Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
   
   
ནང་སྒྲུབ་བཟླས་དམིགས་ཟུར་བཀོལ།
   
   
   
   
   
   
   
   
   
   


 
previousནང་སྒྲུབ་བཟླས་དམིགས་ཟུར་བཀོལ།next

ནང་སྒྲུབ་བཟླས་དམིགས་ཟུར་བཀོལ།


MR19_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྒྲུབ་བཟླས་དམིགས་ཟུར་བཀོལ་བཞུགས། ཕྱི་སྒྲུབ་དང་ནང་སྒྲུབ་སྟབས་གཅིག་ཉམས་ལེན་འདོད་ན་ལས་བྱང་གཞུང་གི་བསྙེན་པ་ཐམས་ཅད་སོང་བའི་མཚམས་སུ། བདག་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་ཧྲཱིཿདམར་པོ་གཅིག་འཕྲོས་པ་མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་བུམ་པར་ཞུགས། དེ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་སོང་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། དལ་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི་ཚེ་དང་བསོད་ནམས་བཀྲག་དང་གཟི་མདངས་དཔལ་དང་གཟི་བརྗིད། ནྲྀ་འཁྱམས་པ་ཐམས་ཅད་དང་། ནམ་མཁའ་ཉི་ཟླ་ས་ཆུ་མེ་རླུང་འཁོར་འདས་སྣོད་བཅུད་ཐམས་ཅད་འོད་དང་འོད་ཟེར་གྱི་འཕྲོ་འདུར་འབ་སེ་འུབ་སེ་སིབ་རུག་རུག །ཚེ་དཔག་མེད་ཀྱི་བུམ་པར་ཐིམ་ཞིང་བདག་ལ་ཡང་ཐིམ་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱཿཡུ་སིདྡྷི་ཧཱུྃ་ཧྲཱི༔ ཞེས་གུ་རུ་ཚེ་དཔག་མེད་དབྱེར་མེད་དུ་སྒྲུབ་པའི་སྙིང་པོ་དངོས་གྲུབ་ཀུན་འབྱུང་འབྲུ་བཅུ་བཞི་པ་ཅི་རིགས་བཟླ་བ་བསྙེན་པའོ། །ཐུན་མཚམས་སུ། ཀྱཻ་རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ རྒྱལ་བའི་དབང་པོ་ཚེ་དཔག་མེད༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བདག་ལ་རེ་ས་གཞན་ན་མེད༔


MR19_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་གསོལ་བ་བཏབ་ལ་དབང་བླང་བའི་ཚུལ་དུ༔ གཟུངས་ཐག་ལས་བརྒྱུད་དེ་འཆི་མེད་ཚེའི་བཅུད་འོད་ཟེར་དུ་ནར་བྱུང་སྟེ་བདག་གི་གནས་གསུམ་དང་། ཁྱད་པར་སྙིང་གའི་ནྲྀ་ལ་ཐིམ་པས། བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམས་ལ་སྔགས་སྔ་མ་ཅུང་ཟད་བཟླའོ། །དེ་ནས་སྒྲུབ་པའི་དུས་སུ་དམིགས་པ་གཞན་གོང་དང་འདྲ་བ་ལ༑ ཁྱད་པར་དུ་ཚེ་དཔག་མེད་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཨཿནྲྀ་ཧཱུྃ་གསུམ་གྱིས་མེ་རེ་རེ་གང་བར་གྱུར་པ་ལས། ཕྱག་གི་བུམ་པའི་ཧྲཱིཿལས་འོད་ཟེར་ཚེ་འགུགས་པ་དང་སྡུད་པའི་ཕོ་ཉའི་ཚུལ་དུ་འཕྲོས་པས། འབྲུ་གསུམ་གྱིས་གང་བ་ཐམས་ཅད་འུབ་ཧྲིལ་གྱིས་བསྡུས་ནས་ཕྱག་གི་བུམ་པ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་བསྡུས་ཏེ་ཆིལ་གྱིས་གང་བར་བསྒོམ། ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་བསྡུས་ཤིང་བདག་དང་བུམ་པར་ཐིམ་པ་དང་། ནང་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་འདུས་ཤིང་ཐིམ།


MR19_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འཆི་མེད་ཚེའི་བདུད་རྩིར་འདུས་ཤིང་བུམ་པར་ཐིམ། བདག་ལ་ཡང་ཐིམ་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཡིད་བཞིན་ནོར་བུ་ཞེས་བྱ་བའི་འབྲུ་བཅུ་བཞི་པ་འདི་ཅི་རིགས་བཟླ། དེ་ནས་ཚེ་ལས་ལ་སྦྱར་བའི་བཟླས་དམིགས་ནི། དཀྱིལ་འཁོར་གྱི་ཚེ་བདག་ལྷ་མོ་རྣམས་དང་། བདག་གི་ཐུགས་ཀའི་འོད་ཟེར་གྱིས་གཙོ་བོའི་ཐུགས་དམ་རྒྱུད་བསྐུལ་ནས། ཕྱོགས་དུས་ཀྱི་རྒྱལ་བའི་ཚེ་དཔག་ཏུ་མེད་པ་དང་། འབྱུང་བ་བཞིའི་བཅུད། ཉི་ཟླ་ནམ་མཁའ་འགྲོ་བ་སྣོད་བཅུད། འཇིག་རྟེན་གྱི་ཨཿནྲྀ་ཧཱུྃ་གསུམ་གྱི་རྣམ་པ་ཐམས་ཅད་རིངས་པར་འུབ་འུབ་བསྡུས་ནས། རང་རང་གི་ཕྱག་གི་བུམ་པར་མེར་མེར་ཆིལ་ཆིལ་དུ་ཁོལ་ཞིང་། ཁོལ་བ་ཐམས་ཅད་གཙོ་བོའི་བུམ་པར་སིབ་རུག་གེར་བླུག་ཅིང་། རྣལ་འབྱོར་པ་བདག་ལ་ཡང་འཆི་མེད་སྔགས་ཀྱི་རང་གཟུངས་ཀྱི་སྒྲ་དི་རི་རི་དབང་བསྐུར་བར་བསམས་ལ། ཨོཾ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུཪྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་ཚེ་ལས་ལ་སྦྱར་བའི་སྙིང་པོ་འབྲུ་བཅོ་ལྔ་པ་ཅི་རིགས་བཟླའོ། །མངྒ་ལཾ།།


previousནང་སྒྲུབ་བཟླས་དམིགས་ཟུར་བཀོལ།next