བ་མེད་དེ་བསྒྱུར་བགོད་ཀྱི་རི་མོ་དག་པའི་གནད་ཀྱིས་སོ། །ཉི་སྐར་ལ་ཆུ་ཚོད་གཟུགས་མེ། སྲང་གཟུགས་ཆུ་སོགས་བྱིན་ན་སྒྲ་གཅན་གདོང་མཇུག་ལ་ཕྲི་མི་དགོས་ཏེ་གནད་གཅིག་པའི་ཕྱིར་རོ། །འདི་ཡང་ཕུག་གྲུབ་གཞིར་བཞག་ལ་སྣོན་བཏབ་པ་ལེགས་པས་རྩིས་འཕྲོ་གསར་པ་འཚོལ་བའི་ངལ་བ་མི་དགོས་སོ། །རྩིས་འཕྲོ་ཙམ་གྱི་ཁྱད་མ་གཏོགས་གཞུང་གི་རི་མོའི་འགྲོས་མཐའ་དག་ལ་ཕུག་གྲུབ་ལ་ནོར་བ་མེད་ཅིང་ལེགས་པར་གཏན་ལ་ཕེབ་པར་མཐོང་ངོ་། །གཟའ་འཛིན་ནི་གཞུང་གི་རི་མོའི་སྟེང་དུ་མན་ངག་གི་ཞིབ་རྩིས་སྦྱར་ཤེས་ན་གང་གིས་ཀྱང་ཐིག་པར་བྱར་ཡོད་པར་མངོན། སྤྱིར་མཉམ་གཉིས་སྐབས་རི་མོ་ལ་ཤར་བ་བཞིན་འཛིན་ཆ་དང་དུས་སྔ་ཕྱི་ཕལ་ཆེར་ཐིག་ལ།


MR17_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་མཐོ་བ་བྱང་བགྲོད་དུ་འཛིན་ཆ་ཅུང་ཆེ་དུས་སྔ་བ་དང་། ལྷོ་བགྲོད་ཀྱི་ཕྱོགས་སུ་གྱུར་ཚེ་སྔ་མ་ལས་གོ་ལྡོག་པར་མཐོང་སྟེ། འདི་ཉི་ཟླ་དང་སྒྲ་གཅན་གྱི་སྐར་མ་སོགས་ཀྱི་རི་མོ་མ་དག་པ་མིན་ཡང་། གླིང་འདིར་མཐོ་དམན་གྱི་མཐོང་ཚུལ་ཞིག་གི་ཁྱད་ཡིན་པ་འདྲ་ཞིང་། དེར་མ་ཟད་འཛིན་དུས་ཀྱི་དབང་གིས་གླིང་འདིའི་སྟེང་ཐད་དང་ཤར་ནུབ་ཏུ་མཐོང་བའི་ཁྱད་པར་དང་། དེ་དང་བསྟུན་པར་ཡུལ་དུས་བསྒྲིག་པའི་ཞིབ་ཆ་སོགས་དུ་མ་ཞིག་དགོས་པར་མངོན་ནོ། །ཁྱད་པར་དུ་ཉི་འཛིན་ཐིག་དཀའ་བར་སྣང་། །སྤྱིར་རི་མོས་མ་ཐིག་པ་མིན་ཡང་། དུས་ལྟས་ལས་རི་མོ་བཞིན་དུ་མི་འཛིན་པ་དང་། རི་མོ་མ་ཤར་ཀྱང་འཛིན་པ་ཡོད་པར་གསུངས་པ་དང་། གཟའ་འཛིན་གྱི་དུས་གཅིག་ལ་ཡང་འོད་ཡུལ་བ་སོ་སོས་ལ་ལས་ཕྱེད་འཛིན། ལ་ལས་རིལ་འཛིན་སོགས་སུ་མཐོང་བ་སོགས་དངོས་སུ་བྱུང་བའི་ལོ་རྒྱུས་སྣང་བས་སྐབས་ལ་ལར་རི་མོར་ཤར་བ་བཞིན་གཟའ་འཛིན་མ་ཐིག་པ་ཙམ་གྱིས་རྩིས་འཕྲོ་མ་དག་པའི་ངེས་པ་མི་སྣང་ལ། རྣམ་པ་ཀུན་ཏུ་རི་མོར་ཤར་བ་བཞིན་ཐིག་པའི་རྩིས་གཞུང་བོད་ན་དཀོན་པར་སྣང་ངོ་། །རྒྱ་ནག་པས་གཟའ་འཛིན་བརྟག་པའི་རྭ་གདོང་བར་ཁྱད་ཟེར་བ་སོགས་རི་མོ་མང་པོ་ཅན་འདི་གནད་གང་ཡིན་བརྟགས་ཏེ་བོད་རྩིས་ཀྱི་སྟེང་དུ་ཕབ་ནས་དོན་གཅིག་པར་འགྱུར་བའི་ལག་ལེན་འཇུག་སླ་ཞིག་བྱེད་རྒྱུ་ཡོད་འདྲ་སྙམ་ཡང་བདག་གིས་ཕྱིས་ཚོད་འདི་འདྲའི་ངལ་བ་མི་ནུས་པས་སླར་རྩིས་རིག་སྨྲ་བའི་བློ་ལྡན་དག་གིས་བརྟགས་པར་བྱོས་ཤིག །གཞན་ཡང་མིག་སྐར་གྱིས་རགས་པ་ཙམ་ལས་ཞིབ་ཆ་མི་རྟོགས་མོད་ཀྱི། སྐར་མ་གང་ཡིན་དེའི་སྐར་མ་དང་པོའི་ཐད་དུ་ཟླ་བ་སོགས་སླེབས་པ་ན་དེའི་ཆུ་ཚོད་དང་པོའི་ས་ཁྱོན་ཡིན་པ་ལྟ་བུར་འཛིན་དགོས་འདྲ་ལ། ཟླ་སྐར་སོགས་ཀྱི་ཡུལ་གྱི་ལོངས་སྤྱོད་ལས་ཉིན་མོའི་ཆ་ཇི་ཙམ་པ་འདས་པ་སོགས་བལྟ་བཞིན་པའི་དུས་དེའི་ཡུལ་དུས་བསྒྲིག་ནས་


MR17_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་དགོས་པ་ཡིན་ནོ། །དུས་སྦྱོར་འཕོ་ཁྱིམ་འདི་ཕུག་པས་ཉི་བར་ལས་བརྩི་ཡང་། ཉི་དག་ལས་བརྩི་དགོས་པར་མངོན་ལ། དེ་ལྟ་ན་ཕུག་གྲུབ་ཉི་དག་ལ་ཆུ་ཚོད་སོ་གཉིས་ཙམ་བྱིན་ནས་བརྩིས་པས་འགྲིག །དེ་ལ་རིས་སྦྱོང་བས་བྱེད་སླ་དང་དོན་ཁྱིམ་འབྱེད་མི་དགོས། དེ་བཞིན་དུས་གཟེར་རྣམས་ཉི་དག་གི་སྟེང་དུ་གཏན་ལ་ཕབ་ན་ལག་ལེན་བདེ། ཉིན་མཚན་རིང་ཐུང་མཐར་ཐུག་གི་ཚད་འདི་ལ་ཕུག་པས་སོ་གསུམ་དང་ཉེར་བདུན་གྱི་ཁྱད་དུ་འདོད་ཀྱང་། སྤྱིར་དབྱངས་འཆར་སོགས་ལས་བཤད་པ་ལྟར། ཉི་མ་རིང་བ་མཐར་ཐུག་དུས་ཉིན་ཆུ་ཚོད་སོ་དྲུག་མཚན་ཉེར་བཞི། ཐུང་བ་མཐར་ཐུག་ལས་དེ་ལས་ལྡོག་པ་འདི་འཐད་ལ། གཞན་དག་རིང་བ་མཐར་ཐུག་ལ་བཞི་བཅུར་བཤད་པ་སྣང་ཡང་འདི་ཙམ་རིང་ཆེས་སམ་སྙམ་སྟེ་ཆུ་ཚོད་འཁོར་ལོ་སོགས་ལ་བརྟེན་ནས་དཔྱད་པར་བྱའོ། །ས་ཁད་ཤིན་ཏུ་ཡང་བ་ལ་ཉི་འོད་ཕོག་སྔ་བའང་ཡོད། གཞན་གཟའ་ལྔ་མིག་སྐར་དང་མཐུན་པ་སོགས་ཉི་ཟླའི་ལོངས་སྤྱོད་མ་གཏོགས་རྩིས་འཕྲོ་གཞན་ཕུག་པ་ལྟར་ཀྱང་ལེགས། ཉི་ལྡོག་ནི་ཉིན་སྣང་གི་ཉི་ལྡོག་ཕོག་པའི་ཉིན་དེ་ཉིད་དང་པོར་བྱས་ནས་ཡར་བགྲོད་ནས་ཉིན་ཞག་དགུ་པ་ལ་ལྡོག་པ་འདྲ་སྟེ་ཉི་གྲིབ་བརྟག་པས་དེ་དང་འགྲིག་པ་འདྲ། འདི་རྒྱ་རྩིས་ཀྱི་ཉི་ལྡོག་དང་འདྲ་འདུག །དེ་བཞིན་དབུགས་ཐོབ་སོགས་དུས་གཟེར་གྱི་ཚད་རྣམས་ཉི་མའི་དབང་གིས་ཡིན་པས་གོང་གི་རིགས་པས་དཔགས་ཏེ་ཤེས་པར་བྱའོ། །གོང་བཤད་འདི་རྣམས་ཀྱི་ཁྱད་མ་གཏོགས་རྩིས་གཞུང་གཞན་ཐམས་ཅད་ཕུག་པའི་ལུགས་ལྟར་བྱས་ན་ལེགས་པར་མངོན་ནོ། །འདི་རྣམས་ཕྱི་དུས་ཀྱི་འཁོར་ལོའི་དགོངས་དོན་སྐར་རྩིས་ཀྱི་གནད་ཅུང་ཟད་འཕྲོས་དོན་དུ་སྨྲོས་པ་ལགས་སོ། །དེ་ཡན་ཆད་ཀྱིས་ལེའུ་དང་པོའི་དགོངས་དོན་གནས་པ་ཉེར་བཞིས་བཤད་པ་སོང་ནས། ཚིགས་བཅད་བརྒྱ་རེ་དགུ་པ་འདིས་འཇིག་རྟེན་ཁམས་ཀྱི་ལེའུའི་དོན་ཞུས་པ་བཤད་ཟིན་པ་དང་། ལེའུ་ཕྱི་མ་ཞུ་བའི་སྐབས་དབྱེ་བ་ཡིན་ཏེ། ཕྱི་


MR17_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ནི་ཐོག་མར་ཆགས་པ་དང་ཆགས་ནས་གནས་པ་དེ་དག་གི་རྣམ་པ་དང་ཚད་ལ་སོགས་པ་བསྐྱེད་པའམ་སྤྲོས་པ་དག་དང་། དུས་ཀྱི་ཆ་འཛིན་པ་ཁྱིམ་བཅུ་གཉིས་ལ་གནས་པའི་རྒྱུ་སྐར་དང་། དེ་ལ་གཟའ་ཡི་རྒྱུ་བ་ཇི་ལྟར་ཡིན་པ་དང་། དེ་དང་མཉམ་པའམ་མཚུངས་པར་དུས་གང་ལ་ས་དུམ་བུ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཅན་ནི་འབྱུང་བ་དང་ཀླ་ཀློ༷་རྣམས་ཀྱི་ཆོས་ནི་ཉམས་པར་བྱས་ཤིང་མཆོག་གི་བདེ་བའི་གནས་ལ་རིགས་ལྡན་གྱིས་ནི་དམ་པའི་ལམ་སྦྱིན་པ་ཡི་ཚུལ་འདི་དག་ཐམས་ཅད་སྟོན་པ་བདག་གིས་ཁྱོད་ལ་དོན་ནི་ཇི་ལྟ་བ་བཞིན་དུ་བཤད་དོ། །ཟླ་བ་བཟང་པོ་ཞེས་བོས་ནས། དུས་གསུམ་ལས་བརྩམ་སྟེ་སླར་ཡང་ཁྱོད་ནི་སྐྱེ་བོ་ཀུན་ལ་འཕྲལ་གྱི་ཕན་པའི་དོན་དང་གཏན་གྱི་ཐར་པའི་སླད་དུ་སྟོན་པ་བདག་ལ་ཅི་ཞིག་འདྲི་ཞེས་ལེའུ་ཕྱི་མའི་དོན་ཞུ་བར་བསྐུལ་ཞིང་སྐབས་ཕྱེ་བའོ། །ལེའུའི་མིང་ནི། དཔལ་དང་པོའི་སངས་རྒྱས་ཆེན་པོ་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ། རྒྱུད་ཀྱི་མིང་གཉིས་སུ་མེད་པའི་དཔལ་ཕྱི་ནང་གཞན་གསུམ་གྱི་ཁྱབ་བྱེད་དུ་འཇུག་པ་དུས་ཀྱི་འཁོར་ལོ་ཡི་བསྡུས་པའི་རྒྱུད་ལས། ཕྱི་དུས་ཀྱི་འཁོར་ལོའི་མིང་གིས་མངོན་པར་བརྗོད་པར་བྱ་བ་འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་དང་པོའོ། །ལེའུའི་སྐད་དོད་པ་ཊ་ལ་ཞེས་པ་པ་ཊ་གོས་སམ་སྣམ་བུ་སོགས་ལ་འཇུག་ཅིང་ལ་ལེན་པ་ལ་འཇུག་པས་གོས་ཀྱིས་ལུས་གཡོགས་ནས་སྐྱོབ་པ་ལྟར་རྒྱུད་དོན་གྱི་གནས་སྐབས་གོས་ལྟ་བུའི་ཆིངས་འདིས་བཅིང་ནས་འཇུག་པའི་དོན་གྱིས་ལེའུ་ཞེས་སོ། །གཞན་ཡང་ལེའུའི་སྐད་དོད་པ་རི་ཝ་ཏྲ་ཞེས་ཡོངས་སུ་བསྒྱུར་བའམ་ཡོངས་སུ་བརྗེ་བ་དང་། པ་རི་ཚེ་ད་ཞེས་ཡོངས་སུ་གཅོད་པ་དང་། ཀྲ་མ་བྷེ་ད་ཞེས་རིམ་པར་ཕྱེ་བ་སོགས་ཀྱི་ངེས་ཚིག་གི་དོན་ཅན་དུ་བཤད་དུ་ཡོད་ཀྱང་འདིར་ལེའུའི་སྐད་དོད་དུ་རྒྱ་དཔེ་ལ་པ་ཊ་ལ་ཡོད་ཅེས་བླ་མ་རྣམས་གསུངས་སོ། །ཕྱོགས་དང་དུས་ཀྱི་ཆས་དབྱེ་འཇིག་རྟེན་ཁམས་ཀྱི་བཀོད་པ་དང་། །དུས་ཀྱི་ཆ་འཛིན་རྣམས་ཀྱི་བགྲོད་པ་དག་དང་དུས་བཞི་སོགས། །ཕྱི་རོལ་དུས་ཀྱི་འཁོར་ལོའི་དགོངས་དོན་ཡིད་འོང་པདྨའི་ཚལ། །ལེགས་བཤད་ཉི་མས་ཕྱེས་ལ་མཁས་རྣམས་དགྱེས་པའི་གཟིགས་མོར་མཛོད། །ཅེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལེའུ་དང་པོའི་དོན་རྣམ་པར་བཤད་ཟིན་ཏོ།། །།


previousདཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ།next