Nitartha Digital Library
Tibetan
 
previousཡང་དག་གྲུབ་པའི་རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ།next

ཡང་དག་གྲུབ་པའི་རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ།


MR21_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་གྲུབ་པའི་རྣམ་བཤད། གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ་ཅེས་བྱ་བ་བཞུགས་སོ།


MR21_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭཱ་ཡ། སྣང་བའི་དངོས་ཀུན་བདེ་ཆེན་སྒྱུ་མའི་སྐུ། །སྟོང་ཉིད་ཕྱག་རྒྱ་ཆེ་དང་མཉམ་སྦྱོར་བས། །ཨེ་ཝྃ་མི་ཕྱེད་རྡོ་རྗེའི་ཧེ་རུ་ཀཿ །རིགས་ཀུན་ཁྱབ་བདག་དེ་ལ་དང་བས་འདུད། །དེ་ལ་འདིར་རྒྱལ་བ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོའི་རྣམ་པར་རོལ་པ་གང་ཞིག །མཆོག་སྒྲུབ་པ་ལ་ཟབ་པར་སྲས་བཅས་རྒྱལ་བས་བསྔགས་ཤིང་། གྲུབ་པའི་རིག་འཛིན་རྣམས་ཀྱི་དགོངས་པའི་མཐིལ་དུ་མཛད་པ། དཔལ་ཡང་དག་ཧེ་རུ་ཀ་ཉིད་སྒྲུབ་པའི་ཐབས་ཡང་དག་གྲུབ་པ་ཞེས་བྱ་བ། རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་


MR21_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བསླད་བྲལ་བར་ཐུགས་ཀྱི་བཀའ་བབས་ཀྱི་རིག་འཛིན་ཆེན་པོས་ལུང་གི་ཚུལ་དུ་བསྡུས་པ་འདི་ཉིད། སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་མན་ངག་གིས་གསལ་པོར་བཀྲལ་བའི་རྗེས་སུ་འབྲང་སྟེ་མདོར་བསྡུས་སུ་བཤད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན།མཇུག་དོན་བཞི། དང་པོ། རྒྱ་གར་སྐད་དུ། སཾ་སིདྡྷི་མཧཱ་ཤྲཱི་ཧེ་རུ་ཀ་ནོ་པི་ཀ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ། ཞེས་པས་གསལ་ཏེ་སྐད་ཤན་སྦྱར་ན། ཤྲཱི་ནི་དཔལ། ཧེ་རུ་ཀ་ཁྲག་འཐུང་། མ་ཧཱ་ཆེན་པོ། ནོ་པི་ཀ་སྒྲུབ་ཐབས། སཾ་ཡང་


MR21_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དག །སིདྡྷི་གྲུབ་པ། ནཱ་མ་ཞེས་བྱ་བ་སྟེ། དེ་ཡང་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའོ། །ཁྲག་འཐུང་ཆེན་པོ་ནི་འཆད་པར་འགྱུར་བ་ལྟར་ལ། ཁྲག་འཐུང་ཆེན་པོ་དེ་ལ་བརྟེན་ནས་གནས་སྐབས་ཡོན་ཏན་སྣ་ཚོགས་དང་། མཐར་ཐུག་དེའི་གོ་འཕང་མངོན་དུ་བྱ་བའི་ཕྲིན་ལས་ནི་སྒྲུབ་པའི་ཐབས་ཡིན་ལ།སྒྲུབ་ཐབས་དེའི་མིང་ནི་ཡང་དག་པར་གྲུབ་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དྲང་དོན་རྟགས་ཀྱི་ཧེ་རུ་ཀ་ནི་རྒྱལ་བ་ཀུན་གྱི་ཐུགས་མཆོག་གི་ཡེ་ཤེས་འབར་བའི་ཁྲོ་བོའི་རྣམ་པ་ཅན་དུ་ཤར་བ་དངོས་གྲུབ་གཉིས་ཀྱི་གཏེར་དུ་གྱུར་པ་དེ་ཡིན་ལ། དེ་ནི་རྒྱུད་ཀྱི་དོན་ཉིད་དམ་པའི་མན་ངག་གིས་མ་སྦས་པར་བཀྲལ་བའི་རྗེས་སུ་ཚུལ་བཞིན་ཞུགས་པ་ལས་འགྲུབ་པར་འགྱུར་གྱི་གཞན་དུ་གྲུབ་པ་མིན་པས་ན། སྒྲུབ་ཐབས་འདིར་བསྟན་པ་འདི་བཞིན་ཞུགས་ན་ཡང་དག་པར་གྲུབ་པར་འགྱུར་བས་ཡང་དག་པར་གྲུབ་པ་ཞེས་བྱ་ཞིང་། ཡང་ན་ངེས་པ་དོན་གྱི་ཧེ་རུ་ཀ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཡང་དག་པའི་བདག་ཉིད་ཅན་ཡིན་ལ། དེ་ནི་ལམ་དམན་པ་གཞན་གྱིས་ཐོབ་པར་མི་ནུས་ཏེ། གསང་


MR21_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ངེས་པའི་ལུང་འདི་ལྟ་བུ་ལ་ཚུལ་བཞིན་ཞུགས་པས་ཆོས་ཐམས་ཅད་གདོད་ནས་སངས་རྒྱས་པའི་རང་བཞིན་དེ་ཉིད་དུ་གྲུབ་པར་འགྱུར་བས་ན་ཡང་དག་པར་གྲུབ་པ་ཞེས་བྱའོ། །གཉིས་པ། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། བདུད་བཞི་བཅོམ་པའམ་སྐུ་བཞི་ཡེ་ཤེས་ལྔའི་ལེགས་པ་དང་ལྡན་ཅིང་སྲིད་ཞིའི་མཐའ་ལས་འདས་པ་ཁྲག་འཐུང་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ་ཞེས་གུས་པར་འདུད་པ་སྟེ། དེ་ཡང་ཧེ་རུ་ཀའི་སྒྲ་ནི་ཁྲག་འཐུང་ཞེས་བྱ་སྟེ། འདི་ཡང་ངོ་བོའི་དབང་དུ་བྱས་ན་ཤེས་རབ་དང་སྙིང་རྗེ་རྨད་དུ་བྱུང་བའི་མཚན་གྱི་རྣམ་གྲངས་ཏེ། ཧེ་རུ་ཀ་ཞེས་པའི་འབྲུ་གསུམ་རྒྱུ་འབྲས་ངོ་བོས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་མཚན་མའི་རྟོག་པ་ལ་ངང་གིས་ཁྲོ་བའི་མཚན་ཡིན་ལ། ཡང་ཧེ་རུ་ཀ་ཞེས་པ་ཁྲག་འཐུང་གི་མིང་སྟེ། ཁྲག་ནི་དམར་བ་དང་བརླན་པར་གྱུར་པ་སོགས་ཀྱིས་མཚོན་པ། གདུལ་དཀའི་འགྲོ་བར་ལྷག་པར་རྗེས་སུ་ཆགས་ཤིང་བརྩེ་བའི་རང་བཞིན་ཡིན་ལ། འཐུང་བ་ནི་སྤྱོད་ཡུལ་དེ་ལྟ་བུ་ལ་ངང་གིས་རོལ་པ་སྟེ། མཐར་ཕྱིན་པའི་


MR21_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པའི་བརྩེ་བ་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་འཁོར་བའི་ལས་ངན་གཅོད་པ་ལ་ཁྲོ་བའི་མཚན་ཏེ། དེས་ན་ཁྲོ་བོ་ནི་གདུལ་བྱ་གདུལ་དཀའ་བ་ལ་རྗེས་སུ་ལྷག་པར་བརྩེ་ཞིང་། སྦྱོར་སྒྲོལ་གྱི་ཕྲིན་ལས་ཟབ་མོ་ཕུལ་དུ་བྱུང་བ་མངའ་བས་ན་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་སོགས་ཀྱི་ངོ་མཚར་རྨད་དུ་བྱུང་བ་སྟེ། ཇི་སྐད་དུ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་བཞིན་ནོ། །ངོ་བོ་དེ་ལྟ་བུ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་བཞེངས་པ་ནི། འབར་བའི་གར་དགུའི་ཉམས་དང་ལྡན་པས་བདུད་དང་ལོག་པར་འདྲེན་པ་ཀུན་གྱི་སྙིང་ཁྲག་འཐུང་བར་མཛད་པ་ནི་ཁྲག་འཐུང་ཞེས་བྱའོ། །ཐུན་མོང་བྱེད་ལས་ཀྱི་དབང་དུ་བྱས་ན་ཁྲོ་བོ་དེ་དག་གིས་འཁོར་བའི་ལུས་སྐྱེ་བའི་བཅུད་དམ་ཉོན་མོངས་ཀུན་སྡུད་པ་སྲེད་པའི་ན་དང་བཅས་པའི་འཁོར་བའི་རྒྱུན་ཐུགས་རྗེའི་རྣོ་དབལ་དྲག་པོས་མྱུར་དུ་གཅོད་ཅིང་སྐེམ་པའི་ཕྲིན་ལས་མཛད་པ་ལ་ཁྲག་འཐུང་ཞེས་བྱ་སྟེ། དེ་ནི་ཧེ་རུ་ཀའི་སྒྲ་དོན། ཁྲོ་བོའི་རྒྱུ་དང་ངོ་བོ་བྱེད་ལས་སམ། ངོ་བོ་དང་


MR21_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཕྲིན་ལས་ཀྱི་སྒོ་ནས་བཤད་པའོ། །ཆེན་པོ་ནི་གཞན་འཇིག་རྟེན་པའི་ལྷ་ཆེན་པོ་སོགས་ལས་ཁྱད་པར་དུ་འཕགས་ཏེ་དེ་དག་གི་རྗེ་བོར་གྱུར་པའམ། གདུལ་བྱ་གདུལ་དཀའ་བ་འདུལ་བའི་ཡེ་ཤེས་དང་ཐུགས་རྗེའི་ཤུགས་རྨད་དུ་བྱུང་བ་ལ་དེ་སྐད་དུ་བསྟན་པའོ། །གསུམ་པ་གཞུང་གི་དོན་ལ་གསུམ་སྟེ། སྒྲུབ་པས་དམིགས་པར་བྱ་བའི་ཡུལ་དང་། ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ངོ་བོ་དང་། དེ་ལྟར་སྒྲུབ་པས་གྲུབ་པ་འབྲས་བུའི་དོན་ཏོ། །དེ་ལ་དང་པོ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་འམ།དེ་ཉིད་ཁྲོ་བོར་སྣང་བ་བཛྲ་ཧེ་རུ་ཀ་ཉིད་དོ། །སྒྲུབ་པར་བྱེད་པའི་ཐབས་ནི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་པའི་སྒོ་ནས་སོ། །གྲུབ་པའི་འབྲས་བུ་གཞི་འབྲས་དབྱེར་མེད་ཀྱི་བདག་ཉིད་དཔལ་ཆེན་པོ་སྐུ་གསུམ་དང་ལྡན་པ་མངོན་དུ་གྱུར་པའོ། །དེ་ལ་འབྲས་བུ་ནི་ཤུགས་ཀྱིས་བསྟན་ནས་སྐབས་འདིར་དམིགས་པའི་ཡུལ་དང་། སྒྲུབ་པའི་ཐབས་གཉིས་སུ་བཞག་པ་ལས། དང་པོ། ཡང་དག་གྲུབ་པ་གཅིག་པུ་ཉིད། སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །


MR21_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་དོན་གཉིས་མཐར་ཕྱིན་གྱི་ངོ་བོ་དཔལ་ཆེན་པོའི་རང་བཞིན་བསྟན་པ་དང་། ཐམས་ཅད་དཀྱིལ་འཁོར་དྲུག་གི་ངོ་བོར་སངས་རྒྱས་པར་བསྟན་པ་གཉིས་སུ་ཤེས་པར་བྱ་སྟེ། དེ་ཡང་དང་པོ་ལྟར་ན། ཆོས་དབྱིངས་གློ་བུར་གྱི་དྲི་མས་རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡུལ་ཡང་དག་པ་ཉིད།ཡུལ་ཅན་ཡེ་ཤེས་ཀྱིས་རྟོགས་པའི་སྒོ་ནས་མངོན་དུ་གྲུབ་པ་གང་ཞིག །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་ཆ་མེད་པ་གཅིག་པུ་ཉིད་དེ་ནི་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་ཟག་མེད་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་པའི་བདེ་བ་ཆེན་པོ་ཀུན་འདུས་པ་ཉིད་ཀྱི་རང་བཞིན་ཡིན་ལ། ཆོས་ཀུན་གྱི་དེ་བཞིན་ཉིད་མཉམ་པ་ཆེན་པོར་སྙོམ་པར་ཞུགས་ཤིང་དེ་ལས་མི་གཡོ་བའི་རྣལ་འབྱོར་ཟབ་མོ་དེ་ལྟ་བུ་ལ་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་རྫོགས་པར་མངའ་བ་ནི་རང་དོན་ཕུན་ཚོགས་དང་། ཡེ་ཤེས་དང་ཐུགས་རྗེས་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ནམ་མཁའ་རབ་འབྱམས་ཀྱི་ཁམས་ཁྱབ་པར་འགྲོ་ཞིང་རྟག་ཏུ་གདུལ་བྱའི་དོན་མཛད་པ་སྒྱུ་མ་ལྟ་བུའི་རྣམ་པར་རོལ་པ་སྟོན་པ་སྟེ། དེ་ཡང་རྒྱུ་རྐྱེན་ལས་སྐྱེས། མཐུན་པར་སྣང་། དོན་


MR21_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ནུས། བརྟགས་ན་དབེན་པའི་རྒྱུ་མཚན་བཞིས་སྒྱུ་མ་དང་མཛད་པ་ཆོས་མཐུན་ཏེ། ཆོས་དབྱིངས་སྐྱེ་མེད་ལས་ཐུགས་རྗེ་ཆེན་པོའི་རྐྱེན་གྱིས་རྒྱུ་ལས་སྐྱེས།ཇི་ལྟར་འདུལ་བ་ལ་དེ་ལྟར་སྣང་། གདུལ་བྱ་ཐབས་ཀྱིས་སྤྱོད་པས་རེ་འདོད་སྐོང་བའི་དོན་བྱེད་ནུས། བཏགས་པ་ཙམ་དུ་སྣང་གི་ཡང་དག་པར་སྐུ་གསུང་ཐུགས་ཀྱི་ངོ་བོ་ལ་བརྗོད་དུ་མེད་པ་བརྟགས་ན་དབེན་པའི་ཕྱིར་རོ། །བླང་དོར་མེད་པའི་ཆོས་ཉིད་ལ་དབང་འབྱོར་བས་འདོད་པའི་ཡོན་ཏན་ལྔ་མ་སྤངས་གྲོགས་སུ་ཁྱེར་བས་ཉན་ཐོས་སོགས་ལམ་དམན་པ་ལ་ལྟོས་ན་བདེ་ཞིང་། དེ་ལྟར་སྤྱོད་ཀྱང་ཉོན་མོངས་པས་མི་གོས་པར་དེ་ཉིད་ལམ་དུ་འགྱུར་བས་ལྷ་ཆེན་པོ་སོགས་ལས་མཆོག་ཏུ་གྱུར་ལ། ཀློང་དུ་གྱུར་ནས་མཐར་ཕྱིན་འགྱུར་མེད་མཆོག་གི་བདེ་བ་ལ་འགྲོ་ཀུན་འགོད་པའི་དཔལ་མངའ་བ་ནི་གཞན་དོན་ཕུན་སུམ་ཚོགས་པའི་བདག་ཉིད་དེ། དེ་ལྟར་དོན་གཉིས་ལྷུན་གྱིས་གྲུབ་པ་དཔལ་ཆེན་པོ་ལ་དམིགས་པའམ། ཡང་བཤད་ཚུལ་གཉིས་པ་ལྟར་ན་སེམས་ཅན་གྱི་དུས་ན་ཡུལ་དང་ཡུལ་ཅན་དུ་སྣང་བའི་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པའི་བདག་ཉིད་དུ་གནས་པ་ནི། འདི་ལྟར་ལུས་ཤེས་ཆོས་དབྱིངས་


MR21_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས། གཟུགས་རྣམ་པར་སྣང་མཛད། གཏི་མུག་རང་བྱུང་ཆེན་པོ་ཡེ་ཤེས་ཀྱི་སྐུར་གསལ་བ་ནི་གནས་ལུགས་ཡང་དག་པ་ཞེས་བྱའོ། །དེ་བཞིན་དུ་ཀུན་གཞི་དང་རྣམ་ཤེས་ཕུང་པོ་ཞེ་སྡང་རྣམས་མེ་ལོང་ཡེ་ཤེས་རྡོ་རྗེ་སེམས་དཔའ་ཉིད་དུ་གདོད་ནས་གྲུབ་པ་དང་། ཉོན་ཡིད་དང་ཚོར་བ་ང་རྒྱལ་རྣམས་རིན་ཆེན་འབྱུང་ལྡན་སྤྲོས་བྲལ་གཅིག་པུ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་པ་དང་། ཡིད་ཤེས་དང་འདུ་ཤེས་འདོད་ཆགས་རྣམས་སྣང་བ་མཐའ་ཡས་སོར་རྟོགས་ཡེ་ཤེས་སུ་ཤར་བས་སངས་རྒྱས་ཀྱི་བདེ་ཆེན་ལ་མངའ་དབང་འབྱོར་བ་དང་། ཀུན་གཞི་འམ་རྣམ་ཤེས་བརྒྱད་དང་ཕུང་ལྔ་དུག་ལྔ་རང་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དང་དབྱེར་མེད་པས་ན་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་དཔལ་ཆེན་པོ་ཉིད་དུ་ཤར་བ་དེ་ཁོ་ན་ལ་རིགས་ཐམས་ཅད་ཀུན་འདུས་པ་དང་། སྒོ་ལྔའི་ཤེས་པ་དང་འདུ་བྱེད་ཀྱི་ཕུང་པོ་ཕྲག་དོག་རྣམས་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ་པར་གནས་པ་ནི་མཛད་སྤྱོད་ཐམས་ཅད་ཆོས་ཉིད་དུ་རང་བཞིན་གྱིས་རོལ་པའི་རྣལ་འབྱོར་ཟབ་མོ་ཡིན་ནོ། །དེ་ལ་སྐབས་འདིར་རྒྱུད་དང་འགྲེལ་བས། ལུས་ཤེས་ཆོས་དབྱིངས་བྱ་གྲུབ་ཡེ་ཤེས་གཉིས་ཀར་སྡུད་པ་ནི་ལུས་ཀུན་ལ་ཁྱབ་པའི་རྟེན་


MR21_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆ་དང་། བྱ་བ་ཡུལ་ལ་འཇུག་པའི་བྱེད་པའི་ཆ་ནས་སོ་སོར་བཞག་པ་དང་། ཀུན་གཞིའི་རྣམ་ཤེས་ནི་རྡོ་རྗེའི་རིགས་དང་རིགས་དྲུག་པ་གཉིས་ཀར་བསྡུས་ཀྱང་། ཀུན་གཞི་རང་གི་རྣམ་པའི་ཆ་ནས་དང་། ཕྱི་ནང་གི་སྣང་བ་ཐམས་ཅད་ཀུན་གཞི་ལས་སྣང་བའི་ངོ་བོའི་དབང་དུ་བྱས་ཏེ་དེ་གཉིས་སུ་བཞག་པར་མཛད་དམ་སྙམ་སྟེ། འཁོར་བའི་ཆོས་རྣམས་སྣང་བཏགས་ཙམ་ལ་གནས་སྐབས་ཀྱི་བྱ་བྱེད་འཐད་ཅིང་ངོ་བོ་བརྟགས་ན་དབེན་ལ། དག་པའི་ཡེ་ཤེས་རྣམས་ཀྱང་ངོ་བོ་རིས་སུ་མ་ཆད་པའི་དབང་གིས་དག་སྦྱོར་མི་འདྲ་བ་སྣ་ཚོགས་རྒྱུད་རྣམས་ན་འབྱུང་བ་བཞིན་འདིར་ཡང་རྟོགས་པར་བྱ་དགོས་པ་ཡིན་ལ། གཞན་ཡང་དགོངས་པའི་དོན་ཁྱད་པར་བ་ཡོད་ན་བློ་ལྡན་རྣམས་ཀྱིས་ད་དུང་བཙལ་བར་བྱའོ། །གོང་གི་དོན་དེ་ལྟ་བུའི་ངང་ལས་མ་གཡོས་པ་ན་སྐུ་གསུམ་ལྷུན་གྱིས་རྫོགས་པ་སྟེ། དེ་ཡང་སྒྲུབ་པ་པོའི་རྒྱུད་ལ་སྦྱར་ན། ཡུལ་དྲུག་ལ་ཤེས་པ་དྲུག་གིས་མ་བཟུང་བར། ཤེས་པ་ཡེ་ཐོག་མ་ནས་མ་བཅོས་པ་རྟོག་མེད་སྤྲོས་བྲལ་དུ་བཞག་པས་ཟབ་མོའི་ཆོས་ཉིད་ནམ་མཁའ་ལྟར་མཉམ་པ་ལ་གནས་པ་ཆོས་སྐུ། ཕུང་ལྔ་རིགས་ལྔ་ཡེ་ཤེས་ལྔར་ཤར་བས་སྲིད་


MR21_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་ཆོས་ཀུན་ལ་དབང་བསྒྱུར་བ་ལོངས་སྤྱོད་རྫོགས་པའི་སྐུ། འདོད་པའི་ཡོན་ཏན་གང་སྣང་ཡང་སྐྱོན་མེད་ཅིང་རོལ་བར་སྣང་བས་སྤྲུལ་པའི་སྐུ་རྫོགས་སོ། །དེ་ལྟར་ཡབ་ཐབས་ཀྱི་ཕྱག་རྒྱ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དེ་དག་གི་ཡུམ་ནི་མཁའ་འགྲོ་ཞེས་པས་བསྟན་ཏེ། གཟུང་འཛིན་གྱི་རྟོག་པའི་སྤྱོད་ཡུལ་ཅན་གྱི་ཕྱི་ནང་གི་སྙིགས་མའི་འབྱུང་བ་ལྔ་རྣམ་པར་དག་པ་ནི་གཟུང་འཛིན་གྱི་རྟོག་པ་མེད་པའི་རང་བཞིན་ཅན་དྭངས་མའི་འབྱུང་བ་ལྔ་སྟེ་ཡུམ་ལྔར་གནས་པའོ། །དེ་ཡང་ནམ་མཁའ་དང་སེམས་རྣམ་པར་དག་པ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཀུན་ཏུ་བཟང་མོ། ས་ལྟར་སྣང་བ་དང་ཤ་རུས་རྣམ་པར་དག་པ་དེ་བཞིན་གཤེགས་རིགས་ཀྱི་མཁའ་འགྲོ་སངས་རྒྱས་སྤྱན། ཆུ་ཁམས་དང་ཁྲག་རྣམ་པར་དག་པ་རིན་ཆེན་མཁའ་འགྲོ་མ་མཱ་ཀི མེ་ཁམས་དང་དྲོད་རྣམ་པར་དག་པ་པདྨ་མཁའ་འགྲོ་གོས་དཀར་མོ། རླུང་དང་དབུགས་རྣམ་པར་དག་པ་ལས་ཀྱི་མཁའ་འགྲོ་དམ་ཚིག་སྒྲོལ་མ། སྙིགས་མའི་འབྱུང་བ་ལྔ་རིལ་གྱིས་དག་པ་དབྱིངས་ཀྱི་མཁའ་འགྲོ་ཀྲོ་དྷཱི་ཤྭ་རི་མ་ཡིན་ཏེ། དེ་ལྟར་མཁའ་འགྲོ་ལྔ་ཡང་ཀུན་བཟང་ཀྲོ་དྷཱི་ཤྭ་རི་མར་འདུས་པས་དེའི་མཁའ་ཀློང་དུ་འཁོར་འདས་


MR21_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབྱུང་ཞིང་གནས་ལ། ཡུམ་འབྱུང་ལྔ་དང་དེའི་ཀློང་ནས་སྣང་བའི་ཆོས་ཐམས་ཅད་ཐེག་པ་འོག་མས་ཀུན་རྫོབ་སྒྱུ་མ་ལྟར་མཐོང་། གསང་སྔགས་ཀྱིས་དེ་ཉིད་ལྷར་སྣང་སྒྱུ་མ་ལྟར་མཐོང་། རྫོགས་པ་ཆེན་པོས་ལྷུན་གྲུབ་སྒྱུ་མར་མཐོང་ནས་སྒྱུ་མ་ཞེས་སོ། །དེ་ལྟ་བུར་སེམས་ཅན་གྱི་དུས་ན་སྣང་བའི་རྣམ་ཤེས་བརྒྱད་དང་། ཕུང་པོ་ལྔ་དང་། དུག་ལྔ་སྟེ་ཡུལ་ཅན་གྱི་ཆོས་དང་། ཡུལ་འབྱུང་ལྔ་སྟེ་གཟུང་འཛིན་གྱིས་བསྡུས་པ་ཐམས་ཅད་རང་བཞིན་རྣམ་པར་དག་པའི་སྐུ་དང་ཡེ་ཤེས་སུ་ཤར་བའི་དོན་དེ་དག་ཤེས་རབ་གྱིས་རྟོགས་ཅིང་ཏིང་འཛིན་གྱིས་དབང་འབྱོར་བའི་ཡོ་བྱད་གཉིས་ལ་ལོངས་སྤྱོད་པའི་སྒོ་ནས་ཇི་ལྟར་འདོད་པར་སྒྱུ་མ་ལྟར་དབང་བསྒྱུར་བས་ན་བདེ་ཞིང་། ཇི་ལྟར་སྤྱད་ཀྱང་དངོས་པོ་དང་མཚན་མའི་ཆགས་ཐོགས་དང་བྲལ་བར་སྐྱོན་གྱིས་མི་གོས་པ་ནི་མཆོག་ཏུ་བདེ་བའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དཔལ་ཆེན་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་བོའི་ཆ་ནས་གཞི་འབྲས་དབྱེར་མེད་ཀྱི་ཧེ་རུ་ཀ་དེ་ཉིད། རིགས་གསུམ་རིགས་བཞི་རིགས་ལྔ་ལ་སོགས་པའི་སྣང་ཆ་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས་ཀྱི་ཁྱབ་བདག་གཅིག་པུར་


MR21_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་ནི་སྒྲུབ་པས་དམིགས་པར་བྱ་བ་ཉིད་དུ་ངེས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ཀྱི་ངོ་བོ་ལ། སྒྲུབ་པ་པོ་རྟེན་གྱི་གང་ཟག །ཇི་ལྟར་བསྒྲུབ་པའི་ཚུལ་གཉིས། དང་པོ་ལ་སྣོད་ལྡན་ལ་བསྟན་པ་དང་། སྣོད་མིན་ལ་སྦ་བའོ། །དང་པོ་ལ། ཐོག་མར་གདམས་པ་སྦྱིན་པ་དང་། བྱིན་ནས་ཆུད་མི་ཟ་བར་གཟུང་བར་བྱ་བ་གཉིས། དང་པོ། ཤེས་རབ་ཀྱིས་ནི་བློ་ཕྱེ་ནས། །ངེས་པར་བརྟགས་པའི་ས་གཞི་ལ། །བླ་མས་ངེས་པའི་ལུང་འདི་བསྟན། །ཞེས་གསུངས་ཏེ། ཐོག་མར་ཐུན་མོང་གི་ལམ་སྦྱང་བ་སོགས་ཀྱི་ཐོས་བསམ་བསྒོམ་པའི་ཤེས་རབ་དང་། གསང་ཐུབ་ཅིང་བརླིང་བ་གསང་བའི་ཤེས་རབ་སྟེ། དེ་ལྟར་ཤེས་རབ་བཞི་པོ་དེ་ཉིད་ཀྱིས་ནི། རིམ་པ་ལྟར་སྣོད་དུག་ཅན་དང་ཁ་སྦུབ་དང་འཕྲེད་ཉལ་དང་ཞབས་རྡོལ་ལྟ་བུ་ཅན་བཞིའི་བློ་ཁ་ཕྱེ་བར་བྱས་ནས་ཆོས་ལམ་དུ་ཞུགས་པ་དེ་ལ། མི་རིགས་དང་མི་གཞི་དང་དད་པ་དང་ཤེས་རབ་བཞི་ཇི་ལྟ་བུ་དང་ལྡན་ངེས་པར་བརྟགས་ནས་ཟབ་མོ་སྔགས་ཀྱི་ཚུལ་བསྟན་པའི་སྣོད་དུ་གྱུར་པའི་སྣོད་དུ་གྱུར་པ་ཞིག་ཡིན་ན། དེ་ནི་ཇི་ལྟར་ས་གཞི་བཟང་པོ་ལ་ས་བོན་གང་བཏབ་ལེགས་པར་སྨིན་པ་དང་འདྲ་བར་གདམས་པ་ཆུད་མི་ཟ་བས་ན་དེ་ལྟ་


MR21_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ། བདེ་བར་གཤེགས་པའི་གསང་བ་ཆེན་པོའི་ཆོས་ཚུལ་འཛིན་པས་ན་ཀུན་ལས་མཆོག་ཏུ་གྱུར་པ་དཔལ་ལྡན་བླ་མས་ངེས་དོན་གྱི་གསང་རྒྱུད་ཀུན་གྱི་བཅུད་བླངས་པའི་མན་ངག །དྲང་བའི་ལུང་མ་ཡིན་པ་ངེས་པའི་ལུང་གི་སྒྲུབ་ཐབས་གསང་སྔགས་ཀྱི་གཞི་མོ་ཡང་དག་པར་གྲུབ་པ་འདི་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་ཐོབ་ཕྱིར་བསྟན་པར་བྱའོ། །གཉིས་པ། སྣུམ་པ་ཡི་ནི་དམ་ཚིག་དང་། །གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན། །དེ་དག་གོམས་ནས་ཉམས་སུ་བླངས། །ཞེས་གསུངས་ཏེ། ཇི་ལྟར་སྣུམ་ནི་ལུས་སྐྱེ་བའི་བཅུད་དམ་གཞིར་གྱུར་པ་དང་འདྲ་བར་སྣུམ་པ་ཡི་ནི་དམ་ཚིག་སྟེ་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཡན་ལག་མི་སྤངས་པ་ལྔ་སོགས་ཉི་ཤུ་རྩ་ལྔ་དང་། དེ་དག་གི་སྲོག་ལྟ་བུ་བྱང་ཆུབ་སེམས་ཀྱི་དམ་ཚིག་སྟེ། ཇི་སྐད་དུ། ཆོས་ཐམས་ཅད་ཀྱི་སྲོག་དམ་ཚིག །དམ་ཚིག་གི་སྲོག་ལྟ་བ། ལྟ་བའི་སྲོག་ལུང་། ལུང་གི་སྲོག་མན་ངག །མན་ངག་གི་སྲོག་བསྒོམ་པ། བསྒོམ་པའི་སྲོག་མ་ཡེངས་པ། མ་ཡེངས་པའི་སྲོག་གདེངས་སུ་གྱུར་པ་ཞེས་གསུངས་པ་བཞིན་དུ། གདེངས་སུ་གྱུར་པའི་དུས་ན་ཐམས་ཅད་མཉམ་ཉིད་བྱང་ཆུབ་ཀྱི་


MR21_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སུ་འདུས་པས་ན། མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུའི་དམ་ཚིག་ལ་གནས་པ་ནི་དམ་ཚིག་ཐམས་ཅད་ཀྱི་སྲོག་བཟུང་བ་སྟེ། དེ་ལྟར་དམ་ཚིག་མཆོག་གིས་རྒྱུད་སྣུམ་པར་བྱས་པའམ་བཅུད་དང་ལྡན་པར་བྱ་སྟེ། རྟག་ཏུ་འདའ་བར་བྱ་བ་མིན་པའི་ཚུལ་ལ་གནས་པ་ནི་སེམས་པའི་རྒྱུན་དང་བཅས་པ་དང་། མཉམ་ཉིད་སྔགས་ཀྱི་བརྟུལ་ཞུགས་ཟབ་མོ་ལ་ཇི་བཞིན་པར་གནས་པ་ལས་རིགས་དང་རིགས་མིན་གྱི་ངོར་མི་བལྟ་བ་ཕོ་ཉའི་གཙང་སྦྲ་དང་། བདེ་སྟོང་གི་རྐྱེན་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་སྦྱོར་བའི་གཙང་སྦྲ་དང་། གཙང་དམེ་མེད་པར་བདུད་རྩི་ལྔ་ལ་སོགས་པར་ལོངས་སྤྱོད་པ་ཟས་གཅིག་ཏུ་ཟ་བའི་གཙང་སྦྲ་སྟེ་གསུམ་དང་ལྡན་པར་བྱ་སྟེ། མཉམ་ཉིད་བླང་དོར་མེད་པའི་དོན་ལ་དེ་དང་རྗེས་སུ་མཐུན་པའི་བརྟུལ་ཞུགས་ཀྱིས་བདེ་བ་ཆེན་པོ་འགྲུབ་པར་འགྱུར་གྱི་བླང་དོར་དུ་སྤྱོད་པ་ནི་ཇི་ལྟར་བཟང་ཡང་དེ་ཁོ་ན་ཉིད་ལས་གོལ་བས་ན་ཚུལ་འདི་ལྟ་བུས་གཙང་ཞིང་དག་པ་རབ་ཀྱི་མཐའ་ཐོབ་པར་ནུས་ཀྱི་གཞན་གྱིས་མ་ཡིན་པས་ན་འདི་ནི་གཙང་སྦྲ་མཆོག་ཡིན་པས་འདི་དང་ལྡན་པར་བྱ་ཞིང་། ལྟ་བ་དམན་ཅིང་ཤེས་རབ་ཞན་པ་རྣམས་རི་དྭགས་ཚོགས་ཀྱིས་སེང་གེའི་སྒྲ་མི་བཟོད་པ་བཞིན་


MR21_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྲག་ཅིང་འཇིགས་པའི་གནས་སུ་གྱུར་པའི་སྔགས་ཀྱི་བརྟུལ་ཞུགས་ཅན་དུ་བྱ་སྟེ། དེ་ལ་བརྟུལ་ཞུགས་ནི་སྐབས་འདིར་བསྙེན་སྒྲུབ་ཡིན་ལ། དེ་ཡང་ཐོག་མར་བསྙེན་སྒྲུབ་ཀྱི་སྣོད་དུ་རུང་བའི་དབང་ཚུལ་བཞིན་ནོས་ནས། དངོས་གཞི་བདེན་གཉིས་ཟུང་དུ་འཇུག་པའི་ཚུལ་གྱིས་ལྷའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་བསྒོམ་ཞིང་། བཟླས་པ་མཐར་དབྱུང་ནས་སྦྱིན་སྲེག་བྱ་བས་བསྙེན་པ་དང་ཉེ་བར་བསྙེན་པ་རྫོགས་པའི་སྒོ་ནས་ལྷའི་བྱིན་གྱིས་རློབ་པའི་མཚན་མ་ཐོབ་པར་བྱའོ། །དེ་ལྟར་སྣོད་ལྡན་གདམས་ངག་གི་ལུང་ཐོབ་པ་དེས་ཀྱང་ཐོག་མར་དམ་ཚིག་དང་གཙང་སྦྲ་བརྟུལ་ཞུགས་དེ་དག་གོམས་པར་བྱས་ནས་གདོད་སྒྲུབ་པ་ཉམས་སུ་བླང་བར་བྱའོ། །ཞེས་སོ། །གཉིས་པ་སྣོད་མིན་ལ་སྦ་བར་གདམས་པ་ནི། བློ་ཞན་ཤེས་རབ་ཆུང་བས་ནི། བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉིས་ཀ་བསྲེག་པས་ན། །དེ་བས་གཞན་དུ་བསྟན་པ་མིན། །ཞེས་གསུངས་ཏེ། ཅི་ཕྱིར་དེ་ལྟར་སྣོད་ངེས་པར་བརྟག་པར་བྱ་ཞེ་ན། མ་བརྟགས་ན་སྐྱོན་ཡོད་དེ། འདི་ལྟར་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ལ་ཡིད་སྤྲོ་བ་མེད་པའི་བློ་ཞན་པ་དང་གསང་སྔགས་ཁྱད་དུ་འཕགས་པའི་དོན་ཟབ་


MR21_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཇི་བཞིན་མི་ཤེས་པའི་ཤེས་རབ་ཆུང་བས་ནི། ཚུལ་འདི་ལྟ་བུ་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། སྔགས་ཀྱི་དོན་ལོག་པར་སྤྱོད་པས་ཆོས་དང་གང་ཟག་མ་རུང་བར་བྱེད་པས་ན།ཚེ་འདིར་ཡང་ཚེ་ཐུང་ཞིང་ནད་མང་བ་སོགས་ཕུང་བར་བྱེད་ཅིང་། ཕྱི་མར་དམྱལ་བར་དཔོན་སློབ་གཉིས་ཀ་བསྲེག་པ་དང་སྦྲེབ་པ་སོགས་སྡུག་བསྔལ་མང་པོ་འཐོབ་པར་འགྱུར་བ་ཡིན་པས་ན། གོང་དུ་བསྟན་པ་ལྟར་གྱི་སྒྲུབ་པ་པོ་མཚན་ཉིད་ལྡན་པ་དམ་ཚིག་དང་གཙང་སྦྲ་དང་བརྟུལ་ཞུགས་མཆོག་ལ་གནས་པ་དེ་བས་སམ་དེ་ལས་གཞན་དུ་བློ་ཞན་ཅིང་ཤེས་རབ་ཆུང་བ་རྣམས་ལ་བསྟན་པ་ཉིད་བྱ་བ་མིན་ནོ། །ཞེས་སོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བ་གསུམ། དང་པོ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཕུན་སུམ་ཚོགས་པ་བཞི་ལྡན་ནས། །ཞེས་གསུངས་པ་འདི་ལ་སྤྱིའི་དབང་དུ་བྱས་ན། མཉམ་པ་ཉིད་ཀྱི་ལྟ་བ། སྦྱོར་སྒྲོལ་གྱི་སྤྱོད་པ། ཞི་ཁྲོ་སྒྲུབ་པའི་ཕྲིན་ལས། རྩ་ལག་བྱང་སེམས་ཀྱི་དམ་ཚིག་བཞི་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཁྱད་པར་སྐབས་སུ་དགོས་པའི་དབང་དུ། ཤེས་པ་དང་།


MR21_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་། གནས་དང་། ཡོ་བྱད་ཕུན་སུམ་ཚོགས་པ་བཞི་དང་ལྡན་པར་བྱས་ནས་བསྒྲུབ་པ་བསམ་དགོས་པས། དང་པོ་ཤེས་པ་ཕུན་ཚོགས་ལ། རྡོ་རྗེ་སློབ་དཔོན་ལུང་དང་མན་ངག་ཤེས་པ། ཡུམ་མི་འཁྲུགས་སྦྱོར་བའི་སྒྱུ་རྩལ་ཤེས་པ། གིང་གཡོག་གཙུག་ལག་གི་བརྡའ་ཤེས་པ། འཁོར་ལས་དང་ཕྱག་རྒྱའི་བརྡ་ཤེས་པ་བཞིའོ། །རྣམ་པ་གཅིག་ཏུ་ན། རྒྱལ་པོ་བསྒོམ་ཤེས་པ། རྒྱལ་ཐེབས་འཆད་ཤེས་པ། ཀརྨ་ལས་ཤེས་པ། གིང་སྒྲོལ་བ་ཤེས་པ་བཞིར་ཡང་བཤད་དོ། །འཁོར་ཕུན་ཚོགས་ལའང་གཟུངས་མ་སོགས་དགྱེས་པ་བསྐྱེད་པའི་འཁོར། ཁ་ཚར་མེད་པའི་བྱན་ཕོ་བྱན་མོ་དང་བགོས་དང་འགྱེད་ལ་མཁས་པའི་ཕྱག་ཚངས་པ་ནི་མཆོད་པ་སྟོབས་པའི་འཁོར། དམ་ཚིག་གཙོར་འཛིན་ཅིང་བགོ་བ་ཉན་ལ་ཐུགས་དང་འཐད་པའི་འཁོར། ཕྱི་ནང་གི་ལས་བྱེད་རྡུལ་ཕྱག་སྐྱེས་བུའི་འཁོར་དང་བཞི་སྟེ། དེ་ཀུན་ཀྱང་ལུས་ཀྱི་སྐྱོན་སོགས་སྤང་ཞིང་དད་པ་སོགས་ཡོན་ཏན་དང་ལྡན་པ་མ་ཡིན་པ་ལ་ནི་ཚིག་གི་ཟུར་ཙམ་དང་དཀྱིལ་འཁོར་གྱི་ཞལ་ཡང་བསྟན་པར་མ་གསུངས་སོ། །རྣམ་པ་གཅིག་ཏུ་གསང་བ་ཡུམ་གྱི་འཁོར། འདུས་པ་མཆེད་ཀྱི་


MR21_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། རྡུལ་ཕྱག་སྐྱེས་བུའི་འཁོར། བཀའ་སྡོད་ཕྱི་རོལ་ན་གནས་པའི་འཁོར་ཞེས་ཀྱང་བཤད་དོ། །གནས་ཕུན་ཚོགས་ལའང་སྔོན་སྦྱངས་ཅན་གང་བསྟན་པའི་ཏིང་འཛིན་ལ་གནས་ནུས་པ་ནི་སྣང་སྟོང་དབྱེར་མེད་ཀྱི་མན་ངག་བསྟན་པའི་སྣོད་དམ་གནས་ཡིན་པས་དེ་ལ་ཏིང་ངེ་འཛིན་ཡེ་ཤེས་མཆོག་གི་གནས་ཞེས་བྱ་ལ། སྔོན་འཕགས་པས་བྱིན་གྱིས་བརླབས་པའམ་སྔར་དངོས་གྲུབ་ཐོབ་པའི་གནས་ནི་བཀྲ་ཤིས་དག་པའི་གནས་ཞེས་བྱ་ཞིང་། དབེན་ཞིང་ཉམས་དགའ་བའི་གནས་སྲོག་ཆགས་བཟང་པོ་དང་མེ་ཏོག་འབྲས་བུར་ལྡན་པའི་ཤིང་སོགས་ཀྱིས་བརྒྱན་པ་བཀྲ་ཤིས་པའི་གནས་སུ་འོས་པ་ནི་ཡིད་འོང་ཉམས་དགའི་གནས་ཞེས་བྱ་ཞིང་། དུས་གང་དུ་རང་གི་བསྒྲུབ་པའི་གནས་སུ་འོས་པར་བཟུང་བ་ལ་སྒྲུབ་པ་དུས་ཀྱི་གནས་ཞེས་བྱ་སྟེ་བཞི་པོའམ། རྣམ་པ་གཅིག་ཏུ་ཡིད་དུ་འོང་བས་ཉམས་དགའ་བ། སྔོན་བསྒྲུབ་པས་བཀྲ་ཤིས་པ། ཞབས་ཀྱིས་བཅགས་པས་བྱིན་ཆེ་བ། སྒྲུབ་པའི་ལས་སོ་སོའི་རིགས་དང་མཐུན་པས་བསྒྲུབ་ཐག་ཉེ་བ་བཞིའོ། །ཡོ་བྱད་ཕུན་ཚོགས་ལའང་། བསྒྲུབ་དུས་ཀྱི་ཁ་ཟས་ཅི་ཙམ་སྒྲུབ་པའི་ཞག་གྲངས་ཀྱི་ལྡབ་ཐང་དང་བཅས་པ་འཚོ་བ་ཟས་ཀྱི་ཡོ་བྱད།


MR21_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནད་སྣ་ཚོགས་ལ་ཕན་པའི་སྨན་སོ་སོ་ལ་བསགས་པ་རྐྱེན་བཟློག་སྨན་གྱི་ཡོ་བྱད་དེ་སྨན་པ་མཁས་པ་དང་བཅས་པར་བྱའོ། །ལྷ་བསྒྲུབ་པ་དངོས་གྲུབ་བླང་བ་ལ་དབང་བསྐུར་བ་རྨད་དུ་བྱུང་བའི་དམ་རྫས་རྣམས་ཚང་བར་བྱས་པ་བསྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། མཆོད་པ་རྫས་ཀྱི་ཡོ་བྱད་ཕྱི་ནང་གསང་བའི་མཆོད་རྫས་ཏེ་བཞིའོ། །ཡང་རྣམ་པ་གཅིག་ཏུ་ཁམས་ཕོར་རི་མོར་བྲིས་པའི་རྫས་ཐོད་པ། སྣང་བའི་འོད་དང་བཅས་པའི་རྫས་མར་མེ། །བསྒྲུབ་པའི་ཞིང་གི་རྫས་བམ་མཚན་ལྡན། སྤྱད་པ་ཡོ་བྱད་ཡོ་བྱད་ཀྱི་རྫས་གང་དགོས་འདུར་བྱ་བ་སྟེ་བཞིར་བཤད་དོ། །དེ་ལྟར་ཕུན་སུམ་ཚོགས་པ་བཞི་པོ་འདི་ལའང་མན་ངག་ཏུ། སློབ་དཔོན་ཡོན་ཏན་བརྒྱད་དང་ལྡན་པ། གཟུངས་མ་མཚན་བཟང་སུམ་ཅུ་ཚང་ཞིང་དད་པ་ཆེ་བ། སློབ་མ་སྐྱོན་དྲུག་སྤང་ཞིང་མི ཕྱེད་པ་བདུན་དང་ལྡན་པ་ཞེས་སོགས་གསུངས་པ་རྣམས་ནི་འགྲེལ་བ་ལས་ཤེས་པར་བྱའོ། །གཉིས་པ་རྫས་དང་ས་གཞི་བྱེ་བྲག་ཏུ་བཤད་པ་ལ། རྫས་དང་ས་གཞི་བརྟགས་པ་དེར། ཞེས་པས། ཐོག་མར་དངོས་གྲུབ་སྒྲུབ་པའི་རྫས་མཆོག་བམ་མཚན་ལྡན་དང་། གང་དུ་སྒྲུབ་པ་རྩོམ་པའི་ས་གཞི་བརྟག་ཅིང་ཆོ་ག་ཚུལ་བཞིན་བྱས་པ་དེར་སྒྲུབ་པ་བརྩམ་པར་བྱའོ། །ཞེས་གསུངས་སོ། །དེ་ལ་བསྙེན་


MR21_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་པའི་རྣལ་འབྱོར་པས་དངོས་གྲུབ་ཀྱི་རྫས་བརྟག་ཅིང་བཙལ་བར་བྱ་སྟེ། རིགས་བཟང་ཞིང་དབྱིབས་མཛེས་པ་སོགས་མཚན་ཉིད་ཚང་བ་བཀྲ་ཤིས་གཙང་མའི་རྫས། སྐྱེ་བ་བདུན་པ་དག་པ་ལྷའི་རྫས། སྐྱེས་པ་གཞོན་ནུ་དཔའ་རྩལ་ཅན་གཡུལ་དུ་མཚོན་རྣོན་པོས་བསད་པའམ། རིགས་བཟང་མཚན་ལྡན་མ་གློ་བུར་དུ་ཤི་བའི་རོ་བསྒྲུབ་པ་མཆོག་གི་རྫས་དང་།ཙ་ར་སོགས་ཚུལ་བཞིན་བསྒྲལ་བ་ལྷ་བསྐང་ཞིང་སྒྲུབ་པོ་རོལ་བའི་རྫས་སུ་བྱས་པ་བསྒྲལ་ཞིང་བཤད་པའི་རྫས་དང་། བསྒྲལ་ཞིང་བཅུ་དམིགས་ཀྱིས་བསལ་ཞིང་མངོན་སུམ་དུ་བསྒྲལ་བའི་རྫས་ཏེ་ཕྱི་མ་འདི་གཉིས་བསྒྲལ་བ་ཞིང་གི་རྫས་ཞེས་གཅིག་ཏུ་བརྩིས་པས་བཞི་ཡོད་པ་ལས་དངོས་སུ་སྐབས་འདིར་དགོས་པ་དང་པོ་གསུམ་སྔ་ནས་བརྟགས་ལ། གང་དུ་རྙེད་ཅིང་དུས་ལ་བབས་པ་ན་དཀྱིལ་འཁོར་བྱས་ཏེ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་སྦྱོར་བ་བྱས་ཤིང་། རྒྱལ་ཐེབ་དང་ཀརྨ་གིང་གསུམ་ལ་ལྷ་དབང་བསྐུར་ཞིང་ཕྱག་མཚན་གཏད་དེ་ཕོ་ཉར་མངག་པར་བྱའོ། །ཕོ་ཉ་གསུམ་པོ་དེས་ཀྱང་མིག་གི་ལྟ་སྟངས་དང་རྐང་པའི་སྟངས་སྟབས་ཀྱིས་འགྲོ་ཞིང་གཤེད་བསྐྲད་སྲུང་འཁོར་བསྒོམ། ཁ་ཊྭཱཾ་དང་རྡོ་རྗེ་དང་ཕུར་པ་དང་ལག་པ་


MR21_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྡེར་མོ་ཡང་གཤེད་བཅོམ་ལ་ཕུང་པོ་ལྷར་བརླབས་ནས་ཀརྨས་ཁུར། རྒྱལ་ཐེབས་ཀྱིས་བྱིན་གྱིས་བརླབ། གིང་གིས་ཕྲ་མེན་མས་འཇོམ་ཚུལ་བྱ་ཞིང་རུ་ལུའི་དབྱངས་དང་བཅས་ཅང་ཏེའུ་དྲག་ཏུ་བརྡུང་བཞིན་བླང་ནས་ཁྱེར་བར་བྱ་ཞིང་། དེའི་དུས་སུ་རྡོ་རྗེ་རྒྱལ་པོ་ལ་སོགས་པས་ཕོ་ཉ་བཀྱེ་སྟེ་ཚེ་འདས་དེའི་རྣམ་ཤེས་དགུག །སྒྲུབ་ཁང་གི་སྒོར་ཕྱིན་པ་དང་སྔགས་བརྗོད་ཅིང་། ནང་དུ་ཕྱིན་ནས་མཚམས་བཅད་ལ་སྒྲོམ་དུ་བཅུག་ནས་ཧཱུྃ་བཅུས་རྒྱས་གདབ་པར་བྱའོ། །གོང་གི་རྫས་མ་རྙེད་ན་གཞན་ཡང་སྤང་བྱ་མི་རུང་བར་བཤད་པ་མིན་པའི་བམ་གཙང་མ་ཅི་རིགས་གོང་གི་ཆོ་གས་བླང་བ་ནི་རྫས་བརྟག་ཅིང་བཙལ་བའོ། །གཉིས་པ་ས་གཞི་བརྟག་ཅིང་ས་ཆོག་བསྟན་པ་ནི། དང་པོ་ས་བརྟགས་པ་ཞི་བར་ལྷའི་གནས་རི་བོ་འདུས་པའི་རྩེ་དང་གངས་ཀྱི་འདབས། ཁྲོ་བོར་སྲིན་པོའི་གནས་བྲག་དམར་དང་དུར་ཁྲོད་ལ་སོགས་པ་དང་། རྡོ་རྗེའི་རིགས་སོགས་སམ་ལས་བཞི་སོ་སོའི་གནས་དང་། སྤྱིར་གནམ་འཁོར་ལོ་འདྲ་བ། ས་པདྨ་འདྲ་བ། བར་སྣང་བདུད་རྩི་འབབ་པ་འདྲ་བ་སོགས་གནམ་ས་བར་གྱི་དཔྱད་དང་མན་ངག་བཞིན་དུ་བྱུང་བའི་གནས་འཛིན་པ་ནི་


MR21_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའོ། །གཞི་དེར་ས་ཡི་ཆོ་ག་ལ་ས་བསླང་བ་དང་། ཁྲུ་གང་ཙམ་བསྐོས་ལ་བརྟགས་པ་དང་། རུང་ན་དེར་གཏེར་གཞུག་ཅིང་འཐས་པར་བཅག་པ་དང་། བསྲེག་གཏོར་བཀྲུས་ནས་དག་པར་བསམ་པས་སྦྱངས་ལ་དལ་མཉམ་ཞིང་དྲི་སྣ་ལྔའི་ཆུས་གཏོར་བ་དང་། ལྷའི་ཏིང་འཛིན་དང་ལྡན་པས་ལྟ་སྟངས་དང་རྡོ་རྗེའི་འགྲོས་ཀྱིས་བགེགས་བསྐྲད་པ་དང་། ཕུར་པ་བདུད་རྩི་འཁྱིལ་པར་བརླབས་ལ་གདབ་སྟེ་ས་བཟུང་བ་དང་། དཀྱིལ་འཁོར་འདྲི་བ་ལ་སའི་ལྷ་མོ་དཔང་པོར་བཞག་པ་དང་བདུན་གྱི་སྒོ་ནས་ས་ཡི་ཆོ་ག་བྱ་ཞིང་གནས་དེར་དུར་ཁྲོད་ཀྱི་ས་ལ་སྟེགས་བུ་འདོམ་གང་གྲུ་བཞི་མེ་ལོང་གི་ངོས་ལྟར་དྭངས་པ་བྱའོ། །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ལ། སྒྲུབ་པ་ལ་འཇུག་པའི་སྟ་གོན་དང་། སྒྲུབ་པ་དངོས་ཀྱི་ཚུལ་གཉིས། དང་པོ་ལ་འགལ་རྐྱེན་ལ་མཚམས་བཅད་པ་དང་། མཐུན་རྐྱེན་དཀྱིལ་འཁོར་བཞེངས་ཤིང་དབང་བསྐུར་བ་གཉིས། དང་པོ། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་པས། ཕྱི་མཚམས་དང་། བར་མཚམས་དང་། ནང་གི་མཚམས་བཅད་པ་གསུམ་བསྟན་ཏེ། ཐོག་མར་སྤྱི་བྱེ་བྲག་


MR21_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྱུང་པོའི་ཚོགས་སམ་སྣང་སྲིད་ཀྱི་མགྲོན་ལ་གཏོར་མ་རྒྱ་ཆེར་བཏང་ནས་ཕྱི་མཚམས་བཅད་པ་དང་། དམ་སྲི་མནན་པའི་སྒོ་ནས་བར་མཚམས་ཀྱང་བཅད་ལ།དེ་ནས་ཟབ་མོའི་དཀྱིལ་འཁོར་ལྟ་བར་མི་དབང་བ་ཀུན་ཤིན་ཏུ་མཚམས་བཅད་པ་ནི་གསང་བའི་དོན་གྱི་ལས་ཏེ། དེ་ལ་ནང་གསེས་འཆད་འགྱུར་གྱི་མཚམས་བཅད་བདུན་དུ་གྲགས་པ་རྣམས་ཚུལ་བཞིན་བྱའོ། །ཡང་ན་གླག་བལྟ་བའི་འབྱུང་པོ་ལ་གཏོར་མ་བསྔོས་ནས་བསྐྲད་ཅིང་། ལྟ་བར་མི་དབང་བ་རྣམས་ལ་གསང་བའི་དོན་གྱི་མཚམས་བཅད་པ་གསུམ་གྱི་ལས་རྣམས་བྱ།ཞེས་བཤད་ཀྱང་རུང་བར་མངོན་ནོ། །དེ་ཡང་ཐོག་མར་བསོད་ནམས་བསགས་པའི་སླད་དུ་མཆོད་པའི་མཎྜལ་དང་རྣམ་ལྔ་གཏོར་མ་བཟང་པོར་བཤམས་ལ་རང་ལྷའི་ང་རྒྱལ་གྱིས་བྱིན་གྱིས་བརླབ་ཅིང་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ་འབུལ་ཞིང་སྒྲུབ་པ་ལ་བར་ཆད་མེད་ཅིང་དངོས་གྲུབ་ཐོབ་པའི་གསོལ་བ་གདབ། དེ་ནས་འབྱུང་གཏོར་ལའང་ཡོན་ཏན་གྱི་མགྲོན་སྤྱི་གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་སོགས་ལ་གཏོར་མ་གཅིག་འབུལ་ཏེ་ཕྲིན་ལས་བཅོལ། དེ་ལས་ཁྱད་པར་དུ་རྒྱལ་པོ་བཞིའི་འཁོར་མི་སྲུན་པ་རྣམས་ལ་སོགས་པ་གསང་བའི་


MR21_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་གླག་ལྟ་བར་འབྱུང་བ་རྣམས་མཚམས་བཅད་པའི་ཕྱིར་ཕྱོགས་བཞིར་ཐོ་བཞིས་རྒྱལ་པོ་བཞིར་མངའ་གསོལ་ལ། གཏོར་མ་ཆ་བཞི་དང་པཱུ་ཛ་འབུལ་ལ་མཚམས་ཀྱི་ཕྲིན་ལས་བཅོལ། དེ་ནས་གཏོར་མ་ཆ་གཅིག་རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ། ཡང་གཏོར་མ་ཆ་གཅིག་སྐབས་ཀྱི་མགྲོན་ཁྱད་པར་བ་རང་གི་མགོན་བྱེད་དང་ཡུལ་དེའི་ས་བདག་གནས་བདག་རྣམས་ལ་བསྔོ་ཞིང་སྟོང་སྡོང་གྲོགས་ཀྱི་ཕྲིན་ལས་བཅོལ། ཡང་གཏོར་མ་ཆ་གཉིས་གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་ལ་བསྔོ་བར་བྱ་སྟེ། དེ་ལའང་སྔོན་གྱི་བག་ཆགས་པ་ལ་གཏོར་མ་གཅིག་དང་། འཕྲལ་གྱི་རྐྱེན་བགེགས་ལ་གཏོར་མ་གཅིག་བསྔོས་ཏེ་བདེན་པའི་བཀའ་བསྒོའོ། །དེ་ལྟར་མགྲོན་བཞི་ལ་གཏོར་མ་བསྔོ་བ་འགྲེལ་པ་ནས་འབྱུང་བའི་ཆོ་ག་བཞིན་དུ་སྒྲུབ་པ་ནི། ཕྱི་གཏོར་གཏོང་བ་དང་ཕྱི་མཚམས་ཀྱི་ཕྲིན་ལས་སོ། །དེ་ནས་བར་མཚམས་ལ་སྒོ་ནས་གཞལ་བའི་འདོམ་གང་གི་སར་དོང་གྲུ་གསུམ་དུ་བྲུས་ལ། ཐོད་ངན་དུ་དམ་སྲིའི་གཟུགས་ལ་དགུག་བསྟིམ་བྱ་ཞིང་། སྐུད་པ་དཀར་ནག་གིས་བཅིང་། གུ་གུལ་གྱིས་བདུག །ཉུང་དཀར་གྱིས་བརྡེག །རཀྟས་དབབ། དུག་གིས་བྲབ་ལ། ཕུར་པ་


MR21_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མི་གཡོ་མགོན་པོར་བསྐྱེད་ནས་གདབ། དང་པོ་ཁ་བཅད་དེ་ལས་བཞིའི་བྲོ་བརྡུང་ཞིང་བར་ཆད་མི་འབྱུང་བའི་སྨོན་ལམ་བྱ། དེ་ནས་སྒོ་བྱང་གདགས་ཏེ་དུར་ཁྲོད་ཀྱི་རས་ལ་རྒྱུད་ལྔ་ལ་དབང་བྱེད་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་བྲིས་ལ་དེར་བསྐྱེད་ཅིང་བསྟིམས་ནས་མངའ་གསོལ་ཏེ་གཏོར་མས་མཉེས་པར་བྱས་ལ་བགོ་བའི་ཚིག་བརྗོད་པས་གཉེར་གཏད་པར་བྱའོ། །གསུམ་པ་ནང་མཚམས་བཅད་པ་ལ་སྔར་འདྲེས་པ་རྣམས་ནང་དུ་ཚོགས་ནས་མ་འདྲེས་པ་རྣམས་ཕྱི་རོལ་དུ་བཞག་ལ་ནང་མཚམས་བཅད་པར་བྱ་སྟེ། དེ་ཡང་རང་བཞིན་གྱི་མཚམས་ནི་རྣམ་པར་རྟོག་པ་བགེགས་ཡིན་ལ། བགེགས་དེ་རང་སེམས་ལས་བྱུང་ཡང་སེམས་ལ་རང་བཞིན་མེད་པར་ཤེས་པས། ཆོས་ཉིད་ཀྱི་ངང་དུ་མི་རྟོག་པར་བསྒོམ་པས་རྣམ་རྟོག་ཆོས་ཉིད་དུ་ནུབ་སྟེ་བགེགས་ཞེས་བྱ་བ་མིང་ཡང་མེད་པར་གྱུར་པའོ། །བདག་ཉིད་ཆེན་པོའི་མཚམས་ནི་སྟོང་པའི་ངང་ལས་བདག་ཉིད་ཞི་བ་རྡོ་རྗེ་སེམས་དཔའ་སོགས་སུ་གསལ་སྟོང་ཟུང་འཇུག་གི་ཚུལ་དུ་བསྒོམ་པས་བགེགས་ཀྱིས་མི་ཚུགས་སོ། །ཁྲོ་བོའི་སྡང་མིག་གི་མཚམས་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པ་རྡོ་རྗེར་གྱུར་པ་འཕྲོས་འདུས་


MR21_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཀྵོ་བྷྱཿ ཞེས་པ་ཞལ་གསུམ་ཕྱག་དྲུག་པར་གྱུར་ཏེ་མདུན་མཁར་བཞུགས་པ། སྔགས་བརྗོད་ཅིང་ལྕགས་ཀྱུས་ཕྱག་རྒྱས་རང་ལ་ཐིམ་པས་རང་ཞེ་སྡང་རྡོ་རྗེར་བསྒོམ་ལ་སྤྱན་གཡས་མ་ལས་ཉི་མའི་དཀྱིལ་འཁོར་གྱིས་ཕྱོགས་ཀུན་ཏུ་བལྟས་པས་མེར་འབར་བས་བགེགས་དང་འབྱུང་པོ་ཐམས་ཅད་བསྲེག །སྤྱན་གཡོན་ཨ་ལས་ཟླ་དཀྱིལ་གྱིས་ཕྱོགས་ཀུན་ཏུ་བལྟས་པའི་བདུད་རྩིའི་རྒྱུན་གྱིས་གོང་གི་བསྲེག་པ་དེ་དག་སླར་ཞི་བར་བསམ་སྟེ་སྔགས་བརྗོད་པའོ། །རྡོ་རྗེ་གནོད་སྦྱིན་གྱི་མཚམས་ནི་བདེན་པའི་བཀའ་བགོ་བའི་ཚིག་དང་སྔགས་བརྗོད་པས་རང་གི་ཐུགས་ཀའི་ཧཱུྃ་ལྗང་གུ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྲངས་མེད་པར་སྤྲོས་པས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བསམ་པའོ། །འགྲོས་དང་སྟངས་སྟབས་ཀྱི་མཚམས་ནི་ཞེ་སྡང་རྡོ་རྗེ་སྟན་ལས་བཞེངས་ཏེ་སྙེམ་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ལ་ཧཱུྃ་ཞེས་བརྗོད་ཅིང་ལག་པའི་གར་དང་གོམ་པ་རྡོ་རྗེའི་འགྲོས་བརྗིད་བག་དང་བཅས་པས་ཤར་ནས་དབང་ལྡན་གྱི་བར་དུ་འཆག་ཅིང་སྡང་བ་ཐམས་ཅད་བསྐྲད་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་བའོ། །རྭ་བ་དང་གུར་གྱི་མཚམས་ནི་བདག་གི་ཤངས་ཀྱི་རླུང་སྒྲོམ་ནས་


MR21_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་སོགས་པ་མཚོན་ཆ་ལྔའི་ཚོགས་ཡེ་ཤེས་ཀྱི་འོད་ཟེར་བསྐལ་མེ་ལྟར་འབར་བ་འཕྲོས་པས་བགེགས་རྣམས་ལུས་རྡུལ་དུ་བརླག་ཅིང་ཕྱོགས་བཅུར་གཏོར་ནས་འོད་སླར་འདུས་ཏེ་ཕྱག་མཚན་ལྔའི་གུར་ཁང་རིམ་པ་ལྔས་གཏམ་པས་བགེགས་དང་ལོག་འདྲེན་ལྟ་ཅི་སྨོས། སྲིད་པའི་རླུང་ཡང་མི་ཐར་བའི་ནང་ན་རྣལ་འབྱོར་པ་རྣམས་དགོངས་པ་བག་ཡངས་སུ་སྤྱོད་པར་བསྒོམས་ལ། རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཐོ་རྒྱ་གྲམ་གྱིས་མཚམས་གཅོད་པའི་ཚིག་དང་སྔགས་བརྗོད་པའོ། །བསྲུང་བའི་འཁོར་ལོའི་མཚམས་ནི།ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་ཧཱུྃ་འཕྲོས་པ་ལས་ཁྲོ་བོ་ཧཱུྃ་ཀར་མདུན་དུ་བཀའ་ནོད་པའི་ཚུལ་དུ་བསམས་ལ། དེ་ལ་བཀའ་སྩལ་བའི་ཚུལ་དུ་སུཾ་བྷ་ནི་བརྗོད་ཅིང་ཕྱོགས་བཅུར་ཁྲོ་བོའི་གདན་ཐིངས་ཤིག་པར་བཀའ་སྩལ་བས་ཧཱུྃ་ཀ་རའི་ཐུགས་ནས་ཊཱ་ཀཱི་རཱ་ཛ་བཀའ་ནོད་པའི་ཚུལ་དུ་སྤྲོས་ཏེ་དེ་མངགས་པས་ཕྱོགས་སྐྱོང་བཅུ་ལྕགས་ཀྱུས་བཟུང་། ཐོ་བས་བརྡུང་སྟེ་རྡོ་རྗེའི་བྲག་དང་ཉི་མའི་སྟེང་དུ་ཕོ་ཁ་སྦུབ་མོ་གན་རྐྱལ་དུ་མགོ་མཇུག་བསྣོལ་ཏེ་བཞག་ནས་གདན་བཏིང་ལགས་ཀྱི་ཁྲོ་བོའི་སྤྲུལ་པ་དགྱེ་རུ་གསོལ་ཞེས་ཞུས་ནས་ཧཱུྃ་ཀ་རའི་ཐུགས་ཀར་ཐིམ། ཧཱུྃ་


MR21_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཀྱང་ཞེ་སྡང་རྡོ་རྗེའི་ཐུགས་ཀར་ཐིམ་པར་བསམ། དེ་ནས་སེང་ལྡེང་གི་ཕུར་པ་བཅུ་ལ་ཞེ་སྡང་རྡོ་རྗེའི་ཐུགས་ཀའི་ཧཱུྃ་བཅུ་ཐིམ་པས་ཕུར་པའི་དངོས་པོ་སྦྱངས་ནས་ཧཱུྃ་བཅུར་གྱུར་པ་ལས་སོ་སོའི་སྔགས་ཀྱིས་ཁྲོ་བོ་བཅུ་སྟོད་ཞལ་གསུམ་ཕྱག་དྲུག་སྨད་ལྕགས་ཕུར་ཟུར་གསུམ་པ་འབར་བའི་འོད་དང་བཅས་པར་གསལ་ལ་བྱུགས་བདུག་བྲབ་གསུམ་བྱས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་ཞིང་ཕྱག་འཚལ་མཆོད་བསྟོད་དང་སྔགས་ཀྱིས་མཐུ་བསྐྱེད་ནས། བདུད་རྩི་འཁྱིལ་བ་མདུན་དུ་བཀུག་ལ་རྡོ་རྗེའི་ཐོ་བ་གཏད་དེ་ཕུར་བུ་གདབ་པར་བསྐུལ་བས།དེས་རྡོ་རྗེ་སྡེར་མོའི་སྔགས་བརྗོད་བཞིན་སྟེང་ཕྱོགས་ནས་བརྩམ་སྟེ་རིམ་པར་བཏབ་པས། ཕྱོགས་སྐྱོང་བཅུ་ཐལ་ཕྱུང་དུ་ཕུག་ནས་ཉི་མའི་དཀྱིལ་འཁོར་ལ་དབལ་ནུབ་པར་བསམས་ལ། འཁྱིལ་བས་ཐོ་བ་ཞེ་སྡང་རྡོ་རྗེ་ལ་གཏད་པས་ཞེ་སྡང་རྡོ་རྗེ་ཉིད་ཀྱིས་བྱང་དུ་གནོད་སྦྱིན་ལ་བདུད་རྩི་འཁྱིལ་བ་བཏབ་པར་བྱའོ། །དེ་ལྟར་བགེགས་ཐམས་ཅད་ཀྱི་རྒྱལ་པོ་ཕྱོགས་སྐྱོང་བཅུ་གདན་དུ་བཏིང་བས་རྒྱལ་པོ་བཙོན་དུ་བཟུང་ན་དམང་ཆོམས་ལ་དབབ་པ་ལྟར་བགེགས་ཕྲ་མོ་གཞན་གྱིས་བར་ཆད་བྱེད་མི་ནུས་པར་འགྱུར་ཏེ། དེ་ལྟར་ནང་གི་མཚམས་བཅད་


MR21_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུན་བྱའོ། །གཉིས་པ་མཐུན་རྐྱེན་དཀྱིལ་འཁོར་བཞེངས་ཤིང་དབང་བསྐུར་བ་ལ། དཀྱིལ་འཁོར་བཞེངས་པ་དང་། དེར་དབང་བསྐུར་བའི་ཆོ་ག་གཉིས།དང་པོ་ལ་སང་དལ་འབྲི་བའི་དེ་རིང་བསྙེན་པ་སྔོན་དུ་འགྲོ་བའི་སྒོ་ནས་དཀྱིལ་འཁོར་དང་ལྷ་དང་སློབ་དཔོན་དང་རྫས་ཡོ་བྱད་དང་སློབ་མ་ལྔ་སྟ་གོན་དུ་བྱ་སྟེ། དང་པོ་དཀྱིལ་འཁོར་གྱི་གཞི་བ་བྱུང་དང་དྲི་སྣའི་ཆུས་བྱུག །ཡུངས་ཀར་ལ་རྡོ་རྗེ་གནོད་སྦྱིན་གྱིས་སྔགས་བཟླས་པ་ཕྱོགས་མཚམས་ཀུན་ཏུ་འཐོར་བས་བགེགས་བསྐྲད་པར་བྱའོ། །གཉིས་པ་བདག་ལས་ལྷ་རྡོ་རྗེ་གནོད་སྦྱིན་དུ་གསལ་ལ་བདུད་རྩི་ལྔའི་འདེ་གུས་མཎྜལ་ལ་ལྷ་གྲངས་དང་མཉམ་པའི་ཐིག་ལེ་བྱ་ཞིང་རྩ་བའི་སྙིང་པོ་རྣམས་ལན་བཞི་བཞི་བརྗོད་པས་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པར་དགྲམ་ཞིང་སོ་སོའི་སྙིང་པོ་ལན་བཞི་བརྗོད། ཡེ་ཤེས་པ་དྲང་བསྟིམ་བརྟན་བཞུགས་ཕྱག་མཆོད་སོགས་བྱ་ཞིང་སང་དཀྱིལ་འཁོར་བྲི་བ་ལ་བྱིན་གྱིས་རློབ་པར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བརྗོད། ལྷ་རྣམས་ཀྱིས་བདག་ཅག་རྣམས་ལ་ཞལ་གཟིགས་ཤིང་ཐུགས་ལ་དགོངས་པར་བསམ་པའོ། །གསུམ་པ་ནུབ་ཕྱོགས་ཀྱི་ཁྲི་ལ་རྒྱལ་


MR21_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབ་དང་ཀརྨས་སློབ་དཔོན་སྤྱན་དྲངས་ཞིང་བཞུགས་སུ་གསོལ་ལ། ཛ་གད་ཕྱག་ཏུ་བཞག་ནས་སྒྲུབ་པ་པོ་དང་གང་ཞིག་དབང་དང་དངོས་གྲུབ་འདོད་པ་དེ་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་ངག་ཏུ་བརྗོད་པའོ། །བཞི་པ་སྒྲུབ་པའི་རྫས་འཆད་འགྱུར་རྣམས་དང་། ཁྱད་པར་དབང་གི་རྫས་བུམ་པ་སྟ་གོན་དུ་བྱ་བ་ནི། རྣམ་རྒྱལ་བུམ་པ་ལ་བགེགས་བསྐྲད་སྟོང་པར་སྦྱངས་ཡུམ་ཀུན་ཏུ་བཟང་མོར་གསལ་བའི་མཁའ་ལ་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། དེའི་བུམ་རྫས་སོ་ལྔ་བླུག་ལ་བདག་གི་ཐུགས་ཀ་ནས་ས་བོན་གྱི་ཡིག་འབྲུའི་ཚོགས་སྤྲོས་ཏེ་ཡུམ་གྱི་མཁའ་ལ་བསྟིམས་པས་རྫས་རྣམས་སོ་སོར་འོད་དུ་ཞུ་ཞིང་སྙིང་པོ་བརྗོད་པས་ཞི་བ་བཞི་བཅུ་རྩ་གཉིས་སུ་ཡུམ་མཁར་བསྐྱེད་ལ་འབྲས་ལྡན་ཤིང་གིས་ཁ་བརྒྱན། རས་ཁ་ཚར་མ་ཉམས་པས་མགུལ་བ་བཅིང་ཞིང་མེ་ཏོག་གི་ཕྲེང་བས་བརྒྱན་ལ། དལ་གྱི་དབུས་སུ་བཞུགས་སུ་གསོལ་ནས་ཡེ་ཤེས་དྲང་བསྟིམ་བརྟན་པ་ཕྱག་མཆོད་བཟླས་པ་བསྟོད་པ་རྣམས་བྱ། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་བྱའོ། །ལས་བུམ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་གནོད་སྦྱིན་གསལ་བཏབ་ལ།


MR21_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བསྟིམ་བརྟན་བཞུགས་ཕྱག་མཆོད་བྱས་ལ་རང་སྔགས་བརྒྱ་རྩ་བརྒྱད་སོགས་བཟླས་པས་བྱིན་གྱིས་བརླབ་པར་བྱ་ཞིང་། གཞན་ཡང་དབང་གི་རྫས་འཆད་འགྱུར་རྣམས་ཀྱང་འདུ་བྱས་ལ་བྱིན་གྱིས་བརླབ་པར་བྱའོ། གཞན་ཡང་གོང་འོག་ཏུ་བཤད་པའི་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ་སྟེ་ཚུལ་བཞིན་བྱིན་གྱིས་བརླབ་པར་བྱའོ། །ལྔ་པ་ནི་ཀརྨས་ཤར་དུ་བསྲེ་བསྣན་སྟ་གོན་གྱི་མཎྜལ་བྱ་ཞིང་བ་བྱུང་གིས་བྱུག །དྲིའི་ཆུས་གཏོར་ནས་སློབ་མ་སྣོད་ལྡན་དང་སྒྲུབ་པོ་གཞན་སྔར་མ་འདྲེས་པ་རྣམས་ནང་དུ་བོས་ལ་སྤྲོ་བ་བསྐྱེད། དེ་དག་གིས་ཀྱང་ཕྱག་འཚལ་དང་སྐྱབས་འགྲོ་སོགས་སྔོན་དུ་འགྲོ་བའི་སྒོ་ནས་བཀའ་བཞིན་བསྒྲུབ་པར་དམ་བཅའ། སློབ་དཔོན་གྱིས་དམ་ཆུ་བླུད་ཅིང་དམ་ལ་བཞག །མིག་དབྱེ་བ་བྱ་ཞིང་སློབ་མས་མེ་ཏོག་ཡི་དམ་ལ་དོར་ནས་སློབ་མ་ལྷར་གསལ་བའི་གནས་གསུམ་བྱིན་གྱིས་བརླབ་ལ་སླར་མེ་ཏོག་སྤྱི་བོར་བཞག་ནས་ལྷ་སྐལ་དུ་ཕོག་ཅིང་ལྷའི་སྙིང་པོ་དང་ཕྱག་རྒྱས་དབང་བསྐུར། སྐབས་འདིར་གསང་མཚན་སྔར་མེད་ན་གསར་དུ་གདགས་པའི་རྡོ་རྗེའི་མིང་གིས་དབང་བསྐུར། དེ་ནས་སོ་ཤིང་འདོར་བ། ཁྱོར་ཆུ་བླུད་པ། སྲུང་སྐུད་གདགས་


MR21_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་བྱས་ལ་ལྷའི་སྙིང་པོ་དབོག་ཅིང་ཕྲེང་བ་གཏད་ལ་སྒྲུབ་པའི་ལུང་དབོག་པར་བྱའོ། །དེ་ནས་ཀུ་ཤའི་གདན་འདིང་ཞིང་རྡོ་རྗེའི་གྲལ་དུ་བཞག་པའི་སྒོ་ནས་སྔར་མ་འདྲེས་པ་རྣམས་དམ་ཚིག་བསྲེ་བ་དང་། འདྲེས་པ་རྣམས་གསེར་གསར་དུ་བསྣུན་པ་སྟེ་བསྲེ་བསྣན་གྱི་ཆོ་ག་བྱའོ། །དེ་ནས་སློབ་མ་རྣམས་ཀྱིས་ལྷ་དང་སློབ་དཔོན་ལ་རང་རང་གི་གསང་བའི་མིང་ནས་བརྗོད་དེ་བརྐྱང་ཕྱག་བྱ་ཞིང་ཛ་གད་ཐོགས་ལ་གཏང་རག་གཏང་བའི་ཚིག་བརྗོད་པར་བྱ་ཞིང་མཆོད་པ་བཤམས་ལ་ལས་གཞུང་བསྲང་ནས་བཟླས་པ་དང་ཚོགས་མཆོད་བསྐང་བཤགས་བྱ། ཁྱད་པར་དམ་ཅན་ལྷག་མགྲོན་ལ་གཏོར་མ་དང་ལྷག་མས་རྒྱས་པར་བརྔན་ལ་སྒྲུབ་པའི་གྲོགས་བྱེད་པའི་ཕྲིན་ལས་བཅོལ་ནས་མཚན་མོར་རྨི་ལམ་བརྟག་པར་བྱའོ། །དེ་ལྟར་སྒྲུབ་པོ་དབང་དང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བ་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་གྲུབ་ནས་དཀྱིལ་འཁོར་བྲི་བ་དངོས་ལ། དཀྱིལ་འཁོར་གྱི་གཞི་དགོད་པའི་སླད་དུ་མ་ཏྲཾ་བསྒྲལ་བ། གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ། ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ་པར་བྱ་བ་གསུམ། དང་པོ། དེ་ནས་དུར་ཁྲོད་བདག་པོ་དག །ཕྱག་རྒྱ་ཆེ་དང་ལྡན་པར་ནི། །ཅི་རིགས་སུ་ནི་ལས་རྣམས་བྱ། །ཞེས་


MR21_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྔོན་དུ་སྟ་གོན་གྱི་རིམ་པ་ལེགས་པར་གྲུབ་པ་དེ་ནས་བསྒྲལ་བྱ་དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་རུ་དྲ་དག། སྒྲོལ་བྱེད་ཀྱི་གཉེན་པོ་འདའ་བ་མེད་པའི་ཕྱག་རྒྱ་ཆེན་པོ་སྟེ་ལྟ་སྒོམ་སྤྱོད་པ་ཁྱད་པར་ཅན་གྱི་ཆེ་བ་དང་ལྡན་པར་བྱས་ནས་ནི། ཅི་རིགས་སུ་ནི་གདུལ་ཐབས་ཀྱི་ཕྲིན་ལས་རྣམས་ཚུལ་བཞིན་བྱའོ། དེ་ལ་སྤྱིར་དུར་ཁྲོད་བཞི་སྟེ། ལྟ་བའི་དུར་ཁྲོད་དབྱིངས་ཡེ་གཉིས་མེད་ཆོས་སྐུ་ཆེན་པོའི་ཀློང་སྟེ། དེར་འཁོར་འདས་ཀུན་འདུས་པས་སོ། །ལུང་གི་དུར་ཁྲོད་ནི་ཀུན་གཞི་ཆོས་དབྱིངས་དུར་ལ་རྣམ་པར་ཤེས་པ་ཁྲོད་དོ། །བསྒྲུབ་པའི་དུར་ཁྲོད་མ་ཏྲཾ་གྱི་ཁོག་པ་ཉིད་དུར་ཁྲོད་ཀྱི་གནས་བརྒྱད་དུ་གྱུར་པའོ། །གནས་ཀྱི་དུར་ཁྲོད་ཁམས་གསུམ་པོ་འདི་ཉིད་དེ་འདིའི་བདག་པོ་ཁམས་གསུམ་ན་དབང་ཆེ་བ་ནི་མ་ཏྲཾ་རུ་ཏྲ་ཞེས་བྱ་བ་སྟེ། དེའང་སྔོན་དགེ་སློང་ཐར་པ་ནག་པོ་ཞེས་བྱ་བས་སྔགས་ཀྱི་དོན་ལོག་པར་སྤྱོད་པའི་མཐུས་དབང་ཕྱུག་དང་ཨུ་མའི་བུ་བདུད་རུ་དྲ་ཞེས་བྱ་བར་སྐྱེས་ཏེ་སྟོབས་དང་རྫུ་འཕྲུལ་ཆེན་པོས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་ཏེ། དུར་ཁྲོད་ཀྱི་གནས་ན་ཤ་ཁྲག་གི་ལོངས་སྤྱོད་ལ་རོལ་ཞིང་། ལས་ཀྱིས་བསྟུན་པའི་ཡུམ་དང་འཁོར་དུ་བཅས་ཏེ་གནས་


MR21_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །དེ་ལ་དག་ཞེས་པའི་ཚིག་གིས་རུ་ཏྲའི་དབྱེ་བ་བརྒྱད་དེ། ཕྱི་ཡུལ་ལ་དངོས་པོར་བཟུང་བ་ལས་མ་ཏྲཾ་ཀ་རུ་དྲ་ཞེས་པ་བྱུང་སྟེ་སྣོད་དང་སེམས་ཅན་ཀུན་གྱི་ལུས་ལ་གནས། ནང་སེམས་ལ་ངར་འཛིན་ཅིང་དངོས་ཞེན་ལས་ཁ་ཏྲཾ་ཁ་རུ་དྲ་ཞེས་བྱུང་སྟེ་སེམས་ཅན་ཀུན་གྱི་སེམས་ལ་གནས་སོ། །འདི་གཉིས་ནི་རྟག་པ་དང་དངོས་པོར་ལྟ་བའི་རྣམ་ཅན་ནོ། །ལས་འབྲས་མེད་ཅིང་དངོས་པོ་ཀུན་མཐར་ཆད་པར་ལྟ་བ་ལས། ཨ་ཀར་ཤ་རུ་དྲ་བྱུང་སྟེ་སེམས་ཅན་ཀུན་གྱི་ངག་ལ་ཁྱབ་པར་གནས་སོ། །དེ་ལྟར་ཕྱིན་ཅི་ལོག་གི་རྟོག་པ་འདི་དག་ལས་ཁམས་གསུམ་གྱི་བགེགས་ཐམས་ཅད་སྐྱེས་ལ་མྱང་འདས་ལ་བར་དུ་གཅོད་པའི་བདུད་ཆེན་པོ་སྟེ། དེ་ལྟར་དུ་གནས་པའི་སྒོ་གསུམ་ལ་ལས་ལས་གྲུབ་པའི་བགེགས་གཞན་ཀྱང་འཇུག་གོ། དེ་ལྟར་རུ་དྲ་རྣམ་པ་གསུམ་ཚང་བའི་དངོས་པོ་ནི་བདུད་མ་ཏྲཾ་ཀ་རུ་དྲ་ཞེས་བྱ་བ་གོང་དུ་བསྟན་པ་བཞིན་ཏེ། སེམས་ཅན་རྣམས་ཀྱི་རང་རྒྱུད་ཀྱི་རྟོག་པ་ངན་པའི་གཟུགས་བརྙན་ཕྱི་རོལ་དུ་བདུད་ཆེན་པོའི་རྣམ་པར་མཐུན་སྣང་དུ་ཤར་བ་ནི་ཅི་ལྟར་སེམས་ཅན་ཐུན་མོང་གི་ལས་ཀྱིས་གནས་ལ་སོགས་པ་སྣང་བ་བཞིན་ཡིན་ཅིང་། དུག་གསུམ་ལྷག་པར་རྒྱས་པའི་རང་


MR21_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་པ་ལས་ཀྱིས་དེ་ལྟ་བུར་སྐྱེས་པ་དང་ཡང་མི་འགལ་ལ། འདུལ་ཐབས་སྤྲུལ་པའི་བཀོད་པ་ལ་དེ་ལྟ་བུར་སྟོན་པ་ཡང་ཡོད་དེ་ལས་དང་ཡེ་ཤེས་ཀྱི་སྒྱུ་མའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གཙོ་བོ་བདུད་མ་ཏྲཾ་ཀ་རུ་དྲ་དེའི་འཁོར་བཀའ་ཉན་ནི། སྲིན་པོ་གཤིན་རྗེ་བདུད་དང་གནོད་སྦྱིན་གྱི་རུ་དྲ་བཞི་སྟེ་སྲིད་གསུམ་གྱི་སྲོག་དབུགས་ལ་དབང་བྱེད་པ་སོགས་ཡིན་ལ། དེ་ཀུན་གྱི་ཕྱག་བརྙན་དམ་སྲི་རུ་དྲ་ནི་ཆོས་འཁོར་དང་དབེན་གནས་ཁྱབ་པར་རྒྱུ་ཞིང་ཆོས་ལ་བར་ཆད་བྱེད་པའོ། །དེ་ལྟར་ལས་ཀྱི་སྲིན་པོ་བདུད་ཆེན་པོ་དེ་ནི་ཚངས་དབང་ཁྱབ་འཇུག་དང་བཅས་པའི་འཇིག་རྟེན་པའི་སྟོབས་གང་གིས་མ་ཐུབ་ནས་ཐམས་ཅད་དེ་ལ་སྐྱབས་སུ་སོང་བའི་དུས་ན། སྔོན་བརྟེན་ཅིང་འབྲེལ་བའི་སྟོབས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་འདུལ་བའི་དུས་ལ་བབས་པར་དགོངས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་འདུས་ཤིང་ཐབས་གང་གིས་འདུལ་བར་བཀའ་བགྲོ་བའི་སྒོ་ནས། དཔལ་ཧེ་རུ་ཀའི་རྣམ་པས་རུ་དྲའི་གནས་སུ་བྱོན་ནས་གནས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། ཡུམ་དང་འཁོར་རྣམས་དབང་དུ་བསྡུས་ཤིང་མ་ཆགས་ཐབས་ཀྱི་སྦྱོར་བས་སྲས་བསྐྲུན།


MR21_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རུ་དྲ་འཁོར་དུར་ཁྲོད་ཀྱི་མ་མོ་བདུན་སྲིན་པོ་སོགས་དང་བཅས་ཏེ་རང་གནས་སུ་འོང་བ་ན་གནས་གཞལ་ཡས་ཁང་དུ་གྱུར་པ་སོགས་མཐོང་ནས་སྐྲག་ཅིང་རང་གི་སྙིང་པོ་རུ་ལུ་ཟློས་པ་ན་དེ་དག་དཔལ་ཆེན་པོ་ཉིད་ཀྱི་སྔགས་སུ་བྱིན་གྱིས་བརླབས་ཏེ་བཟླས་པས། རུ་དྲའི་འཁོར་ཀུན་དཔལ་ཆེན་པོའི་འཁོར་དུ་གྱུར་ནས་རུ་དྲ་གཟི་བྱིན་ཉམས་པ་ན། དཔལ་ཆེན་པོས་སྲས་ལ་རུ་དྲ་སྒྲོལ་ཅིག་པའི་ལུང་བསྩལ་བས་སྲས་བཛྲ་ཧེ་རུ་ཀས་ཁ་ཊཱཾ་རྩེ་གསུམ་གཅིག་རུ་དྲའི་སྐེད་པར་བརྒྱབ་པས་འཇིག་རྟེན་གྱི་ཁམས་འདིར་གན་རྒྱལ་དུ་བསྒྱེལ་ཏེ་ལུས་སེམས་མ་ཉམས་པ་ལ་དམ་ཚིག་ཕོག་ཅིང་ཆོས་ཀྱི་རྒྱལ་པོ་ཞེས་པའི་མིང་གིས་ཆོས་སྐྱོང་དུ་དབང་བསྐུར་ཞིང་རྣམ་ཤེས་བདེ་བར་གཤེགས་པའི་སྲས་ཀྱི་དམ་པར་གནས་སྤར་ཏེ་བསྒྲལ་བས། ད་ལྟ་ཆོས་སྐྱོང་མ་ཧཱ་ཀ་ལ་ཞེས་བྱ་ཞིང་མ་འོངས་པ་ན་འཚང་རྒྱ་བར་ལུང་བསྟན་ཏེ། དུར་ཁྲོད་བདག་པོ་དེའི་ལུས་འཛམ་གླིང་དུ་བོར་བའི་ཆ་བརྒྱད་ལས་དུར་ཁྲོད་གནས་བརྒྱད་དུ་གྱུར་ཅིང་རོའི་སྲུང་མ་ཀཽ་རི་མ་སོགས་བརྒྱད་བཞག །དེའི་ཁོག་པ་གཞལ་ཡས་ཁང་། དབང་པོ་འདོད་ཡོན་ལྔ་སོགས་སུ་བྱིན་གྱིས་བརླབས་ཤིང་། ཆས་རྣམས་ཡེ་ཤེས་ཀྱི་ཆས་སུ་མཛད། འཁོར་རྣམས་


MR21_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྲུང་མར་དབང་བསྐུར་བར་མཛད་པ་ནི་སྔོན་གྱི་ཚེ་དཔལ་ཆེན་པོས་རུ་དྲ་ཇི་ལྟར་བཏུལ་བའི་ཚུལ་ཏེ། ད་ལྟ་རྣལ་འབྱོར་པའི་ལམ་གྱི་དུས་སུའང་དེ་དང་རྣམ་པ་འདྲ་བར་བྱ་དགོས་པས་ན་དེ་ཤེས་པར་བྱ་དགོས་སོ། །དེ་ལ་རུ་དྲ་དེ་དག་འདུལ་ཐབས་ལ། ལྟ་བས་འདུལ་བ་དང་སྤྱོད་པས་འདུལ་བ་གཉིས། དང་པོ་ཕྱི་ནང་གི་ཆོས་ཀུན་བདེན་པ་མེད་པར་ཤེས་ཤིང་ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་བ་མི་འགོག་ལ་དེ་ཉིད་ལྷར་སྣང་སྒྱུ་མ་ལྟ་བུའི་ཆོ་འཕྲུལ་རྒྱུན་མི་འཆད་པར་ཤེས་པས་རུ་དྲ་གསུམ་པོ་འདུལ་ལ། དེ་ཐུལ་བས་སྒྱུ་མ་མཁན་མེད་ན་དེའི་སྤྲུལ་པ་མི་སྣང་བ་བཞིན་དུ་བདུད་རུ་དྲ་འཁོར་དང་བཅས་པ་ཐུལ་བའོ། །གཉིས་པ་སྔགས་ཀྱི་ཐབས་ཟབ་མོས་སྤྱོད་པས་མ་ཏྲཾ་བསྒྲལ་བ་སྟེ། དེ་ལ་སྔོན་དཔལ་ཆེན་པོས་གདུལ་བྱ་རྣམས་ཀྱི་ངོར་རུ་དྲ་བཏུལ་བའི་མཛད་པ་དེ་བཞིན་དུ་ད་ལྟ་ཡང་སྒྲུབ་པ་ལ་བར་དུ་གཅོད་པའི་རུ་དྲ་གང་དག་རྣལ་འབྱོར་པས་འདུལ་བ་ནི་ཕ་ཚན་བུས་བྱ་བ་བཞིན་ཏེ་ལས་དོན་ཡོད་པར་རིག་ནས་བསྒྲལ་བྱ་རུ་དྲ་ལའང་དངོས་སུ་སྣང་བ་སྔགས་ཀྱི་དོན་ལོག་པར་སྤྱོད་པ་དག་ཐབས་ཀྱིས་ལམ་ངན་ལས་བསྒྲལ་བ་དང་། དངོས་པོར་མི་སྣང་བའི་རུ་དྲ་ནི་སྔགས་ཀྱི་དམ་ཉམས་


MR21_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལྟ་བ་དམན་པས་བགེགས་སུ་སྐྱེས་པ། རྣལ་འབྱོར་པ་ཀུན་ལ་གནོད་པ་ཅན་དེ་ལ་རུ་དྲ་རྣམ་གསུམ་ཚང་བས་དེ་ཐབས་ཀྱིས་མནན་པར་བྱ་སྟེ། དེ་ལྟ་བུའི་དམ་སྲི་དེ་ནི་རྒྱུ་གཟུང་འཛིན་གྱི་རྟོག་པ་ལས་སྐྱེས། རྐྱེན་སྔགས་ཀྱི་གསང་བ་ལོག་པར་སྤྱད་པ་ལས་བྱུང་། འབྲས་བུ་ཉོན་མོངས་ལྔར་སྨིན། རིགས་གདོལ་པའི་འབྱུང་པོ་འཁོར་བའི་ས་བོན་རྩུབ་མོ་དང་ལྡན་པ། ལས་སྐལ་ཆགས་སྡང་ལ་སྤྱོད་པ་ཡིན་པས་ན། དེ་མ་བཏུལ་ན་འཁོར་བ་འཕེལ་ཞིང་ཐར་པའི་ལམ་འགགས། བཏུལ་ན་འཁོར་བ་ཉིད་མྱང་འདས་སུ་དག་པས་ན་ཚུལ་བཞིན་གདུལ་དགོས་པས་བདག་ཉིད་སྐུ་གསུམ་ཕྱག་རྒྱ་བཞི་དང་ལྡན་པའི་ཧེ་རུ་ཀར་གསལ་བར་བྱ་སྟེ། འདི་ལྟར་སྐུ་གསུམ་གྱི་ས་ལ་རྒྱུད་སྦྱངས་པ་ཏིང་ངེ་འཛིན་གསུམ་གྱི་ཆོ་འཕྲུལ་ལས་སྣོད་ཨེ་ཡི་གཞལ་ཡས་སུ། བདག་ཉིད་དཔལ་ཆེན་པོའི་སྐུ་ཞལ་ཕྱག་རྒྱན་ཆ་རྫོགས་པ་ཐུགས་ཀར་ཉི་དཀྱིལ་ལ་ཨ་དཀར་པོ་དང་ཧཱུྃ་དམར་པོ་བརྩེགས་མར་གནས་པ་གསལ་བ་ཕྱག་རྒྱ་ཆེན་པོ། ཡུམ་ཀྲོ་དྷཱི་ཤྭ་རི་དང་དབྱེར་མེད་དུ་འཁྲིལ་བ་དམ་ཚིག་གི་ཕྱག་རྒྱ། ཡབ་ཡུམ་རོལ་པའི་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་དྲེགས་པ་ཅན་བཏུལ་ནས་སླར་འདུས་པ་ལས་ཁྲོ་བཅུ་


MR21_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་སེང་སྒོ་མ་དང་བཅས་པ་བསྒོམ་པ་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ། དེ་ཀུན་མཉམ་པ་ཆེན་པོའི་ཆོས་ཉིད་ལས་མི་འདའ་བར་ཤེས་པ་ཞི་བ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པར་བྱས་པ་ནི་ཕྱག་རྒྱ་ཆེ་དང་ལྡན་པར་བྱས་པ་ནི། ཕྱག་རྒྱ་ཆེ་དང་ལྡན་པར་ནི་ཞེས་པའི་དོན་ཏོ། །དེ་ནས་ཅི་རིགས་སུ་ལས་རྣམས་བྱ་བ་ནི་ཆོ་ག་རྒྱས་བསྡུས་སོགས་ཅི་ལྟར་འཚམས་པ་སྔོན་དུ་བྱ་ཞིང་མ་ཏྲཾ་བསྒྲལ་བའི་ལས་དངོས་ལའང་ཁྱད་པར་དང་སྤྱིའི་ལས་གཉིས་ལས། དང་པོ་མ་ཏྲཾ་གྱི་གཟུགས་ཐལ་ཆེན་གྱིས་རི་མོར་བྲིས་ཤིང་སྙིང་གར་ཏྲི་བྲིས་པ་སོགས་ལ་དམིགས་བྱ་བསྐྱེད་ཅིང་དགུག་བསྟིམ་བྱས་ལ་དམ་ཚིག་ཉན་པར་གྱུར་པར་བསམ་ནས་དམ་ལ་བཞག་ཅིང་ཟིལ་གྱིས་མནན། ཁ་ཊྭཱཾ་བརྒྱབ་པས་གན་རྐྱལ་དུ་འགྱེལ་བར་བསམ་ལ་བསྒྲལ། འགྱེལ་བའི་རོ་ལ་ཁྲ་སྤྱང་སོགས་ཤ་ཟན་གྱིས་རྔམ་ཁྲོའི་ཚུལ་དུ་ཟ་བ་དང་། ཁྲོ་བོའི་ཞབས་གྱད་ཀྱི་དོར་སྟབས་ཀྱིས་སྟེང་དུ་མཆོངས་ཤིང་བརྫིས་པར་མོས། ཞབས་གཡས་མཐེ་བོང་ལྕགས་ཀྱུས་རྐང་པ་བསྣོལ་བ་ཁ་ཕྱེ་སྟེ་ཕྱི་སྒོ་ཕྱེ་བར་བསམ། དེ་ནས་མ་རིག་པའི་སྦུབས་སྒོ་དྲལ་ཏེ་ཁོག་པ་ཁ་ཕྱེ་བས་ནང་སྒོ་ཕྱེས་པར་བསམ། བདག་གི་ཐུགས་ཀའི་ཨ་དཀར་པོའི་འོད་ཀྱིས་མ་ཏྲཾ་ཀའི་


MR21_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་རྣམ་ཤེས་ཏྲི་བསྲེག་སྦྱང་འོད་དུ་གྱུར་ཏེ་ཨ་དཀར་པོའི་རྣམ་པར་གྱུར། ཐུགས་ཀའི་ཧཱུྃ་དམར་པོའི་འོད་ཀྱིས་ཨ་དེ་བཀུག་ནས་རང་གི་ཐུགས་ཀའི་ཨ་ལ་ཐིམ་པ་ལས་ཧཱུྃ་དུ་གྱུར་པ་སྲོག་དག་པའི་གསང་ལུང་དུ་བརྒྱུད་ནས་བདག་གི་བྱང་ཆུབ་ཀྱི་སེམས་དང་འདྲེས་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ཡུམ་གྱི་བྱང་སེམས་དང་འདྲེས་ནས་སྲས་ཀྱི་དམ་པར་བསྐྱེད་པ་མཁའ་ནས་བཏོན་ཏེ་མདུན་དུ་ཉི་ཟླའི་གདན་ལ་བཞག་གོ། དེ་ནས་ཁོག་པ་གཞལ་ཡས་ཁང་དུ་བརླབ་པ་བདག་གིས་ཐུགས་ཀའམ་སྨིན་མཚམས་ནས་ཧཱུྃ་ཡུངས་འབྲུ་ཙམ་མ་ཏྲཾ་གྱི་ཁོག་པར་འཕྲོས་པས་ཕྱི་པགས་པ་རིན་པོ་ཆེའི་གཞལ་ཡས་ཁང་རྩིབ་ཚིགས་ཀྱི་དུར་ཁྲོད་ཀྱི་ཁང་པ་དབྱིབས་ཟླ་གམ་མཁའ་དང་མཉམ་པར་གྱུར། ཞིང་དེའི་ཕུང་པོ་ལས་ཤ་རི་ཁྲག་མཚོ་རུས་པའི་རི་རབ་ཏུ་གྱུར་པར་བསམ། མ་ཏྲཾ་སྲས་སུ་བསྐྱེད་པ་དེ་ལ་གཏོར་མ་བྱིན་དམ་བསྲེས་ནས་སྒོ་བྱང་གི་ཆོས་རྒྱལ་དང་གཉིས་སུ་མེད་པར་བསྟིམ་ལ་བཞག་ནས་གཞལ་ཡས་ཀྱི་སྒོ་སྲུང་གི་ཕྲིན་ལས་བཅོལ། ནམ་སྒྲུབ་པ་ཐོན་ཚེ་ཆ་གཉིས་སུ་བྱས་ཏེ་ཆོས་རྒྱལ་ལ་གཏང་རག་བཏང་སྟེ་ཆོས་སྐྱོང་བའི་ཕྲིན་ལས་བཅོལ་ནས་རང་གནས་སུ་གཤེགས། མ་ཏྲཾ་སྲས་སུ་བསྐྱེད་


MR21_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་གནས་སྤར་བའི་ཆོ་ག་བྱའོ། །དེ་ནས་རྡོ་རྗེ་རྒྱལ་པོས་སྣ་དྲངས་ཏེ་ཕྱག་རྒྱ་ལག་པ་དཔུང་མགོར་བསྣོལ་ནས་སྡིགས་མཛུབ་བསྒྲེང་ཞིང་སྔགས་དང་བཅས་པས་འབར་བའི་ལྟ་བས་ཐམས་ཅད་ནང་དུ་འཇུག་པར་བྱས་ནས་སྒོ་རྦད་ཀྱིས་བཅད་པར་བསམ། དེ་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ལ་ཧཱུྃ་བརྗོད་པས་སྟོང་གསུམ་ཧཱུྃ་དུ་མེར་གྱིས་གྱུར་པ་སླར་འདུས་ཏེ་འོད་དུ་འབར་བ་རྡོ་རྗེ་མེ་ཕུང་གི་གུར་དུ་གྱུར་པར་བསམས་ལ་མཚམས་བཅད་དོ། །དེ་ནས་བདག་གི་སྨིན་མཚམས་ནས་བྷྲཱུྃ་འོད་ཟེར་དང་བཅས་པ་བརྒྱད་མ་ཏྲཾ་གྱི་གནས་བརྒྱད་ལ་འཕྲོས་པས་དེ་རྣམས་འོད་དུ་ཞུ་སྟེ་རང་བྱུང་གི་མཆོད་རྟེན་བརྒྱད་གཞལ་ཡས་ཁང་དུ་གྱུར་པར་མ་མོ་བརྒྱད་སྤྱན་དྲངས་ཤིང་གནས་སྲུང་བར་བཅོལ་བའི་ཚིག་བརྗོད་པས་དེར་བཞུགས་པ་ལ་བདག་གི་ཕྱག་ན་གནས་པའི་ཡེ་ཤེས་ཀྱི་ཀཽ་རི་བརྒྱད་ཀྱིས་དབང་བསྐུར་ཏེ་ལས་དང་ཡེ་ཤེས་དབྱེར་མེད་པའི་མ་མོ་བརྒྱད་ལ་གཞལ་ཡས་ཁང་སྲུང་བའི་ཕྲིན་ལས་བཅོལ་ཏེ་བཞག་གོ། དེ་ནས་ཕྲ་མེན་བརྒྱད་ཤྭ་རི་སོགས་དུག་གསུམ་གྱི་དཀྱིལ་འཁོར་བཀོད་པ་ལ་སྤྲུལ་ཞིང་གཞན་ཡང་ལས་ལས་གྲུབ་པའི་ཕྲ་མེན་མང་པོས་དགྲ་བགེགས་གང་ལ་བྱ་བའི་


MR21_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཟོས་ཁྲག་འཐུང་རུས་པ་འཆའ་ཞིང་དུག་གསུམ་སྟོང་པར་བསམ་ལ་རྣལ་འབྱོར་པ་རྣམས་ཀྱིས་ཕྲ་མེན་མའི་འཇོལ་ཚུལ་བྱ་ཞིང་གཞལ་ཡས་ཁང་གི་བར་སྐོར་རམ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱའོ། །ཕྲ་མེན་མའི་འཇོལ་ཚུལ་ནི་ཇི་སྐད་དུ། གཡས་སུ་བལྟ་ཞིང་གཡོན་དུ་ནུར། །ཡིད་མ་ཆེས་ཏེ་ཕྱིར་ཡང་བལྟ། །ཞེས་པ་བཞིན་ནོ། །དེ་ནས་གཉིས་པ་སྤྱིའི་ལས་ནི་མ་ཏྲཾ་གྱི་ལྟེ་བ་སོགས་ལུས་གནས་སོ་སོར་ལས་བཞིའི་སྦྱིན་སྲེག་གིས་གདུལ་བར་བྱ་ཞིང་དེའི་མཐར་བདག་ཉིད་ཧེ་རུ་ཀ་རིགས་བཞི་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་ལྟ་བ་དྲག་པོས་བསྐྱོད་པས་སྣང་སྲིད་ཐམས་ཅད་ལས་སོ་སོའི་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་ལ་ལས་བཞིའི་བྲོ་དབང་ནས་བརྩམ་སྟེ་དྲག་པོ་དང་ཞི་བ་དང་རྒྱས་པའི་མཐར་ཐུག་པར་བརྡུང་བར་བྱ་ཞིང་། དེ་ནས་སྒྲུབ་པ་པོ་རྣམས་ཀྱིས་ཚེ་དགུག་བསྟིམ་བཀྲ་ཤིས་རྒྱས་པར་བྱའོ། །དེ་ལྟར་མ་ཏྲཾ་བཏུལ་བས་གནས་བྱིན་ཆེ་ལ་བཀྲ་ཤིས། བགེགས་ཕྲ་མོ་ཀུན་གཉའ་ཆག་ནས་ཟིལ་གྱིས་གནོན། རྣལ་འབྱོར་པ་རིག་པའི་རྩལ་འབྱོངས། དམ་སྲི་རུ་དྲ་འཁོར་བའི་གནས་ནས་ཐར་པའི་ཐབས་མཆོག་ཏུ་གྱུར་པའོ། །གཉིས་པ་གཟུགས་བརྙན་གྱི་


MR21_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ། དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་བཞི། །ཁམས་ཕོར་རི་མོར་བྲིས་པ་དགུ། སྣང་བའི་འོད་དང་ཆས་པར་དགྲམ། །རྫས་ཀྱིས་མཛེས་པར་འཁོར་བར་བཞག །མིག་གི་རྟེན་ཡང་མངོན་པར་བཞག །ཅེས་གསུངས་ཏེ། འདི་ཞི་བར་བསྙེན་པའི་ལུང་དང་། ཁྲོ་བོར་སྒྲུབ་པའི་ལུང་སོ་སོར་སྦྱར་དགོས་ལ། ཞི་བ་ལའང་རྡུལ་ཚོན་བྲིས་ཏེ་རྫས་བཀོད་ནས་བསྙེན་པ་བྱ་བའི་ལུང་དང་། རྡུལ་ཚོན་བྲིས་ཏེ་རྫས་མཆོག་བམ་ལ་ལྷ་བཀོད་དེ་བསྙེན་པ་བྱ་བའི་ལུང་གཉིས་སུ་ཡོད་པའི་དང་པོ་ལྟར་ན་ཞི་བའི་དཀྱིལ་འཁོར་ཀྱང་གོང་དུ་ལས་ཅི་རིགས་བྱ་ཞེས་པ་དེ་བཞིན་དུ་ཚུལ་དང་ལྡན་པར་བྱ་ཞིང་དེ་ལ་བརྟེན་ནས་བསྙེན་པ་བྱས་པས་ལས་ཉོན་ནུབ་ཅིང་སངས་རྒྱས་ཀྱི་ཞིང་ཁམས་ལ་ཕྱོགས་པར་བྱེད་པས་ན་དཀྱིལ་འཁོར་དེ་ནི་འཁོར་བ་དག་ཅིང་མྱང་འདས་བསྒྲུབ་པའི་གཞི་ཡིན་ནོ་ཞེས་སོ། །དེ་ལ་ཐོག་མར་སྟེགས་བུ་འདོམ་གང་གྲུ་བཞི་འཕང་ཁྲུ་གང་པའི་མཎྜལ་ལེགས་པར་བྱས་ཏེ་བ་བྱུང་གིས་བྱུག་ཅིང་དེར་ཆག་ཆག་གདབ་ནས་བྱིན་གྱིས་བརླབ་པའི་ཐིག་སྐུད་ཀྱིས་གནམ་ཐིག་རྒྱ་གྲམ་དང་། ཞི་དཀྱིལ་གཟུགས་བརྙན་གྱི་ཐིག་


MR21_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་བཏབ་ལ་བྱིན་གྱིས་བརླབ་པའི་ཚོན་དགྱེ་ཞིང་མཚན་མ་འགོད་པའམ་འོག་ནས་བཤད་པའི་རྫས་བཀོད་པས་ཀྱང་འཐུས་པར་གསུངས། དེ་ལྟར་དཀྱིལ་འཁོར་བྲིས་ཟིན་ནས་ཁམས་ཕོར་རམ་བནྡྷ་རིལ་པོ་གཅིག་ལ་བྱང་སེམས་དཀར་དམར་གྱིས་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་དང་། ཐོད་པའི་ཚལ་བུ་བརྒྱད་ལ་སེམས་དཔའ་ཡབ་ཡུམ་གྱི་སྙིང་པོ་རི་མོར་བྲི༷ས་པ་སྟེ་དགུ་པོ་སོ་སོའི་གནས་སུ་བནྡྷ་མཚན་གསོལ་དང་ལྷ་སོ་སོ་སྤྱན་དྲང་བའི་ཚིག་གིས་དགོད་པར་བྱའོ། །གཞན་ཡང་ཐུབ་དྲུག་ལ་ཙནྡན་གྱི་ཕུར་པ་ཟླུམ་པོ་རེ་ལ་སྙིང་པོ་བྲིས་པ་དང་། སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་ལ་སེང་ལྡེང་གི་ཕུར་པ་སོར་བརྒྱད་པར་སྙིང་པོ་བྲི། ཀུན་བཟང་ཡབ་ཡུམ་དབུས་ཀྱི་བནྡྷ་ལ་བྲི་བའམ་རྡོ་རྗེ་དང་དྲིལ་བུ་ལ་བྲི་ཞེས་ཀྱང་གསུངས་སོ། །དེ་ནས་མར་མེ་འགོད་པ་ནི། སྣང་བའི་འོད་དང་བཅས་པའི་མར་མེ་བཅའ་ཚུལ་འོག་ཏུ་འཆད་པ་ལྟར་བྱས་ལ། མར་མེ་འགོད་པའི་ཚིག་གིས་ལྷ་གྲངས་བཞིན་དུ་རིམ་པར་དགྲམ་པར་བྱའོ། །གཞན་ཡང་དར་སྣའི་ཡོལ་བ་བླ་བྲེ་མདའ་བཞི་མེ་ལོང་རལ་གྲི་དར་སྣ་ཕྲེང་བ་ཕུར་བུ་ཚོན་སྐུད་ལྔ་ལ་སོགས་པ་མཆོད་པའི་རྫས་ཀྱིས་དལ་གྱི་མཐར་མཛེས་པར་འཁོར་བར་བཞག་པར་བྱ་


MR21_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཏིང་འཛིན་གསལ་བའི་རྟེན་དུ་ལྷའི་བྲིས་སྐུའམ་ལུག་མ་ཚད་ལྡན་མིག་གི་རྟེན་དུ་ཡང་མངོན་པར་བཞག་པར་བྱའོ། །གཉིས་པ་བམ་ལ་བརྟེན་ན་དཀྱིལ་འཁོར་བྲིས་ལ་གོང་དུ་སྟ་གོན་བྱས་པའི་བམ་སྒྲོམ་ནས་ཕྱུངས་ལ་ཁྲུས་བྱས། ཤེས་པ་དགུག་ཅིང་དཀྱིལ་འཁོར་དུ་གཞུག་པ་བྱས་ཏེ་དལ་གྱི་དབུས་སུ་ཙོག་པུར་བཞག་ལ། བདག་ཉིད་ཀྱི་ཐུགས་ནས་ལྷའི་ས་བོན་རོའི་གནས་སུ་འཕྲོས་ཏེ་ཡན་ལག་ལྔ་ལ་རིགས་ལྔ་ཡབ་ཡུམ། མདུན་དང་རྒྱབ་ཏུ་ཀུན་བཟང་ཡབ་ཡུམ། དབང་ཤེས་ཡུལ་དུས་ལ་སེམས་དཔའ་ཡབ་ཡུམ།སྤྱི་བོ་རྒྱབ་ལྕེ་སྙིང་ལྟེ་བ་རྐང་མཐིལ་ལ་ཐུབ་དྲུག །ལྟེ་བ་དྲུག་མདོ་མཁལ་ཁུང་གཡས་གཡོན་ལ་སྒོ་བ་ཡབ་ཡུམ་བསྒོམ་ལ་དྲང་བསྟིམ་ཕྱག་འཚལ་མཆོད་དེ་བཟླས་པའི་འཕྲོ་འདུ་ཚུལ་བཞིན་བྱ་བའོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་གྱི་དབང་དུ་ན། སྤྱིར་དཀྱིལ་འཁོར་ལ་དོན་རྟགས་སོགས་དབྱེ་བ་མང་དུ་ཡོད་ཀྱང་འདིར་ཞི་བསྙེན་མཐར་དབྱུང་ནས་བསྒྲུབ་པའི་གནས་སུ་ཁྲོ་བོའི་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བ་ལ། ཁྲོ་བོ་རང་གཞུང་གི་ཆག་ཆག་གདབ་པ་སོགས་ཟུར་དུ་བཤད་པ་བཞིན་ལས་སྤྱི་ཁོག་ཞི་བ་བཞིན་དུ་བྱ་ཞིང་དབུས་ཀྱི་ཕོ་བྲང་ལྟེ་བ་


MR21_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོར་བྱས་པ་ལ་ཟླ་གམ་གྱི་སྒོ་བཏོད་ལུགས་ལ་སློབ་དཔོན་རྡོ་རྗེ་བཞད་པ་དང་། ཧཱུྃ་ཀ་རའི་གཞུང་གི་བཞེད་པ་མི་འདྲ་བ་གཉིས་སུ་གསུངས་ཏེ། དང་པོ་ལྟར་ན་ལྷོ་ནས་བྱང་དུ་ཆ་གསུམ་བགོས་པའི་ནུབ་ཕྱོགས་ངོས་ཀྱི་ཆ་གཉིས་ལ་ཟླ་གམ་སྒོ་གཅིག་པ་ཁ་ཤར་དུ་བལྟ་བ་བྱས་ལ་དེར་ལིང་ཚེ་དགུ་པ་བྱ་སྟེ་དེའི་དབུས་ཀྱི་ཟླ་གམ་སྒོ་ཤར་བསྟན། གཞན་བརྒྱད་སྒོ་ནང་བསྟན་དུ་བྲི་བ་ལ། དཀྱིལ་འཁོར་ཀྱང་དེ་བཞིན་དུ་འབྲི་བར་བྱ་སྟེ་ནུབ་ཕྱོགས་ངོས་ཀྱི་གཞི་ལ་བྱ་ཞེས་པའི་དོན་དང་། གཉིས་པ་ལྟར་ན་ལྷོ་བྱང་དུ་བཅད་པའི་ཤར་ཕྱོགས་ཀྱི་ངོས་གཉིས་ལ་ཟླ་གམ་དམར་པོ་སྒོ་ནུབ་ཏུ་བཏོད་པར་བྱས་པ་ལ་ལིང་ཚེ་དགུ་པ་བྱས་པ་ནི་དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་གཞི་ཞེས་དཀྱིལ་འཁོར་སྒོ་ནུབ་ཀྱི་ཕྱོགས་སུ་བསྟན་པ་ནི་སྔ་མ་དེ་བཞིན་དུ་བྲི་ཞིང་བསྙེན་སོགས་ཀྱི་གཞི་ཡིན་ནོ། །ཞེས་གསུངས་ཏེ། གཞལ་ཡས་དེ་དག་གི་དོན་དང་སྦྱར་བ་ཕྱི་ནང་གསང་བའི་དབྱེ་བ་ལ་སོགས་པ་འགྲེལ་པ་ལས་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཡང་སྤྱིའི་དབང་དུ་ན་དཀྱིལ་འཁོར་ཀྱང་དེ་བཞིན་དུ་བྱ་སྟེ། ནམ་བྱ་ན་ནུབ་པར་ཕྱོགས་པ་སྟེ་ཞི་བསྙེན་མཐར་དབྱུང་ནས་ནུབ་ཐ་མ་ལ་སྒྲུབ་པའི་


MR21_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཉིད་ཀྱི་ཕྱིར་བྱ་བར་གསུངས་སོ། །དེ་ལྟར་བྲིས་ནས་ཁམས་ཕོར་ཞེས་པ་སྐབས་འདིར་དབུས་སུ་རྒྱལ་རིགས་དུམ་བུ་གཅིག་པ་ཕྱོགས་བཞིར་བྲམ་ཟེ་སོགས་དང་མཚམས་བཞིར་ཁྲུས་མཁན་སོགས་བཞིའི་ཐོད་པ་ལ་མི་རྐང་གི་སྨྱུ་གུས་མི་ཁྲག་གི་སྣག་ཚ་ལས་ལྷ་དགུའི་སྙིང་པོ་རི་མོར་བྲིས་པ་དགུ་སྒྲུབ་པ་པོ་རྣམས་ཀྱི་ཕྱག་ཏུ་བཞེས་ནས་བནྡྷའི་མཚན་གསོལ་བརྗོད་ཅིང་ལྷ་སོ་སོའི་སྤྱན་འདྲེན་གྱི་ཚིག་དང་སྔགས་བརྗོད་དེ་རང་རང་གི་གནས་སུ་བཞུགས་སུ་གསོལ་ཞེས་འདིར་ལྷ་དགུ་ཙམ་བསྟན་ཀྱང་གཞན་ཡང་སྐྱོབ་པའི་ལྷའམ་མགྲོན་གྱི་ལྷའི་དབང་དུ་བྱས་ཏེ་སིང་ཧ་ཕན་ཆད་འགོད་པར་འདོད་ནའང་དེ་ལྟར་བྱའོ། །མར་མེ་སྣང་བའི་འོད་དང་ཆས་པར་དགྲམ་པ་ཡང་གསང་སྔགས་འདི་པའི་ལུགས་ཀྱི་ཁྱད་པར་གྱི་མར་མེའི་སྣོད་ནི་ཐོད་ཚལ་སྐྱོན་མེད་པ་ཟླ་གམ་དབྱིབས་སུ་བྱས་ལ་པདྨ་བྲིས་ནས་ཟེའུ་འབྲུ་མཐོ་བར་བྱ། བཅུད་ནི་མི་ཁྱི་རྟ་བྱ་བ་ལང་སྟེ་འབྲས་བུ་ལྔ་བསྒྲལ་བའི་ཚིལ་དང་རྐང་མར་ཞག་ཏུ་བསྲེས་པ་འབྲུ་མར་དང་རྩི་མར་ལ་སྦྱར་བའི་མར་ཁུ་བྱ། སྙིང་པོ་གསང་བའི་རྡོ་རྗེའི་ཤར་བུ་སྐམ་པ་ཡུམ་གྱི་པདྨའི་ཟེའུ་འབྲུས་དཀྲིས་ཏེ་བསྐམ་ལ་དེ་དུར་ཁྲོད་ཀྱི་རས་ཀྱིས་དཀྲིས་པའོ། །དེ་དུར་མེ་དང་རྡོ་


MR21_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཙུབ་པའི་མེ་བསྒྲོན་པ་སྟེ་དེ་ནི་སྣོད་བཅུད་མཁའ་གསང་སོགས་མཚོན་ཅིང་ཡེ་ཤེས་ཀྱི་འོད་གསལ་བའི་རྫས་དེར་མངའ་གསོལ་བའི་ཚིག་བརྗོད་ཅིང་སོ་སོའི་གནས་སུ་འགོད་དོ། །རྫས་ཀྱིས་མཛེས་པར་འཁོར་བར་བཞག་ཅེས་པས་གང་དུ་ཞི་བའི་སྐབས་སུ་རྫས་མཚན་ལྡན་བམ་ལ་སྒྲུབ་པ་བྱས་ནས་ཞི་བའི་ལྷ་སྔགས་ཀྱིས་སྦྱངས་པའི་རྫས་དེ་མཎྜལ་གྱི་ཕྱོགས་བཞིར་གྲོ་བཞིས་སྦྱངས་ལ་བསྐང་བ་བྱས་ནས་བྱང་ཤར་དུ་རོ་གསིལ་ཏེ་བཤས་ནས་གློ་སྙིང་དཔལ་ཆེན་ཡབ་ཡུམ་མིག་རྣ་སྣ་ལྕེ་རིགས་བཞི་ཁྲག་འཐུང་གི་རྫས་སུ་དགྲམ་པ་སོགས་གཞུང་བཞིན་བྱ་ཞིང་། གཞན་ཡང་གོ་རོ་ཙ་ན་དང་དབང་ལྔ་མཁྲིས་པ་སོགས་སྙིང་པོ་ལྔར་སྦྱར་བ་བནྡྷ་གང་དངོས་གྲུབ་ཀྱི་རྫས་དང་། གཞན་ཡང་བནྡྷ་མཚན་ལྡན་དུ་སྒྲུབ་པོ་དུ་ཡོད་ཀྱི་གསང་མཚན་དང་དངོས་གྲུབ་ཀྱི་གསོལ་བྱང་སྦྱར་བ་དང་། དབང་བསྐུར་ན་གཙོ་བོ་དང་ལས་བུམ་དུ་བཅས་པ་སོགས་བཞག་ཅིང་ཕུར་པ་བཅུ་བ་སུ་ཏའི་ཞགས་པས་བསྐོར། ཤུན་ཆེན་གཡང་གཞི་ལ་ཁྲག་གི་ཐིག་ལེ་ལྷ་གྲངས་བྱས་པ་དཀྱིལ་འཁོར་གྱི་བླ་བྲེ་བྱ། ཐོད་ཚལ་གསུམ་དུ་ཐལ་ཆེན་རཀྟ་ཞག་གསུམ་ཡང་བཞག །ཕུར་པ་ཡུངས་ཀར་མཚོན་ཆ་སོགས་དང་རྐང་གླིང་དང་རཀྟ་སྦྲེང་བའི་


MR21_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་བུ་སོགས་བམ་གྱི་རྒྱུས་པ་ལས་བྱས་པ་དང་མཆོད་རྫས་ཉེར་སྤྱོད་སྨན་རག་གཏོར་གསུམ་སོགས་ཇི་དགོས་པ་འདུ་བྱའོ། །མིག་གི་རྟེན་ཡང་མངོན་པར་བཞག །ཅེས་པས། ནུབ་ཕྱོགས་སུ་དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་བྲིས་འབུར་གང་རིགས་ནི་ལྷ་གཤེགས་པའི་རྟེན་དང་མཚན་མ་བརྟགས་པ་དང་ཏིང་འཛིན་གསལ་བའི་ཕྱིར་མིག་གི་རྟེན་དུ་བཞག །ཐབས་ཤེས་འབྲེལ་ཞིང་འདོད་ཆགས་ཡེ་ཤེས་སུ་གསལ་བའི་ཕྱིར་གཟུང་མ་མཚན་ལྡན་ནི་སྒྲུབ་པ་པོའི་གཡོན་དུ་མིག་གི་རྟེན་དུ་བཞག་གོ་ཞེས་ཟུར་གཉིས་ཏེ་དབང་པོས་མཐོང་སར་བཞག་པའི་དོན་ཏོ། །གསུམ་པ་བྱིན་གྱིས་བརླབས་པ་ནི། །མི་དམིགས་ཆོས་ལ་བློ་བརྟན་ཅིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས། །ཅེས་པས། ཆོས་ཐམས་ཅད་རང་སེམས་སུ་འདུ་ཞིང་སེམས་ཉིད་སྤྲོས་པ་ཀུན་དང་བྲལ་བ་སྟོང་གསལ་ནམ་མཁའ་ལྟར་རྟོགས་པའི་ངང་ལས་མ་ཡེངས་ན་དེ་བཞིན་ཉིད་མི་དམིགས་པའི་ཆོས་ལ་བློ་བརྟན་ཅིང་གདེངས་སུ་གྱུར་པ་ཡིན་ལ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དེས་ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱ་བ་དང་། ཆོས་ཉིད་ཅི་


MR21_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་པ་ལས་ཅིར་ཡང་སྣང་བའི་ཆོ་འཕྲུལ་མ་འགག་པར་འཆར་བའི་ཡེ་ཤེས་མཆོག་ཏུ་གྱུར་པ་ཅན་གྱི་རྣལ་འབྱོར་པས་ཞི་གནས་ཏིང་ངེ་འཛིན་གོམས་པའི་མཐུ་བྱིན་དང་ལྷག་མཐོང་ཡེ་ཤེས་ཀྱི་ཆོ་འཕྲུལ་མངའ་བའི་སྟོབས་ཀྱིས་གནས་དང་སྒྲུབ་པོ་ཡུམ་དང་རྒྱུ་དང་སྒྲུབ་རྫས་ཡོ་བྱད་ལ་སོགས་པ་ཐམས་ཅད་བསྐྱེད་རྫོགས་དང་རྫོགས་པ་ཆེན་པོའི་ཚུལ་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། ཇི་ལྟར་ན་བདག་གཙོ་བོའི་རྣམ་པར་གསལ་བ་སྤྱིར་བཏང་ནས། དབང་བསྒྱུར་ཐབས་ཀྱི་ཏིང་འཛིན་གྱིས་གནས་བྱིན་གྱིས་བརླབས་པ་ནི། དང་པོར་གནས་བསྲེག་གཏོར་བཀྲུས་ཤིང་སྟོང་པར་སྦྱངས་ཏེ་ཆོས་དབྱིངས་སུ་བསམ། བདག་གི་འོད་ཀྱིས་སེམས་ཅན་ཀུན་གྱི་ཉོན་མོངས་བྱང་ནས་ཧཱུྃ་གིས་བདག་ལ་བསྡུ་ཞིང་གཉིས་སུ་མེད་པར་ཡེ་ཤེས་ཀྱི་སྐུར་བསམ། ཁྱད་པར་བདག་གི་ཐུགས་ཀ་ནས་ཨེ་སོགས་ས་བོན་འཕྲོས་པས་སྙིགས་མའི་འབྱུང་བ་སྦྱངས་ཏེ་སྒྲུབ་གནས་དྭངས་མའི་འབྱུང་བ་རིམ་བརྩེགས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཟླ་གམ་དབང་གི་ཕོ་བྲང་དུ་གྱུར་པར་བསམ་མོ། །ཤེས་རབ་སྙིང་རྗེའི་ཏིང་འཛིན་གྱིས་ཡུམ་དང་རྒྱུ་དང་སྒྲུབ་རྫས་བརླབ་པ་ལ་ཡུམ་དང་དམ་རྫས་ཀྱི་རྒྱུ་ནི་དབང་དང་བསྒྲལ་བའི་སྐབས་ན་བྱིན་


MR21_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པ་ལྟར་བྱ། སྒྲུབ་རྫས་ཁམས་ཕོར་དང་མར་མེ་ལྷར་གསལ་ལ་དྲང་བསྟིམ་བཞུགས་སུ་གསོལ་བར་བྱའོ། །ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས་སྒྲུབ་པ་པོ་བརླབ་པ་ནི། དང་པོ་དལ་དུ་འཇུག་པ་ནས་དབང་བསྐུར་བའི་བར་བཞིན་དུ་བྱ་བ་ཡིན་ལ། དེ་ནས་ཞི་ཁྲོའི་རྒྱན་དང་རྟགས་ཀྱིས་བརྒྱན་གཟུངས་མ་རེ་དང་སྤེལ་ལ་སློབ་དཔོན་གྱིས་བགོ་འདོད་སློབ་མས་དམ་བཅའ་བར་བྱའོ། །དེ་ནས་སྤོས་ཆེན་གྱི་དུད་པ་བཏང་སྟེ་བྱིན་དབབ་བོ། །ཚོགས་ཆེན་རྫོགས་པའི་ཏིང་འཛིན་གྱིས་རྫས་དང་ཡོ་བྱད་བརླབ་པ་ལ་ཡོ་བྱད་འབྱོར་ཤོམས་བྱས།ལས་ཀྱི་ཀརྨས་བཞེས་པར་གནང་བ་ཞུ། སློབ་དཔོན་གྱིས་ལན་བསྩལ་སྤྱད་ཆ་ཐམས་ཅད་སློབ་དཔོན་གྱི་མདུན་དུ་སྤུངས་ལ་གུ་གུལ་བདུག །ཡུངས་ཀར་བྲབ་ལ་སྔགས་བཟླས། སྤོས་དུད་དང་དྲི་ཆབ་ཀྱིས་བསང་། བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་དུ་ཉི་དཀྱིལ་གྱི་སྟེང་དུ་ཡོ་བྱད་རྣམས་དམིགས་པ་ཧཱུྃ་གིས་བསྲེག་སྟེ་སྟོང་པའི་ངང་ལས་ཨོཾ་ལས་སྣོད་བཅུད་ཀྱི་བདུད་རྩི་བསྡུ་ཞིང་ཡེ་ཤེས་ལྔའི་རང་བཞིན་འདོད་ཡོན་ལྷ་མོ་དྲུག་གི་རོལ་པས་ནམ་མཁའ་གང་བར་བསམ་ལ་གཏོར་མའི་སྔགས་བརྗོད། མཆོད་རྫས་བྱིན་རླབས་ལ་དྲུག་ལས་ཛ་གད་མི་བསྐྱོད་པ་ཡབ་ཡུམ་


MR21_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་བྱང་སེམས་དང་མྃ་ལས་སྤྲོས་པའི་མཱ་མ་ཀི་མང་པོས་ཕྱོགས་བཅུའི་ཆུ་བཅུད་བསྡུས་པ་བྱང་སེམས་དང་འདྲེས་པས་སྣོད་གང་བར་བསམ་ལ་སྔགས་བཟླ། བདུད་རྩི་དཔའ་བོ་འབྲུ་ལྔ་དང་རྟ་མགྲིན་ཡུམ་བཞིས་བསྐོར་བ་ལས་སྦྱོར་བའི་སེམས་སྤྲིན་དབབ་པ་དང་འཁོར་འདས་ཀྱི་བཅུད་བསྡུ་བསྟིམ་བྱས་པའི་དྭངས་མ་འབྲུ་གསུམ་གྱི་རྣམ་པས་བདག་ལ་བསྟིམ་སོགས་ཀྱིས་བརླབ་པར་བྱའོ། །གཏོར་མ་ལ་གཉིས་ཏེ་སྒྲུབ་གཏོར་གཞལ་ཡས་ཁང་དུ་དཔལ་ཆེན་པོ་འཁོར་བཅས་སུ་གསལ་ཏེ་དེ་ལ་མཆོད་པ་སོགས་བསྟབ་པར་བྱ་ཞིང་། མཆོད་གཏོར་དང་ཚོགས་ཐམས་ཅད་ཡོ་བྱད་བཞིན་དུ་བརླབ་པར་བྱའོ། །རཀྟ་ནི་བནྡྷའི་གཞལ་ཡས་འཇིག་རྟེན་གྱི་གཏོས་དང་མཉམ་པར་ར་ཡིག་གིས་དངོས་རྟོག་སྦྱངས་ཏེ་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པའི་ཟེར་མ་རེ་རེ་ལས་འདོད་ཡོན་ལྔའི་ལྷ་མོ་འཕྲོ་བར་བསམ་ལ་སྔགས་བཟླའོ། །དཔལ་བཤོས་སྭཱ་ལས་ཡིད་བཞིན་གྱི་ནོར་བུ་ལས་མཆོད་པའི་རྒྱུན་འབྱུང་བ་དང་གཞན་ཡང་སྤོས་དང་མེ་ཏོག་སོགས་ཞི་བའི་སྐབས་བཞིན་བརླབ་པར་བྱའོ། །དེ་ཐམས་ཅད་ཀྱང་དོན་དམ་པར་སྟོང་པ་ཉིད་དུ་བསྒོམ་པས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་དཀྱིལ་འཁོར་དེར་དབང་བསྐུར་བ་ལ།


MR21_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་དལ་དུ་གཞུག་པ། བར་དུ་དབང་བསྐུར་བ། ཐ་མར་དམ་ཚིག་ལ་གནས་པར་བྱ་བའི་རིམ་པ་གསུམ། དང་པོ། རྟོགས་པའི་བློ་ཅན་དེ་དག་གིས། །སྲོག་ལུས་མན་ཆད་རྫས་ཀྱི་རྣམས། །བླ་མ་མཉེས་པར་བྱ་ཕྱིར་འབུལ། །དངོས་གྲུབ་འདོད་པར་གསོལ་བ་གདབ། །ཅེས་གསུངས་ཏེ་སྔར་བཤད་པ་བཞིན་སློབ་མ་མཚན་ཉིད་དང་ལྡན་པ་བླ་མེད་བྱང་ཆུབ་ལ་ཡིད་ཆེས་ཀྱི་རྟོགས་པའི་ངེས་པ་བརྟན་ཅིང་། དེའི་ལམ་གསང་བ་ཟབ་མོའི་དོན་རྣམས་ཁོང་དུ་ཆུད་ནུས་པའི་བློ་ཅན་དད་ལྡན་དེ་དག་གིས་དབང་ཐོབ་པའི་རྒྱུ་ཡོན་རབ་རང་གི་སྲོ༷ག་ཕུལ་ཏེ་ཇི་རི་བའི་ཡོན་གྱིས་བསླུ་བའི་ཚུལ་དུ་འབུལ་བ་དང་། འབྲིང་ལུས་ཕུལ་ཏེ་བྲན་དུ་བྱ་བ་མན་ཆད་ནས་བུ་དང་ཆུང་མ་སོགས་དང་། ཐ་མ་རྫས་ཀྱི་དངོས་པོ་གང་ཕང་ཞིང་གཅེས་པ་རྣམས་ཇི་དགྱེས་ཇི་འབྱོར་དུ་ཕུལ་ཏེ། གང་ལ་ན་བླ་མ་རྡོ་རྗེ་སློབ་དཔོན་རྒྱུད་ནས་བཤད་པའི་མཚན་ཉིད་དང་ལྡན་པ་ལ་ཕུལ་ཞིང་ཇི་ཕྱིར་ན་ཐུགས་མཉེས་པར་བྱ་ཕྱིར་དབུལ་ཏེ་རབ་ཤེས་རབ་འབྲིང་རང་རྒྱུད་ཐ་མ་ཟང་ཟིང་གིས་དེ་མཉེས་པར་བྱ་སྟེ། དེ་མཉེས་པ་ནི་བསྒྲིམ་མི་དགོས་པར་དབང་དང་དངོས་གྲུབ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་མཆོག་ཏུ་དེ་ལས་འབད་པར་བྱའོ། །


MR21_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དལ་གྱི་ནུབ་ཏུ་སེང་ཁྲིར་བླ་མ་བཞུགས་སུ་གསོལ་ལ་སློབ་མ་རྣམས་ཤར་དུ་བསྒྲིགས་ནས་བར་དུ་ཡོལ་བས་བཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་ཅིང་དབང་ནོད་པར་འདོད་པའི་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་དད་པས་ཇི་ཡོད་འབུལ་ནུས་མི་ནུས་དང་། མ་གནང་བ་སོགས་གེགས་ཡོད་མེད། ལམ་མཆོག་གིས་བྱང་ཆུབ་བསྒྲུབ་པར་འདོད་མི་འདོད། ཁས་ཉེན་ཆེ་བའི་ཚིག་ནོད་ནུས་མི་ནུས། དམ་ཚིག་ནོད་པ་བཞིན་མི་འདོར་བར་བརྟན་པར་ནུས་སམ་མི་ནུས་རྣམས་རིམ་བཞིན་དྲིས་པ་ལ་ལན་ཚུལ་བཞིན་དུ་བཏབ་རྗེས། སློབ་མ་དབང་ནོད་པའི་གསོལ་འདེབས་དང་། སློབ་དཔོན་གྱིས་ཇི་ལ་དགའ་བ་དྲི་ཞིང་སློབ་མས་ལན་བཏབ་པ་བྱས་ན། སློབ་དཔོན་གྱིས་གནང་བ་སྩལ་ཞིང་མེ་ཏོག་བྱིན་ལ་སྒོ་བཞིར་ཁྲིད་དེ་སྒོ་དབྱེ། དེ་ནས་བགེགས་བསྐྲད་ལ་དཀྱིལ་འཁོར་དུ་གཞུག་ཅིང་མེ་ཏོག་དོར་བས་གང་ལ་བབ་པ་བརྟགས་མིག་དབྱེ་ཞིང་མཐོང་བ་དྲིས་ལ་གདོང་གཡོག་བཀྲོལ་ནས་དཀྱིལ་འཁོར་དུ་བལྟ་བར་གདམས། དེ་ནས་བགེགས་བསྐྲད་ལས་བུམ་གྱིས་ཁྲུས་བྱས་དམ་ཆུ་བླུད་ལ་ཁེ་ཉེན་གྱི་སྒོ་ནས་དམ་ལ་བཞག །རྟེན་དང་བརྟེན་པའི་ལྷ་ངོ་བསྟན་པ་རྣམས་བྱའོ། །


MR21_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབང་བསྐུར་བ་ལ་ཕྱི་དབང་དང་ནང་དབང་དང་གསང་དབང་དང་རྫོགས་པའི་དབང་བསྐུར་བ་བཞི། དང་པོ། སློབ་དཔོན་ཇི་བཞིན་སྟན་བདེར་གནས། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ཞེས་པས་བསྟན་ཏེ་སྤྱིར་དབང་ཞེས་པ་སློབ་མའི་རིག་པ་བྱང་ཆུབ་ཀྱི་སེམས་སྐུ་བཞིའི་ངོ་བོར་གནས་པའི་ཡོན་ཏན་རྣམས་སྒྲིབ་པས་བསྒྲིབ་སྟེ་མངོན་དུ་མ་གྱུར་པ་ལ་སློབ་དཔོན་གྱི་ཤེར་ཏིང་ཟབ་མོས་སྔགས་ཀྱི་ཆོ་ག་བཞིན་དུ་བྱས་པའི་མཐུས་སློབ་བུའི་རྒྱུད་ཀྱི་གློ་བུར་བའི་དྲི་མ་རྣམས་དག་ཅིང་འབྲས་བུ་ཐོབ་རུང་གི་ནུས་པ་ཅན་གྱི་ཡེ་ཤེས་ཁྱད་པར་བ་འཐོབ་པར་བྱེད་པ་ནི་དབང་སྟེ་འབྲས་བུ་ཐོབ་པ་དང་བསྒོམ་པ་ལ་དབང་བར་བྱེད་པའི་ཕྱིར་དེ་སྐད་དུ་བརྡ་བཏགས་སོ། །དེ་ལ་དབྱེ་བ་སྣ་ཚོགས་སུ་རྒྱུད་སྡེ་ནས་གསུངས་ཀྱང་གནས་སྐབས་བཞིའི་སྦྱོང་ཞིང་། ལམ་བཞི་ཉམས་སུ་ལེན་པ་དང་། སྐུ་བཞིའམ་རྡོ་རྗེ་བཞི་ཡི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ངོ་བོ་ནི་དབང་བཞིར་འདུ་སྟེ། བུམ་གསང་ཤེས་རབ་ཡེ་ཤེས་བཞིའམ། ཕྱི་ནང་གསང་བ་རྫོགས་པའི་དབང་བཞིའམ། སྐུ་གསུང་ཐུགས་རྫོགས་པའི་དབང་ཞེས་པ་རྣམས་རྣམ་གྲངས་སོ། །དེ་ལ་དང་པོ་བུམ་དབང་ངམ་ཕྱི་ཕན་པའི་དབང་བསྐུར་བ་ལ། སློབ་


MR21_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་ཤར་ཕྱོགས་སུ་རིག་པའི་མེ་ཏོག་དོར་ཞིང་དེར་དཔལ་ཁྲག་འཐུང་ཆེན་པོ་ཇི་ལྟ་བ་བཞིན་དུ་གསང་བའི་ཡུམ་དང་བཅས་པར་བསྒོམ་ལ། ཕྱི་འབོལ་གདན་ནང་ཞིང་ཆེན། གསང་བ་ཡུམ་མཚན་ལྡན་མ་ཡི་སྟན་དག་ལ་བདེ་བར་གནས་པར་བྱས་ནས་སྔོན་གྱི་ཚེ་བདེ་བར་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་གྲུབ་པའི་རིག་འཛིན་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱིན་རླབས་ཆེན་པོ་དང་ལྡན་པའི་སྒོ་ནས་གསང་སྔགས་རྡོ་རྗེའི་ཐེག་པ་ནས་ཇི་ལྟར་བསྟན་པའི་ཚུལ་དུ་དབང་དག་སྦྱིན་པར་བྱའོ། །ཞེས་པས། ཕྱི་དབང་ལ་རིག་པའི་མེ་ཏོག་དོར་བ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་བུམ་པའི་དབང་དང་དབུ་རྒྱན་ཅོད་པན་མེ་ཏོག་གི་ཕྲེང་བ་ཕྱག་རྒྱ་བྷནྡྷ་རྡོར་དྲིལ་འདོད་ཡོན་ལྔ་བདུད་རྩི་ལྔ་ཤ་ལྔ་སྒྲུབ་རྫས་ལྷ་ཆ་ལྔ་ཁ་ཊྭཱཾ་ག་རྡོ་རྗེ་ཕུར་བུ་ཚེ་ཡི་དབང་རྒྱལ་པོ་བཀའ་རྟགས་ཀྱི་དབང་དང་བཅུ་བདུན་ཚུལ་བཞིན་དུ་བསྐུར་བར་བྱའོ། །གཉིས་པ་ནང་དབང་ལ། ཤེས་རབ་མ་བྱིན་གྱིས་བརླབས་པ། །གཉིས་སུ་མེད་པའི་སྦྱོར་བ་བརྩམ་པ། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་གསུམ། དང་པོ། གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །


MR21_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འཇའ་ཚོན་བཞིན་དུ་གསལ། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིག་པའི་འོད། །ཐིམ་པའི་རྒྱལ་མོར་བྱིན་གྱིས་བརླབས། །ཞེས་པས། སློབ་མས་གཟུངས་མ་མཚན་ལྡན་བརྟགས་ལ་བསྩལ་བ་སློབ་དཔོན་ལ་ཕུལ་ཞིང་སློབ་དཔོན་གྱི་ཆོས་བཤད་པས་ངག་ཉན་པར་གྱུར་པ་ན་དབང་བསྐུར་ཞིང་སྦྱོར་ཐབས་ཀྱི་གཙུག་ལག་ལ་མཁས་པར་བྱས་ནས་དབང་གི་དུས་སུ་སྟན་བདེ་བ་ལ་སློབ་དཔོན་གྱི་གཡོན་ཕྱོགས་སུ་གནས་པར་བྱས་ལ། སློབ་བུས་དབང་གི་གསོལ་བ་གདབ་པ་དང་བླ་མས་གནང་བ་བྱིན་ཏེ་ཤེས་རབ་མ་དེ་ལ་འདུག་སྟངས་སོགས་ཞི་བ་དང་མཐུན་པར་ཚུལ་བཞིན་དུ་གནས་ནས། བདག་ལྷའི་རྣལ་འབྱོར་དང་ཡུམ་དེའི་སྙིང་གར་ཨའི་འོད་ཀྱིས་ཐ་མལ་གྱི་ལུས་སྦྱངས་ཏེ་མི་དམིགས་པའི་ངང་ནས་ས་བོན་ལས་ཇི་ལྟར་འདོད་པ་བཞིན་དུ་ཡུམ་ཀུན་ཏུ་བཟང་མོའམ་ཀྲོ་དྷཱི་ཤྭ་རི་མའི་རྣམ་པར་བློས་སྦྱར་བར་བྱ་བ་ནི་ལུས་སྐུར་བྱིན་གྱིས་བརླབས་པའོ། །ལུས་ལ་ལྷ་བཀོད་དེ་བྱིན་གྱིས་བརླབས་པ་ནི་ཡབ་ཡུམ་ལྷའི་རྣམ་པར་གསལ་བ་ཕན་ཚུན་གཅིག་ལ་གཅིག་མཉེས་པའི་ཐབས་སྣ་ཚོགས་ཀྱི་རྩོལ་བ་གར་མཁན་གྱི་ཚུལ་དང་འདྲ་བར་སྤྱོད་ཅིང་། སྣང་


MR21_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་བཞིན་མེད་པ་སྒྱུ་མའི་རྣམ་པ་དང་མཚུངས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དེ་ལས་ཡབ་ཀྱི་གནས་ལྔར་རིགས་ལྔ་ཡབ་ལྔ་འཁོར་སེམས་དཔའ་དང་བཅས་པ་དང་། ཡུམ་གྱི་གནས་ལྔར་ཡུམ་ལྔ་སེམས་མའི་འཁོར་བཅས་དང་། ཡབ་ཡུམ་ཀྱི་ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་སོ་སོར་གསལ་བ་སྟེ་དཀྱིལ་འཁོར་དེ་དག་ཕན་ཚུན་མི་བསྒྲིབ་པར་སྐུ་མདོག་ཕྱག་མཚན་རྒྱན་ཆ་རྣམས་མ་འདྲེས་པར་འཇའ་ཚོན་བཞིན་དུ་གསལ་བར་བྱའོ། །ཡང་ན་ཡབ་ཡུམ་གཉིས་ཀྱི་ལུས་སེམས་ཅིར་ཡང་བསྒྱུར་བཏུབ་པ་གར་མཁན་གྱི་ཚུལ་དང་འདྲ་ཞིང་ཡིག་འབྲུ་སྔགས་དང་ཏིང་འཛིན་གྱིས་དཔལ་ཆེན་པོ་ཡབ་ཡུམ་གྱི་སྐུར་བྱིན་གྱིས་བརླབ་པ་ཐ་མལ་གདོས་པ་ཅན་མིན་པར་སེམས་ཀྱི་ཆོ་འཕྲུལ་དུ་ཤར་བ་དཔེ་སྒྱུ་མའི་སྣང་བ་བཞིན་དུ་གྱུར་པ་དེ་ལས། ཡབ་ཀྱི་སྐུ་ལ་ཁྲོ་བཅུ་དང་བ་སྤུ་ཁྲོ་ཆུང་། ཡུམ་གྱི་སྐུ་ལ་ཀོ་སེང་དབང་ཕྱུག་རྣམས་གསལ་བ། འཇའ་ཚོན་བཞིན་སྣང་ལ་རང་བཞིན་མེད་པར་གསལ་བར་བྱའོ། །ཞེས་སོ། །དེ་ནས་ལྷ་ལ་ཡེ་ཤེས་ཀྱི་བྱིན་རླབས་བསྡུས་ཏེ་བྱིན་གྱིས་བརླབས་པ་ནི། ཕྱིན་ཅི་ལོག་གི་འདོད་ཆགས་དེ་ག་མ་སྤང་བར་དངོས་སུ་སྤྱད་པས་འདོད་ཆགས་རང་སར་དག་ནས་ལྷན་སྐྱེས་ཀྱི་བདེ་བ་ཡང་དག་


MR21_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཆེན་པོར་གསལ་བའི་ཕྱིར། ཡབ་ཡུམ་གྱི་སྐུ་ཡི་ལྷ་རྣམས་འཛུམ་པའི་བལྟ་ཞིང་དགོད་པའི་མདངས་དང་ལྡན་པ་དེ་རྣམས་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་འབར་བ་དང་། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སྣ་ཚོགས་པ་ཀུན་ནས་འཁྲིགས་པའི་འོད་དང་ལྡན་པར་བཞུགས་པ་དག །ཕན་ཚུན་སོ་སོར་བལྟས་པའམ་ཡིད་ཕྲད་པའམ་ལག་པ་ཕྲད་པའམ་འོ་བྱས་པ་ཙམ་གྱིས་སྐུ་ཡི་གནས་དང་བྱང་ཆུབ་ཀྱི་སེམས་ལས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་ལྔ་ཉེར་ལྔར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་ཞི་ཁྲོའི་ལྷ་ཚོགས་སྤྱན་དྲངས་ནས་མདུན་མཁར་བཞུགས་པར་བསམ་ལ། ལས་བྱང་བཞིན་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བྱས་ལ། ཡབ་རྣམས་ཡབ་ལ་ཐིམ་པས་རྡོ་རྗེ་རྒྱལ་པོ་དང་ཡུམ་རྣམས་ཡུམ་ལ་ཐིམ་པས་རྡོ་རྗེ་རྒྱལ་མོ་ཀུན་ཏུ་བཟང་མོའམ་ཀྲོ་དྷཱི་ཤྭ་རི་དངོས་སུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་ན་ལྷའི་ཚོགས་ཀུན་ནས་ཐིམ་པའི་རྒྱལ་མོར་བྱིན་གྱིས་བརླབ་པར་བྱའོ་ཞེས་ཡུམ་བྱིན་རླབས་གཙོ་བོར་གསུང་ཀྱང་ཞར་ལ་ཡབ་ཀྱང་དེ་ལྟར་བྱིན་གྱིས་བརླབ་པར་བསྟན་ཏོ། །གཉིས་པ་སྦྱོར་བ་བརྩམ་པ་ནི། ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས། །ཞེས་


MR21_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཡབ་ཡུམ་གཉིས་ཀྱི་མཁའ་གསང་བྱིན་གྱིས་བརླབས་ནས་བདེ་བའི་བརྡས་བསྐུལ་ཏེ་གཉིས་སུ་མེད་པར་སྦྱོར་བ་ཡིས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་དབབ་ཅིང་སྤྲོ་བསྡུ་ཚུལ་བཞིན་བྱའོ། །དེ་ལ་སྐབས་འདིར། ཡེ་ཤེས་དམ་ཚིག་ཆེན་པོ་ཡི། །པདྨོ་རིན་ཆེན་ལྡན་བྱས་ནས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །དབྱིངས་ཀྱི་བདེ་ཆེན་དབྱུང་བ་ནི། །རང་རིག་ཡེ་ཤེས་དེ་ལས་འོད། །ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་བས་འཚེར། །བྱང་ཆུབ་སེམས་ན་ཀུན་ཏུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་བ་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཅེས་པའི་ཚིག་རྐང་བཅུ་གཉིས་པོ་འདིའི་ཚུལ་དུ་སྦྱོར་བ་བྱ་སྟེ། དེ་ཡང་གསང་འགྲེལ་ན་འཁྲུགས་སྡེབས་སུ་མཛད་དེ། ཁྲོ་བོ་གནས་འགྱུར་སྐབས་ན་བཤད་པ་བཞིན་འོག་ཏུ་འཆད་པར་འགྱུར་ལ། ཧཱུྃ་ཀ་རའི་གཞུང་གིས་སྐབས་འདིར་གསུང་ཞིང་ཟུར་ཅུང་ཟད་འདྲ་མིན་དུ་འཆད་དགོས་པས་འགྲེལ་པས་ཀྱང་སྐབས་འདིར་ཡང་ཡང་བླངས་ཏེ་བཀྲལ་བ་བཞིན་དུ་བཤད་ན། ཡབ་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་བདག་ཉིད་དང་ཡུམ་གཟུངས་མ་དམ་ཚིག་


MR21_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གཉིས་ཟུང་དུ་ལྡན་པ་ཡི། མཁའ་གསང་པདྨོ༷་དང་རིན་ཆེན་རྡོ་རྗེ་དག་གི་རྣམ་པར་གནས་པ་ལ་སོ་སོའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཨཾ་དམར་པོ་དང་ཨོཾ་དཀར་པོས་མཚན་པ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པར་བྱིན་གྱིས་བརླབ་པ་ཁྲོ་བོའི་སྐབས་བཞིན་ཤེས་པར་བྱས་ནས། བདེ་ཞིང་མཆོག་ཏུ་གྱུར་པ་ལྷན་སྐྱེས་ཀྱི་བདེ་བའི་སྦྱོར་བ་མཛད་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་བྱ་བ་ནི། སྒྱུ་མའི་ཏིང་ངེ་འཛིན་ལ་གནས་པར་བྱས་ནས་ས་མ་ཡ་སཏྭཾ་སོགས་རྣམ་པ་བཞིའི་སྦྱོར་བས་བརྡས་མཚོན་པར་བྱས་ཏེ། ཁྲོ་བོའི་སྐབས་བཞིན་ཕྱག་རྒྱ་བཞིས་འཛིན་འཁྱུད་སྦྱར་སྤྲད་བྱས་ཏེ་ཧཱུྃ་ཞེས་རྡོ་རྗེ་ནང་དུ་གཟུད་ཅིང་ཡབ་ཀྱི་བྱང་སེམས་ལུས་གནས་ཐམས་ཅད་ནས། ཨོཾ་གྱིས་བསྡུས། ཧཱུྃ་གིས་བསྐྱོད། ཕཊ་ཀྱིས་ཡུམ་མཁར་དབབ་པར་བྱས་པས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་དེ་ལྟར་འབྱུང་བ་ནི་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ། དེ་ལས་འོད་ཟེར་འཕྲོ་བ་ཇི་བཞིན་དུ་མ་ཉམས་པར་ཡུམ་གྱི་མཁའ་ལ་གསལ་བ་དག་ནི་ནམ་མཁའ་དྭངས་པ་ལ་དྲི་མ་མེད་པའི་ཉི་མའི་དཀྱིལ་འཁོར་ཤར་བའི་འོད་བས་ཀྱང་འཚེར་ཞིང་བྱང་ཆུབ་སེམས་དེ་ནི་གཟུང་འཛིན་དང་བྲལ་ཞིང་ནག་པོ་ར་རིའི་དྲི་མ་མ་ལུས་


MR21_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཏུ་དག་པ་སྟོན་ཀའི་ཟླ་བ་ལྟར་གནས་པ་ཉིད་དུ་བསམ་མོ། །དེ་ལས་འོད་ཟེར་འཕྲོས་པས་ཞིང་འདིའི་ཁམས་གསུམ་གྱི་སྣོད་བཅུད་སྦྱངས་ཤིང་དག་པའི་རྟེན་བརྟེན་པར་གྱུར་པ། དེ་ལས་རབ་ཏུ་འདས་ནས་ཀྱང་ཕྱོགས་བཅུ་ནམ་མཁའི་མཐས་གཏུག་པའི་ཞིང་མ་ལུས་པ་བྱང་ཆུབ་ཀྱི་སེམས་དམིགས་པ་མེད་པའི་སྙིང་རྗེས་ཁྱབ་པར་བྱས་ཏེ་ཕན་གདགས་པར་འདོད་པར་བྱ་བ་སེམས་ཅན་ཐམས་ཅད་ལ་འཕྲལ་ཡུན་གྱི་བདེ་བ་དང་། བསྒྲུབ་ཅིང་ཐོབ་པར་འདོད་པར་བྱ་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པས་རབ་ཏུ་མཉེས་པར་བྱས་ནས་སླར་འོད་དེ་དག་སྣོད་བཅུད་ཀྱི་དྭངས་མ་བྱིན་རླབས་དང་བཅས་པ་འདུས་ནས་ཡུམ་གྱི་མཁར་གནས་པ་འོད་ཀུན་གྱི་སྤྲོ་གཞིའམ་ཐོག་མའི་བྱང་ཆུབ་སེམས་གྱི་གཟུགས་དེ་ལ་གཉིས་སུ་མེད་པར་གཟུད་པའམ་ཐིམ་པས་རབ་ཏུ་གསལ་བར་བསམ་མོ། །དེ་དག་ནི་མཚན་བཅས་ཏིང་ངེ་འཛིན་གྱི་དམིགས་པ་དང་སྦྱར་བའོ། །ཡང་ན་ཐབས་ལ་བརྟེན་ཏེ་ངོ་སྤྲད་པའི་ཚིག་དབང་གི་མན་ངག་ལྟར་བཤད་ན། ཡབ་ཐབས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་བདག་ཉིད་དང་ཡུམ་ཆོས་ཀྱི་དབྱིངས་མི་འདའ་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་སྟེ་དེ་དང་བྲལ་ན་ལྷན་སྐྱེས་མི་


MR21_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞིང་དེས་རྒྱས་བཏབ་ན་མྱུར་དུ་འགྲུབ་པས་ན་དེ་ལྟ་བུ་དང་ཟུང་དུ་འབྲེལ་བ་ཡི་སྒོ་ནས། ཡུམ་གྱི་པདྨོ༷་དང་ཡབ་ཀྱི་རིན་ཆེན་ཟུང་དང་ལྡན་པར་བྱས་ནས་ཉམས་སུ་བླངས་པའི་ཆགས་ལམ་གྱི་བདེ་བ་གང་ཞིག །ཐབས་ཀྱིས་ཟིན་པས་མི་འཆིང་ཞིང་ལྷན་སྐྱེས་ཡེ་ཤེས་ཀྱི་དོན་སྟོན་པས་མཆོག་ཏུ་གྱུར་པ་སྒྱུ་མའི་ཚུལ་ཅན་དེ་ནི་མཚོན་བྱེད་ཀྱི་དཔེའམ།རྒྱུའམ་དོན་རྟོགས་པའི་བརྡ་ཡིན་པས་ན། དེ་ལྟ་བུའི་བརྡས་དོན་གྱི་ཡེ་ཤེས་མཚོན་པར་བྱས་ཏེ་ཉམས་སུ་བླང་བ་ན་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པ་ཉིད་ཀྱི་བདེ་བ་ཆེན་པོ་ངང་གིས་འབྱུང་བ་ནི་འདི་ལྟ་བུ་སྟེ་སོ་སོ་རང་རིག་པའི་ཡེ་ཤེས་རང་ལ་ཤར་བ་དེ་ལས་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་འོད་མ་བཅོས་པའམ་བསླད་པ་དང་བྲལ་བའི་ཇི་བཞིན་པ་སེམས་ཀྱི་མཁའ་དབྱིངས་ལ་གསལ་བ་དག་ནི། དྲི་མ་མེད་པའི་ཉི་མའི་འོད་ཟེར་བས་ཀྱང་ཤིན་ཏུ་འཚེར་ཏེ་སྣང་བ་གཞན་གྱིས་སེལ་བར་མི་ནུས་པའི་ནང་གི་མུན་པ་འཇོམས་པའི་སྟོབས་དང་ལྡན་པའི་ཕྱིར་རོ། །དེ་ཡང་རྟོག་པའི་རབ་རིབ་ཐམས་ཅད་དབྱིངས་སུ་སངས་ཀྱང་སེམས་མེད་ཀྱི་གནས་སྐབས་ཐིབས་པོ་ལྟ་བུ་མ་ཡིན་ཏེ་རང་རིག་ཇི་བཞིན་པ་སྒྲིབ་བྱེད་དང་བྲལ་བས་ན་རང་འོད་ལྷག་པར་གསལ་བ་ནི་


MR21_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའམ་གསལ་བའམ་རིག་པ་ཉིད་དོ། །དེ་ཙ་ན་ཉི་མ་ལ་མུན་པའི་གཞི་མེད་པ་ལྟར་དོན་དམ་རིག་པ་བྱང་ཆུབ་ཀྱི་སེམས་དེ་ནི་གཟུང་འཛིན་གྱི་སྤྱོད་ཡུལ་ཅན་གྱི་མཚན་མའི་དམིགས་པའི་མཐའ་ཐམས་ཅད་ཀུན་ཏུ་དག་པ་ཡིན་པས་ན་རང་བཞིན་བརྒྱད་ཅུའི་ཀུན་རྟོག་ལྟ་བུ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་མཐའ་དག་ལས་ཀྱང་རབ་ཏུ་འདས་ནས་ཀྱང་ཐམས་ཅད་སྟོང་པ་ཆེན་པོའི་ངང་ལས་མི་གཡོ་བའོ། །འོ་ན་དེས་གཞན་དོན་སོགས་ཇི་ལྟར་བྱ་སྙམ་ན་དེ་ལྟར་བདེ་སྟོང་ངམ་རིག་སྟོང་དབྱེར་མེད་ཡེ་ཤེས་ཀྱི་སྐུ་དེ་ནི་ཀུན་ལ་ཁྱབ་ཅིང་མཐའ་གང་ལའང་མི་གནས་པས་ན་ངོ་བོ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་དང་འདུ་འབྲས་མེད་ཅིང་འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུའི་ངོ་བོར་གནས་པས་ན། སྲིད་ཞི་མ་ལུས་པ་མཉམ་པ་ཉིད་དུ་སྙིང་རྗེས་ཁྱབ་པར་བྱས་ཏེ་གནས་སོ་ཞེས་འདི་སྐབས་སྙིང་རྗེ་ནི་སྡུག་བསྔལ་བྲལ་འདོད་ཙམ་ཁོ་ན་མིན་ཏེ་ཐུགས་ཀྱིས་མི་འདོར་བའམ་ཡོངས་སུ་གཟུང་བའི་དོན་ཏེ་ཚུལ་དེ་ལྟ་བུས་རྗེས་སུ་བཟུང་བར་འདོད་པར་བྱ་བ་སེམས་ཅན་ཐམས་ཅད་དང་། ངོ་བོ་ཉིད་དུ་བསྒྲུབ་པར་འདོད་པར་བྱ་བ་སངས་རྒྱས་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངང་དུ་མཉམ་པར་རབ་ཏུ་མཉེས་པར་གྱུར་པའོ། །དེ་ལྟ་


MR21_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངང་ལས་གཞན་དུ་མི་འགྱུར་ཏེ། རང་སྣང་ངམ་རང་འོད་དམ་རང་རྩལ་ཙམ་ཡིན་ལ། དེས་ན་འོད་དམ་རང་སྣང་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་འདུས་ནས་གདོད་མའམ་ཐོག་མའི་གཟུགས་སམ་རང་བཞིན། བྱང་ཆུབ་སེམས་མཉམ་པ་ཉིད་ལ་གཟུད་པའམ་ཚུད་ནས་ཐིག་ལེ་ཉག་གཅིག་ཏུ་གནས་སོ་ཞེས་དེ་ནི་མཚོན་བྱ་དོན་གྱི་ཡེ་ཤེས་རང་བཞིན་རྫོགས་པ་ཆེན་པོ་དབང་བཞི་པའི་མན་ངག་གིས་བསྟན་དོན་ཡིན་ནོ། །དེ་ལྟར་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་བདེ་སྟོང་འདུ་འབྲལ་མེད་པའི་ཡེ་ཤེས་རྡོ་རྗེ་ནི་རང་རིག་དང་ཡེ་ཤེས་དང་བྱང་ཆུབ་སེམས་སོགས་ཀྱི་མཚན་གདགས་པའི་གཞི་དངོས་ཡིན་ལ། དེ་མངོན་དུ་བྱེད་པའི་ཐབས་སམ་རྐྱེན་ནམ་རྟེན་དུ་གྱུར་པ་ཀུན་རྫོབ་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལའང་མཚན་དང་ཡོན་ཏན་སོགས་དེ་སྙེད་དུ་བཏགས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་དུ་ཤེས་པར་བྱས་ནས་ཐབས་དེ་ལྟ་བུའི་ལྷན་ཅིག་བྱེད་རྐྱེན་ལ་བསྟེན་ནས་རང་གནས་གཉུག་མའི་ཡེ་ཤེས་ཞལ་མཐོང་བས་རང་དོན་གྲུབ་ལ། ཕན་པར་འདོད་བྱ་སེམས་ཅན། མཆོད་པར་འདོད་བྱ་སངས་རྒྱས། དགའ་བར་འདོད་བྱ་གཟུངས་མ་གསུམ་


MR21_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཉེས་པར་བྱ་བས་གཞན་དོན་གྲུབ་པ་སྟེ་རིམ་བཞིན་སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་པ། དད་པ་ཆེན་པོས་སངས་རྒྱས་ལ་ཆགས་པ། ཤེས་རབ་ཆེན་པོས་ཆོས་ལ་ཆགས་པ་ཞེས་གསུངས་པ་གསུམ་དང་སྦྱར་བར་བྱ་སྟེ། ཤེས་རབ་ཀྱིས་ཆོས་སྤྱི་དང་ཟབ་མོ་རྡོ་རྗེ་ཐེག་པ། དེའི་ཐབས་ཀྱི་རྩ་བ་ཆགས་ལམ་གྱི་མན་ངག་ལ་ཤིན་ཏུ་ངོམ་པས་ཡུམ་ཕྱག་རྒྱའི་དམ་ཚིག་དང་དུ་ལེན་ཅིང་སྦྱོར་བའི་སེམས་སྤྲིན་གྱིས་ཤེས་རབ་མ་མཉེས་པར་བྱ་བའོ། །ཆགས་ལམ་གྱི་རྣལ་འབྱོར་ལའང་ཐབས་གྲོལ་གཉིས་ལས་མཚོན་བྱ་དོན་གྱི་ཡེ་ཤེས་གྲོལ་ལམ་ཤེས་རབ་ཀྱི་སྒོ་ནས་གཏན་ལ་དབབ་པའི་བཤད་ཚུལ་འདི་འགྲེལ་བ་ན་དངོས་སུ་མི་བཞུགས་པར་ཅི་རིགས་ཟུར་གྱིས་བསྟན་ཅིང་སྦས་པའི་ཚུལ་དུ་མཛད་པ་ཉིད་བླ་མ་དང་ཡི་དམ་གྱི་བྱིན་གྱིས་བརླབས་པའི་མཐུས་སྦ་བསྲི་མེད་པར་བཀོད་པ་ལ་གྲུབ་པའི་རིག་འཛིན་དང་མཁའ་འགྲོའི་ཚོགས་ཀྱིས་དགྱེས་པའི་ཞལ་རས་སྟོན་པར་མཛོད་ཅིག །གསུམ་པ་བྱང་ཆུབ་སེམས་དེས་དབང་བསྐུར་བ། བྱང་ཆུབ་སེམས་དེ་བླང་ནས་ནི། །དེ་དག་དངོས་གྲུབ་ཆེན་པོ་བས། །ཇི་ལྟར་འདོད་པར་ནན་ཏན་བྱ། །ཞེས་གསུངས་ཏེ་གསང་དབང་གི་དུས་འདིར་སློབ་མས་མེ་ཏོག་འབུལ་ཞིང་གསོལ་


MR21_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ་པ་དང་། སློབ་དཔོན་གྱིས་ལན་གོང་ལྟར་བརྗོད་ནས་དབང་བསྐུར་བའི་སྔོན་དུ་ཐ་མལ་པ་ལྷར་བྱིན་གྱིས་བརླབས་པ་དང་སྒོ་གསུམ་རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་གཉིས་བྱ་སྟེ། དང་པོ་སློབ་མ་ཉི་དཀྱིལ་ལ་གནས་པར་བསམ་ཞིང་ཡབ་ཡུམ་གྱི་བྱང་སེམས་གཉིས་སུ་མེད་པར་ཡུམ་གྱི་མཁའ་གསང་ན་ལྟེམ་ཞིང་འཁྱིལ་བའི་འོད་སློབ་བུའི་སྤྱི་གཙུག་ནས་ཐིམ་པས་སྒོ་གསུམ་རྟོག་སྒྲིབ་སྦྱངས་ནས། ཧཱུྃ་དཀར་པོར་གྱུར་པ་རྡོ་རྗེར་གྱུར་ནས་ཡི་དམ་དུ་བསྐྱེད་ལ་ལྷའི་མཚན་ནས་དྲང་བའི་རྡོ་རྗེའི་མིང་གིས་དབང་བསྐུར་བར་བྱའོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ཡུམ་མཁའ་སྦུབ་ལ་མཁའ་ནས་མེ་ལོང་ཡུ་བ་ཅན་གྱི་ནང་དུ་བླང་བར་བྱས་ནས་ནི་བྱིན་རླབས་དང་དབང་བསྐུར་བར་བྱ་སྟེ། དེ་ཡང་ཡབ་ཡུམ་གྱི་བྱང་ཆུབ་སེམས་དེ་དག་ནི་དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཡེ་ཤེས་དང་དབྱེར་མེད་པ་ཆོས་སྐུའི་ངོ་བོར་གནས་པས་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་ཡང་མཆོག་ཆེན་པོ་ཉིད་དུ་གྱུར་པས་ན། དབང་དང་བྱིན་རླབས་ཀྱི་རིམ་པ་ཟབ་མོ་འདི་དག་ཇི་ལྟར་འདོད་པར་དཔོན་སློབ་གཉིས་ཀས་གཟབ་སྟེ་ནན་ཏན་དུ་བྱའོ། །དེ་ཡང་ཐོག་མར་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་


MR21_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནུས་པའི་དབང་བསྐུར་བར་བྱ་སྟེ། ཡབ་ཡུམ་གྱི་བྱང་སེམས་དེ་དམ་རྫས་བདུད་རྩི་ལྔའི་ཁུ་བ་དང་མངར་གསུམ་སྦྱར་ལ་ཚོ་གསུམ་དུ་བྱས་ཏེ་གསང་བའི་ས་བོན་ཚོ་དང་པོ་ཡེ་ཤེས་ཀྱི་ས་བོན་འབྲུ་གསུམ་དུ་གྱུར་པ་མཐེབ་སྲིན་སྦྱར་བ་འགུ་ཡ་ལག་གི་ཕྱག་རྒྱ་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པས་བླང་སྟེ་སྐུ་གསུང་ཐུགས་དབང་བསྐུར་བ་གོང་ལྟར་བྱ་ཞིང་དབུ་རྒྱན་གྱི་དབང་ཡང་སྔར་བཞིན་སྦྱིན་ནོ། །ཚོ་གཉིས་པས་ནུས་པའི་དབང་དང་གསུམ་པས་ཁྱད་པར་དུ་སྒྲུབ་པའི་དབང་བསྐུར་བར་བྱ་སྟེ། དང་པོ་ཉན་སྒྲུབ་ལས་དང་འཆད་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལྔ་གཞུང་བཞིན་བསྐུར་བར་བྱ་སྟེ་བྱང་ཆུབ་སེམས་ལ་བརྟེན་ནས་དབང་བསྐུར་བ་འདི་དངོས་གྲུབ་བསྒྲུབ་པའི་ཐབས་ཆེན་པོ་ཡིན་པས་སློབ་མ་ཇི་ལྟར་འདོད་པ་ལྟར་སློབ་དཔོན་གྱིས་ནན་ཏན་དུ་བསྐུར་བར་བྱའོ། །ཁྱད་པར་དུ་སྒྲུབ་པའི་དབང་ལ་ལྷ་རྒྱན་གཅིག་བསྒྲུབ་པ་དང་། ཚོམ་བུའི་དཀྱིལ་འཁོར་བསྒྲུབ་པའི་དབང་གཉིས། དང་པོ་རང་གང་ལ་མོས་པའམ་དཔལ་ཆེན་པོ་ཉིད་སྙིང་དབུས་སུ་བསྒོམ་ཞིང་དྲང་བསྟིམ་བྱས་ལ་བནྡྷ་མར་མེ་རྡོར་དྲིལ་གསུམ་གྱིས་དབང་བསྐུར་བའོ། །གཉིས་པ་ལ་རྡོ་རྗེ་རྒྱལ་པོ་ས་འཛིན་གྱི་དབང་། རྒྱལ་


MR21_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་ཀྱི་དབང་། སྦྱོར་སྒྲོལ་གིང་གི་དབང་། ལས་ཀྱི་ཀརྨའི་དབང་། དཀྱིལ་འཁོར་གྱི་རྒྱན་མཆེད་ལྕམ་དྲལ་གྱི་དབང་ལྔའོ། །དང་པོ་ལ་ཡེ་ཤེས་ལྷ་རྣམས་ཉེ་བས་བགེགས་ཆེན་འདུལ་བའི་དབང་། མ་སྲིང་སྲུང་མ་འཁོར་བས་གསང་བའི་དཀྱིལ་འཁོར་སྐྱོང་བའི་དབང་ལ་སོགས་བཅུ་དང་། རྒྱལ་ཐེབས་ལ་དཀྱིལ་འཁོར་དྲུག་འདྲི་ཞིང་འཆད་པའི་དབང་། ཚོགས་ཆེན་ལྔ་ལ་རོལ་པའི་དབང་སོགས་ལྔ་དང་གཞན་ཡང་གིང་དང་ཀརྨ་མཆེད་ལྕམ་གྱི་དབང་དག་ཀྱང་བསྐུར་བར་བྱ་སྟེ། སློབ་དཔོན་གྱིས་ལྕེ་ལ་བྱང་སེམས་དང་ལག་ཏུ་རྡོར་དྲིལ་གྱིས་དབང་བསྐུར་ལ། ཐབས་ཆེན་ཤེས་རབ་དབང་ཆེན་ཏེ། ཞེས་སོགས་ཚིགས་བཅད་གཅིག་བརྗོད་ནས་དབང་གང་འདོད་དེའི་མིང་ནས་བརྗོད་དེ་དབང་འདི་རྣམས་ཁྱོད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་ཅིང་ལས་ཀྱང་དེ་བཞིན་དུ་བསྒོ། དེ་ནི་བྱང་ཆུབ་སེམས་ལ་བརྟེན་ནས་བླ་མའི་ཞལ་དབང་བསྐུར་བའི་རིམ་པའོ། །གསུམ་པ་གསང་དབང་། ཡིད་འོང་བཀྲ་ཤིས་རིགས་ཀྱི་ཡུམ། བུ་ལ་གཏད་ནས། ཞེས་པས་བསྟན་ཏེ། ལུས་དང་སྤྱོད་ལམ་ཡིད་དུ་འོང་ཞིང་མཚན་ཉིད་དང་ལྡན་པས་བཀྲ་ཤིས་པ་པདྨ་ཅན་ལ་སོགས་པ་སྒྲུབ་པོ་དང་ལྷའི་


MR21_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཡུམ་མམ། གང་ཡང་མཚན་ཉིད་བཟང་པོ་དང་ལྡན་པའི་གཟུངས་མ་དེ་གོང་ལྟར་བྱིན་གྱིས་བརླབས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སླད་དུ་སློབ་བུ་ལ་གཏད་ནས་བསྟེན་པར་གདམ་ཞིང་སྦྱོར་ཐབས་གོང་འོག་ནས་བཤད་པ་ལྟར་བྱང་ཆུབ་སེམས་དབབ་པ་སོགས་ཚུལ་བཞིན་བྱས་པས། རྒྱུ་རང་གནས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་རང་རྩལ་འགག་མེད་དུ་གནས་པ་ལ། རྐྱེན་རྩ་རླུང་ཁམས་ཀྱི་འཇུ་འདུལ་ལས་དགའ་བ་བཞི་སྐྱེ་ཞིང་དེས་ཀུན་རྟོག་བསྣུབ་པའི་སྟོང་པ་བཞིའང་ངང་གིས་དྲངས་ཏེ་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་སུ་ཤར་བ་ནི་དབང་གི་ངོ་བོ་སྟེ། དེ་ལྟ་བུའི་དུས་ན་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཤེས་རབ་དང་དེ་ལྟར་རང་རིག་པའི་ཚུལ་གྱིས་མྱོང་ཡང་སྤྲོས་པ་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ལྷང་གིས་ཤར་ཞིང་སྐྱེ་འགག་མེད་པའི་ཀློང་ན་འདུག་པ་ནི་ཀུན་ཏུ་བཟང་མོའི་དབང་ཐོབ་པ་ཡིན་ལ། བྱང་ཆུབ་སེམས་ཕབ་པ་ཤེལ་ཕོར་རམ་མེ་ལོང་དུ་བླང་ལ་མཆོད་པ་འབུལ་ཞིང་ཡབ་ཡུམ་ཕན་ཚུན་གཅིག་གིས་གཅིག་ལ་བསྟན་ཅིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་ལ་ཟོས་པས་ཀུན་ཏུ་བཟང་པོའི་དབང་ཐོབ་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་


MR21_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་པ་རིག་པ་བརྟུལ་ཞུགས་ཀྱི་དབང་འདི་ནི་ཐབས་ལ་བསྟེན་ཅིང་སློབ་དཔོན་གྱི་གསང་ཚིག་གིས་ངོ་སྤྲད་པ་ནི་དབང་བསྐུར་བ་དང་སློབ་བུས་ཉམས་སུ་མྱོང་བ་ནི་དབང་ཐོབ་པའོ། །དེའི་རྗེས་སུ་དགོངས་སྤྱོད་ཟབ་མོའི་དམ་ཚིག་གི་ལུང་དཔོག་པར་བྱའོ། །བཞི་པ། མན་ངག་སྦྱིན། ཞེས་པའི་ཁོངས་སུ་བསྟན་ཏེ། སྤྱིར་དེ་ལྟར་དབང་གོང་མ་སྔོན་དུ་སོང་ནས་མན་ངག་སྦྱིན་པ་ལ་གཉིས་ཏེ། བསྒོམ་ལུང་བཀའ་ཡི་མན་ངག་དང་སྙིང་པོ་བསྒྲུབ་པའི་མན་ངག་གཉིས་སྦྱིན་པ་ནི་དོན་མན་ངག་གིས་སྒྲུབ་པ་ཞེས་བྱའོ། །དེ་ཡང་དང་པོ་ལ་བཀའ་ཁོག་དོན་གྱི་མ་གཞི་སྦྱིན་པ་དང་། ལུང་མན་ངག་གི་གདམས་པ་སྦྱིན་པ་དང་། མན་ངག་ཟབ་མོ་རྣ་བར་གཤིབ་པ་གསུམ་གྱི་དང་པོ། སྒྲུབ་ཐབས་ཀུན་གྱི་རྒྱལ་པོ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡང་དག་གྲུབ་པ་གཅིག་པུ་ཉིད་རྡོ་རྗེ་སེམས་དཔས་གསུངས་པ་འདི་དང་དེས་གསུངས་པའི་ནམ་མཁའ་ཆེ་ལ་སོགས་པ་སེམས་ཀྱི་སྡེ་ལྔ་པོ་སྦྱིན་པའོ། །གཉིས་པ་ནི། མཁས་གྲུབ་རྣམས་ཀྱིས་རྒྱུད་དོན་གྱི་བཅུད་དྲིལ་བ་རྫོང་འཕྲང་གཉིས་སུ་བསྡུས་པའི་མན་ངག་ནི་གྲུབ་པ་ཐོབ་པའི་ཉམས་ཀྱི་མན་ངག་ཡིན་པས་སངས་རྒྱས་ལག་


MR21_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཅངས་མ་ཡིན་ལ། དེ་ལ་སོགས་པ་ཅི་ལྟར་རིགས་པ་སྦྱིན་ནོ། །གསུམ་པ་དེ་ཁོ་ན་ཉིད་རྫོགས་པར་གདམས་ཏེ་སྦྱིན་པ་སྟེ་འདི་རྣམས་ཞལ་གྱི་མན་ངག་ཡིན་པས་སེམས་ལ་བླན་ཅིང་ཉམས་བག་ཏུ་བླང་ངོ་། །གཉིས་པ་སྙིང་པོ་སྔགས་བསྒྲུབ་པའི་མན་ངག་ནི་བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་དེ་འོག་ནས་འབྱུང་བ་བཞིན་རིག་པར་བྱའོ། །དེ་ལྟར་གནད་ཀྱི་གདམས་པ་མཐར་ཐུག་པར་རྫོགས་པའི་མན་ངག་སྦྱིན་པ་ལ་ནི་རྫོགས་པའི་དབང་ཞེས་བྱ་སྟེ། དེ་དག་གི་གནད་ཀྱི་དོན་བསྡུས་ན་མཚན་བཅས་མཚན་མེད་གཉིས་སུ་འདུ་ལ། དེ་ཡི་གནད་མཐར་ཐུག་ལ་བཟླ་བ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་ངང་དུ་འདུ་བས་ན་དེ་ངོ་སྤྲད་དེ། འདི་ལྟར་ཆོས་ཐམས་ཅད་སེམས་སུ་ཐག་བཅད་ལ་སེམས་དེ་ནི་རྒྱུ་བ་མེད་ཅིང་གཡོ་བ་མེད་པ་ནམ་མཁའ་དང་བ་ལྟར་རྣམ་རྟོག་གང་གིས་ཀྱང་མ་བསླད་པར་རང་སོ་རང་བབས་སུ་བཞག་ནས། གསལ་ལ་མ་ཡེངས་པ་དེའི་ངང་དུ་གནས་པའི་ཚེ་ངོ་བོ་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཀྱང་རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པའི་སྣང་སྟོང་ཟུང་འཇུག་བརྗོད་པ་དང་བྲལ་བ་ནི་ཆོས་སྐུ། དེའི་ངང་ལས་ཡེ་ཤེས་ཀྱི་རོལ་བ་འགག་པ་མེད་པ་དཔལ་ཆེན་


MR21_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དུ་སྩོལ་བ་མེད་པར་ཤར་ཏེ་བདེ་བ་རྒྱུན་མི་འཆད་པར་བཞུགས་པ་ལོངས་སྐུ། དེ་ལས་ཐུགས་རྗེའི་བྱེ་བྲག་དང་སངས་རྒྱས་པའི་མཛད་སྤྱོད་རྒྱུན་མི་འཆད་པར་ཀུན་ལ་ཁྱབ་པར་འབྱུང་བ་སྤྲུལ་སྐུ་སྟེ་དེའི་དུས་ན་རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས་ཞེས་བྱ་སྟེ། འདི་ཁོ་ན་ཕྱག་རྒྱ་ཆེན་པོའི་དབང་སྟེ་བླ་མས་ངོ་སྤྲད་ཅིང་སློབ་མས་ཉམས་སུ་མྱོང་བ་ནི་དབང་ཐོབ་པའོ། །དེ་སངས་རྒྱས་ཀུན་དང་མཉམ་པས། སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ཞེས་དང་། མཁའ་ལྟར་དྭངས་པ་གང་གིས་ཀྱང་མ་སྒྲིབ་པ་རྟོག་པ་དང་ཟག་པ་རང་སར་ཟད་པ་མི་རྟོག་ཟག་མེད་ཡེ་ཤེས་སྒྱུ་མའི་རང་མདངས་ཆུ་ཟླ་ལྟར་གསལ་བ་སྣང་སྟོང་དེ་དག་གཉིས་སུ་མེད་པའི་ཆོས་ཉིད་ལ་རིག་པ་གདིངས་སུ་གྱུར་པ་ནི་ཡང་དག་གྲུབ་པ་གཅིག་པུ་ཉིད་ཅེས་བྱ་བ་སྟེ། ཚུལ་དེ་ལྟ་བུ་ལ་གནས་པའི་རྣལ་འབྱོར་པ་ནི་སྐལ་བ་བཟང་པོ་རབ་ཀྱི་མཆོག་སྟེ་རང་གི་རིག་པའི་མཐུས་རྟོགས་པ་ལས་གཞན་གྱིས་ཤེས་པར་བྱ་བ་མིན་པས་ན་རང་རིག་པ་རྩལ་གྱི་དབང་ཞེས་ཀྱང་བྱ་སྟེ། དབང་དུས་ཀྱི་ཡེ་ཤེས་ཤར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་ཐག་ལྟ་བས་བཅད་པ་དེ་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་


MR21_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསུམ་པ་ཐ་མ་དམ་ཚིག་ལ་གནས་པར་བྱ་བ་ནི། དབང་ཐོབ་མཛེས་པ་དེ་དག་གིས། །དུལ་བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོས་བདེ་བར་གནས། །ཞེས་པས།སྐྱེས་བུའི་ལུས་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ལྟར་དབང་ཐོབ་པའི་ཡོན་ཏན་གྱིས་རྒྱུད་མཛེས་པ་ཅན་གྱི་སྒྲུབ་པ་པོ་དེ་དག་གིས། འཕྲལ་དུ་ཁེངས་སེམས་མི་བསྐྱེད། ཡུན་དུ་ཉོན་མོངས་པའི་དབང་དུ་མ་སོང་བར་སྒོ་གསུམ་གྱི་སྤྱོད་ལམ་དུལ་བའི་རྣམ་པས་ཁྲེལ་དང་བག་ཡོད་ཀྱི་སེམས་སུ་ཉེ་བར་བཞག་ནས་ནི། དམ་ཚིག་སྤྱི་དང་བསྒྲུབ་པའི་དུས་སུ་ཁྱད་པར་གྱི་དམ་ཚིག་ཆེན་པོས་བསྲུང་སྟེ་ལམ་ལ་བདེ་བར་གནས་པར་བྱ་དགོས་པས་དམ་ཚིག་ཆེན་པོ་བརྒྱད་དཔོག་པ་ནི་འདི་ལྟ་སྟེ། སྒྲུབ་པའི་དུས་སུ་ལེ་ལོ་སྙོམས་ལས་དང་གཉིད་དང་ཆང་གི་དབང་དུ་མི་བཏང་བ་དང་གཅིག །རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་ཅིང་དམ་ཚིག་བདེན་པར་སྲུང་བ་དང་གཉིས། རྐྱེན་ཅི་བྱུང་ཡང་སྤྱོད་ལམ་ཡངས་ཤིང་ཚིག་གི་མཚོན་ཆ་མ་ཤོར་བར་བྱ་བ་དང་གསུམ།དམ་རྫས་ཐམས་ཅད་ལ་བློ་ཐ་མལ་གྱི་འཁུ་འཕྲིག་མི་བྱེད་ཅིང་དང་དུ་བླང་བ་དང་བཞི། ཡི་དམ་གྱི་ལྷ་དང་སྙིང་པོ་ལ་མ་ཡེངས་ཤིང་བར་མ་ཆད་པར་བྱ་བ་དང་ལྔ། སྦྱོར་སྒྲོལ་ཟབ་མོ་


MR21_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་གཉིས་མི་ཟ་བར་བརྟུལ་ཞུགས་ཆེར་སྤྱད་པ་དྲུག །ཁམས་གསུམ་ཡོངས་སུ་སྒྲོལ་ཞིང་སྲིད་གསུམ་དབང་དུ་བསྡུ་ཕྱིར་གླུ་བྲོ་མང་པོ་བརྡུང་བ་དང་བདུན།ཡེ་དག་ཆོས་ཉིད་བྱང་ཆུབ་སེམས་ལས་མ་གཡོས་པར་བྱ་བ་དང་བརྒྱད་དོ། །གཉིས་པ་སྒྲུབ་པ་དངོས་ཀྱི་ཚུལ་ལ། ཞི་བར་སྒྲུབ་པ་དང་། ཁྲོ་བོར་སྒྲུབ་པ་གཉིས། དང་པོ་ལ་དགོས་པ་དང་དམིགས་ཡུལ་བསྟན་པའི་སྒོ་ནས་མདོར་བསྟན། དེའི་ཐབས་རྒྱས་པར་བཤད་པ་གཉིས། དང་པོ། སངས་རྒྱས་ཚེ་འདིར་བསྒྲུབ་པའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །ཞེས་པས། ཐེག་པ་འོག་མ་ལྟར་ཡུན་རིང་པོར་བསྒྲུབས་པའི་ཕྱིས་སུ་སངས་རྒྱས་འགྲུབ་པ་ལྟ་བུ་མ་ཡིན་པར་རྣལ་འབྱོར་ཆེན་པོའི་ཐེག་པ་འདིར་མཐོང་བའི་ཆོས་ཚེ་འདིར་སངས་རྒྱས་ཉིད་དུ་བསྒྲུབ་པའི་ཕྱིར། སྐུ་གསུམ་གྱི་གོ་འཕང་ལ་གནས་པར་བྱ་བའི་དོན་དུ་ཀུན་ཏུ་འོད་དང་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་རྒྱུད་སྦྱངས་པ་དེ་བཞིན་ཉིད་དང་། ཀུན་སྣང་དང་རྒྱུ་ཏིང་གི་རིམ་པ་ལ་ཚུལ་བཞིན་གོམས་པར་བྱ་སྟེ། སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་དང་དེ་ལས་རྒྱུའི་ས་བོན་དུ་སྣང་བ་དང་འདི་གསུམ་ནི་ཏིང་ངེ་འཛིན་


MR21_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སྤྱི་གཟུགས་ཡིན་ནོ། །གཉིས་པ་ལ་ཏིང་འཛིན་གྱི་དཀྱིལ་འཁོར་བསྒོམ་པ། དེ་ལ་མཆོད་པ་འབུལ་བ། ཐུགས་དམ་བསྐུལ་ཕྱིར་བསྙེན་པ་བྱ་བ་གསུམ། དང་པོ་ལ་བཞི། ཏིང་གསུམ་གྱིས་ཁོག་ཕུབ། དེ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ། དེ་བཞིན་ཉིད་ཀུན་སྣང་རྒྱུའི་ཏིང་འཛིན་གསུམ་ལས། དང་པོ། དང་པོར་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་སུ་མེད་པའི་དོན་གྱིས་བསྒོམ། ཞེས་གསུངས་ཏེ། སེམས་ཅན་གྱི་དུས་ན་ཐོག་མེད་གོམས་པའི་དངོས་ཞེན་གཅོད་ཅིང་འབྲས་དུས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པའི་ཕྱིར། དང་པོར་ནི་འདི་ལྟར་ཆོས་ཀུན་སེམས་སུ་འདུས་ཤིང་།སེམས་སྤྲོས་པ་ཀུན་གྱི་མཚན་ཉིད་དང་བྲལ་བའི་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པ་ཉིད་དུ་གནས་པ་ལ། དེ་དེ་བཞིན་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཀྱང་དམིགས་སུ་མེད་པའི་ཚུལ་གྱིས་སམ་དོན་གྱིས་བསྒོམ་པར་བྱ་སྟེ། དེ་ཡང་རང་སེམས་ཨ་དཀར་པོ་བསམ་སྟེ་དབང་པོ་རྣམས་བསྡམ། དབུགས་ནང་དུ་བསྡུས་ཏེ་སེམས་གཡོ་མེད་དུ་གསལ་བར་ཨ་ལ་གཏད་པས་དེར་ཟིན་པ་ན་ཨའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་མི་དམིགས་པར་སྦྱངས། སླར་འདུས་བདག་ཉིད་ཀྱང་བསྲེག་སྟེ་ཨ་གཅིག་པུར་གནས་པ་ཇེ་ཕྲར་གྱུར་ནས་མཐར་སྒྲ་ཙམ་དང་སྒྲ་མཐའ་ཡལ་ཏེ་ཅི་ཡང་མི་འཛིན་མི་དམིགས་པའི་བར་དུ་གྱུར་པར་བསྒོམ་མོ། །གཉིས་པ།


MR21_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་ཀུན་ལ་ཁྱབ་པར་བྱ། ཞེས་གསུངས་ཏེ། སྟོང་པར་མི་ཞེན་ཅིང་སྒྱུ་མའི་ཆོ་འཕྲུལ་འབྱུང་སླ་བའི་ཕྱིར་ཀུན་སྣང་བསྒོམ་པ་ལ། འདི་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་རྟོགས་པའི་ཡེ་ཤེས་དེ་ཉིད་ངང་གིས་སྙིང་རྗེ་ཆེན་པོར་ཤར་བ་ཉིད་ཀྱིས། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀུན་ལ་ཁྱབ་པར་བྱ་སྟེ། དེ་ལྟ་བུའི་སྙིང་རྗེ་ཆེན་པོའི་རྟགས་སུ་འོད་དཀར་པོ་ཚོན་གང་བ་ལས་སྣང་སྲིད་ཐམས་ཅད་འོད་དུ་བདལ་ཞིང་སྦྱངས་ནས་མཐར་འོད་ཀྱི་གཞི་མ་ཉིད་ལ་འདུས་པར་བསྒོམ་མོ། །གསུམ་པ། མེད་པའི་རྒྱུ་ལས་མངོན་གསལ་བའི། །སེམས་ཀྱི་རང་བཞིན་ཡེ་ཤེས་གསལ། །ཞེས་གསུངས་ཏེ། ཐ་མལ་གྱི་བདག་རྟོག་དག་ཅིང་དཀྱིལ་འཁོར་འཁོར་ལོ་འབྱུང་བའི་རྒྱུར་གདོད་ནས་སྐྱེ་བ་མེད་པའི་རྒྱུའམ་གཞིའམ་ངང་ལས་མངོན་པར་གསལ་བའི་སེམས་ཀྱི་རང་བཞིན་ནི་ཡི་གེ་ཨ་དཀར་པོའི་རྣམ་པ་ཅན་གྱི་རྒྱུ་ཏིང་གི་ཡེ་ཤེས་སུ་གསལ་བར་བྱ་སྟེ། གོང་གི་འོད་དེ་ཉིད་སྐྱེ་བ་མེད་པའི་ཡི་གེ་ཨ་དཀར་པོའི་རྒྱུ་ལས་མངོན་པར་གསལ་བའི་སེམས་ཀྱི་རང་བཞིན་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་སྐུ་


MR21_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གསལ་བར་བྱ་སྟེ། དཀར་པོ་རྒྱན་ཆས་མེད་པ་ཚོན་གང་བ་ཞིག་ནམ་མཁའ་ལ་ཡེ་ཤེས་ཀྱི་རླུང་གིས་བཏེགས་ནས་ཅི་ལའང་མི་བརྟེན་པའི་ཚུལ་གྱིས་བཞུགས་པར་བསམ་མོ། །གཉིས་པ་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ། རྟེན་གཞལ་ཡས་བསྒོམ་པ་དང་། བརྟེན་པ་ལྷ་བསྐྱེད་པ་གཉིས་ལས། དང་པོ། ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །འོད་ཟེར་ཚུལ་དུ་སྤྲོས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །རེ་ཞིང་དམ་པའི་ཚུལ་དུ་དགོངས། །འོད་ཟེར་དེ་དག་འདུས་ནས་ཀྱང་། །རིན་ཆེན་མཛེས་པའི་གཞལ་ཡས་སུ། །ཞེས་གསུངས་ཏེ། འདི་ལ་གཞི་འབྱུང་ལྔ་དང་དེ་ལ་བརྟེན་པའི་གཞལ་ཡས་ཁང་གཉིས་རིམ་བཞིན་བསྒོམ་པར་བྱ་བ་ཡིན་ཡང་སྒྲུབ་ཐབས་འདིར་འབྱུང་ལྔ་བསྒོམ་པའི་ཚིག་དངོས་སུ་མི་འབྱུང་ཡང་གོང་གི་རྒྱུ་ཏིང་གི་ཤུགས་ལ་བསྡུས་པའམ། ཡང་ན་དོན་གྱིས་ཁ་བསྐོང་སྟེ་ཤེས་པར་བྱ་ལ། གང་ལྟར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་ཨེ་སོགས་ལྔ་འཕྲོས་པས་སྙིགས་འབྱུང་སྦྱངས་ཏེ་ཡུམ་ལྔའི་ངོ་བོ་དྭངས་མའི་འབྱུང་བ་མཁའ་རླུང་ཆུ་ས་བཞི་རིམ་བརྩེགས་དང་དེ་སྟེང་མེ་འོད་འབར་བས་ཀུན་ཏུ་ཁྱབ་པར་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའི་


MR21_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའམ་སྨིན་མཚམས་སུ་ཅིར་ཡང་འགྱུར་བའི་ཡིག་འབྲུ་བྷྲཱུྃ་སྨུག་ནག་གཅིག་བསམ་པར་བྱའོ། །དེ་ལ་ཅིའི་ཕྱིར་ཅིར་ཡང་འགྱུར་བ་བྱ་ན་བྷྲཱུྃ་ནི་སྟོང་པ་ཉིད་དང་ཚེ་དང་མཚོན་ཆ་ལྔ་དང་གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་གཞལ་ཡས་ཁང་གི་སྙིང་པོའམ་ས་བོན་དུ་འགྱུར་བས་ན་དེ་སྐད་ཅེས་བྱའོ། །བྷྲཱུྃ་ལས་འོད་ཟེར་གྱི་ཚུལ་དུ་བྷྲཱུྃ་ཕྲ་མོ་ཉུངས་འབྲུ་ཙམ་གྲངས་མེད་པ་སྤྲོས་ནས་ཀྱང་སྣོད་བཅུད་ཀུན་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྦྱངས། སེམས་ཅན་གྱི་ཁམས་མ་ལུས་པར་སྙིང་རྗེས་མཐའ་དབུས་ཁྱབ་པར་བྱས་ཏེ་དེའི་རྟགས་སུ་འོད་ཟེར་སྨུག་ནག་ཏུ་ཆི་ལེར་གསལ་བ་དེ་མ་མོ་མཁའ་འགྲོ་ལ་ཕོག་པས་རིགས་ཀྱི་གཙོ་བོར་མཐོང་ནས་རེ་ཞིང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་སྤུན་དང་གྲོགས་པོར་མཐོང་ནས་དམ་པའི་ཚུལ་དུ་དགོངས་པ་དང་། དུས་གསུམ་གྱི་རྒྱལ་བ་ལ་ཁྱབ་པར་ཕོག་པས་ཕྱི་ནང་གསང་གསུམ་གྱི་མཆོད་པས་གསང་བ་གསུམ་གྱི་རྒྱུད་མཉེས་ནས་སྲས་ཀྱི་དམ་པར་གཟིགས་ཤིང་དམ་པའི་ཚུལ་དུ་དགོངས། སླར་འོད་ཟེར་དེ་དག་འདུས་ནས་ཀྱང་བྷྲཱུྃ་ཉིད་འོད་དུ་ཞུ་བ་ཡིད་བཞིན་གྱི་ནོར་བུ་ཚོན་གང་བ་ཞིག་ཏུ་གྱུར། དེ་ལས་སྤྲོ་བསྡུ་སྔར་བཞིན་བྱས་པས་རིན་


MR21_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྣ་ལྔ་ལས་གྲུབ་པ་མཆོག་ཏུ་མཛེས་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི་མཆོད་རྟེན་གྱི་ཚུལ་ཅན། ཕྱི་ནང་མི་སྒྲིབ་པར་གསལ་བ། རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པ། གློ་འབུར་དང་ཁྱམས་དང་སྒོ་བཞི་སྒོ་ཁྱུད་རྟ་བབས་དང་ཐེམ་སྐས་དང་ལྡན་པའི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་བཞི་ལྟེ་བ་མུ་ཁྱུད་དང་བཅས་པ་ལ། སེང་གེ་ལ་སོགས་པའི་གདན་དང་བཅས་པ་གཞལ་ཡས་དེའི་རྒྱན་འཕན་དང་རྒྱལ་མཚན་དོ་ཤལ་ལ་སོགས་པ་དང་འདོད་ཡོན་གྱི་ལྷ་མོའི་ཚོགས་རང་བྱུང་བས་བརྒྱན་པར་གསལ་བར་བྱའོ། །གཉིས་པ། རྡོ་རྗེ་སེམས་དཔའ་ལ་སོགས་པ། ཐུགས་རྗེ་ཆེ་དང་ལྡན་པ་ཡི། །དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །གྲུབ་པས་བསྟན་པའི་ལུང་བཞིན་དུ། །སྐུ་མདོག་སོ་སོར་གསལ་བ་ཡི། །ཕྱག་རྒྱ་རྒྱན་དང་ཆ་ལུགས་དག །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ཞེས་པས་བསྟན་ཏེ། བཤད་མ་ཐག་པའི་གཞལ་ཡས་ཁང་དེའི་གནས་སུ་གཙོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འགྲོ་ཀུན་ཡོངས་སུ་སྐྱོབས་པའི་ཐུགས་རྗེ་ཆེ་དང་ལྡན་པ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཚོམ་བུ་ལྔ་ལ་སོགས་པའི་དལ་བཀོད་པ་དང་། དེའི་འཁོར་


MR21_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་རྣམས་ནི། དཔལ་རྡོ་རྗེ་སེམས་དཔའ་སྐུ་ལྔ་ཡེ་ཤེས་ལྔ་ཡོངས་སུ་གྲུབ་པས་རྒྱུད་དུ་བསྟན་པ་བཞིན་མཆོག་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྟན་པའི་ལུང་ཇི་ལྟ་བ་བཞིན་དུ་སྐུ་མདོག་སོ་སོར་གསལ་བ་ཡི། སྐུ་ཕྱག་རྒྱ་ཆེན་པོ་སོགས་ཕྱག་རྒྱ་བཞི་དང་དར་དང་རིན་པོ་ཆེ་སོགས་རྒྱན་དང་བཞུགས་སྟངས་ཆ་ལུགས་དག་ཀྱང་མ་ནོར་བར་ཤེས་པར་བྱས་ལ། རྣལ་འབྱོར་པའི་བློའི་རྩལ་འཕང་དང་སྦྱར་ཏེ་དང་པོར་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་རིམ་གྱིས་བསྐྱེད་པའམ། གོམས་ནས་རྫོགས་རིམ་ལ་རྫོགས་པ་ཨ་ནུ་ཡོ་ག་ལྟར་དོན་དམ་པར་དབྱིངས་སྐྱེ་བ་མེད་པ་ལས་མ་གཡོས་པར་ཀུན་རྫོབ་ཏུ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་སྙིང་པོ་བརྗོད་པ་ཙམ་གྱིས་ལྷའི་དཀྱིལ་འཁོར་དུ་སད་པའམ། མན་ངག་རྫོགས་པ་ཆེན་པོའི་ལུགས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པ་དབྱེར་མེད་དུ་གྲུབ་བསལ་མེད་པར་གནས་པའི་ཕྱིར། ཕུང་ལྔ་རིགས་ལྔ་འབྱུང་ལྔ་ཡུམ་ལྔ་སོགས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་ད་ལམ་གྱིས་བསྒྲུབ་མི་དགོས་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ལྷའི་དཀྱིལ་འཁོར་དག་ཏུ་རྫོགས་


MR21_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་སོ། །དེ་ལ་སྐབས་འདིར་རྒྱུད་སངས་རྒྱས་མཉམ་སྦྱོར་དང་ལུང་ཐབས་ཀྱི་ཞགས་པའི་རྒྱུད་དང་མན་ངག་ཧེ་རུ་ཀའི་གལྤོ་དང་འཇིག་རྟེན་འདས་པའི་རྒྱུད་ཀྱི་ལུགས་གསུམ་དུ་སྣང་བ་ལས། ཕྱི་མ་ལྟར་བཤད་ན་གོང་གི་མཁའ་དབྱིངས་ན་གནས་པའི་ཡེ་ཤེས་སེམས་དཔའ་དབུས་ཀྱི་གདན་ལ་བབས་པ་འོད་དུ་ཞུ་ནས་ཧཱུྃ་ལས་འཕྲོ་འདུ་བྱས་ཤིང་རྡོ་རྗེར་གྱུར་པ་ལས། རྡོ་རྗེ་སེམས་དཔའ་མཐིང་ག་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་ལ། ལ་སོགས་པ་ཞེས་པའི་སྒྲས་བདག་གི་ཐུགས་ཀ་ནས་ཡི་གེ་མཱུཾ་ལས་དྲིལ་བུ་དང་དེ་ལས་རྡོ་རྗེ་དབྱིངས་ཕྱུག་མ་གཡོན་དུ་བསྐྱེད་ནས། འཁོར་བསྐྱེད་པ་ལ་ཡབ་ཡེ་ཤེས་ལྔའི་བདག་ཉིད་ཐུགས་རྗེ་ཆེ་བའི་སྐུ་ཕྱག་རྒྱ་ཆེན་པོ་དང་མི་འབྲལ་བར་ལྡན་པ་ཡི་ཡུམ་གཟུངས་མ་དམ་ཚིག་གི་ཕྱག་རྒྱ་གཉིས་ལས་བསྐྱེད་པར་བྱ་སྟེ། ཡུམ་གྱི་མཁའ་དབྱིངས་བྷྲཱུྃ་དམར་པོ་སྦྱངས་ནས་རིན་པོ་ཆེའི་གཞལ་ཡས་ཁང་ལ་པད་འདབ་བཞིའི་ལྟེ་བར་ཨོཾ་དམར་པོ་བསམ་པ་དང་ཡབ་ཀྱི་རྡོ་རྗེ་ཧཱུྃ་དཀར་པོས་སྦྱངས་ནས་རྡོ་རྗེ་རྩེ་ལྔ་པའི་རྩེ་མོར་ཉི་དཀྱིལ་ལ་ཨོཾ་དཀར་པོས་མཚན་པར་བསམ་པ་ནི་ཆོས་ཀྱི་ཕྱག་


MR21_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱའི་རིམ་པ་ནི་རིག་པ་དབྱིངས་ལ་གཟུད་ཅིང་ཕན་ཚུན་བརྡ་བཞིས་བསྐུལ་ཛཿཧཱུཾ་བཾ་ཧོཿབཞིས་འཛིན་པ་དང་འཁྱུད་པ་དང་གསང་བ་སྦྱར་ཞིང་དགྱེས་པ་བསྐྱེད་ལ། བྱང་ཆུབ་སེམས་ཨོཾ་གྱིས་བསྡུས། ཧཱུྃ་གིས་བརྒྱུད། ཕཊ་ཀྱིས་མཁའ་ལ་དབབ་སྟེ་ཡུམ་མཁར་ཆག་ཆག་གདབ་པ་དང་ཐིག་གདབ་པ་དང་བྱང་ཆུབ་སེམས་ཀྱི་ཐིག་ལེར་གསལ་བ་ནི་གསང་བའི་ས་བོན་ཞེས་བྱ་ལ། དེ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས། སླར་འདུས་ཏེ་གསུང་ཡིག་འབྲུར་གྱུར་པ་ཡེ་ཤེས་ཀྱི་ས་བོན་ཞེས་བྱའོ། །དེ་གཉིས་གཉིས་སུ་མེད་པ་ལས་ཡུམ་གྱི་མཁའ་ལ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཐུགས་རྗེ་ཆེ་དང་ལྡན་པའི་གཙོ་བོ་དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར་དང་བཅས་པའི་ལྷ་བཞི་བཅུ་རྩ་གཉིས་བསྐྱེད་པར་བྱ་ལ། མཁའ་ནས་ཕྱིར་དབྱུངས་ཏེ་མི་བསྐྱོད་པ་ཡབ་ཡུམ་བདག་ཉིད་ཡབ་ཡུམ་ལ་བསྟིམ་ཞིང་གཞན་རྣམས་སོ་སོའི་གདན་སྟེང་དུ་འགོད་པར་བྱའོ། །འདི་སྐབས་གཙོ་བོ་ནི་ཡབ་ཡུམ་དང་མངལ་གྱི་ལྷ་གཙོ་འཁོར་ཐམས་ཅད་ལའང་འཁོར་གྱི་ཐ་སྙད་བྱས་པའོ། །ཡང་ན་དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་


MR21_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་གཙོ་བོ་རྡོ་རྗེ་སེམས་དཔའ་དང་། ལ་སོགས་པ་ནི་འཁོར་རྣམ་སྣང་སོགས་ལ་གོ་བར་བྱ་ཞིང་། ཡེ་ཤེས་ལྔ་དང་ལྡན་པའི་ཐུགས་རྗེ་ཆེ་དང་ལྡན་པ་ཡི་གཙོ་བོ་དཀྱིལ་འཁོར་ལྔ་དང་།དེ་ལ་སོགས་པའི་འཁོར་སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་ཡབ་ཡུམ་དང་བཅས་པའོ། །ཞེས་སོ། །ལྔ་ལ་སོགས་པ་ཞེས་པའི་ཚོམ་བུའི་དཀྱིལ་འཁོར་གཞན་འཛིན་ཏོ། །གཞན་ཡང་དཀྱིལ་འཁོར་ལྔ་ཞེས་པ་སྤྱི་ལ་སྦྱར་བའི་དབང་དུ་ན་ལྷ་དེ་དག་ཀུན་ཀྱང་དཀྱིལ་འཁོར་ལྔ་ལྔ་དང་ལྡན་པ་སྟེ་ཡབ་ཐབས་ཀྱི་སྐུ་ཕྱག་རྒྱར་ལྷག་གིས་གསལ་བ་སྐུ་ཕྱག་རྒྱའི་དཀྱིལ་འཁོར། དེའི་གཡོན་དུ་ཡུམ་དམ་ཚིག་གི་ཕྱག་རྒྱ་དང་མི་འབྲལ་བ་གསང་བ་ཡུམ་གྱི་དཀྱིལ་འཁོར། ཀུན་ལ་རང་གི་དབུ་རྒྱན་རིགས་ལྔ་དང་ལྗགས་རྡོ་རྗེ་རྩེ་གསུམ་རྩེ་མོ་པད་འདབ་བཞི་པ་དང་། ཐུགས་ཀ་ན་སོ་སོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕྱག་མཚན་གསུང་ཡིག་འབྲུ་དང་བཅས་པར་བསྒོམ་པ་ནི་བྱིན་རླབས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། ཀུན་གྱི་སྐུ་ལ་སོ་སོའི་རྒྱན་ཆ་སོ་སོར་གསལ་བ་མཛེས་པ་རྒྱན་གྱི་དཀྱིལ་འཁོར། ཡབ་ཡུམ་འཁྱུད་ཅིང་མཁའ་དབྱིངས་རྡོ་རྗེ་དང་པདྨར་ལྡན་པ་མཁའ་གསང་སྦྱོར་བའི་དཀྱིལ་འཁོར་ཏེ་དེ་ལ་དཀྱིལ་འཁོར་ལྔ་ཞེས་དང་།


MR21_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྒྲས་སྐུ་ཕྱག་རྒྱར་གསལ་བ་དེ་དག་གི་ཡེ་ཤེས་ཀྱི་ཐུགས་ཀ་དང་གསང་བའི་ཐུགས་ཀ་དང་བ་སྤུའི་བུ་ག་དང་སྨིན་མཚམས་ལ་སོགས་པའི་གནས་ནས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་ལྔ་ཉེར་ལྔར་གསལ་ཞིང་འཕྲོ་བས་ཐུགས་རྗེས་ཀུན་ལ་ཁྱབ་པར་སེམས་ཅན་ཀུན་གྱི་ལས་ཉོན་སྦྱངས་ཤིང་ཁྱད་པར་རྣལ་འབྱོར་པའི་ལས་བཞི་ལྷུན་གྲུབ་ཏུ་མཛད་པའོ། །འཁོར་ཞེས་པས་ཐུབ་དྲུག་ལ་གོང་གི་དཀྱིལ་འཁོར་ལྔ་མི་ཚང་ཞིང་འགྲོ་བ་དྲུག་འདུལ་བའི་ཐབས་སུ་སྤྲུལ་པ་ཙམ་ཡིན་པས་དཀྱིལ་འཁོར་ལྔ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གཙོ་བོའི་ལྷའི་འཁོར་གྱི་ཚུལ་དུ་སྣང་བས་དེ་སྐད་དུ་གསུང་སྟེ། ལས་ཞེས་འབྱུང་ཁུང་གི་སྒྲས་སྐུའི་གནས་རྣམས་ལས་འོད་འཕྲོ་བ་དང་། སོགས་སམ་སྩོགས་ཞེས་པས་ཉོན་མོངས་དྲུག་བསགས་པ་ལས་སྐྱེས་པ་རིགས་དྲུག་དང་འཁོར་ཞེས་པས་རིགས་དྲུག་དེའི་གཙོ་བོའི་ཚུལ་དུ་སྣང་ཞིང་ལྷའི་འཁོར་ཡིན་པས་ཐུབ་དྲུག་བསྟན་པར་གསུང་པའང་རྒྱ་སྐད་ཀྱི་འབྲུ་བཤགས་མིན་ཀྱང་དོན་གྱི་སྐད་བྱིང་འཇལ་ཚུལ་ཟབ་མོ་ཞིག་སྟེ་འབྲེལ་བ་ན་གསུང་བ་འདི་ཡང་རྒྱུད་ལས། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མཁའ་ཀློང་དག་པ་ན། །རྒྱལ་


MR21_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲས་བཅས་དཀྱིལ་འཁོར་ལྔ་དང་ལྡན། །ཐུགས་རྗེས་ཀུན་ལ་ཁྱབ་པར་དོན་མཛད་ཅིང་། །རིགས་དྲུག་གཙོ་བོའི་གཡོག་འཁོར་མ་ལུས་རྣམས། །བདག་གཞན་སྒོམ་སྒྲུབ་དྲང་གཞུག་བཀོད་ནས་སྦྱངས། ཞེས་པའི་དགོངས་དོན་ཏེ་ཚིག་ནི་ཤེས་རབ་ཀྱི་ནུས་པ་བརྗོད་པར་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དཀྱིལ་འཁོར་ལྔ་ཞེས་པ་ཁྱད་པར་གྱི་དབང་དུ་བྱས་ན་རྣམ་སྣང་ལ་ཐུབ་དྲུག་གིས་བསྐོར་བ། རྡོར་སེམས་ལ་ས་སྙིང་བྱམས་པ་གཤེད་པོ་ཡབ་ཡུམ་དྲུག་དང་རིན་འབྱུང་ལ་ནམ་སྙིང་སྒྲིབ་སེལ་སྟོབས་ཆེན་ཡབ་ཡུམ་དྲུག་དང་སྣང་མཐའ་ལ་སྤྱན་གཟིགས་ཀུན་བཟང་རྟ་མགྲིན་ཡབ་ཡུམ་དྲུག་དང་། དོན་གྲུབ་ལ་ཕྱག་རྡོར་འཇམ་དཔལ་བདུད་རྩི་ཡབ་ཡུམ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་ལྔ་དང་། ལ་སོགས་ཞེས་འོད་ཟེར་འཕྲོ་བ་དང་འཁོར་ཞེས་མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་སྟེ་རྡོར་སེམས་ཡབ་ཡུམ་ལ་བརྒྱད། ཕྱོགས་བཞི་ན་ལྔ་རེ་ལྔ་རེ་དང་སྤྱིར་བཞིས་བསྐོར་ནས་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྐུ་གསུམ་ལྷུན་གྱིས་གྲུབ་པ་རྡོ་རྗེ་སེམས་དཔས་བསྟན་པའི་ལུང་གལྤོ་དང་འདས་མདོ་ལས་བསྟན་པ་བཞིན་དུ་སྐུ་མདོག་ནི་རྡོར་སེམས་མཐིང་ག་རྣམ་སྣང་དཀར་པོ་སོགས་སོ་སོར་གསལ་བ་


MR21_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྒོ་ནས་ཕྱག་རྒྱ་བཞི་དང་ལྡན་པ་སྟེ། ཡབ་རྣམས་སྐུ་ཕྱག་རྒྱ་ཆེན་པོ་ཡུམ་རྣམས་དམ་ཚིག་གི་ཕྱག་རྒྱ་ཐུགས་ཀ་དང་མཁའ་གསང་ཡིག་འབྲུས་མཚོན་པ་ཆོས་རྒྱ་ཕན་ཚུན་སྦྱོར་བའི་བདེ་བ་རྒྱུན་མི་འཆད་པ་ལས་ཀྱི་ཕྱག་རྒྱ་སྟེ་བཞི་མངའ་བ་དང་། རྒྱན་ནི་གཙོ་བོ་ཡབ་ཡུམ་ལ་དར་གྱི་ཆས་ལྔ་རིན་པོ་ཆེའི་རྒྱན་བརྒྱད་དེ་བཅུ་གསུམ་དང་ལྡན་ལ། སེམས་དཔའ་ཡབ་ཡུམ་རྣམས་ལ་རིན་པོ་ཆེའི་རྒྱན་དང་སྨད་དཀྲིས་ལས་གཞན་མེད་པར་གསུངས་ཤིང་ཐུབ་དྲུག་ལ་ཆས་ལྔ་ལས་དར་དཀར་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་པ་ཏི་སེར་པོ་སེག་བརྡར་རིས་ཀྱི་སྨད་ཤམས་ལས་རྒྱན་གཞན་མེད་པར་གསུངས། སྒོ་བ་ལ་ནི་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །ཆ་ལུགས་ཞེས་པས་བཞུགས་ཚུལ་དང་སྐུ་ཇི་ལྟར་སྣང་ཚུལ་གཉིས། དང་པོ་གཙོ་བོ་ཡབ་ཡུམ་དང་ཀུན་བཟང་ཡབ་ཡུམ་རྫོགས་པའི་སྐྱིལ་ཀྲུང་སེམས་དཔའ་སེམས་མ་ཕྱེད་སྐྱིལ་ཐུབ་དྲུག་འགྲེང་བུར་བཞུགས་ཤིང་སྒོ་བ་ཡབ་ཡུམ་དོར་སྟབས་སོ། །གཉིས་པ་ཡབ་རྣམས་གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་བཞི་ཡུམ་རྣམས་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན་ལྔ་སྟེ་ཞི་ཚུལ་དགུ་དང་ལྡན་ལ། ཐུབ་དྲུག་རབ་ཏུ་ཕྱུངས་པའི་ཚུལ་དང་སྒོ་


MR21_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡབ་ཡུམ་ཁྲོ་ཞིང་གཏུམ་པའི་ཚུལ་ཅན་ཏེ། དེ་དག་གི་འོད་ཀྱང་རིགས་ལྔ་དང་ཀུན་བཟང་ཡབ་ཡུམ་གཞའ་ཚོན་འོད་ལྔའི་ནང་ན་བཞུགས་ཤིང་སེམས་དཔའ་ཡབ་ཡུམ་དང་ཐུབ་དྲུག་འོད་སྣ་གསུམ་གྱི་ནང་ན་བཞུགས་པ་དང་སྒོ་བ་ཡབ་ཡུམ་བསྐལ་མེ་འབར་བའི་ཀློང་ན་བཞུགས་པའོ། །དག་ཅེས་གཉིས་ཚིག་གིས་ངེས་པར་བརྣན་པའི་རྣམ་པས་རྣལ་འབྱོར་པའི་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ནག་ནོག་དང་ར་རི་མེད་པར་གསལ་ཞིང་བཀྲ་བར་བསྒོམ་ཞེས་པའི་དོན་ཏོ། །དེ་དག་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་ཏེ་བརྟན་ཆ་ཐོབ་ནས་རྫོགས་པ་དང་གྲུབ་པའི་ལྷ་དག་བསྒོམ་པར་བྱ་བ་རྫོགས་པའི་རིམ་པའོ། །གཉིས་པ་མཆོད་པ་བྱ་བ། ཞི་བའི་མཆོད་པས་མཉེས་པ་དག །ཞེས་གསུངས་ཏེ། དེ་ལྟར་རིག་པ་ཏིང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དེ་ལ་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ནས་བསྟིམ་ཞིང་རིག་པ་དབྱིངས་ལ་འཇུག་ཅིང་ཐུགས་རྗེའི་རོལ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞི་བའི་མཆོད་པས་མཉེས་པ་དག་ཏུ་བྱ་སྟེ། ཐོག་མར་ཕྱག་རྒྱ་དཔུང་མགོར་བསྣོལ་ནས་སེ་གོལ་བརྡབ་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་བརྗོད་པས་བདག་གི་ཐུགས་ཀ་དང་གསང་བའི་


MR21_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་། སེ་གོལ་ལས་ཀྱང་འོད་ཟེར་སྒྲ་དང་བཅས་པར་སྤྲོས་པས་བསྐུལ་བའི་འོད་ཟེར་གསུམ་བྱུང་བས་གཅིག་གིས་ཆོས་སྐུའི་ངང་ལས་གཟུགས་སྐུར་བཞེངས་སུ་གསོལ། གཅིག་གིས་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ། གཅིག་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནོད་པའི་སྒྲ་བྱུང་བས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཆོས་ཉིད་ལས་ཡེ་ཤེས་ཀྱི་སྐུ་ཐུགས་རྗེས་བཞེངས་པར་ཕྱོགས་པ་ལ། སྤྱན་འདྲེན་པའི་ལུང་ཚིག་གིས་བསྐུལ་བས་ཞིང་སོ་སོ་ནས་ཏིལ་གང་བཞིན་དུ་དཀྲིགས་ཤིང་འོད་ཟེར་འཕྲོ་བ་དང་བཅས་ཏེ་བྱོན་ནས་ཏིང་འཛིན་གྱི་དཀྱིལ་འཁོར་དང་འོད་ཕུང་འདབ་འདྲེས་ཙམ་དུ་བཞུགས་པ་ལ། སླར་ཡང་ཕྱག་རྒྱ་བཞིས་སྤྱན་དྲངས་པའི་ཚིག་བརྗོད་ནས་ཡབ་ཡུམ་གྱི་ཐུགས་ཀ་དང་མཁའ་གསང་ནས་ཕྱག་རྒྱ་བཞིའི་འོད་ཟེར་འཕྲོས་པས་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་ཏེ། ལྷ་རྣམས་ལྷ་སོ་སོར་འོད་ཕུང་ཀྲུག་གིས་འདྲེས་ནས་རང་ཉིད་ལྷ་ལ་ལྷ་ཉིད་རང་ཡིན་ཏེ་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་ན་རྟགས་རིག་པའི་མེ་ཏོག་བོར་བ་ཞེས་ཀྱང་བྱའོ། །དེ་ནས་དབྱིངས་རིག་པ་ཐིམ། རིག་པ་


MR21_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལ་ཞུགས་པའི་རྟགས་སུ་དབྱེར་མེད་པར་བསྟིམ་པའི་ཚིག་བརྗོད་ཅིང་བྱེ་མ་ལ་མར་ཐིམ་པའམ་བ་ཞོ་ལ་ཁ་བ་བབ་པ་ལྟར་དབྱེར་མེད་པར་བསམ། དེ་ནས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་མི་འགྱུར་བའི་ངང་ལས་ཡེ་ཤེས་ཀྱི་དངོས་པོར་གྲུབ་ཅིང་ཅིར་ཡང་སྣང་བ་ཐོབ་པའི་ཕྱིར་བརྟན་པར་བཞུགས་སུ་གསོལ་བ་བྱ་ཞིང་། མཆོད་པ་ལ་ཡེ་ཤེས་སྤྲུལ་སྐུ་མངོན་དུ་ཤར་བ་ལ་གཉིས་མེད་རྟོགས་པའི་སྒོ་ནས་ཕྱག་འཚལ་བ་དང་དབྱིངས་ཀྱི་དོན་མཚོན་ཅིང་ཡེ་ཤེས་རོལ་པའི་རང་བཞིན་ཕྱག་རྒྱ་གར་གྱི་མཆོད་པ་གཉིས་སྔོན་དུ་འགྲོ་བའི་སྒོ་ནས། ཕྱི་ནང་གསང་བའི་ཚུལ་དུ་ཉེར་སྤྱོད་ཀྱི་མཆོད་པ་སོགས་འབུལ་བ་ལ་ཐོག་མར་སྣང་སྲིད་མཆོད་པའི་རང་བཞིན་དུ་ཤར་བ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་མཆོད་པ་དང་། དེ་ནས་མཆོད་པ་རྣམས་སྤྱིར་སྔགས་ཀྱིས་བརླབས་ལ་འབུལ་ཞིང་སོ་སོ་ནས་ཨརྒྷཾ་ཕྱི་ལྟར་དབྱིངས་མཐའ་དབུས་མེད་པར་བདུད་རྩིའི་རྒྱུན་དཀར་པོར་འཁྱིལ་པ་དང་ནང་ལྟར་སྣང་སྲིད་རཀྟས་དམར་ཆམ་གྱིས་གང་བ་དང་གསང་བར་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དུ་བསམ་ལ་མཆོད། དེ་བཞིན་དུ་མེ་ཏོག་ཕྱི་ལྟར་མདོག་སྣ་ཚོགས་ཀྱི་མེ་ཏོག་མཛེས་པས་སྟོང་གསུམ་གང་བ་ནང་ལྟར་མཛེས་


MR21_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོ་མང་པོ་གསང་བར་བདག་གི་ཚོགས་བརྒྱད་ཡེ་ཤེས་སུ་དག་པ་དང་། བདུག་སྤོས་ཕྱི་ལྟར་དྲི་ཡི་ལྷ་མོ་སྤོས་ཕོར་ཐོགས་པས་དུད་སྤྲིན་སྤྲོ་བ་ནང་དུ་ཚིལ་ཆེན་གྱི་དུད་པ་དང་ཞིང་ཆེན་གྱི་ངད་ལྡང་བ་གསང་བར་བྱང་སེམས་དཀར་དམར་གྱི་དྲི་བསུང་འཐུལ་བ་དང་། མར་མེ་ཕྱི་ལྟར་སྣོད་སྟོང་གསུམ་ཙམ་ལ་མར་ཁུ་རྒྱ་མཚོ་ཙམ་གྱི་མེ་ལྕེའི་འོད་ཀྱིས་སྲིད་གསུམ་ཁྱབ་པ་ནང་ལྟར་སྣོད་དུར་ཁྲོད་ཀྱི་གཞལ་ཡས་ཁང་མར་ཁུ་ངོ་བོ་ཞི་གནས་ཏེ་རྣམ་པ་ཚིལ་ཆེན་རྒྱ་མཚོ་ཙམ་ལ་མེ་ལྕེ་ལྷག་མཐོང་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་དང་གསང་བར་བདག་གི་བྱང་ཆུབ་སེམས་ཡེ་ཤེས་ཀྱི་མར་མེ་སྟོང་ཕྲག་དུ་མར་འཆར་བའི་གཞིར་བསམ་པ་དང་། དྲི་ཆབ་ཕྱི་ལྟར་ལྷ་མོ་དུང་ཕོར་ཐོགས་པ་མང་པོས་ཙནྡན་གྱི་འདེ་གུས་བྱུག་པ་དང་ནང་ལྟར་བྱང་ཆུབ་སེམས་ཀྱི་རླན་གྱིས་ཉོན་མོངས་པའི་ལྗན་ལྗིན་གནས་སུ་དག་པ་གསང་བར་ཞི་གནས་ཀྱི་རླན་དང་བཅས་པའི་ལྷག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསམ་པ་དང་། ལྷ་བཤོས་ཕྱི་ལྟར་རོ་བརྒྱ་ལྡན་རི་རབ་ལས་ཆེ་བ་ནང་ལྟར་འདོད་ཡོན་ལྔའི་ལྷ་མོ་གསང་བར་བྱང་ཆུབ་སེམས་ཀྱི་འོད་ཀྱི་ཐིག་ལེ་རིན་པོ་ཆེ་འབར་བ་གཅིག་ཏུ་བསམ་པ་དང་། རོལ་མོ་ནི་ཕྱི་ལྟར་བརྡབ་བརྡུང་འབུད་དཀྲོལ་སོགས་སྒྲ་


MR21_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྣ་ཚོགས་ནང་ལྟར་ལྷ་མོ་པི་ཝཾ་མ་མང་པོས་ཆོས་སྒྲ་སྒྲོགས་པ་གསང་བར་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་རང་སྒྲ་སེ་གོལ་དང་ཧ་སིད་སོགས་ཀྱིས་མཆོད་པར་བསམ་མོ། །དེ་ནས་བདུད་རྩི་ལ་ཐོག་མར་བྱིན་གྱིས་བརླབས་པའི་སྨན་རང་བྱུང་བདུད་རྩིའི་དཀྱིལ་འཁོར་དེ་ནི་དོན་སྐྱེ་ཤི་འདུ་འབྲལ་མེད་པའི་ངང་དུ་ལྷ་རྣམས་གནས་པ་རྟགས་བདུད་རྩི་བྱང་ཆུབ་སེམས་ཀྱི་རོལ་པའི་མཆོད་པར་ཤར་ནས་མཉེས་པར་བྱ་བ་ཡིན་ཏེ། ཐོག་མར་བདུད་རྩིའི་ཆེ་བ་བརྗོད་ཅིང་དཀྱིལ་འཁོར་གྱི་ལྷ་སོ་སོར་རྐང་ཐོན་དུ་ཕུལ་ལ་སྔགས་ཚིག་གི་སྐབས་སུ་ཁ་རཾ་དང་པོས་སྣང་སྲིད་བདུད་རྩིར་བསྒྱུར། གཉིས་པས་དེ་ཉིད་བསྡུས་ཏེ་དམ་རྫས་ལ་ཐིམ། གསུམ་པས་མཐེབ་སྲིན་ཉི་ཟླའི་གྭ་འུས་བདུད་རྩིའི་ཐིག་པ་བླངས་ཏེ་ལྷ་སོ་སོའི་ལྗགས་ལ་ཐིམ་ཁཱ་ཧི། ཞེས་པས་སྐུ་གསུང་ཐུགས་དགྱེས་པ་ཆེན་པོར་བསྒོམས་ལ། མཐར་བདུད་རྩིའི་དངོས་གྲུབ་འབྲུ་གསུམ་གྱི་རྣམ་པར་བླངས་ནས་སླར་བདུད་རྩི་ཉིད་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔས་སྟོང་གསུམ་ཁྱབ་པར་དམིགས་ལ་ཆོས་ཉིད་དམ་དྲིན་ལན་གྱི་མཆོད་པ་བྱ་སྟེ། དེ་ལྟར་མཉམ་ཉིད་དག་པའི་བདུད་རྩིའི་མཆོད་པ་ནི་མཆོད་པ་ཀུན་གྱི་མཆོག་སྟེ་ལྷ་མཉེས། དངོས་གྲུབ་


MR21_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། སེམས་ཅན་ཚིམ་ཞིང་རྣམ་རྟོག་དང་ཉོན་མོངས་སྡུག་བསྔལ་ཐམས་ཅད་ཀྱི་སྟེང་དུ་ཆོས་ཉིད་མི་རྟོག་ཡེ་ཤེས་མཉམ་པའི་རྩི་སྦྱར་བས་ནད་མཚོན་མུ་གེའི་སྐལ་པ་ལས་ཐར་ཞིང་། འཁོར་བ་ཉིད་མྱང་འདས་སུ་གྲོལ་ཏེ་སྐྱེ་ཤི་མེད་པ་མཆོག་གི་དངོས་གྲུབ་དང་མཁའ་ལ་འགྲོ་ཞིང་རྡོ་རྗེའི་ལང་ཚོ་དང་ལྡན་པ་སོགས་ཐུན་མོང་གི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ། །དེ་ནས་གཏོར་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་སོགས་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བསམ་ལ་མཆོད་དོ། །གཞན་ཡང་མཆོད་པའི་བྱེ་བྲག་དུས་དང་སྐབས་ཀྱི་རིམ་པ་དང་སྦྱར་ཏེ་རྒྱས་འབྲིང་ཅི་རིགས་སུ་ཤེས་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད་ལ་ཆེ་བའི་ཡོན་ཏན་བརྗོད་ཅིང་བསྟོད་པ་གླུའི་མཆོད་པས་མཉེས་པར་བྱས་ནས་སྨོན་ལམ་གདབ་པར་བྱ་སྟེ། དེ་དག་སོ་སོའི་ལུང་ཚིག་དང་སྔགས་ནི་གལྤོ་ལས་འབྱུང་བ་འགྲེལ་པར་བཀོད་པ་ལྟར་ཉམས་སུ་བླང་ངོ་། །གསུམ་པ་བསྙེན་པ་བྱ་བ་ནི། བསྙེན་པའི་དོན་དུ་དེ་དག་བྱ། ཞེས་གསུངས་ཏེ། དཔལ་ཆེན་པོའི་དངོས་གྲུབ་ལ་བསྙེན་པར་བྱེད་པས་


MR21_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྙེན་པ་ཞེས་སུ་གྲགས་པ་བཟླས་བརྗོད་སྔགས་ཀྱི་བསྙེན་པའི་དོན་དུ་གོང་གི་མཆོད་པ་དེ་དག་བྱའོ་ཞེས་ཐུགས་དམ་བསྐུལ་ཞིང་ལྷ་འགྲུབ་པར་བྱེད་པའི་གཙོ་བོ་བསྙེན་པ་ཡིན་ལ།དེའི་ངོ་བོའང་དོན་དམ་པར་རང་གི་སེམས་ཉིད་དོན་གྱི་ལྷ་བྱང་ཆུབ་སེམས་སུ་ངོ་ཤེས་པའམ་ཀུན་རྫོབ་ཏུ་ཐུགས་རྗེ་ཆེན་པོ་རྟགས་ཀྱི་ལྷར་ཤར་བ་ལ་ཉེ་བར་བྱེད་པའི་ཐབས་དམ་པ་ཡིན་ལ།ངེས་ཚིག་ཀྱང་དེ་བཞིན་དུ་སྟེ་འཁོར་བ་ལས་བསྲིང་ཞིང་མྱང་འདས་ལ་བསྙེན་པའོ། །དབྱེ་བ་དུས་དང་གྲངས་དང་མཚན་མའི་བསྙེན་པ་གསུམ་མོ། །དེ་ཡང་མཆོད་སོགས་དེ་དག་བཟླས་པའམ་བསྙེན་པ་ཉིད་བྱེད་པའི་གཞིའམ་དེ་ཡི་དོན་དུ་ཡིན་ལ་བསྙེན་པ་ཉིད་ནི་བདག་གཞན་གྱི་དོན་གཉིས་བསྒྲུབ་ཅིང་དཔལ་ཆེན་པོའི་གོ་འཕང་ལ་ཉེ་བར་བྱེད་པས་ན་མིང་དང་དོན་མཐུན་པར་ཤེས་པར་བྱས་ལ། བསྙེན་པ་བྱ་ཚུལ་ནི། བདག་གི་ཐུགས་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་སུ་ཉི་དཀྱིལ་ལ་ཡེ་ཤེས་སེམས་དཔའ་དཀར་པོ་ཚོན་གང་བའི་ཐུགས་ཀར་ཟླ་དཀྱིལ་ལ་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཧཱུྃ་ཡུངས་འབྲུ་ཙམ་གྱི་མཐར་ཧཱུྃ་བཛྲ་དྷྲྀཀ྄་ཞེས་པས་བསྐོར་བ་དང་། ཡུམ་གྱི་ཐུགས་དབུས་ཉི་སྟེང་ཡེ་ཤེས་སེམས་མའི་ཐུགས་ཀར་ཟླ་སྟེང་དྲིལ་བུའི་ལྟེ་བར་མཱུཾ་ལ་མཱུཾ་དྷཱ་ཏུ་ཤྭ་


MR21_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རིས་བསྐོར་བ་གསལ། དེ་ནས་ཛབ་ཁང་དབྱེ་སྟེ་བདག་གི་སྨིན་མཚམས་ནས་བྷྲཱུྃ་སྨུག་ནག་འཕྲོས་པ་ལས་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་བརྗོད་པས་གོང་གི་གཞལ་ཡས་ཁང་ཇི་འདྲ་བ་ཞིག་མདུན་གྱི་ནམ་མཁའ་ལ་གསལ། དེར་ལྷ་ཞེ་གཉིས་ཀྱི་རྩ་སྔགས་བརྗོད་པས་བསྐྱེད་པའི་དཀྱིལ་འཁོར་ལས་སྤྲིན་ལས་སྤྲིན་ཕྱེ་བའམ། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སོ་སོ་ནས་བཏོན་ལ་དེར་གཞུག་ཅིང་དཀྱིལ་འཁོར་རྫོགས་པར་བྱས་ལ། འཛུམ་པའི་མདངས་ཕྱུང་ཞིང་ཞི་བའི་ངག་གིས་མི་དྲག་མི་ཞན་པར་འཛབ་དབུལ་བར་བྱ་སྟེ། ཧཱུྃ་བཛྲ་དྷྲྀ་ཀྲ་མཱུཾ་དྷཱ་ཏུ་ཤྭ་རི་སྭཱ་ཧཱ། ཞེས་བརྗོད་པས་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཀར་དམར་གསེར་གྱི་བ་ཐག་གཟེངས་པ་བཞིན་དུ་འཕྲོས་པས་དངོས་པོ་དང་མཚན་མའི་སྣང་བ་རིལ་སྦྱངས་ཤིང་། ཁྱད་པར་དུ་རྣམ་ཤེས་དང་ནམ་མཁར་འཛིན་པའི་རྟོགས་པ་སྦྱངས་ཏེ་མདུན་མཁར་དབྱིངས་ཕྱུག་མའི་ཐུགས་ཀར་ཐིམ་པས་ཡབ་ཡུམ་མཉེས་རབ་ཀྱི་མཆོག་དགྱེས་རབ་ཀྱི་ཕུལ་དུ་གྱུར་ཏེ་སླར་བྱང་ཆུབ་སེམས་ཀྱི་འོད་ཟེར་སྤྲིན་ཕུང་བཞིན་དུ་འདུས་ཏེ་བདག་ལ་ཐིམ་པས་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་ཐོབ། སྔར་བས་ཀྱང་གསལ་བའི་རྣམ་པ་ཅན་གྱི་ཡེ་ཤེས་ཀྱི་སྐུར་གྱུར་པར་བསམ་


MR21_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟླའོ། །རིགས་བཞི་ལའང་རང་རང་གི་སྙིང་པོ་དང་ཉོན་མོངས་སྦྱངས་ལུང་འགྲེས་སུ་སྦྱར། སེམས་དཔའ་སེམས་མ་རྣམས་ཀྱི་ཐུགས་ཀར་ཟླ་སྟེང་འོད་ཚོན་གང་བ་རེ་རེའི་རྩེ་ལ་རང་གི་ཡིག་འབྲུ་སྙིང་པོས་བསྐོར་བ་དང་། ཐུབ་དྲུག་གི་ཐུགས་ཀར་པད་གདན་ལ་འོད་ཚོན་གང་བ་རེའི་རྩེ་ལ་རང་སྲོག་སེར་པོ་སྙིང་པོས་བསྐོར་བ། སྒོ་བ་ཡབ་ཡུམ་གྱི་ཐུགས་ཀར་ཉི་སྟེང་འོད་མཐིང་ག་ཚོན་གང་རེའི་རྩེ་ལ་ཡིག་འབྲུ་སྙིང་པོས་བསྐོར་བ་གསལ་ལ། སོ་སོའི་བཟླས་པ་དང་ཉོན་མོངས་སྦྱངས་ལ་དངོས་གྲུབ་བསྡུ་བའི་ཏིང་འཛིན་བྱ་ཞིང་ལྷ་སོ་སོའི་སྒེར་བསྙེན་ནམ་སྒོས་འཛབ་ཐོན་ནས་སྤྱི་ལ་དམིགས་ཤིང་སྤྱི་དྲིལ་གྱི་སྙིང་པོའང་བཟླ་བར་བྱའོ། །མཐར་ཚོགས་བསགས་ཕྱིར་འདོད་ཡོན་ལྷ་མོས་མཆོད་ཅིང་། ལྷ་སོ་སོར་བསྟོད་པ་བྱས་ལ་དངོས་གྲུབ་ཀྱི་གེགས་བསལ་ཕྱིར་བཤགས་པ་ཕུལ་ནས་དངོས་གྲུབ་བསྐུལ་བའི་ཆོ་ག་དང་། ཛཿཞེས་བརྗོད་པས་བདག་ཡབ་ཡུམ་གྱི་ཐུགས་ཀ་ནས་ཛ་ལས་ལྕགས་ཀྱུར་གྱུར་པས་དབུས་ཀྱི་མི་བསྐྱོད་པ་ཡབ་ཡུམ་དྲང་བས་རྒྱལ་པོ་བསྐྱོད་པ་ན་འཁོར་རང་དབང་མེད་པར་གཡོ་བ་དང་འདྲ་བར་མདུན་གྱི་ལྷ་གཞལ་ཡས་ཁང་དང་བཅས་པ་འོད་དུ་ལམ་གྱི་ཞུ་ནས་བདག་ལ་ཐིམ་པས་


MR21_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་སྐུ་ཕྱག་རྒྱའི་དཀྱིལ་འཁོར་ཤིན་ཏུ་ཡང་གསལ་ཞིང་འོད་འཕྲོ་བར་བསྒོམ་མོ། །དེ་ལྟ་བུའི་ཏིང་འཛིན་གསལ་ཞིང་བརྟན་པར་གྱུར་ན་བསྙེན་པ་དང་སྒྲུབ་པ་དང་དངོས་གྲུབ་ཀྱང་ཡིན་ནོ་དེས་ཞི་བར་བསྙེན་པ་སོང་ནས། ད་ནི་གཉིས་པ་ཁྲོ་བོར་སྒྲུབ་པ་ལ། ཁྲོ་བོར་སྒྲུབ་པ་དང་། སྒྲུབ་པ་ཆེན་པོས་དངོས་གྲུབ་བླང་བ་གཉིས། དང་པོ་ལ།ཞི་བ་ལས་ཁྲོ་བོར་གནས་བསྒྱུར་བ། དངོས་གཞི་སྤྱན་དྲངས་ཞིང་མཆོད་པ་འབུལ་བ། ཉམས་ལེན་གྱི་མཐིལ་བསྙེན་པ་བཟླ་བ། རྗེས་སུ་ཐུགས་དམ་བསྐུལ་ཞིང་མཉེས་པར་བྱ་བ་བཞི། དང་པོ་ལ་སྐབས་སུ་འབྲེལ་བའི་དགོས་པ་བསྟན། དགོས་པ་དེ་ལྡན་གྱི་གནས་བསྒྱུར་ཐབས་བསྟན་པ་གཉིས། དང་པོ། དངོས་གྲུབ་དམ་ཤེས་བླང་བའི་ཕྱིར། །ཞེས་གསུངས་ཏེ།སྔར་ཞི་བའི་དཀྱིལ་འཁོར་ལ་བློ་སྦྱངས་པའི་བསྙེན་པ་དང་འབྲེལ་བར་སྐབས་འདིར་ཤིན་ཏུ་ཉེ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་གང་ཞིག་རྣལ་འབྱོར་པའི་ཤེས་རབ་ཀྱི་རྩལ་གྱིས་དེ་མ་ཐག་ཏུ་བླངས་པའི་དགོས་པ་ཁྱད་པར་ཅན་གྱི་ཕྱིར་ཁྲོ་བོའི་དཀྱིལ་འཁོར་བསྒྲུབ་པ་བརྩམ་པར་བྱའོ། །ཞེས་སོ། །གཉིས་པ་བསྒྲུབ་པ་པོའི་རྟགས་བསྒྱུར་བ་དང་། ཏིང་ངེ་འཛིན་


MR21_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་གཉིས། དང་པོ། ལྷག་པའི་རྟགས་ཀྱིས་ཀུན་མཚན་ནས། །ཞེས་གསུངས་ཏེ་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཡེ་ཤེས་ཀྱི་ལྷ་དཔལ་ཁྲག་འཐུང་རྣམས་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཐེག་པ་འོག་མ་ལས་དོན་རྟགས་གཉིས་ཀའི་སྒོ་ནས་ལྷག་པའི་རྟགས་གླང་པོ་ཆེའི་ཀོ་རློན་སོགས་དུར་ཁྲོད་ཀྱི་རྒྱན་རྣམ་པ་བརྒྱད་ཀྱིས་རྣལ་འབྱོར་པ་ཀུན་མཚན་ཞིང་མངའ་གསོལ་བར་བྱས་ནས་བསྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་རྒྱལ་ཐེབས་དང་ཀརྨས་རྡོ་རྗེ་རྒྱལ་པོའི་སྐུ་ལ་དཔལ་གྱི་ཆས་བརྒྱད་པོ་རེ་རེ་ནས་མངའ་དབུལ་བའི་ཚིག་དང་བཅས་པས་གསོལ་ཞིང་རྡོ་རྗེ་རྒྱལ་པོས་ཀྱང་སྒྲུབ་པ་པོ་ཀུན་ལ་ཆས་བརྒྱད་ཀྱི་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ལ་གནས་དྲག་པོར་བསྒྱུར་བ་དང་ལྷ་ཁྲོ་བོར་བསྒྱུར་བ་གཉིས། དང་པོ། སྔ་མ་ལས་ནི་གནས་བསྒྱུར་ཏེ། དུར་ཁྲོད་ས་རབ་བརྟག་པར་བྱ། །ཞེས་གསུངས་ཏེ། དེ་ལ་སྐབས་འདིར་ཞི་བ་ཁྲོ་བོར་བསྒྱུར་བ་ལ་ཅིག་ཆར་བསྒྱུར་བ་དང་རིམ་གྱིས་བསྒྱུར་ཚུལ་གཉིས་ལས་དང་པོ། བདག་ཉིད་མི་བསྐྱོད་པར་གསལ་བ་ཡེ་ཤེས་ཀྱི་ལྟ་བ་དྲག་པོས་བསྐྱོད་དེ། བྱང་ཆུབ་སེམས་ཅི་ཡང་མ་ཡིན་པ་ལས་ཅི་ཡང་སྣང་བའི་ཕྱིར་དག་པའི་གཞལ་ཡས་ཉིད་དུར་ཁྲོད་


MR21_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་སྔགས་བརྗོད་པས་ལྷ་ཞེ་གཉིས་འོད་དུ་ལྟེམ་གྱིས་ཞུ་ནས་འདུག་པ་ལ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པ་ཙམ་གྱིས་སོ་སོའི་ཡིག་འབྲུར་གྱུར་ནས་སོ་སོའི་གནས་ན་བསྐལ་མེ་ལྟར་འབར་ཞིང་འདུག་པ་ལ། སོ་སོའི་སྔགས་ལན་བཞི་བརྗོད་པས་རིགས་ལྔའི་སངས་རྒྱས་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་སེམས་དཔའ་བརྒྱད། ཀོ་རི་བརྒྱད། སེམས་མ་བརྒྱད། སིང་ཧ་བརྒྱད། ཐུབ་དྲུག་དང་སྒོ་བ་བཞི་ནི་ཁྲོ་བོ་བཅུ། སྒོ་མ་བཞི་དངོས་ཀྱིས་ཆོག །ཡིད་དང་ཡུལ་ཡེ་ཤེས་སེམས་དཔའ་དང་སེམས་མར་སྐད་ཅིག་མས་བསྒྱུར་ཞིང་། གཞན་ཡང་འཁོར་དབང་ཕྱུག་མ་དང་བཅས་པར་སྐད་ཅིག་གིས་སོ་སོའི་སྐུར་གསལ་བ་དང་དབང་བསྐུར་བྱིན་རླབས་ཀྱང་བྱའོ། །དེ་དག་ནི་འོག་གི་ཚིག་གི་ཤུགས་ལ་གྲུབ་པས་ཤེས་ནུས་ཤིང་། འདིར་ནི་རིམ་གྱིས་བསྒྱུར་ཚུལ་ལྟར་བཤད་པ་ལ། དང་པོ་རང་ཉིད་མི་བསྐྱོད་པས་ཐུགས་རྗེ་ཡེ་ཤེས་ཀྱི་སྤྱན་གྱིས་སྲིད་པ་གསུམ་ལ་གཟིགས་པས་ཞི་བས་མི་འདུལ་བ་རྣམས་ཁྲོ་བོས་འདུལ་བར་གཟིགས་ནས། སྣོད་ཀྱི་འཇིག་རྟེན་འདུལ་ཕྱིར་དབུགས་ཧཱུྃ་རིང་གི་གླུར་བླངས་པས་བ་སྤུའི་བུ་ག་དང་ཤངས་ཀྱི་རླུང་སྒྲོམ་ནས་ཡེ་ཤེས་ཀྱི་འོད་ཟེར་


MR21_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་གདུག་རྩུབ་དུག་ལྔ་མེ་ལྟར་འབར་བ་དེ་ཀུན་ཞི་ནས་ཡེ་ཤེས་ཀྱི་འོད་དམར་སྨུག་ཇེ་གསལ་ཇེ་གསལ་དུ་སོང་བ་བདག་ལ་ཐིམ་པས་བདག་སྔར་བས་གཟི་བརྗིད་ཆེ་ཞིང་སྣོད་བཅུད་ལ་དབང་བསྒྱུར་བར་བསྒོམ་ལ། སྣོད་བཅུད་རྟེན་ལ་དབང་བསྒྱུར་བའི་གླུ་དབང་ཆེན་གྱི་ས་བོན་དང་སོ་སོའི་བསྐྱེད་ཚིག་བརྗོད་པས་རིམ་བཞིན་ནམ་མཁའ་དྭངས་པ་དེ་གྲུ་གསུམ་མཐིང་ནག་མཐའ་དབུས་བྲལ་བ་འོད་མཐིང་གར་འཁྱིལ་ཞིང་འཁྲུགས་པ། རླུང་རྡོ་རྗེ་རྒྱ་གྲམ་ནི་རླུང་གི་དཀྱིལ་འཁོར་གཞུ་བརྡུང་བ་འདྲ་བ་དབལ་ཚ་ཞིང་ངར་ལྡང་བ་རྣམ་པར་རྒྱུ་བའི་རང་སྒྲ་དང་བཅས་པ། བདུད་རྩིའི་རྒྱ་མཚོ་ནི་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་ཤིང་འཁྱིལ་བ་གསེར་གྱི་ས་གཞི་ནི་མཆོག་ཕྲན་གྱི་ས་གཞི་བརྡལ་བ། རིན་ཆེན་སྣ་ལྔའི་རི་བོ་ནི་ཀེང་རུས་ཀྱི་རི་རབ་ཤིན་ཏུ་བརྗིད་ཅིང་ཁ་ཁྱེར་གྱིས་འཇིག་རྟེན་ཁམས་ཁེབ་པ་དང་། ཡེ་ཤེས་ཀྱི་མེ་འོད་ནི་དུར་ཁྲོད་ཀྱི་མེ་སྨུག་ནག་འབར་བ་འཕྲོ་ཞིང་འཚུབས་པ་རྣམས་སུ་གནས་བསྒྱུར་བར་བྱ་ཞིང་། ཡང་བདག་གི་སྨིན་མཚམས་ཀྱི་བྷྲཱུྃ་སྨུག་ནག་ཏིལ་འབྲུ་ཙམ་མང་པོ་རིན་པོ་ཆེའི་གཞལ་ཡས་ལ་ཆི་ལི་ལི་འཕྲོས་པས་འོད་སྨུག་ནག་ཏུ་ལྟེམ་ལྟེམ་ཞུ་ལ་ཁད་པ་ལས་གཞལ་ཡས་ཁང་བསྐྱེད་


MR21_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་བརྗོད་པས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དབྱིབས་ཟླ་གམ་སྨུག་ནག་སྒོ་གཅིག་པ་བར་ཁྱམས་གྲུ་བཞི་སྒོ་ཁྱུད་དང་བཅས་པ། དེ་ཡང་བནྡྷ་ཚར་གསུམ་ལས་བརྩིགས་ཤིང་རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་གཟེར་བཏབ་ཅིང་གཟེར་མགོ་གཟའ་དང་རྒྱུ་སྐར་གྱིས་བརྒྱན་པ། བནྡྷའི་མིག་ནས་མེ་འབར་ཞིང་སྣ་ནས་དུད་པ་འཐུལ་བ་ལྕང་ལོ་ལས་ཁྲག་གི་ཟར་བུ་འབབ་པ། ཉི་ཟླ་རྩིབས་ལ་འཆར་ཞིང་འཕྱོ་བ་དབུས་ཐིག་བཞི་བཏབ་པའི་ལིང་ཚེ་དགུར་གྱུར་པའི་གཙང་ཁང་སྟེང་ཚངས་པའི་གདུང་བྲེས་བ་གདུང་སྣ་བརྒྱད་ལ་ཞིང་སྨུག་པོ་བརྒྱད་ཀྱི་ཀ་བས་བཏེགས་ཏེ་གཟའ་བརྒྱད་ཀྱི་ཀ་ཞུ། ས་བདག་ཆེན་པོ་བརྒྱད་ཀྱི་ཀ་གདན། ཞིང་ཆེན་གྱི་གཤམ་ལ་མཆོག་ཕྲན་གྱི་དྲལ་དྲབ་སྤྲེའུ་དང་མི་རྒོད་ཀྱི་པགས་པས་ཐོག་ཕུབ། སྒོ་བཞིར་བྱ་ཁྱུང་ག་རུ་ཊའི་ཡ་སྤྱི་བ་ལ་རུས་སྦལ་གྱི་མ་ཐེམ། སྦྲུལ་སྔོན་པོའི་སྐྱེས་བུ་ཆུ་སྲིན་གྱི་སྤྱི་བ་ཁུང་ཞིང་ཕོ་མོའི་སྒོ་འགེབས་དང་ལྡན་པ། དེའི་ནང་ན་ཞིང་གི་བླ་རེ་སོགས་རྒྱན་སྣ་ཚོགས་དང་སྒོ་བཞིར་ཏ་ལའི་སྐྱེ་ཤིང་ཟུང་རེ་ཡོད་པ། དེའི་ཡལ་གར་འདོད་ཡོན་ལྷ་མོ་མང་པོ་གནས་པ་རྩ་བ་དང་བར་ཁྱམས་ལ་རོ་བུམ་


MR21_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་དང་མགོ་མེད་ཕྱེད་མ་རུལ་བ་བམ་པ་ལྷག་མ་ལ་སོགས་པ་ལ་ཅེ་སྤྱང་དང་མུན་འདེ་དང་ཀངྐ་ལ་སོགས་པ་མང་པོ་རོལ་པ་ཅན་གྱི་གནས་སུ་གྱུར་པའི་དབུས་སུ། དྲེགས་པའི་ལྷ་བརྒྱད་བསྣོལ་བའི་སྟེང་དུ་ཞི་བའི་གདན་སེང་གེ་སོགས་ནི་ཁྱུ་མཆོག་སོགས་སུ་གནས་བསྒྱུར་བའི་སྟེང་དུ་ཉི་ཟླ་པདྨའི་གདན་བཏིང་ཞིང་གཞན་ཡང་ལིང་ཚེ་བརྒྱད་དང་བར་ཁྱམས་དང་སྒོ་དང་ལྕགས་རི་ལ་ཏི་ར་བསྣོལ་མ་དང་། རྐྱང་པ་དང་རོ་སྐམ་གྱི་གདན་དུ་བྱའོ། །དེ་ལྟ་བུར་སྔ་མ་ཞི་བའི་སྐབས་ཀྱི་འབྱུང་ལྔ་རི་རབ་གཞལ་ཡས་ཁང་གདན་དང་བཅས་པ་ལས་ནི་གནས་བསྒྱུར་ཏེ་དུར་ཁྲོད་ཀྱི་གཞལ་ཡས་ཁང་འཇིགས་སུ་རུང་བའི་གནས་སམ་ས་རབ་ཏུ་བརྟགས་པའམ་བསྒོམ་པར་བྱའོ། །གཉིས་པ་ལ་གཙོ་བོ་བསྒྱུར་བ་དང་། འཁོར་བསྒྱུར་བ་གཉིས། དང་པོ། ཡེ་ཤེས་དམ་ཚིག་ཆེན་མོ་ཡིས། ཞེས་པས་བསྟན་ཏེ། གཙོ་བོ་ཡབ་ཡུམ་ནི་ཡེ་ཤེས་ལྔ་འདུས་པའི་བདག་ཉིད་ཐབས་ཕྱག་རྒྱ་ཆེན་པོ་ཡབ་བཛྲ་ཧེ་རུ་ཀ་དང་དབྱིངས་ཀྱི་ཡུམ་དམ་ཚིག་ཆེན་མོ་ཀྲོ་དྷཱི་ཤྭ་རི་མ་གཉིས་སུ་གནས་གྱུར་པ་ཡིས་ཁྲོ་བོའི་རྣལ་འབྱོར་བྱའོ། །ཞེས་དེ་ཡང་བདག་ཉིད་མི་བསྐྱོད་པའི་ཡེ་ཤེས་སྤྱན་གྱི་ཁྲོ་བོས་འདུལ་བ་ལ་གཟིགས་ཏེ་ཐུགས་རིག་


MR21_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཧཱུྃ་དུ་གསལ་བ་དེ་ཧེ་རུ་ཀའི་སྣ་གླུས་དབུགས་དང་སྦྲགས་ནས་ཁོང་རྒྱུད་ནས་དྲངས་ཏེ་སྣ་རྩེར་ཉི་མའི་སྟེང་ན་གསལ་བ་ལས། ཧཱུྃ་བཞིའི་ཆོ་གས་ཁྲོ་བོར་བསྐྱེད་པར་བྱ་སྟེ་ཧཱུྃ་དང་པོ་ནི་ཧཱུྃ་གི་འོད་ཀྱིས་འཁོར་བ་སྦྱངས་ཤིང་སངས་རྒྱས་ཀྱི་ཞིང་ཀུན་ཀྱང་འོད་དུ་གྱུར་ནས་སྣང་སྲིད་ཐམས་ཅད་ཧཱུྃ་དུ་གསལ་བ། ཧཱུྃ་གཉིས་པས་ཤེས་པས་ཟིན་དང་མ་ཟིན་པའི་སྒྲ་སྐད་ཐམས་ཅད་ཧཱུྃ་གི་གདངས་སུ་གྲགས་པར་བསམ། ཧཱུྃ་གསུམ་པས་དེ་དག་ཐམས་ཅད་གྱི་ལི་ལི་སླར་ཧཱུྃ་བཞི་པོ་སྔར་གྱི་དེ་ལ་འདུས་པས་ཉི་མ་འབུམ་ལས་གཟི་བརྗིད་ཆེ་བར་བསམ། ཧཱུྃ་བཞི་པས་ཧཱུྃ་དེ་འོད་དུ་ཞུ་ནས་བདག་ལ་ཐིམ་པས་བདག་ཉིད་འོད་དུ་གསལ་ལམ་འབར་བ་ལ་ཁྲོ་བོར་བསྐྱེད་པར་བསྐུལ་བའི་ཚིག་དང་སྔགས་བརྗོད་པས།བདག་ཉིད་ཧེ་རུ་ཀ་མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ་ཏི་རའི་དབྱུག་པ་དང་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཅན་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཅིང་བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་ཞབས་བརྐྱང་བསྐུམ་གྱིས་བཞུགས་པ་ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་གཉིས་སུ་མེད་པར་ལྡན་པ་ཉིད་དུ་གནས་བསྒྱུར་བར་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་ཁྲོ་བོའི་སྔགས་


MR21_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་མི་བསྐྱོད་པ་ཉིད་དཔལ་ཁྲག་འཐུང་ཆེན་པོ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་རྡོ་རྗེ་དང་བྷན་དམར་སོགས་འཛིན་པ། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ་བའི་རྩེ་མོ་ན་མེ་འབར་བ་རྩ་བ་ན་རཀྟའི་ཆུ་རྒྱུན་འབབ་པ། ཐོད་པ་ཚར་གསུམ་དང་ཉི་ཟླ་སྤེལ་ནས་སྦྲུལ་གྱིས་བརྒྱུས་པས་དབུ་སྐྲའི་ཐོད་དུ་བཅིང་བ། སྐེད་པ་ནས་རླུང་གི་འཁོར་ལོ་འོད་ལྗང་ནག་ཏུ་འཕྲོ་བས་མེའི་མདོག་འབྱིན་པ། སྨིན་མ་གློག་སྟོང་དུ་འཁྱུག་ཅིང་སྨིན་མཚམས་ཁྲོ་གཉེར་གྱི་རླབས་གཡོ་བ། སྤྱན་གཡས་པ་གསུམ་ཉི་མའི་དཀྱིལ་འཁོར་ལ་སྤྱན་རྩ་དམར་བ། གཡོན་པ་གསུམ་ཟླ་བའི་དཀྱིལ་འཁོར་ལ་སྤྱན་རྩ་དམར་ལྕིབ་པ། རྫི་མ་ལྕགས་ཀྱུའི་འོད་ཟེར་དུ་འཕྲོ་བ་སྤྱན་དབུས་མ་གསུམ་སྡང་མིག་འབྲུ་ཚུགས་སུ་གཟིགས་པའི་མིག་སྤྲིན་དམར་བ་འབྲས་བུ་ལྡིང་ནག་ལ་གྲུ་གསུམ་དུ་གསལ་བ། སྙན་དུང་གི་ཁོང་སེང་ནས་འབྲུག་སྟོང་གི་སྒྲ་ལྡིར་བ་ཤངས་ནས་རླུང་ནག་གི་འཚུབ་མ་ལྡང་ཞིང་ཧཱུྃ་གི་གདངས་སུ་འབྱིན་པ་ཨག་ཚོམ་སེར་ནག་ལས་ཛའི་འོད་ཟེར་འཕྲོ་བ། རྔམ་པའི་ཞལ་གསུམ་གདངས་ནས་ལྗགས་འདྲིལ་ཞིང་རྐན་སྒྲ་ཕཊ་དུ་སྒྲོགས་པ་ཡེ་ཤེས་ཀྱི་མཆེ་བ་བཅུ་


MR21_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཟླ་བ་ཚེས་པ་ལྟར་གཙིགས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་རིན་པོ་ཆེ་དང་རྡོ་རྗེའི་གཤོགས་པ་གདེངས་པའི་བར་ནས་རྡོ་རྗེ་ཕྲ་མོའི་མེ་སྟག་དམར་ལྗིབ་ལྗིབ་ཏུ་འཕྲོ་བ་དུར་ཁྲོད་ཀྱི་མེ་སྨུག་ནག་འབར་ཞིང་འཕྲོ་བ་དང་འཁྱིལ་བའི་ཀློང་ན་བཞུགས་པ་གཅིག་ཏུ་གསལ་ལ། དེའི་སྤྱི་གཙུག་ཨོཾ་དཀར་པོའི་འོད་ཀྱིས་སྣང་སྲིད་སྦྱངས།རྒྱལ་བ་མཆོད་སྐུའི་བྱིན་རླབས་བསྡུས་ནས་ཨོཾ་ལ་ཐིམ་ཞིང་སྐུའི་སྔགས་བརྗོད་པས་རང་ལུས་མགོ་མཇུག་ཐམས་ཅད་ཁྲོ་ཆུང་སྨུག་ནག་ཚོན་གང་བས་གཏམས་པར་བསམ། དེའི་འགྲོས་སུ་གསུང་དང་ཐུགས་ལ་སྦྱར་ཏེ་ལྗགས་སྟེང་ཨཱཿདམར་པོ་ལས་སྤྲོ་བསྡུས་ལྗགས་རྡོ་རྗེ་རྩེ་གསུམ་ལ་རྩེ་མོ་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ་མཐའ་མར་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ་དང་། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤྲོ་བསྡུས་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པའི་ནང་དུ་ཉི་གདན་ལ་ཡེ་ཤེས་སེམས་དཔའ་སྨུག་ནག་ཚོན་གང་བའི་ཐུགས་ཀར་ཟླ་སྟེང་རིན་ཆེན་ཟུར་བརྒྱད་ཐེལ་བརྒྱད་སུལ་གསུམ། ཤུ་པུ་ཁ་གཅིག་གི་ནང་དུ་རྡོ་རྗེ་མཐིང་ག་ནས་ཙམ་ཕྱེད་ནུབ་ཙམ་དུ་གསལ་བའི་ཆང་ཟུང་ལ་ཧཱུྃ་ཡུངས་འབྲུ་ཙམ་གཅིག་གསལ།


MR21_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐ་མར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་ན་རུ་ལུ་འབྲུ་བརྒྱད་ལྗང་དམར་རམ་སོ་སོའི་མདོག་ཅན་ཉུངས་ཀར་གྱི་ཕྱེད་ཚལ་ཙམ་འོད་ཟེར་འཕྲོ་ཞིང་བཀླག་ཕྱོགས་ཀྱི་རང་བཞིན་དུ་འཁོར་བར་བསམ་པ་ནི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པའོ། །དེ་ནས་ཡེ་ཤེས་ལྔའི་དབང་བསྐུར་བ་ནི། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཧེ་རུ་ཀའི་སྣ་གླུས་དྲངས་ནས་སྣ་རྩེར་ཉི་སྟེང་དུ་གནས་པ་ལས་འོད་འཕྲོས། ཀུན་ཏུ་བཟང་པོ་དང་རིགས་བཞིའི་སངས་རྒྱས་ལ་ཕོག་པས་འོད་དུ་ཞུ་ནས་ཧཱུྃ་ལ་བསྡུ་ཞིང་སླར་དབུགས་དང་སྦྲགས་ནས་སྲོག་ལམ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གཞི་མ་ཉམས་པར་ཧཱུྃ་ཕྲ་མོ་གཅིག་བྱུང་སྟེ་རྩོལ་བའི་སེམས་ཀྱིས་དབུགས་ལ་ཞོན་ཏེ་ཡར་མར་དུ་རྒྱུ་བ་ལས་སུ་རུང་བ་བྱས་ལ་དབུགས་ལ་ཞོན་ཏེ་ཀླད་པའི་རྒྱས་སུ་ཞུགས། ཚངས་པའི་སེང་སྐར་ནས་ཕྱུང་སྟེ་སྤྱི་གཙུག་ཏུ་ཉི་སྟེང་གསལ་བ་དེ་ལས་བྷྲཱུྃ་འཕྲོས་པས་རིན་པོ་ཆེ་འོད་འབར་བའི་གཞལ་ཡས་ཁང་ལྔར་གསལ། ཡང་ཧཱུྃ་དེ་ལས་ཕྱོགས་བཞིར་ཧཱུྃ་བཞི་འཕྲོས་ཏེ་དེ་ལྟར་ཧཱུྃ་ལྔར་གསལ་བ་ལས་ཡེ་ཤེས་ལྔས་དབང་བསྐུར་བའི་སྔགས་སོ་སོས་སྤྱི་གཙུག་ཏུ་བཛྲ་ཧེ་རུ་ཀ་མཐིང་ནག་ཚོགས་ཁང་བུདྡྷ་ཧེ་རུ་ཀ་སྨུག་ནག་རྣ་ལྟག་གཡས་


MR21_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རཏྣ་ཧེ་རུ་ཀ་སེར་ནག་ལྟག་ཁུང་དུ་པདྨ་ཧེ་རུ་ཀ་དམར་ནག་རྣ་ལྟག་གཡོན་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་སྟེ། རིགས་ལྔའི་ཁྲག་འཐུང་དེ་རྣམས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དབུ་སྐྲ་ལྕང་ལོར་འཁྱིལ་བ་སྤྱི་གཙུག་ན་ཁ་ཊྭཱཾ་ག་རྩེ་གསུམ་པ་རེ་བནྡྷ་མཐེབ་ལོང་ཙམ་རེ་ལ་རྒྱབ་བརྟེན་པ་མཐའ་མ་ཡེ་ཤེས་ཀྱི་མེ་འོད་སྣ་ལྔས་བསྐོར་བ་དབང་བསྐུར་བའི་ཅོད་པན་དང་ལྡན་པ་ཕྱག་གཡས་པ་ཀུན་རྡོ་རྗེ་ལ་སོགས་པའི་རང་རྟགས་གཡོན་ཀུན་བདུད་རྩི་བུམ་པས་དབང་བསྐུར་བ་ཞབས་ཉི་ཟླའི་དཀྱིལ་འཁོར་ལ་གནས་པར་བསམ་མོ། །དེ་ནས་ཡུམ་བསྐྱེད་པ་ནི་བདག་གི་ཐུགས་ཀའི་ཧཱུྃ་ལས་ཡུམ་གྱི་ས་བོན་འཕྲོས་པ་སྣ་རྩེར་ཉི་དཀྱིལ་ལ་གནས་པ་ལས་འོད་འཕྲོས། རིགས་ཀྱི་ཡུམ་བཞི་ལ་ཕོག་པས་འོད་དུ་ཞུ་ནས་སླར་བསྡུས་ཏེ་ཀུན་ཏུ་བཟང་མོའི་སྤྱི་གཙུག་ཏུ་ཐིམ་པ་འོད་དུ་འབར་ཞིང་ཡུམ་སྔགས་བརྗོད་པས་ཡུམ་ཀྲོ་དྷཱི་ཤྭ་རི་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་ལྕང་ལོར་འཁྱིལ་ཞིང་ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་བྷན་དམར་གཙོ་ལ་སྟོབས་པ་སྟེགས་རྒོད་འཛུམ་པའི་མདངས་དང་ལྡན་ཅིང་འོད་ཕུང་དང་བཅས་ནས་བཞུགས་པར་བསམ་མོ། །དེ་ནས་འཁོར་གནས་


MR21_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལ་ཐབས་གང་གིས་བསྒྱུར་བ། ཇི་ལྟར་བསྒྱུར་བ་དངོས་གཉིས། དང་པོ་ལ། གཉིས་སུ་མེད་པའི་སྦྱོར་བ་བརྩམ་པ། བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོ་བ་གཉིས། དང་པོ། པདྨོ་རིན་ཆེན་ལྡན་བྱས་ནས། བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། ཞེས་ཡབ་ཀྱི་ཐུགས་ཀ་ནས་ཡི་གེ་བྷྲཱུྃ་གཅིག་ཡུམ་གྱི་མཁའ་ལ་འཕྲོས་པས་མཁའི་དངོས་པོ་སྦྱངས་ཏེ་འོད་དུ་ཞུ་བ་ལས་མཁའ་གསང་དེ་ཉིད་ཟླ་གམ་དམར་པོའི་གཞལ་ཡས་ཁང་ལིང་ཚེ་དགུ་པའི་དབུས་སུ་པདྨ་འདབ་བཞིའི་གེ་སར་ལ་ཨཾ་དམར་ལ་དྭངས་སངས་པ་ཞིག་གསལ། ཡང་ཡུམ་གྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་གཅིག་ཡབ་ཀྱི་མཁའ་ལ་སྤྲོས་པས་མཁའི་དངོས་པོ་སྦྱངས་ནས་འོད་དུ་ཞུ་བ་ལས་ཡབ་ཀྱི་གསང་བ་རྡོ་རྗེ་རྩེ་ལྔ་པ་སྐེད་སྒོར་རིན་པོ་ཆེས་ཕྲེང་བས་མཛེས་པའི་སྟེང་དུ་ཨོཾ་དཀར་པོ་གཅིག་གསལ་བར་བསྒོམ་པ་ནི། ཡུམ་དང་ཡབ་ཀྱི་མཁའ་དབྱིངས་པདྨོ་དང་རིན་ཆེན་ལ་ཨྃ་དང་ཨོཾ་ལྡན་པར་བྱས་ནས་བྱིན་གྱིས་བརླབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཉན་ཐོས་སོགས་ལ་ལྟོས་ན་འདོད་ཡོན་གྲོགས་སུ་ཁྱེར་བས་བདེ་ལ། འཇིག་རྟེན་པ་ལ་ལྟོས་ན་ཉེས་པས་མི་གོས་པས་མཆོག་ཏུ་གྱུར་པ་མངོན་དུ་བྱ་བའི་ཕྱིར། སྒྱུ་མའི་ཚུལ་གྱི་ཏིང་ངེ་འཛིན་ལ་གནས་ནས་སྦྱོར་བའི་བརྡས་


MR21_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བས་བདེ་བ་མཚོན་པའམ་གསལ་བར་བྱས་ཏེ་སྦྱོར་བ་བརྩམ་པར་བྱ་སྟེ། ཡབ་ཡུམ་གཅིག་ལ་གཅིག་མཛེས་པར་བལྟ་ཞིང་ཡིད་དུ་འོང་བ་དང་ཕན་ཚུན་ཆགས་ཤིང་འཕྲེང་བ་དང་དགའ་བའི་མདངས་དང་གླུ་དབྱངས་ཀྱི་སྒྲ་འབྱིན་ཅིང་གཉིས་སུ་མེད་པར་རྩེན་པའི་ཚུལ་གྱིས། ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ར་ཧོ་ཧཾ། ར་ག་ཡ་མི་ཞེས་ཆགས་པའི་བརྡ་བཞིས་བསྣོལ་མར་བསྐུལ་ལ་ཛཿཞེས་པས་མདུན་དུ་དགུག་ཅིང་ལག་པས་བཟུང་ལ་ཧཱུྃ་ཞེས་པས་སྟོད་སྨད་ནས་འཁྱུད་བཾ་ཞེས་པས་ཞལ་དང་ཞལ་ཐུགས་ཀ་དང་ཐུགས་ཀ་གསང་བ་དང་གསང་བར་སྦྱར། ཧོ་ཞེས་པས་པདྨ་ཁ་ཟུམ་པ་ཕྲལ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིག་པ་དབྱིངས་ལ་འཛུད་པའི་ཕྱིར་རྡོ་རྗེ་ནང་དུ་ཕུལ་ལ་རོལ་པས་བདེ་བ་བསྐྱེད་པར་བྱའོ། །གཉིས་པ་ལ། བདེ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་དབབ་པ། དེ་ལས་འཕྲོ་འདུ་བྱ་བའོ། །དང་པོ། དབྱིངས་ཀྱི་བདེ་ཆེན་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལས་འོད། །ཅེས་གསུངས་ཏེ། ཡབ་ཡུམ་ཕན་ཚུན་རྗེས་སུ་ཆགས་པའི་རོལ་པས་སྙོམས་པར་ཞུགས་པ་ན་དགའ་བ་དང་བདེ་བ་འཕྲད་དེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་གཡོ་བ་ན་ཡབ་ཀྱི་བྱང་


MR21_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཨོཾ་གྱིས་བསྡུས་ནས་དཀར་ཀྱི་ལི་ལི་ཀླད་པའི་ཕོ་བྲང་ནས་མར་བབས། མགྲིན་ཕུག་ནས་ཐུགས་ཀར་ཐིམ་པ་སྲོག་གི་གསང་ལུང་དུ་ཞུགས། ཧཱུྃ་གིས་སྒལ་ཚིགས་རྟ་ལ་བརྒྱུད་དེ་རྡོ་རྗེའི་ལམ་ནས་འབྱུང་བ་དེ་ཕཊ་ཀྱིས་ཡུམ་གྱི་མཁའ་ལ་ཕབ་པ་རང་རིག་ཡེ་ཤེས་ཀྱི་ངོ་བོ་ལྷག་པ་བྱང་ཆུབ་ཀྱི་སེམས་དེ་ལས་འོད་ཀྱི་འཕྲོ་འདུ་བྱ་བ་ནི། ཡབ་ཀྱི་བྱང་སེམས་དེས་ཡུམ་འོད་དུ་དཀར་ལྟེམ་གྱིས་གྱུར། སླར་སྒལ་ཚིགས་བརྒྱུད་དེ་ཡུམ་གྱི་སྣ་བུག་གཡས་ནས་ཐོན་ཏེ་བདག་གི་སྣ་བུག་གཡོན་ནས་ཐིམ་པས་དགྱེས་པའི་རོ་དུས་གཅིག་ཏུ་སྐུ་ཉམས་སུ་བསྟར་བར་བསམ།ཡུམ་གྱི་ཐུགས་ཀ་ནས་བྱང་སེམས་དམར་ལ་དྭངས་པ་སྲོག་དག་པའི་གསང་ལུང་དུ་ཞུགས། སྒལ་ཚིགས་ཀྱི་རྟ་ལ་བརྒྱུད་དེ་ཡབ་ཀྱི་མཁའ་ལ་ཐིམ་པས་ཡབ་ཀྱི་སྐུ་འོད་དུ་དམར་ལྟེམ་གྱིས་གྱུར། ཡབ་ཀྱི་ཐུགས་ཀ་ནས་སླར་བརྒྱུད་དེ་སྣ་གཡས་ནས་ཐོན། ཡུམ་གྱི་སྣ་བུག་གཡོན་ནས་ཞུགས་ཏེ་ཐིམ་པས་དགྱེས་པ་བསྐྱེད། དེ་མཁའ་ལ་བབས་ཏེ་འོད་དམར་ལྟེམ་ལྟེམ་གནས་པ་ལ་ཡབ་ཀྱི་མཁའ་ནས་བྱང་སེམས་དཀར་ཙ་ར་ར་བབ་པ་དང་དེ་གཉིས་དཀར་དམར་ཀྲུག་གིས་འདྲེས་ཏེ་གསེར་དངུལ་ཞི་གར་བླུགས་པ་བཞིན་དུ་རང་རིག་པའི་ཡེ་ཤེས་དེ་ལས་འོད་འབར་


MR21_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འོད་དུ་ལྟེམ་ལྟེམ་གསལ་བར་བསྒོམ་པར་བྱའོ། །གཉིས་པ་ལ་འཕྲོ་འདུ་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དང་པོ། ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་པས་འཚེར། །བྱང་ཆུབ་སེམས་ནི་ཀུན་ཏུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་བ་རབ་ཏུ་མཉེས། །ཞེས་པས་གསལ་ཏེ། བདེ་བ་ཇི་བཞིན་པའི་བྱང་ཆུབ་སེམས་དེ་ཆོས་ཉིད་ཡུམ་གྱི་མཁའ་ལ་གསལ་བ་དང་དག་པ་དེ་དག་ནི་དཔེར་ན་སྒྲིབ་གཡོགས་ཀྱི་དྲི་མ་མེད་པའི་ནམ་མཁའ་དྭངས་པ་ལ་མུན་པའི་གཞི་མེད་པའི་དྲི་མེད་ཉི་མའི་འོད་བས་ཀྱང་འཚེར་བའི་འོད་ཟེར་གྱི་རྩེ་ལས་མཆོད་པའི་སྤྲིན་གྱིས། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་གཏིམ། །ཞེས་དགྱེས་པ་བསྐྱེད་ཅིང་མཉམ་ཉིད་དུ་ཐིམ་པར་འབུལ་ནས་སླར་བྱིན་རླབས་འོད་དུ་བསྡུས་ཏེ། བྱང་སེམས་དང་འདྲེས་པ་གསང་བའི་ས་བོན་དང་ཡེ་ཤེས་ཀྱི་ས་བོན་དབྱེར་མེད་པ་འདོད་དགུར་བསྒྱུར་བའི་རིན་པོ་ཆེ་ཞེས་བྱའོ། །ཡང་བྱང་ཆུབ་ཀྱི་སེམས་དཀར་ལ་འཚེར་བ་དེ་ནི་དུས་ཀུན་ཏུ་གཟུང་འཛིན་གྱི་དྲི་མ་རྣམ་པར་དག་པ་སྟེ། ཇི་ལྟར་


MR21_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དག་ན་ཁམས་གསུམ་འདིའི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་དངོས་པོ་ཀུན་སྦྱངས་ཏེ་སངས་རྒྱས་ཀྱི་ཞིང་དག་པར་གྱུར། ནང་བཅུད་ཀྱི་སེམས་ཅན་ཀུན་ལ་ཕོག་པས་ལས་ཉོན་རྟོག་སྒྲིབ་སྦྱངས་ཏེ་སངས་རྒྱས་ཀྱི་ས་ལ་རབ་ཏུ་བཀོད། དེ་ལས་ཀྱང་རབ་ཏུ་འདས་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གཏུག་པ་མ་ལུས་པ་བྱང་ཆུབ་ཀྱི་སེམས་བྱམས་པ་ཆེན་པོའི་རླན་དང་བཅས་པའི་སྙིང་རྗེས་རབ་ཏུ་ཁྱབ་པར་བྱས་ཏེ། གང་ལ་ཕན་གདགས་པར་འདོད་པར་བྱ་བ་སེམས་ཅན་དེ་དག་ལ་རང་རང་གི་གང་འདོད་པ་ལྟར་རེ་བ་བསྐང་བའི་དགའ་བའི་སྒོ་ནས་སངས་རྒྱས་ཀྱི་ས་ལ་བཀོད་དེ་རབ་ཏུ་མཉེས་པར་བྱས་ནས་སླར་སྣོད་བཅུད་ཀྱི་བཀྲག་མདངས་བསྡུས་པ་ཡུམ་མཁར་འཁྱིལ་ཞིང་ཡུམ་འདོད་པའི་དབང་མོ་ཡང་རབ་ཏུ་མཉེས་པར་བསམ་མོ། །གཉིས་པ། བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན། །ཁྲོ་བོའི་སྤྲུལ་པས་དྲེགས་པ་བསྒྲལ། །ཞེས་གསུངས་ཏེ། ཡབ་ཡུམ་གྱི་མཁའ་གསང་ནས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་གདུག་པ་ཅན་འདུལ་བའི་སླད་དུ་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ཤིང་། ཞལ་ནས་རྒྱོབ་སོད་ཀྱི་སྒྲ་རི་རབ་འབུམ་དུས་གཅིག་ཏུ་བསྙིལ་བའི་ང་རོ་དྲག་པོ་


MR21_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པས་སྟོང་གསུམ་འུར་འུར་ཆེམ་ཆེམ་དུ་གཡོ་བ། སྐུ་རེ་རེ་ལས་ཀྱང་ཡེ་ཤེས་ཀྱི་མེ་འོད་བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན་དུ་འབར་ཞིང་འཚུབས་པའི་ཁྲོ་བོའི་སྤྲུལ་པ་མང་པོས་སྟོང་གསུམ་དང་འཇིག་རྟེན་དྲུག་གི་ཁམས་བཀང་བས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་རས་བལ་རླུང་གིས་བཏབ་པ་བཞིན་དུ་གཡོ་ཞིང་གཏོར་བསྲེག་རྡུལ་དུ་བྱས་ཤིང་ཁྱད་པར་དུ་འདོད་ཁམས་ཀྱི་ལྷ་ཆེན་པོ་སོགས་དྲེགས་པ་ཅན་ཀུན་བསྒྲལ། ལྗན་ལྗིན་དང་ནར་ནུར་དབྱིངས་ལ་བསྟབ་པའི་ཕྱིར་རིལ་མིད་དུ་མཛད་ཁྲོ་བོ་ཨུཥྩི་མའི་སྣམ་ནས་ལན་གསུམ་བྱུང་ནས་སླར་མི་ལྡོག་པའི་ས་ལ་བཀོད། སྤྲུལ་པའི་ཕོ་ཉ་དང་ལས་མཁན་དུ་དབང་བསྐུར་ནས་གདན་དུ་བཏིང་སྟེ་བཞག་གོ། དྲེགས་པ་ཅན་དེ་དག་གི་ཆུང་མ་སྲིན་མོ་རྣམས་ཀྱིས་དཔལ་གྱི་ཞལ་ནི་མ་མཐོང་བར་འོད་ཟེར་དང་སྒྲའི་ཆོམ་རྒྱངས་ཀྱིས་མཐུ་དང་བྲལ་ནས་ལ་ལ་བརྒྱལ། ལ་ལ་དངངས་ནས་མིག་རིག་རིག་ཏུ་འདར་ཕྲི་ལེར་ཅི་བགྱི་འབངས་སུ་མཆིའོ་ཞེས་ཁས་ལེན་ཅིང་རང་གི་སྙིང་པོ་ཕུལ་ནས་བར་སྣང་ལ་མགོ་བཏུད་དེ་གནས་པར་བསྒོམ། དེ་ལ་བདག་གི་ཐུགས་ཀའི་ཡི་གེ་བྷྱོ་དམར་སྨུག་རེ་སྤྱི་གཙུག་གམ་སྙིང་གར་བསྟིམས་


MR21_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་ཀྱི་ཐུགས་རྗེ་དང་དམ་ཚིག་དང་ལྡན་པར་བྱིན་གྱིས་བརླབས། ལག་ཏུ་རྡོ་རྗེ་བྱིན་ནས་མིང་བཏགས་ཕྲིན་ལས་རྣམ་བཞི་སྒྲུབས་ཤིག་པའི་དམ་ཕོག །མ་སྲིང་ཆུང་མ་བྲན་ཏེ་ཉེ་གནས་བཞིའི་ཚུལ་དུ་དམ་མནོས་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་བྱས་ནས་དཀྱིལ་འཁོར་གྱི་མུ་རན་ལ་ཞིང་རྐྱང་དང་དར་གྱི་རློད་སྟན་རེའི་སྟེང་ན་དབུ་གཙུག་ཏོར་རེ་དང་ལྡན་པར་པུས་མོ་རྒྱལ་བཙུགས་ནས་མགོ་བཏུད་དེ་གནས་པར་བསམ་མོ། གཉིས་པ་བསྡུ་བ། འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཅེས་བྱང་ཆུབ་སེམས་ཀྱི་འོད་ཟེར་ཁྲོ་བོ་འཆོལ་བའི་ཚོགས་དེ་དག་ཐམས་ཅད་ཡུམ་གྱི་མཁའ་ལ་འདུས་ནས་འོད་དུ་ལམ་གྱིས་འབར་བ་ཐོག་མའི་བྱང་ཆུབ་སེམས་ཀྱི་གཟུགས་ལ་གཟུད་ཅིང་དབྱེར་མེད་པ་ལས། གསུང་ཡིག་འབྲུའི་ཚོགས་སུ་གྱུར་པར་བྱིན་གྱིས་བརླབས་ཏེ་ཧ་བརྒྱད་ཧེ་བརྒྱད་ཕཊ་བཞི་ཧཱུྃ་བཅུར་གྱུར་པ་ལས་ཞི་བ་རྣམས་གནས་བསྒྱུར་བར་བྱའོ། །དེ་དག་གིས་ཐབས་གང་གིས་བསྒྱུར་བའི་ཚུལ་སོང་ནས། གཉིས་པ་གནས་བསྒྱུར་བ་དངོས་ནི། འབར་བའི་ཚོགས་རྣམས་རྣམ་པར་བསམ། ཞེས་པས་བསྟན་ཏེ། ཡབ་ཡུམ་གྱི་མཁའ་གསང་ན་གནས་པའི་ས་བོན་སོ་སོ་ཞི་བའི་འཁོར་རྣམས་ལ་ཐིམ་པ་ལས་


MR21_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་འབར་བའི་འཁོར་གྱི་ཚོགས་ཀཽ་རི་བརྒྱད་ལ་སོགས་པར་རྣམ་པར་བསམ་པར་བྱའོ། །ཞེས་མཁའ་གསང་གི་ཧ་བརྒྱད་ཡེ་ཤེས་ཀྱི་འོད་དང་བཅས་པ་སེམས་དཔའ་བརྒྱད་ཀྱི་གཙུག་ཏུ་ཐིམ་པ་ལས་ཡེ་ཤེས་ཀྱི་འོད་ཟེར་དུ་འབར་ཞིང་གནས་པ་ལ་ཀཽ་རི་ལ་སོགས་བརྒྱད་བསྐྱེད་པའི་ལུང་ཚིག་གིས་བསྐུལ་ཞིང་སོ་སོའི་སྔགས་ཀྱིས་ཀཽ་རི་བརྒྱད་རིམ་བཞིན་ཕྱིའི་དཀྱིལ་འཁོར་དང་ནང་གི་ལུས་ལའང་གསལ་བར་བསྒོམ། དེ་བཞིན་དུ་ཧེ་བརྒྱད་སེམས་མ་བརྒྱད་ཀྱི་གཙུག་ཏུ་ཐིམ་ནས་སེང་ཧ་ལ་སོགས་པ་བརྒྱད་དུ་གསལ་བ་དང་ཕཊ་བཞི་སྒོ་མ་བཞིར་ཐིམ་ནས་ཁྲོ་བོའི་སྒོ་མར་གསལ་བ་དེ་གཉིས་ཀྱང་ཕྱི་ནང་དུ་བསྒོམ་མོ། །དེ་ནས་ལུང་ཚིག་དང་སྔགས་ཀྱིས་དབང་ཕྱུག་མ་རྣམས་ཀྱང་དཀྱིལ་འཁོར་གྱི་མཐར་གསལ་བཏབ་ཅིང་ནང་དུ་ལུས་ལའང་བསྒོམ། མཁའ་གསང་གི་ཧཱུྃ་བཅུ་ཐུབ་དྲུག་དང་སྒོ་བ་བཞིའི་གཙུག་ཏུ་ཐིམ་པ་ལ་ཁྲོ་བོ་བཅུའི་སྙིང་པོས་ཕྱི་རོལ་བསྐལ་པའི་མེ་དཔུང་གི་ཀློང་དུ་ཕྱོགས་སྐྱོང་བཅུའི་གདན་ལ་ཁྲོ་བཅུ་གསལ་བཏབ་སྟེ་མཚམས་དང་སྲུང་བའི་ལས་བྱེད་པར་བསྒོམ། རྣམ་པ་གཅིག་ཏུ་མཁའ་གསང་ནས་ཛཿགྲངས་མེད་འཕྲོས་པ་ཐུབ་དྲུག་གི་གཙུག་ཏུ་ཐིམ་


MR21_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཁའ་འགྲོ་གིང་དང་ལངྒ་མ་སྟེང་འབར་མ་ཕོ་ཉ་རྣམས་དང་གྲུབ་མཐུས་བསྙེན་པའི་རིག་འཛིན་རྣམས་སུ་གྱུར་ཏེ་དཀྱིལ་འཁོར་གྱི་ཕྱི་ནང་ཀུན་ཏུ་རྒྱུག་ཅིང་ལས་བྱེད་པར་བསྒོམ་པ་ཁྲག་འཐུང་རོལ་པའི་རྒྱུད་ནས་གསུངས་སོ། །སྒོ་མ་གནས་མ་བསྒྱུར་བར་སྒོ་བཞི་ན་བཞུགས་ཏེ་སྒོ་སྲུང་གི་ལས་མཛད་པར་བསམ། གཞན་ཡང་ཡང་ཕུར་སྐྱོང་བའི་སྲུང་མ་ཨ་ར་ལི་དང་བཛྲ་ཨ་ར་ལི་ལ་སོགས་པ་འཁོར་དང་བཅས་པས་གཏམས་ཏེ་སྲིད་པའི་རླུང་ཡང་མི་ཤོར་བ་ལྟ་བུར་བསམ། དེ་ལྟར་ཞི་བ་ལས་ཁྲོ་བོར་བསྒྱུར་བ་རྩ་བའི་ལྷ་དཔལ་ཆེན་ཡབ་ཡུམ་འཁོར་གྱི་ལྷ་ཀཽ་སེང་སྐྱོབས་ཀྱི་ལྷ་དབང་མོ་མགྲོན་གྱི་ལྷ་མཁའ་འགྲོ་གིང་ལ་སོགས་པ་དེ་དག་ཀྱང་དུས་དང་མན་ངག་གི་རིམ་པས་རྒྱས་བསྡུས་སྣ་ཚོགས་སུ་ཤེས་པར་བྱའོ། །དེ་ནས་གོང་གི གྲུབ་པས་བསྟན་པའི་ལུང་བཞིན་དུ། ཞེས་སོགས་ཚིགས་སུ་བཅད་པ་གཅིག་པོ་དེ་འདིར་ཡང་བླངས་ནས་དོན་ཇི་ལྟ་བ་བཞིན་ཁྲོ་བོ་ལ་སྦྱར་བར་བྱ་སྟེ། ལྷུན་གྱིས་གྲུབ་པ་སྟོན་པ་རྡོ་རྗེ་སེམས་དཔས་སྡུད་པ་པོ་དགའ་རབ་རྡོ་རྗེ་ལ་ཨོ་རྒྱན་གྱི་ཡུལ་དུ་འཇིག་རྟེན་འདས་མདོ་དང་ཧེ་རུ་ཀའི་གལྤོ་སོགས་བསྟན། དགའ་རབ་རྡོ་རྗེས་རྡོ་རྗེ་སེམས་དཔའ་དཔལ་ཆེན་པོ་གཉིས་སུ་མེད་པའི་


MR21_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་ནས་ཐུགས་ཀྱི་རིག་པ་ལ་ཤར་ནས་མན་ངག་གི་སྡེབ་བྱང་འདི་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྲུལ་པ་རྡོ་རྗེ་བཞད་པ་ལ་བསྟན། ལུང་འདི་བཞིན་དུ་བསྒྲུབས་པས་ཡང་དག་ཕུར་པ་ཚེ་སྒྲུབ་གསུམ་གྱི་དགོངས་པ་གྲུབ། དེས་རྒྱལ་པོ་ཨུ་རུ་ཤ་ནེ་དང་ཀླུའི་བུ་མོ་རྒྱ་མཚོ་མ་ལ་བསྟན། དེས་རྒྱལ་པོ་ཨིནྡྲ་བོ་དྷི་དེས་དགེ་སློང་སོ་ཀྱ་དེ་བ་དང་བལ་མོ་མངྒ་སི་ཏི་ལ་བསྟན། དེ་གཉིས་ཀྱིས་བལ་པོ་ཧཱུྃ་ཀ་ར་ལ་བསྟན། ཧཱུྃ་ཀ་ར་ནི་ཤིན་ཏུ་ཡང་དཔལ་ཆེན་པོའི་དངོས་གྲུབ་བརྙེས་ནས་ཡང་དག་གྲུབ་པའི་རྩ་བ་འདི་མན་ངག་གི་སྡེབ་བྱང་བུ་ཡི་གེ་ལ་བཏབ། སློབ་དཔོན་ཧཱུྃ་ཀ་ར་དང་རྡོ་རྗེ་བཞད་པ་གཉིས་ལས་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་དབང་དང་མན་ངག་རྫོགས་པར་མནོས་ནས་མཆོག་གི་དངོས་གྲུབ་གྲུབ། ཧཱུྃ་ཀ་རའི་མཛད་དཔེ་དེ་འཁྲུགས་ཆེ་ཞིང་མ་ཚང་བར་གཟིགས་ནས་ཕྱིས་བོད་དུ་བྱོན་ཏེ་མཆིམ་ཕུ་བྲེ་གུ་དགེ་འུ་རུ་རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱི་དོན་དུ་དཀྱུས་ཀྱི་འཁྲུགས་སྡེབ་མ་ཚང་བ་ཁ་བསྐངས་ནས་ཧཱུྃ་ཀ་རའི་རྩ་འགྲེལ་དང་ཡང་བསྟུན་ཏེ་གནུབས་ནམ་མཁའི་སྙིང་པོས་ལོ་ཙཱ་བ་མཛད་ནས། སྒྲུབ་ཐབས་མན་ངག་གིས་བཤད་པ་ཡང་དག་


MR21_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འགྲེལ་ཆེན་པོ་ཞེས་པ་གྲུབ་པའི་རིག་འཛིན་ཀུན་གྱི་སྙིང་བཅུད་ས་སྟེང་གི་རྒྱན་གཅིག་འདི་མཛད་ནས་བཙད་པོ་དང་མཁར་ཆེན་བཟའ་ལ་སོགས་པར་བསྟན་ཅིང་གསང་བའི་བཀའ་རྒྱ་ནན་ཏན་དུ་མཛད་པ་ཡིན་ཏེ། དེ་ལྟར་གྲུབ་པས་བསྟན་པའི་ལུང་བཞིན་དུ་ཁྲོ་བོའི་སྐུ་མདོག་སོ་སོར་གསལ་བ་དང་ཕྱག་མཚན་སོགས་ཕྱག་རྒྱ་བཞི་ཡི་ཚུལ་དང་དུར་ཁྲོད་ཀྱི་རྒྱན་དང་འཇིགས་བྱེད་ཀྱི་ཆ་ལུགས་དག་ཀྱང་མ་འདྲེས་པར་གསལ་བཏབ་ཅིང་། དེ་དག་ཀྱང་མ་ཧཱ་ཡོ་ག་ལྟར་རིམ་གྱིས་བསྐྱེད་པའམ་ཕུང་ཁམས་ཁྲོ་བོའི་ལྷར་རང་བཞིན་གྱིས་རྫོགས་པའི་ཚུལ་ལམ། ཆོས་ཉིད་མཉམ་པའི་ངང་ལས་ཡེ་ཤེས་ཀྱི་རོལ་པ་བསྐྱེད་བསྒྱུར་མི་དགོས་པར་མཁའ་ལ་ཟླ་སྐར་ལྟར་དེ་ཁོ་ན་ཉིད་ཀྱི་ལྷ་དག་པར་རང་བཞིན་གྱིས་སངས་རྒྱས་ཤིང་ལྷུན་གྱིས་གྲུབ་པས་རྩོལ་བ་མེད་པ་དང་གསུམ་གྱི་ཚུལ་དུ་ཉམས་སུ་བླང་བར་བྱའོ། །དེ་ལྟར་རྟོགས་ན་སྤྱན་དྲང་ཞིང་མཆོད་དུ་ཡང་མེད་ལ་སྤྱན་དྲང་ཞིང་མཆོད་། ནའང་དེ་ནས་སྤྱན་དྲང་ཞིང་མཆོད་དོ་ཞེས་གྲུབ་པ་ཐོབ་པའི་བླ་མ་གོང་མ་རྣམས་གསུངས་སོ། གཉིས་པ་སྤྱན་དྲང་ཞིང་མཆོད་པ་འབུལ་བ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་སྟེ། །བཞུགས་དང་བརྟན་དང་མི་གཡོ་དང་། །


MR21_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཟིལ་གནོན་ཕྱག་བྱེད་དང་། །མཆོད་དང་བསྟབས་དང་བཟའ་བ་དག །ཚུལ་རིག་གོམ་པའི་བློ་དག་གིས། །ཅི་རིགས་སུ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། དོན་དམ་པ་ན་ཆོས་སྐུའི་རང་བཞིན་དང་བདེ་བར་གཤེགས་པའི་ཡེ་ཤེས་ཀྱིས་ཀུན་ལ་ཁྱབ་པའི་རང་བཞིན་དུ་གནས་པས་ན། གཞན་ནས་གཞན་དུ་སྤྱན་དྲང་པར་མི་དམིགས་ཀྱང་ཡེ་ཤེས་ཀྱི་ལྷ་ལ་དབང་མི་ཟ་ཞིང་སྲི་ཞུའི་ཚུལ་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙན་གསན་དབབ་ཅིང་བསྐུལ་བ་གསུམ་གྱི་སྒོ་ནས་འབྱོན་པར་དགོངས་པ་ལ་སྤྱན་དྲང་པའི་ཚིག་གིས་མདུན་མཁའ་དང་གཞལ་ཡས་ཁང་གི་ནང་དུ་འོད་ཕུང་འདབ་འདྲེས་ཙམ་དུ་བཞུགས་ཏེ་གནས་པ་ལ། གཟི་བྱིན་བསྐྱེད་པའམ་བཞུགས་སུ་གསོལ་བའི་ལུང་ཚིག་སྔགས་དང་ཕྱག་རྒྱར་བཅས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་དབྱེར་མེད་དུ་གནས་ཤིང་གཟི་བྱིན་དང་ལྡན་པར་བཞུགས་པར་བསམ་པ་དང་། སླར་ཡང་མི་གཡོ་བར་བཞུགས་སུ་གསོལ་བ་ལ་བརྟན་པར་བཞུགས་པ་དང་བཞུགས་ནས་གདུག་པ་ཅན་བཟའ་བའི་ལུང་གཉིས་སུ་ཡོད་པའི་དང་པོ་སྒྲུབ་པོ་དངོས་གྲུབ་མ་ཐོབ་ཀྱི་བར་དུ་སོ་སོའི་གོ་ན་བཞུགས་པར་བསམས་ལ་ལུང་ཚིག་དང་སྔགས་དང་ཕྱག་རྒྱས་བརྟན་པར་བྱ་


MR21_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། གཉིས་པ་ཧེ་རུ་ཀ་མཉམ་པ་ཉིད་དུ་བཞུགས་པའི་རོལ་པ་ཆེན་པོས་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའམ་མི་གཡོ་བས་ན་བར་དུ་གཅོད་ཅིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞལ་དུ་གསོལ་བར་བསམ་ལ་གྱེར་ཚིག་དང་སྔགས་དང་ཕྱག་རྒྱ་བྱ་བ་དང་། ཡེ་ཤེས་ཀྱི་ལྷ་སྔོན་གྱི་ཐུགས་དམ་ལས་མི་འདའ་བར་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པའི་ཕྱིར་དམ་ཚིག་བསྐུལ་བའི་ཚིག་དང་སྔགས་དང་ཕྱག་རྒྱ་བྱ་བ་དང་། འཁོར་ཟིལ་གྱིས་གནོན་པའི་ཕྱིར་དཔལ་ཆེན་པོའི་ཡེ་ཤེས་ཀྱི་གཤོག་པ་ལས་འོད་ཟེར་འཕྲོས་པས་འཁོར་དབང་ཕྱུག་མ་ལ་སོགས་པ་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་མནན་ཅིང་དབང་དུ་འདུས་པར་བསམ་ལ་ལུང་ཚིག་དང་སྔགས་དང་ཕྱག་རྒྱ་བྱའོ། །དེ་ལྟར་མི་གཡོ་དམ་ཚིག་ཟིལ་གནོན་གསུམ་ནི་བཞུགས་ནས་གདན་འཇགས་པའི་ཚུལ་ལྟ་བུའོ། །དེ་ནས་ཕྱག་བྱེད་པ་ལ་གདུལ་བྱ་གཉེན་པོའི་ཕྱག་དང་རྟོགས་པ་དོན་གྱི་ཕྱག་གཉིས་ལས། དང་པོ་བདེ་བ་རྒྱས་འདེབས་མ་སོགས་གསང་བའི་ཡུམ་བཞིས་ཕྱག་རྒྱ་དང་སྔགས་ཀྱིས་རིམ་བཞིན་བསྐུལ་བས་དཔལ་ཆེན་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་ཤིན་ཏུ་གསལ་བ་དང་སྦྱོར་བའི་བདེ་བ་ལ་སྒོམ་པར་ཞུགས་པ་དང་སྦྱོར་བའི་བྱང་སེམས་ལས་འོད་ཟེར་འཕྲོས་པས་དྲེགས་པ་ཅན་


MR21_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བསྒྲལ་ཞིང་སླར་དྲན་པ་རྙེད་དེ་འབངས་སུ་ཕྱག་བཙལ་བ་དང་། དྲེགས་པ་ཅན་བསྒྲལ་བའི་རྣམ་ཤེས་ཡུམ་མཁར་བསྡུས་པ་ཧཱུྃ་ལས་སྤྲོ་བསྡུས་ཡེ་ཤེས་སེམས་དཔའི་སྐུ་ཚོན་གང་བ་ཞིག་ཏུ་གྱུར་པར་བསམ་ལ་དེས་དམ་པའི་ཆོས་འཆད་ཅིང་སེམས་ཅན་གྱི་དོན་མཛད་པའི་རྟགས་སུ་དྲིལ་བུ་བསྣམ་པར་བསམ་མོ། །གཉིས་པ་བདག་དང་དཔལ་ཆེན་པོ་འཁོར་བཅས་གཉིས་སུ་མེད་པར་རྟོགས་ཤིང་ཆེ་བའི་ཡོན་ཏན་ལ་ཕྱག་འཚལ་བའི་ལུང་ཚིག་བརྗོད་པར་བྱའོ། །དེ་ནས་མཆོད་པ་ལ་ཐོག་མར་སྣང་བ་གཟུགས་མཛེས་ཀྱི་མཆོད་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ལག་པའི་གར་དང་རྐང་བའི་སྟབས་བྱ་ཞིང་ལུས་ཞིང་རྡུལ་མཉམ་པའི་ལྷ་དང་ལྷ་མོར་གྱུར་པས་འཇིག་རྟེན་གྱི་ཁམས་གང་བའི་ཡེ་ཤེས་རོལ་པའི་གར་འབུལ་བ་སྟེ་ཁྲོ་བོའི་གར་གྱི་ཚིག་བཞིན་དུ་བྱའོ། །དེ་ནས་ཀུན་ཏུ་བཟང་པོའི་མཆོད་པ་དང་ཨརྒྷཾ་ལ་སོགས་པ་ཕྱི་ནང་གསང་བའི་ཚུལ་དུ་མཆོད་པ་ནི་ཞི་བའི་སྐབས་བཞིན་དུ་བྱ་ལ། སྣ་ཚོགས་རོ་ལྡན་གྱི་མཆོད་པའམ་བདུད་རྩིའི་མཆོད་པའང་ཡོན་ཏན་བརྗོད་པ་དང་ཁྲོ་བོའི་ལྷ་སོ་སོར་འབུལ་བ་དང་བདག་ཉིད་ཀྱི་དངོས་གྲུབ་བླང་བ་དང་ཀུན་ལ་ཁྱབ་པར་མཆོད་པ་དང་བཞིར་བྱ་ཞིང་གཏོར་མ་དང་རཀྟའི་མཆོད་པའང་བྱའོ། །


MR21_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཆོད་པ་དེ་དག་བར་མ་དོར་ཆུད་མི་ཟ་བར་ཡང་ནས་ཡང་དུ་སྟོབས་པའི་ཕྱིར་བསྟབས་པའི་ཚིག་དང་སྔགས་དང་ཕྱག་རྒྱས་མཆོད་པ་ཐམས་ཅད་དཔལ་ཆེན་འཁོར་དང་བཅས་པའི་སྐུ་ལ་ཐིམ་ཞིང་ཞལ་དུ་གསོལ་བར་བསམ་པ་དང་། དེ་ནས་བཟའ་བ་དག་ཅེས་པས་བཟའ་བ་དང་བཏུང་བ་འབུལ་བ་ལ་རྣམ་རྟོག་དབྱིངས་སུ་ཐིམ་ཞིང་ཡེ་ཤེས་རོལ་པའི་ཕྱིར་བཟའ་བ་འབུལ་བའི་ཚིག་དང་སྔགས་ཀྱིས་བཟའ་བ་རྣམས་ཞལ་དུ་བསྟབས་པ་གཙོ་བོ་དང་བཅས་པས་རིམ་བཞིན། གསོལ་བ་དང་དེ་བཞིན་དུ་ཁྲག་ལ་སོགས་པའི་བཏུང་བ་དག་ཀྱང་མཆོད་པའི་ཚིག་དང་སྔགས་ཀྱིས་ཞལ་དུ་བསྟབས་པས་འཁོར་བའི་རྒྱུ་ཁྲག་ལ་སོགས་པ་ཡེ་ཤེས་རོལ་པའི་ཀློང་དུ་ཐིམ་ཞིང་སྐུ་གསུང་ཐུགས་དགྱེས་ཤིང་ཐམས་ཅད་སངས་རྒྱས་པར་བསམ་མོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉེས་པར་བྱེད་པའི་ཡན་ལག་སྤྱན་དྲང་པ་ནས་བཟའ་བཏུང་ཡན་ཆད་ཀྱི་བར་དེ་དག་ལ་དོན་གསལ་འདེབས་པའི་ལུང་གི་ཚིག་དང་ཐུགས་དམ་བསྐུལ་ཞིང་བྱིན་གྱིས་རློབས་པའི་སྔགས་དང་མཚོན་པའི་བརྡ་ཕྱག་རྒྱ་དང་གནས་སྐབས་དེའི་དམིགས་པ་གསལ་བའི་ཏིང་འཛིན་ཏེ་གསང་སྔགས་ལུང་གི་སྒོ་བཞིར་གྲགས་པ་བཞིན་དུ་ཅི་རིགས་པར་སྦྱར་ཏེ་དེ་དག་གི་ཚུལ་ནི་འགྲེལ་པ་ལས་ཤེས་པར་


MR21_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལྟ་བུའི་སྤྱན་དྲང་བ་དང་མཆོད་པ་དེ་དག་ཀྱང་རྣལ་འབྱོར་པ་དབང་ཐོབ་ཅིང་བླ་མའི་ཕྱག་བཞེས་དང་ཕྲིན་ལས་ཀྱི་རིམ་པ་རྣམས་ཀྱང་མཐོང་ཞིང་མན་ངག་དཔེ་མ ཁྱུད་མེད་པར་ཐོབ་ལ། རང་རྒྱུད་ཐོས་བསམ་གྱི་སྦྱངས་པས་ཉམས་རྙེད་དེ་སྒྲུབ་ཐབས་ཀྱི་ཟབ་དོན་རྣམས་ཀྱི་ཚུལ་རིག་ཅིང་། སྒྲུབ་པ་ལ་གོམས་པའི་དབང་གིས་ཕྲིན་ལས་ལ་ཕྱོགས་མེད་པ་དང་ཐོགས་པ་མེད་པར་ཤེས་པའི་གོམས་པ་ཀློང་དུ་གྱུར་པའི་བློ་དང་ལྡན་པ་དག་གིས་རྒྱུད་ལུང་མན་ངག་ལས་བཤད་པའི་ཕྲིན་ལས་ཀྱི་ཆོ་ག་རྒྱས་བསྡུས་བསྙེན་སྒྲུབ་ཀྱི་རིམ་པ་སོགས་སྣ་ཚོགས་ཡོད་པ་དེ་དག་གནས་སྐབས་གང་དུ་ཅི་ལྟར་རིགས་ཤིང་འོས་པ་རྣམས་ཅི་རིགས་སུ་ནི་རང་གི་བློས་བརྟག་པར་བྱ་བ་ཡིན་ཏེ། དཔེར་ན་ཞི་བར་བསྙེན་ནས་ཁྲོ་བོར་བསྒྲུབ་པ་ལྟ་བུ་ལའང་ཞི་དཀྱིལ་བསྡུས་ནས་སླར་ཏིང་འཛིན་གསུམ་ནས་བརྩམ་སྟེ་ཁྲོ་བོའི་གཞུང་བསྲང་བ་དང་ཞི་དཀྱིལ་ཁྲོ་བོར་སྐད་ཅིག་མས་བསྒྱུར་བ་དང་རིམ་གྱིས་བསྒྱུར་བ་གསུམ་དུ་ཡོད་པ་དང་། བསྟོད་པའི་སྐབས་སུ་བསྟོད་པ་རྒྱས་འབྲིང་དང་སྨོན་ལམ་རྒྱས་འབྲིང་ཡང་ཅི་རིགས་དང་དེ་རྗེས་འཛབ་བསྙེན་དང་དེ་རྗེས་མཆོད་པ་བྱ་ལ། མཆོད་པ་ལའང་རེས་ཚོགས་གཏོར་དང་རེས་སྦྱོར་སྒྲོལ་འོང་བ་དང་བར་བར་ཉམས་


MR21_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མ་བཟློག་པ་འབྱུང་པོ་མནན་པ་བསྐང་བཤགས་བྲོ་ལ་སོགས་པའི་ཕྲིན་ལས་གང་དགོས་སྟོངས་སུ་གདབ་པ་སོགས་ཕྲིན་ལས་ཀྱི་གོ་རིམ་དང་ཆོ་ག་རྒྱས་བསྡུས་སོགས་སྣ་ཚོགས་ཡོད་པ་དག་ནི་ལྟ་བས་ཟིན་པའི་ངང་ནས་གནས་སྐབས་སུ་དགོས་པའི་ལས་རྣམས་རྣལ་འབྱོར་པའི་རང་བློས་རིག་པར་བྱའོ། །གསུམ་པ་བསྙེན་པ་དབུལ་བ་ལ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་།རྗེས་གསུམ། དང་པོ། བསྙེན་པར་གནང་བའི་དབང་ཐོབ་ནས། ཞེས་པས་བསྟན་ཏེ། དོན་གྱི་བསྙེན་པ་དང་ལས་ཀྱི་བསྙེན་པ་གཉིས་ལ་འཇུག་པར་འདོད་པས། བསྙེན་ཅིང་སྒྲུབ་པར་གནང་བའི་དབང་དང་གསང་བའི་དབང་དང་མཐར་ཐུག་པའི་དབང་དང་ཐ་མར་བླ་མའི་ཞལ་དབང་ཡན་ཆད་གོང་དུ་བསྟན་པ་བཞིན་ཐོབ་པར་བྱས་ནས་གདོད་བསྙེན་པར་བྱའོ་ཞེས་སོ། །གཉིས་པ་བཟླ་བྱ་སྔགས་ཀྱི་ངོ་བོ། དེ་ཇི་ལྟར་བཟླ་བའི་ཚུལ་གཉིས། དང་པོ། བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། ཞེས་གསུངས་ཏེ། བཤད་མ་ཐག་པ་ལྟར་བསྙེན་པའི་དབང་ཐོབ་ནས་མན་ངག་གང་བསྟན་ན་བསྒོམ་པར་བྱ་བ་དང་དབྱངས་སུ་བཟླས་པར་བྱ་བ་ནི། དཔལ་ཆེན་པོའི་ཡེ་ཤེས་སྔགས་ཀྱི་ཡི་གེ་རུ་ལུ་འབྲུ་བརྒྱད་ཀྱི་རྣམ་པར་ཤར་བ་ཚུལ་བཞིན་བསྟན་པར་བྱ་བ་ཡིན་ལ་


MR21_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཐོབ་པ་དེ་བཞིན་དུ་བཟླ་བར་བྱའོ་ཞེས་སོ། །དེ་ལ་སྐབས་འདིར་བསྒོམ་པའི་ཐབས་དང་། དབྱངས་ཀྱི་རིམ་པ་དང་། འབྲུ་བརྒྱད་ཀྱི་དོན་བསྟན་པ་ཞེས་པའི་ཚིག་གི་དོན་གསུམ་པོ་རིམ་པས་བཤད་པ་ལ། དང་པོ་ལ་རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་པ་གཉིས། དང་པོ་ལ་མཚན་མེད་དང་མཚན་བཅས་གཉིས་ཀྱི་དང་པོ་སེམས་ཉིད་མ་བཅོས་པའི་ངང་དུ་ཧ་རེ་ཙ་ནེ་མ་གཡོས་མ་བསླད་པར་མཉམ་པ་ཉིད་ལ་ཐུན་མཚམས་བཟུང་བས། གོམས་པ་ཆགས་ཤིང་བརྟན་པར་གྱུར་ནས་གཟུང་འཛིན་བླང་དོར་དང་བྲལ་བ་གདེངས་སུ་གྱུར་པ་ནི་མན་ངག་གིས་མཚན་མེད་བསྒོམ་པ་སྟེ་མཐར་ཐུག་པའི་དབང་ཞེས་ཀྱང་བྱ། མི་གསུང་མཉམ་པར་བཞག་པའི་སྔགས་ཚིག་ཀྱང་ཡིན་པས་ཆོས་ཀུན་གྱི་ལ་བཟླ་ཞིང་གཏིང་ཕྱིན་པའོ། །གཉིས་པ་སྣ་རྩེའི་ཐིག་ལེ་ལ་སེམས་བཟུང་ཞིང་ཐག་བཅད་པ་དང་། གསང་བའི་སྣ་རྩེར་བྱང་ཆུབ་སེམས་ལ་སེམས་བཟུང་ཞིང་ཐག་བཅད་པ་རྣམ་ཤེས་སྣ་རྩེར་དབུགས་ལ་སེམས་བཟུང་ཞིང་ཐག་བཅད་དེ་སྣ་རྩེ་གསུམ་ལ་སེམས་བཟུང་གི་རིམ་པ་བླ་མའི་མན་ངག་གིས་ཤེས་པར་བྱའོ། །གཉིས་པ་ལ་ཐོག་མར་ཐང་སྐུ་ལྟ་བུའི་མིག་གི་རྟེན་ལ་ལེགས་པར་བལྟས་ནས་སེམས་བཟུང་བས་


MR21_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཅིང་ཡིད་ངོར་ཤར་བ་ན། སྐྱེ་མེད་ཀྱི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དུ་དཔལ་ཆེན་པོའི་སྐུར་གསལ་ཞིང་སྦྱོར་བའི་འཕྲོ་འདུས་དཀྱིལ་འཁོར་གྱི་ལྷ་རྒྱས་འབྲིང་ཅི་རིགས་བསྐྱེད་ལ་སྤྱན་དྲངས་སོགས་ཆོ་གའི་ཡན་ལག་རྫོགས་པར་བྱས་ནས་དེ་ལ་སེམས་བཟུང་བས་གསལ་བ་རབ་འབྲིང་ཐ་མ་ཅི་རིགས་མངོན་དུ་གྱུར་པས་མཐར་ཕྱིན་ཉམས་ཀྱི་བར་དུ་བསྒྲུབ་པར་བྱ་ཞིང་། བཟླས་པ་ལ་འཇུག་པ་ནི་དཔལ་ཆེན་པོའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་སྨུག་ནག་ཟླ་གམ་སྒོ་གཅིག་པའི་ནང་དུ་ཡེ་ཤེས་ལྔའི་གཟུགས་བརྙན་གསལ་བར་བསྒོམ་པ་ནི། ཉི་གདན་ལ་ཡེ་ཤེས་སེམས་དཔའ་སོགས་སྔར་ཐུགས་བྱིན་རླབས་སྐབས་ལྟར་དང་ལྗགས་རྡོ་རྗེ་རྩེ་གསུམ་སོགས་གསུང་བྱིན་རླབས་སྐབས་ལྟར་གསལ་བཏབ་ལ། གསལ་བར་གྱུར་པ་དང་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་ཧཱུྃ།ཞེས་དང་། ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཞེས་པས་མདུན་དུ་རྟེན་དང་བརྟེན་པར་བཅས་པའི་ཛབ྄་ཁང་དབྱེ་བ་དེ་དག་གི་ལྗགས་དང་ཐུགས་ཀར་ཡང་སྔགས་ཕྲེང་གོང་ལྟར་བསྒོམ་མོ། །དེ་ལྟར་བསྒོམ་པ་དེ་དག་ནི་ཐུགས་འོད་གསལ་རྫོགས་རིམ་དང་སྐུ་བསྐྱེད་རིམ་ཕྱག་རྒྱ་དང་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་རྣམ་པ་གསུམ་ཀྱང་ཡིན་ལ། མཚན་མེད་ནི་ལྟ་བས་ཐག་བཅད་པའམ་


MR21_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པའི་ཐབས་ཡིན་ལ་མཚན་བཅས་ནི་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་དང་དེ་མན་ཆད་དོན་མན་ངག་གིས་བསྒྲུབ་པ་ཞེས་ཀྱང་བྱ་སྟེ་རུ་ལུའི་བསྒོམ་པར་བྱ་བ་བསྟན་པའོ། །དེ་ནས་གཉིས་པ་དབྱངས་ཀྱི་རིམ་པ་ལ་རྣམ་པ་དྲུག་སྟེ། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས། ཟབ་ཅིང་འབྲུག་སྒྲ་ལྟར་སྒྲོགས་པའི་དབྱངས། ཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས། རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱི་དབྱངས། མཁུན་ཅིང་གདུང་བའི་སྒྲ་འབྱིན་པའི་དབྱངས། ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱི་དབྱངས་ཏེ་རྣམ་པ་དྲུག་ཏུ་རྒྱུད་ལས་གསུངས་སོ། །དེ་ལ་དང་པོ་ནི། སྒྲ་ཧ་ཅང་མི་ཆེ་མི་ཆུང་ངག་མི་མྱུར་མི་དལ་བར་ངག་གཞན་སྨྲ་ཞིང་གཡེང་བ་མིན་པར་གུག་སྐྱེད་ཀླད་ཀོར་སོགས་ཡན་ལག་ཕྲ་མོ་ཡང་མ་ཉམས་པར་ཚེགས་པར་ཚང་ཞིང་ཡི་གེ་རྣམས་ཀྱི་སྐྱེ་གནས་དང་ང་རོ་ཚུལ་བཞིན་ཟུར་ཕྱིན་པར་གསལ་ལ་དག་པར་བསྒྲག་པ་སྟེ་ཚུལ་དེས་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པར་བྱའོ། །གཉིས་པ་འབྲུག་སྒྲ་ལྟར་གདངས་ཆེ་ཞིང་དྲག་ལ་ཚིག་འབྲུ་ཅུང་ཟད་གྱུར་པ་ངར་ངར་པོ་བྲག་ཁ་ནས་ཆུ་དྲག་ཏུ་འབབ་པ་ལྟར་བཟླ་ཞིང་སྔགས་ཀྱི་སྒྲ་འབྲུག་སྟོང་ལྟར་འུར་བས་སྟོང་ཁམས་གང་བར་ཡང་བསམ་སྟེ་བཟླས་པས་གདུག་ཅིང་ཁྲོ་གཏུམ་ཆེ་བ་


MR21_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཟིལ་གྱིས་མནན་ནས་ལྷན་ནེར་འགྱུར་རོ། །གསུམ་པ་ལྕེ་ཡ་རྐན་ལ་གཏད་དབུགས་སྣ་བུག་ཏུ་ཕྱུངས་ཏེ་བུང་བའི་སྐད་ལྟར་ཁོང་དལ་ཞིང་རྒྱུན་རིང་བའི་མཁུར་བའི་དབུགས་ཀྱི་རང་ཤུགས་དང་བསྟུན་ཏེ་སྔགས་སྒྲ་ལྷོད་པོར་བཟླ་ཞིང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་བོའི་སྤྲུལ་པ་རྡུལ་སྙེད་ཐོན་པས་གང་གདུལ་བར་བྱ་བ་དབང་དུ་བསྡུས་ཤིང་ཞི་བས་གདུལ་དུ་མི་འཚལ་བ་རྣམས་རྡུལ་དུ་བརླག་པར་བསམ་པས་ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱུར་པའོ། །བཞི་པ་མཆུ་བཙུམ་སྟེ་བུང་བ་རྫ་མར་བཅུག་པ་བཞིན་དུ་ཚིག་འབྲུ་མི་གསལ་བར་སྐད་གདངས་ཆེ་བ་སྲིན་པོ་ཁྲོས་པའི་ངུར་སྒྲའི་ཚུལ་དུ་བཟླས་ཏེ། ཐུགས་རྗེ་ཆེ་ཞིང་ཐབས་མཁས་པའི་མཛད་སྤྱོད་ཀྱིས་རྡོ་རྗེ་སྲིན་པོའི་ཆ་ལུགས་སུ་བསྒོམས་པས་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་ལ་སོགས་པས་འཇིགས་བྱེད་ཆེན་པོའི་ཆ་ལུགས་སུ་མཐོང་ཞིང་ཡིག་འབྲུ་གསལ་པོར་གོ་བ་མེད་པའི་སྒྲས་གདུག་ཅན་གྱི་ཚོགས་དབང་དུ་བསྡུས་ནས་དཔའ་བཀོང་སྟེ་ཞུམ་པར་འགྱུར་རོ། །ལྔ་པ་མཆུ་བཙུམ་ཞིང་ལྕེ་ཡ་རྐན་ལ་གཏད་དེ་གཅོམ་ཆུང་བའི་གདངས་ཀྱིས་རྔ་མོ་བུ་སྟོར་བ་ལྟར་མཁུན་ཞིང་གདུང་བའི་ཚུལ་དུ་བཟླས་བརྗོད་བསྲིང་ལ་བྱ་སྟེ། སྔོན་ཚངས་པ་དུང་གི་ཐོར་ཚུགས་ཅན་དང་གནོད་སྦྱིན་རྒོད་མ་ཁ་གཉིས་བཏུལ་ཞིང་


MR21_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་བརླག་པ་དེ་བཞིན་དུ་གང་གནོད་བྱེད་རྣམས་ཐལ་བ་རྡུལ་དུ་བརླག་པར་བསམ་པས་གནོད་བྱེད་ཀུན་རྡུལ་དུ་བརླག་པར་འགྱུར་རོ། །དྲུག་པ་སྐད་སྙན་ཅིང་ཕྲལ་དཀྱུས་རིང་བ་འགྱུར་ཁུགས་ཀྱི་དེའུ་དང་བཅས་པར་སོ་བསྡམས་ནས་བླངས་ཏེ་ཚངས་པའི་དབྱངས་བཞིན་དུ་ཡིད་འཕྲོག་པའི་དབྱངས་སུ་བཟླས་པས་སྔོན་དཔལ་ཆེན་པོས་རུ་དྲ་བསྒྲལ་ཏེ། དེའི་འཁོར་མ་མོ་མཁའ་འགྲོ་བྲན་དང་ཕོ་ཉའི་ཚོགས་དབང་དུ་བསྡུས་པ་བཞིན་ད་ལྟ་ཡང་བདག་གི་དབང་དུ་འདུ་བར་བསམ་པས་ལས་ཀྱང་དེ་བཞིན་དུ་བྱེད་དོ། །དེ་ལྟ་བུའི་དབྱངས་དྲུག་པོ་དེ་དག་ལ་ཤ་ཏ་པ་སོགས་སུའང་བརྗོད་དེ། འབྲུག་ལྟར་ཟབ་པ་དང་སྲིན་པོའི་ངུར་སྒྲ་གཉིས་རིམ་པ་ལྟར་ཤར་ཏ་པ་དང་ཀར་ཏ་པ་ཞེས་དང་། སྒྲ་དག་པར་སྒྲོགས་པ་དང་མཁུར་བ་དབུགས་ཀྱི་དབྱངས་གཉིས་ལ་ཅང་ཀ་དེའུ་དང་པང་ཀ་དེའུ་ཞེས་དང་། ཚངས་དབྱངས་དང་མཁུན་དབྱངས་གཉིས་ལ་བྲེང་ངེ་བ་དང་དུང་ངེ་བ་ཞེས་སུ་བཤད་ལ་སྦྱར་ཚུལ་འདི་དང་མི་འདྲ་བ་དཔེ་གཞན་ན་མཐོང་ཡང་ཞིབ་པར་མ་སྤྲོས་སོ། །དེ་རྣམས་ནི་རུ་ལུ་དབྱངས་སུ་བཟླ་བའི་ཚུལ་ཡིན་ལ། སྤྱིར་བཟླས་པ་ལ་རྣམ་པ་བཞིར་གསུངས་པ་ནི་ཡིད་བཟླས་དང་། ཤུབ་བཟླས་དང་། དབྱངས་སུ་བཟླས་པ་དང་། དྲག་པོར་བཟླས་པ་བཞི་ཡི་


MR21_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཡིད་ལ་སྙིང་པོ་བརྗོད་པ་ནི་དུས་རྟག་ཏུ་བྱ་སྟེ་ཡིད་ལ་གང་འདོད་འགྲུབ་པར་འགྱུར་རོ། །བསྙེན་པའི་དུས་སུ་ཤུབ་བུར་བརྗོད་ཅིང་སྐབས་སུ་མཆོད་བསྟོད་བྱའོ། །སྒྲུབ་པའི་དུས་སུ་དབྱངས་སུ་བརྗོད་པ་ནི་སྔགས་སྒྲ་སྒྲོགས་པ་དང་ཚངས་དབྱངས་སོགས་གོང་དུ་བསྟན་པ་བཞིན་ནོ། །ལས་སྦྱོར་དུས་དྲག་པོར་བརྗོད་པ་ནི་འབྲུག་སྒྲ་ལྟར་བཟླས་པར་བྱ་སྟེ། དེ་ལྟར་མན་ངག་གིས་དུས་བཞི་དང་སྦྱར་བར་བྱའོ། །གསུམ་པ་འབྲུ་བརྒྱད་ཀྱི་དོན་བསྟན་པ་ལ། རུ་ལུ་ཡོན་ཏན་དུ་ཤེས་པ་དང་རུ་ལུ་བྱེ་བྲག་ཏུ་ཤེས་པ་གཉིས་ཀྱི་དང་པོ། སྔོན་དཔལ་ཆེན་པོས་རུ་དྲ་བསྒྲལ་བའི་ཚེ་དེའི་སྙིང་པོ་ཕྲོགས་ཏེ་ཡེ་ཤེས་ཀྱི་སྙིང་པོར་བྱིན་གྱིས་བརླབས་ཤིང་གཞན་ཡང་དེའི་ལུས་སེམས་དང་ཡོ་བྱད་འཁོར་ཐམས་ཅད་ཕྲོགས་ཏེ་བྱིན་གྱིས་བརླབས་པའི་སྟོབས་དང་རྫུ་འཕྲུལ་རྨད་དུ་བྱུང་བ་དག་ཀྱང་རུ་ལུ་འབྲུ་བརྒྱད་ཀྱིས་གྲུབ་པ་སྟེ། ཐུགས་ཞི་ལས་མ་གཡོས་པར་སྐུ་འབར་བའི་ཆ་ལུགས་སུ་བྱུང་ནས་འཁོར་བ་ཉིད་མྱང་འདས་དུག་ཉིད་བདུད་རྩིར་བསྒྱུར་བའི་དོན་གྲུབ་ཅིང་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སྔགས་ཀྱི་གཟུགས་སུ་རོལ་པས་ལས་ཐམས་ཅད་བྱེད་པ་འདི་ལྟ་བུ་ནི་ཡ་མཚན་ཆེ་བ་སྔགས་ཀྱི་མཐུ་ཡིན་པས་རུ་ལུ་འདི་ནི་ཡ་མཚན་ཆེ་བ་དང་། མཚན་མ་ཅན་གྱི་སྐུར་བསྒོམས་ནས་


MR21_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་སྔགས་བཟླས་པའི་མཐུས་མཚན་མ་ཐམས་ཅད་བྲལ་བའི་དོན་དམ་པ་ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པ་ཡང་སྐྱེ་བར་བྱེད་པས་ན་རུ་ལུ་འདི་ནི་རྟོགས་པ་སྐྱེ་བ་ཡིན་པ་དང་། ལྷ་བསྒོམ་ཞིང་སྔགས་བཟླས་པའི་མཐུས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པས་བསྡུས་པའི་སྒྲིབ་པ་ཐམས་ཅད་ཚེ་འདི་ཉིད་ལ་སྦྱོང་བར་བྱེད་པས་ན་རུ་ལུ་འདི་ནི་སྒྲིབ་པ་སྤོང་བ་དང་། ལུང་འདི་ཉིད་ལས་བྱུང་བ་བཞིན་བཟླས་པས་རབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྲིང་མངོན་ཤེས་ལྔ་ཐ་མས་ཀྱང་མཁའ་འགྲོ་མ་རྣམས་དབང་དུ་འདུ་ཞིང་ཕྲིན་ལས་རྣམ་པ་བཞི་གྲུབ་པའི་དངོས་གྲུབ་མྱུར་དུ་ཐོབ་པས་ན་རུ་ལུ་འདི་ནི་དངོས་གྲུབ་ཐོབ་པར་བྱེད་པ་སྟེ་དེ་ལྟར་ཡོན་ཏན་བཞིར་རྒྱུད་ལས་གསུང་བ་བཞིན་ནོ། །གཉིས་པ་རུ་ལུ་བྱེ་བྲག་ཏུ་ཤེས་པ་ལ་བརྒྱད་དེ། དང་པོ་དཀྱིལ་འཁོར་དུ་ཤེས་པ་ལ་བདག་གི་ཐུགས་ཀའི་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་སྣོད་ལ་ཕོག་པས་ཕྱི་སྣོད་ཀྱི་འཇིག་རྟེན་དྭངས་མ་ཡུམ་ལྔའི་ཀློང་དུ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ཟླ་གམ་སྨུག་ནག་འབར་བ་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པ་ཞིག་ཏུ་སྐྱེ་མེད་ཀྱི་དབྱིངས་ལས་འབྲས་བུ་སྐྱེ་བའི་ཆོ་འཕྲུལ་མ་འགགས་པར་སྣང་བ་ཉིད་ལུང་ཚིག་དང་རུ་ལུས་གསལ་བཏབ། དེ་ནས་རུ་ལུའི་འོད་ནང་བཅུད་ཀྱི་འཇིག་


MR21_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་ཕོག་པས་ཆོས་སྐུ་སྐྱེ་མེད་ཀྱི་ངང་ལས་དཔལ་ཆེན་པོ་འཁོར་དང་བཅས་པར་ཤར་ཏེ་རྒྱུ་སེམས་ཅན་ཉིད་འབྲས་བུ་སངས་རྒྱས་སུ་ལྷང་གིས་ཤར་བ་ལུང་ཚིག་དང་རུ་ལུས་གསལ་བཏབ་སྟེ་ཤེས་པར་བྱ་བ་དང་། གསང་བར་སྣོད་བཅུད་གཉིས་ཀྱང་བྱང་ཆུབ་སེམས་སྣང་སྟོང་མཉམ་པ་ཉིད་དུ་འཁོར་འདས་དབྱེར་མེད་པར་གསལ་འདེབས་པའི་ལུང་ཚིག་དང་རུ་ལུའི་སྔགས་བརྗོད་པར་བྱའོ། །གཉིས་པ་ལྷར་ཤེས་པ་ལ་གཉིས་ཏེ། སྤྱིའི་དབང་དུ་ཨོཾ་ནི་རྒྱུ་དུས་ཕུང་ལྔ་འབྱུང་ལྔ་འབྲས་དུས་རིགས་ལྔ་ཡབ་ཡུམ་སྟེ་ཀུན་འདུས་དཔལ་ཆེན་ཡབ་ཡུམ་མམ་ཀུན་གཞི་ཡུལ་བཅས་དག་པའི་དཔལ་ཆེན་ཡབ་ཡུམ། རུ་ལུ་གོང་མ་རྒྱུ་དུས་ཀྱི་ཤེས་བཞི་ཡུལ་བཞི་འབྲས་དུས་ཀཽ་རི་བརྒྱད་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་དང་། ཁྱད་པར་གྱི་དབང་དུ་ན་འབྲུ་བརྒྱད་ཀཽ་རི་བརྒྱད་དང་ཀུན་འདུས་དཔལ་ཆེན་པོའི་བདག་ཉིད་དེ་སོ་སོའི་ལུང་ཚིག་གིས་བསྟན་པ་བཞིན་ནོ། །གསུམ་པ་བཟླས་བརྗོད་དུ་ཤེས་པ་ལ་གསུམ་སྟེ། སྔགས་ཀྱི་འཕྲོ་འདུ་དང་། འོད་ཟེར་གྱི་འཕྲོ་འདུ་དང་། ལྷ་ལ་འཕྲོ་འདུ་བཏང་བའོ། །དང་པོ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་རང་རྒྱུད་ཀྱི་འབྲུ་བརྒྱད་ལ་བསྐུལ་བས་འབྲུ་བརྒྱད་ཁ་དོག་ལྗང་དམར་རམ་ལེབ་བརྒན་དུ་འཕྲོས་ཏེ་


MR21_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་པས་བདག་གི་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་ཐོབ་པར་བསམ་པ་སྟེ་ཚུལ་དེའི་ལུང་ཚིག་བཞིན་ནོ། །གཉིས་པ་སྙིང་གའི་འབྲུ་བརྒྱད་ལས་འོད་ཟེར་སྣ་ལྔ་ཕར་འཕྲོས་པས་གཞན་དོན་བྱས་ཚུར་འདུས་པས་བདག་དོན་གྲུབ་རྣམ་པར་སྤྲོས་པས་བསོད་ནམས་ཀྱི་ཚོགས་དང་སྟོང་པར་གསལ་བས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་སྟེ་ལུང་བཞིན་ནོ། །གསུམ་པ་བདག་མདུན་ལ་འོད་ཟེར་འཕྲོ་འདུ་མགལ་མེའི་འཁོར་ལོ་ལྟར་རྒྱུན་མི་འཆད་དུ་བྱ་ཞིང་གཙོ་འཁོར་སོ་སོར་བསྙེན་མཆོད་འབུལ་ཞིང་དངོས་གྲུབ་བསྐུལ་བའི་ལུང་བཞིན་དུའོ། །བཞི་པ་རུ་ལུ་ཕྲིན་ལས་སུ་ཤེས་པ་ནི་རུ་ལུ་འོད་ཟེར་དཀར་པོ་དང་ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱིས་ཞི་བའི་ལས་འགྲུབ། དེ་བཞིན་སེར་པོ་དང་སྔགས་སྒྲ་སྒྲོགས་པས་རྒྱས་པ་འོད་དམར་པོ་དང་འབྲུག་སྒྲས་དབང་འོད་མཐིང་ནག་དང་མཁུན་ཞིང་གདུང་བའི་དབྱངས་ཀྱིས་དྲག་པོ་འོད་ནག་པོ་དང་སྲིན་པོའི་ངུར་སྒྲས་མནན་པ་འོད་དམར་ནག་དང་ཁུར་བ་དབུགས་ཀྱི་རླུང་འབྱིན་པའི་སྒྲས་བཟློག་པའི་ཕྲིན་ལས་གྲུབ་པར་བྱེད་པ་སྟེ་སོ་སོའི་སྟོངས་ཚིག་དང་སྔགས་སུ་བཅས་ཏེ་གསལ་བཏབ་ལ་དོན་དྲན་པས་སྔགས་བཟླའོ། །ལྔ་པ་རུ་ལུ་མཆོད་པར་


MR21_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་ལས་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་ལུང་ཚིག་སྔགས་སུ་བཅས་པས་འབུལ་བའོ། །དྲུག་པ་རུ་ལུ་བཤགས་པར་ཤེས་པ་ནི་བཤགས་ཚིག་སྔགས་སུ་བཅས་པའི་དོན་གསལ་ཏེ་བརྗོད་པས་བདག་མེད་ཕྱོགས་བྲལ་གྱི་དོན་མ་རྟོགས་ཏེ་ང་བདག་ཏུ་བཟུང་བའི་དབང་གིས་བཀའ་ཕྱི་ནང་དུ་གྱུར་པའི་སྲུང་མ་དང་བདེ་བར་གཤེགས་པ་རྣམས་ལ་བཀའ་ལས་འདས་ཤིང་དམ་ལས་ཉམས་པའི་སྐྱོན་ཐམས་ཅད་མཐོལ་ཞིང་བཤགས་པ་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་བཤགས་ཡུལ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཕུང་དུ་གྱུར་པ་བདག་ལ་ཚུར་འདུས་པས་བདག་གི་ཉེས་སྐྱོན་ཐམས་ཅད་བྱང་ཞིང་དག་ནས་ཡེ་ཤེས་ཀྱི་སྐུ་ནག་ནོག་གི་དྲི་མ་དང་བྲལ་བ་ཤེལ་གོང་ཕྱིས་བའམ་མུ་ཏིག་དཀར་པོ་དྲི་མ་མེད་པ་བཞིན་དུ་ཤེས་པའི་རྒྱུད་གསལ་ཞིང་དྭངས་པར་བསམ་མོ། །བདུན་པ་རུ་ལུ་དངོས་གྲུབ་ཏུ་ཤེས་པ་ལ་དངོས་གྲུབ་བསྡུ་བའི་ཚིག་སྔགས་དང་བཅས་པར་བརྗོད་ལ་དེའི་དོན་བཞིན་ཐུགས་ཀ་ནས་རུ་ལུ་འབྲུ་བརྒྱད་ལྗང་དམར་དུ་འཕྲོ་ཞིང་ཡེ་ཤེས་ལྷའི་གནས་གསུམ་དུ་ཐིམ། མཉེས་ཤིང་ཐུགས་ཀ་ནས་རུ་ལུ་སྨུག་ནག་ཚུར་བསྡུ་ཞིང་སྒྲུབ་པོའི་སྒོ་གསུམ་ལ་ཐིམ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་སྟེ་


MR21_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱའོ། །དེ་ལྟར་རྣམ་པ་བདུན་པོ་དེ་དག་ཐམས་ཅད་ལ་སོ་སོའི་ལུང་ཚིག་ནས་འབྱུང་བ་བཞིན་ཏུ་ཡིད་ཀྱིས་བསམ་ཞིང་ངག་ཏུ་བརྗོད་ལ་རུ་ལུའི་བཟླས་པ་ཅི་རིགས་བྱ། མཐར་བཟླས་བརྗོད་དེ་དག་ཐམས་ཅད་བསྡུས་ཏེ་མཆོད་པ་ཕུལ་ལ་དངོས་གྲུབ་བསྡུ་བར་བྱ་སྟེ་བཟླས་བརྗོད་ཀྱི་མཆོད་པ་འབུལ་བའི་ཚིག་དང་རུ་ལུ་བརྗོད་པས་སྒྲུབ་པ་པོས་རུ་ལུ་བཟླས་པ་ཐམས་ཅད་བསྡུས་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཕུལ་ལ་དངོས་གྲུབ་ལེན་པའི་སྔགས་ཚིག་གིས་དུས་གསུམ་བདེ་གཤེགས་དང་དཔལ་ཆེན་ཁྲག་འཐུང་གི་ལྷ་ཚོགས་ཡེ་ཤེས་ལས་གྲུབ་པ་ཐམས་ཅད་སྐུ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་སྒྲུབ་པ་པོའི་ལུས་ཀུན་ལ་ཞུགས་ཤིང་དབྱེར་མེད་དུ་གྱུར་པས་ཤིན་ཏུ་བཀྲག་མདངས་གསལ་བར་གྱུར་པར་བསམ་པ་ཐུན་མོང་ཆེན་པོའི་དངོས་གྲུབ་དང་། ལས་ལས་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་མི་བསྡུ་བར་འོད་ཟེར་དང་ཡོན་ཏན་བསྡུས་པ་ཐུན་མོང་ཆུང་ངུའི་དངོས་གྲུབ་བོ། །དེ་ནས་བརྒྱད་པ་རུ་ལུ་ཆོས་ཉིད་དུ་ཤེས་པར་བྱ་བ་ལ་ཆོས་ཉིད་ཀྱི་གོ་བགོ་བ་ཆོས་ཉིད་ཀྱི་བསྲུང་བ་ཆོས་ཉིད་ཀྱི་ལྟ་བ་ལ་གནས་པར་བྱ་བ་གསུམ་སྟེ། ཅིས་ཀྱང་མི་ཤིགས་པ་སྟོང་པའི་གོ་ཆ་དང་སྟོང་པར་གནས་པ་ལ་སུས་ཀྱང་མི་ཚུགས་


MR21_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་བཏབ་པའི་ལུང་ཚིག་བཅས་རུ་ལུའི་སྔགས་ཀྱིས་བསྲུང་བ་ནི་མཆོག་གི་དངོས་གྲུབ་ཆུང་ངུ་དང་། ཕྱག་རྒྱའི་རྣམ་རྟོག་ཐམས་ཅད་ཆོས་ཉིད་ལས་བྱུང་ཆོས་ཉིད་དུ་རོལ། ཆོས་ཉིད་དུ་ཐིམ་ཞིང་ཆོས་ཉིད་སྐྱེ་འགགས་བྲི་གང་མེད་པ་ཀུན་བཟང་ཡངས་པའི་ཀློང་དུ་མཉམ་པ་ཉིད་ཀྱི་ལྟ་བ་ལ་གནས་པ་ནི་མཆོག་གི་དངོས་གྲུབ་ཆེན་པོའོ། །དེ་ལྟར་ན་གཉིས་སུ་མེད་པའི་བདག་ཉིད་དཔལ་ཆེན་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་གསང་སྔགས་ཀྱི་ཚུལ་དུ་ཤར་བ་རུ་ལུ་འབྲུ་བརྒྱད་པོ་དེ་ནི་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་འཆར་ཞིང་བྱིན་གྱིས་རློབས་པའི་སྟོབས་ཀྱིས་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པར་ནུས་པ་སྟེ་གསང་སྔགས་ཀྱི་རྒྱལ་པོའི་ཡོན་ཏན་དང་ཆེ་བ་དེ་ལྟར་ཤེས་ནས་ཏིང་ངེ་འཛིན་དང་ལྡན་པས་ཚུལ་བཞིན་བསྒྲུབས་པས་དངོས་གྲུབ་རྣམ་གཉིས་མངོན་དུ་གྱུར་པ་ཡིན་ནོ། །གཉིས་པ། བསྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །བསྙེན་པའི་ལུང་བཞིན་བརྩོན་པར་འབད། །ཅེས་གསུངས་ཏེ། དེ་ལྟར་རུ་ལུའི་ཡོན་ཏན་ཤེས་ཤིང་དོན་རྣམ་པ་བརྒྱད་ཀྱི་ཚུལ་དུ་བཟླས་པའི་མན་ངག་མཐོང་བའི་སྒྲུབ་པ་པོ་དེས་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ལས་འབྲས་བུ་ཐོབ་དགོས་པས་ན་བསྙེན་པ་དང་སྒྲུབ་པའི་སྐབས་གོང་དུ་བསྟན་


MR21_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ཤེས་པར་བྱས་ལ། དེ་དག་གི་སྐབས་ཐམས་ཅད་དུ་བསྒོམ་པའི་རྒྱུད་གསལ་བར་ཅི་ནུས་སུ་བྱ་བ་ནི་གནད་གལ་པོ་ཆེ་སྟེ་མཚན་མེད་ཀྱི་བསྒོམ་པ་ཆོས་ཉིད་ཀྱི་མ་དང་རང་རྒྱུད་འདྲེས་པར་བྱ་ཞིང་། དེའི་ངང་ནས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གསལ་བརྟན་གྱད་དུ་གྱུར་པར་བྱས་ལ་མཆོད་སོགས་ཡན་ལག་ཚང་པའི་སྒོ་ནས་བཟླས་བརྗོད་ཚུལ་བཞིན་རྒྱུན་བར་མ་ཆད་དུ་བྱ་བ་དང་། ལུང་ཚིག་གིས་གསལ་བཏབ་ཅིང་ཐུགས་དམ་བསྐུལ་བར་བྱ་བ་སོགས་བསྙེན་སྒྲུབ་ཀྱི་སྐབས་སུ་རྒྱས་འབྲིང་ཅི་རིགས་སུ་བྱ་ཞིང་། རྒོད་ཅིང་གཡེང་བ་མེད་པའི་སེམས་ཀྱིས་དོན་ལ་ཅི་ནུས་སུ་མཉམ་པར་འཇོག་པའི་རྣལ་འབྱོར་ལ་རྩལ་དུ་བཏོན་ནས་གཙང་སྦྲ་དང་བརྟུལ་ཞུགས་མ་ཉམས་པར་སྤྱད་དོ། །དེ་ལ་ཚུལ་ཇི་ལྟར་ན་ཧེ་རུ་ཀའི་གལྤོ་དང་འཇིག་རྟེན་ལས་འདས་པའི་མདོ་ལ་སོགས་པ་ལས་བསྙེན་པའི་ལུང་ཇི་ལྟར་བསྟན་པ་བཞིན་དུ་བརྩོན་པར་བྱེད་པ་ལ་འབད་པར་བྱ་སྟེ། བསྙེན་པ་ལ་ཡང་དོན་གྱི་བསྙེན་པ་དང་ལས་ཀྱི་བསྙེན་པ་གཉིས་ལས། དང་པོ་ལ་བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་བཞིར་ཡོད་ཅིང་དེ་དག་མི་ཚེ་གཅིག་ལ་སྦྱར་ན། ལུང་གི་དོན་སྟོན་ནུས་པའི་བླ་མ་བཙལ་བ་བསྙེན་པ། བླ་མ་མཉེས་པར་བྱ་


MR21_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་བསྙེན་པ། དབང་ཐོབ་པ་བསྒྲུབ་པ། རྩོལ་བ་དྲག་པོས་བསྙེན་སྒྲུབ་མཐར་ཕྱིན་ནས་དངོས་གྲུབ་མ་ཐོབ་པར་མི་བཏང་བར་བསྒྲུབ་པ་ན་སྒྲུབ་པ་ཆེན་པོའོ། །དེ་བཞིན་དུ་ལྷ་སྐུ་གཅིག་བསྒོམ་པ་ལ་སྦྱར་ན་ལྷར་བསྐྱེད་པ་དང་ཕུང་པོ་ལྷར་མོས་པ་དང་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པ་དང་དབུ་ལ་རིགས་ལྔ་གསལ་བ་བཞིར་རིམ་བཞིན་སྦྱར་ཞིང་། དཀྱིལ་འཁོར་རྫོགས་པ་གཅིག་ལ་སྦྱར་ན་བྱང་ཆུབ་ཀྱི་སེམས་ཤེས་པ་བདག་ལྷར་གསལ་བ་ཡུམ་བསྐྱེད་པ་གཉིས་མེད་བྱང་སེམས་ལས་དཀྱིལ་འཁོར་གྱི་ལྷ་རྒྱས་འབྲིང་བསྐྱེད་པ་དང་། སྦྱོར་བའི་སྐད་ཅིག་ལ་སྦྱར་ན་ཡུམ་བྱིན་གྱིས་བརླབས་པ་བརྡས་བསྐུལ་ཞིང་འདུ་བ་བྱ་བ། བདེ་བ་བསྐྱེད་ཅིང་ཁམས་དབབ་པ་བྱང་ཆུབ་སེམས་ལས་ཇི་ལྟར་འདོད་པར་སྦྱར་བ་བཞི་དང་སྦྱར་བ་སྟེ་དེ་ལྟར་རྣམ་པ་བཞིར་འགྲེལ་པ་ན་གསུང་ཞིང་། གཞན་ཡང་ཚོགས་སྒྲུབ་ཀྱི་ཐོག་མ་ནས་ཐ་མ་དངོས་གྲུབ་བླང་བའི་བར་དུ་སྦྱར་བ་དང་ལམ་ལྔ་ཡོངས་རྫོགས་ལ་སྦྱར་བ་སོགས་སྣ་ཚོགས་ཡོད་ཅིང་། དངོས་གྲུབ་གང་འདོད་པ་དེ་ལ་བསྙེན་པའམ་ཉེ་བར་བྱེད་པའི་ཐབས་དང་པོར་བྱ་བ་ལ་བསྙེན་པ་དང་། དེ་ནས་འདོད་པའི་དངོས་གྲུབ་བསྒྲུབ་པ་ལ་སྒྲུབ་པ་ཞེས་བྱ་ཞིང་། སོ་


MR21_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཡང་རྒྱུ་འབྲས་ཀྱི་ཚུལ་དུ་གཉིས་རེ་ཕྱེ་བས་བཞིར་འགྱུར་བས་སྤྱིར་ལམ་གྱི་འགྲོས་ཆེ་ཞིང་ལྷ་བསྒྲུབ་པའི་ཁོག་ཕུབ་ཀྱི་ཆིང་ཡིན་ནོ། །གཉིས་པ་ལས་ཀྱི་བསྙེན་པ་ནི་དུས་གྲངས་མཚན་མའི་བསྙེན་པ་གསུམ་སྟེ། དང་པོ་བསྙེན་པར་བྱ་བའི་དུས་རིང་ཐུང་གི་ཚད་དེ། དེ་ཡང་རབ་དུས་བཞིར་བསྙེན་སྒྲུབ་རྒྱུན་པར་བྱ་སྟེ་ར་བ་བཞིར་བསྙེན་པ་འབྲིང་བཞིར་བསྒྲུབ་པ་ཐ་ཆུང་བཞིར་ལས་སྦྱོར་བྱ་བ་ལྟ་བུའོ། །འབྲིང་ར་བ་བཞི་ལ་བསྙེན་མཆོད་ལན་རེ་ཐ་མར་དབྱར་དགུན་རེ་ལ་བསྙེན་མཆོད་རེ་རེ་བྱ་བ་སྟེ་མདོར་ན་ཞག་དང་ཟླ་བ་ལ་སོགས་པའི་དུས་ཚད་རིང་ཐུང་ཅི་རིགས་ལ་བསྙེན་པར་བྱ་བ་ནི་དུས་བསྙེན་ནོ། །གཉིས་པ་གྲངས་ནི་དུས་ལ་མི་ལྟོས་པར་སྔགས་ཀྱི་གྲངས་མང་ཉུང་ལ་ཚད་བཟུང་བ་སྟེ། དེ་ཡང་རབ་རྒྱུན་དུ་བྱ་སྟེ་གྲངས་མེད་འབྲིང་བྱེ་བ་མན་ཆད་དང་ཐ་མས་ཀྱང་བདུན་འབུམ་ཡན་ཆད་བྱའོ། །གསུམ་པ་ནི་དུས་གྲངས་ལ་མི་ལྟོས་པར་གྲུབ་པའི་མཚན་མ་མངོན་དུ་ནམ་གྱུར་པ་ན་མཚན་མའི་བསྙེན་པ་རྫོགས་པ་སྟེ། དེ་ལའང་རབ་ཞལ་མཐོང་བ་སོགས་མཆོག་དམན་གྱི་ཚུལ་དུ་མ་ཡོད་དོ། །དེ་ལྟར་ལྷ་ཉེ་བར་སྒྲུབ་པའི་སྒོ་ནི་གསང་སྔགས་བཟླས་པ་ཡིན་ལ། དེ་ཡང་ཆོ་ག་དང་བཅས་པའི་ཚུལ་གྱིས་འབྲས་བུ་མྱུར་


MR21_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱིན་པས་ན་བསྙེན་པ་དང་སྒྲུབ་པའི་མན་ངག་ལུང་ལས་འབྱུང་བ་ལྟར་བྱ་ཞིང་། བསྙེན་པ་ཐོན་ནས་སྒྲུབ་པ་བྱ་ལ་སྒྲུབ་པ་ཐོན་ནས་ཀྱང་བསྙེན་པ་བྱ་སྟེ་དངོས་གྲུབ་ཆེ་ཆུང་ལ་ལྟོས་ནས་སྔ་མ་སྔ་མ་རྒྱུ་བསྙེན་པ་དང་ཕྱི་མ་འབྲས་བུ་སྒྲུབ་པར་འབྲེལ་བས་ན་མཐར་ཕྱིན་ལམ་གྱི་འབྲས་བུ་མི་སློབ་པའི་གོ་འཕང་གི་བར་དུ་གོང་ནས་གོང་དུ་བརྩོན་པས་བསྙེན་སྒྲུབ་ཏུ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། སྤྱི་དང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དམ་ཚིག་མཆོག་གི་མཆོད་པ་དག །བསྐུལ་ཚིག་དབྱངས་ཀྱིས་དེ་དག་མཉེས། །འཁོར་བཅས་མཆོད་པ་རྫོགས་ནས་ནི། །ཞེས་པས་བསྟན་ཏེ། དེ་ལྟར་བསྙེན་པ་བྱས་པའི་ཐུན་གྱི་རྗེས་རྣམས་སུ་རྡོ་རྗེ་ཐེག་པའི་དམ་ཚིག་སྟེ་འདའ་བར་བྱ་བ་མིན་པ་དང་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པའི་ཐབས་ཀྱི་དམ་པ་མཆོག་གི་རང་བཞིན་དུ་གྱུར་པ་ནི། ཚུལ་བཞིན་སྦྱོར་བའི་བྱང་སེམས་དཀར་དམར་དང་གཞུང་བཞིན་བསྒྲལ་བ་མི་རྟ་ལ་སོགས་པ་རྒྱུ་རྣམ་པ་ལྔའི་རཀྟ་དང་ཛ་གད་དང་ཤ་ཆེན་དང་བདུད་རྩི་ལ་སོགས་པ་ཀ་པཱ་ལ་མཚན་ལྡན་ལྕང་ལོ་ཅན་གྱི་ནང་དུ་བསྲེས་པའི་མཆོད་པ་དག་དབུལ་ཞིང་། ནམ་གུང་ལ་རོལ་མོའི་སྒྲ་སྣ་ཚོགས་བསྒྲག་སྟེ་དཀྱིལ་འཁོར་གྱི་ལྷ་དཔལ་ཆེན་པོ་ཀོ་སེང་


MR21_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྒོ་མ་དང་བཅས་པ་ཐུགས་དམ་བསྐུལ་པའི་དོན་དང་ལྡན་པའི་ཚིག་ཧེ་རུ་ཀའི་གལྤོ་ལས་འབྱུང་བ་ལྟ་བུ་གྲེ་འགྱུར་གྱི་དེའུ་དང་ལྡན་པའི་དབྱངས་དང་བཅས་པ་ཉིད་ཀྱིས། རང་བཞིན་དང་ཏིང་ངེ་འཛིན་དང་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པར་བྱས་པའི་ལྷ་དེ་དག་མཉེས་ཤིང་དགྱེས་པ་བསྐྱེད་པར་བྱའོ། །དེ་ནི་དམ་རྫས་ཀྱི་མཆོད་པའི་དབང་དུ་བྱས་ལ། ཡང་སྦྱོར་མཆོད་དང་སྦྱར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་མཆོག་གི་མཆོད་པ་དམ་པ་སྦྱོར་བའི་མཆོད་པ་དག་ཆགས་པ་ལ་བསྐུལ་བའི་ཚིག་དབྱངས་དང་བཅས་པས་ལྷ་རྣམས་མཆོག་ཏུ་མཉེས་པར་བྱའོ། །ཞེས་སོ། །དེ་ཡང་གཙོ་བོ་དཔལ་ཆེན་པོ་དང་ཀཽ་སེང་སྒོ་མ་དབང་ཕྱུག་ཙམ་དུ་མ་ཟད་འཁོར་མཁའ་འགྲོ་གིང་དང་ལངྐ་མ་བདུན་སྲིང་བཞི་འབར་མ་ཕོ་ཉ་རིག་འཛིན་དང་ཡང་ཕུར་སྐྱོང་བའི་སྲུང་མ་རྣམས་དང་བཅས་པ་ལའང་། ཟླ་གསང་ཐིག་ལེ་དང་རྟག་ཆེན་གཡབ་མོ་ལ་སོགས་པ་ནས་འབྱུང་བ་དང་།གཞན་ཡང་སོ་སོའི་བསྐུལ་ཚིག་གི་ལུང་གིས་མཆོད་པར་བྱ་ཞིང་། དེ་ཡང་མཆོད་པ་ཀུན་གྱི་ཐ་མར་ཚོགས་བཏང་བའི་རྗེས་སུ་ལྷག་མ་བསྡུས་ནས་དགུང་དམར་ཐག་ཆད་པ་སྲོད་དང་ཐོ་


MR21_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རངས་སྐྱ་རེངས་ཤར་བའི་དུས་སུ་ཧེ་རུ་ཀ་ལས་ཀྱི་བཟླས་པས་མཁའ་འགྲོ་དང་དབང་ཕྱུག་སོགས་དབང་དུ་བསྡུས་ལ་ལྷག་མའི་གཏོར་མ་ཆོ་ག་བཞིན་དུ་བྱ་བས་ཐུན་མཐའ་རྫོགས་པར་བྱས་ནས་ནི། མཚམས་ཡིད་ཀྱིས་ལྷོད་ལ་ལངས་པའི་དུས་སྟན་བྱིན་གྱིས་བརླབས་ལ་ཕྲེང་བ་ཁྲོ་ཞལ་དུ་བྱས་ནས་ཡི་དམ་ལྷར་བསྒོམ་སྟེ་གྲལ་སྲུང་དུ་གཞུག །འཆག་དུས་རྒྱལ་པོའམ་རྒྱལ་ཐེབ་རེས་ད་དུང་གཉུག་མར་འགྲོ་བ་རེ་ལ་སྲུང་བ་རེ་བྱ། ཡར་འོང་བ་རེ་ལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མཚམས་བཅད། སྟན་མི་སྤྲུགས་གྲལ་མི་བསྣོལ། དེ་ནས་ཡང་མཆོད་པ་དེ་མ་ཐག་ཏུ་བཤམས་ཏེ་མཚམས་དང་ལས་རིམ་གཞུང་བསྲང་སྟེ་འཛབ་དང་མཆོད་པ་ལ་སོགས་པ་སྔར་བཞིན་རྫོགས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ། དམིགས་མེད་སྟོབས་ཀྱི་གདིང་ཅན་གྱིས། །སྐུ་མཆོག་འབར་བའི་ཚུལ་དུ་བསམ། །སྒྲུབ་རྫས་དེ་དག་བྱིན་གྱིས་བརླབས། །ཁམས་གསུམ་ཁྲག་ཏུ་དམིགས་ནས་ནི། །དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །དངོས་ནི་ཨ་རུ་བྱིན་བརླབས་ནས། །རིན་ཆེན་གསལ་བར་ཤར་བ་དང་། །བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །མོས་པའི་ཐུགས་ལ་མཉེས་བསམ་ནས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཕྱག་མཚན་སྙིང་པོ་ཕྲ་མོ་


MR21_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དག །བརྟན་པར་རེད་ནས་མཁའ་ལ་བཞག །བསྐུལ་བའི་རང་བཞིན་ཀུན་འདུས་པ། །དེས་ཀྱང་སྤྲོ་བའི་ལས་རྣམས་བྱེད། །དངོས་ཀྱང་མཆོད་པའི་རྫས་སུ་བསྔོ། །ཞེས་པས་བསྟན་ཏེ། དེ་ལ་ཚིག་རྐང་བཅོ་ལྔ་པོ་འདིས་དམ་ཚིག་མཆོག་གི་མཆོད་པ་སྦྱོར་སྒྲོལ་གཉིས་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། སྒྲ་གཅིག་གིས་ཟུར་གཉིས་མཚོན་པའི་དང་པོ་བདག་དོན་ལྷུན་གྲུབ་སྦྱོར་བའི་མཆོད་པ་ལྟར་བཤད་ན། ཡུམ་བྱིན་གྱིས་བརླབ་པ་དང་། སྦྱོར་བས་སེམས་སྤྲིན་དབབ་པ། དེས་མཆོད་པར་བྱ་བ་གསུམ་གྱི་དང་པོ་ལ་ཚིག་རྐང་བདུན། བར་པ་ལ་ལྔ་ཏེ། ཐ་མ་ལ་གསུམ་གྱིས་བསྟན་ཏེ། དོན་དམ་པར་དམིགས་སུ་མེད་པའི་ཆོས་ཉིད་ལ་ཡང་དག་པའི་ལྟ་བས་བལྟས་ནས་མཉམ་པར་བཞག་པའི་རིག་པ་ཡེ་ཤེས་ཀྱི་སྟོབས་ཀྱི་གདེང་ཡོད་པ་ཅན་གྱིས། ཀུན་རྫོབ་ཏུ་དཔལ་ཆེན་པོའི་སྐུ་ཐེག་པ་ཀུན་ལས་ཁྱད་པར་མཆོག་ཏུ་གྱུར་པ་འབྲས་བུའི་ཡེ་ཤེས་ཀྱི་རང་གཟུགས་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། འཇིགས་བྱེད་ཡེ་ཤེས་ཀྱི་སྐུ་ལ་རྔམ་བྱེད་དུར་ཁྲོད་ཀྱི་རྒྱན་གྱིས་སྒེག་པ་འདུལ་བྱེད་ཐབས་ཀྱི་མཚོན་ཆ་ཕྱག་ན་བསྣམས་ཤིང་མེ་དཔུང་དམར་ནག་འཁྱིལ་བའི་ཀློང་ན་ཁྲོ་གཏུམ་འབར་བའི་ཚུལ་དུ་བཞུགས་པའི་སྐུ་གསུང་ཐུགས་ཕྱག་རྒྱའི་ཏིང་འཛིན་


MR21_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཤིན་ཏུ་གསལ་བར་བསམ་ནས། དངོས་གྲུབ་སྒྲུབ་པའི་རྫས་གསང་བའི་ཡུམ་དེ་དག་བརྟག་ཅིང་བྱིན་གྱིས་བརླབས་པར་བྱའོ། །དེ་ལ་དང་པོ་གཟུངས་མ་ནི་རྣལ་འབྱོར་པའི་ཉམས་དང་སྦྱར་ལ་རབ་ཏིང་འཛིན་ལས་སུ་རུང་བས་འོད་ཀྱི་རིག་མའམ་ཐམས་ཅད་ལ་སྦྱོར་ཤེས་པར་བྱ་ཞིང་། འབྲིང་ལྷ་ལ་བརྟེན་ནས་ཐུན་མོང་གི་གྲུབ་པ་ཐོབ་པས་དགའ་ལྡན་གྱི་ལྷའི་གནས་ནས་ལྷ་མོ་པཎ་ཙི་ཀ་དགུག་པའམ་རྒྱ་མཚོའི་གཏིང་ནས་ཀླུའི་བུ་མོ་ཡིད་འོང་དགུག་པ་སོགས་ལྷ་ཀླུ་གནོད་སྦྱིན་གྱི་བུ་མོ་དགུག་པ་དང་། ཐ་མ་བླ་མའི་གདམས་ངག་བཞིན་དུ་སྔགས་ཀྱི་ལྟ་སྤྱོད་མ་ནོར་བར་འཇུག་པའི་སྒོ་ནས་མིའི་བུ་མོ་རྒྱུད་ལུང་མན་ངག་བཞིན་བརྟགས་ཏེ་མཚན་ཉིད་དང་ལྡན་པ་ལ་བྱིན་རླབས་རྣམ་པ་གསུམ་བྱ་སྟེ། དང་པོ་བདག་དབང་དུ་བྱིན་གྱིས་བརླབས་པ་ནི་ཕ་མ་སོགས་ལ་རིན་གྱིས་བསླུ་ཞིང་ཁ་དྲང་སྟེ་བདག་གི་དབང་དུ་འགྱུར་བར་བྱ་ཞིང་གཞན་ཡང་ཆོས་ལ་བློ་སྦྱངས་ནས་ཤེར་ཏིང་གི་ཉམས་བག་རྙེད་པ་ཅན་དུ་བྱའོ། །གཉིས་པ་རྒྱན་གྱིས་བྱིན་གྱིས་བརླབས་པ་ནི་གཟུངས་མ་དེ་ཁྲུས་བྱས་ཙནྡན་གླ་རྩི་ཨ་གར་སོགས་དྲི་ཞིམ་པོས་བྱུག་ཅིང་གོས་དང་རྒྱན་གྱི་ཁྱད་པར་གྱི་མཛེས་པར་བྱ་ཞིང་འདོད་པའི་


MR21_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་རྩལ་གྱི་རིམ་པ་ལའང་མཁས་པར་བྱའོ། །གསུམ་པ་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབ་པ་ནི་གཟུངས་མ་དེ་ཡུམ་ཀྲོ་དྷཱི་ཤྭ་རི་མ་རང་ལ་ལུས་དང་གྲིབ་མའི་ཚུལ་དུ་སྣང་བ་དེའི་ལུས་གཟུགས་ཁམས། ངག་རུ་ལུ་འབྲུ་བརྒྱད་ཀྱི་རང་བཞིན་སྒྲ་མཐར་སྟོང་པ་གཟུགས་མེད་ཁམས། ཡིད་རང་བྱུང་ཡེ་ཤེས་སེམས་མ་དང་ལྡན་པ་འདོད་ཁམས་ཏེ་ཕྱག་རྒྱ་མོའི་ལུས་ངག་ཡིད་གསུམ་གྱི་ཁམས་གསུམ་ལ་ཁྲག་ཏུ་དམིགས་ཞེས་པ་ཁྲག་ནི་རླན་ཅིང་དམར་བའི་ངོ་བོས་ཆགས་པའི་བརྡ་སྟེ། ཆགས་པ་བསྐུལ་བའི་ལུང་ཚིག་རུ་ལུ་དང་བཅས་པའི་དབྱངས་ཀྱིས་བསྐུལ་བས་ཡབ་ཡུམ་གཉིས་དཔལ་ཆེན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་འདུས་ཡབ་ཡུམ་སོ་སོར་ཐ་མལ་དུ་ཞེན་པའི་སྒྲིབ་པ་སྦྱངས་ནས་ཡེ་ཤེས་ལ་ཡེ་ཤེས་ཆགས་པའི་རྟགས་སུ་འདོད་ཆགས་ཆེར་གཡོས་པ་ནི་ཁྲག་ཏུ་དམིགས་པའམ་ཆགས་པའི་ཡུལ་དུ་དམིགས་པའི་དོན་ཏོ། །དེ་ལྟར་དམིགས་པའམ་ཆགས་པ་རྒྱས་པར་བྱས་ནས་ནི། ཨོཾ་ནི་མཁའ་འགྲོ་ཀཽ་རི་མ། ཞེས་སོགས་དབྱངས་ཚིག་གི་བྱིན་གྱིས་བརླབས་པས་ཡབ་ཀྱི་ཐུགས་ནས་རུ་ལུ་འབྲུ་བརྒྱད་ཡུམ་གྱི་གནས་བརྒྱད་དུ་འཕྲོས་པ་ལས་ཀཽ་རི་མ་


MR21_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དུ་གསལ་བར་བསྒོམ་པ་ནི། ཕྱིའི་དུར་ཁྲོད་བརྒྱད་དང་ནང་གི་ལུས་གནས་བརྒྱད་དང་གསང་བ་ཚོགས་བརྒྱད་དེ་ཕྱི་ནང་གསང་བའི་དུར་ཁྲོད་ཀུན་ཏུ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་དྲ་བས་ཁྱབ་པར་བསམ་པ་སྟེ། ནང་ལ་བསྒོམས་པས་ཕྱི་རོལ་དུ་དོན་གྱིས་ཐོབ་ཅིང་ཚོགས་བརྒྱད་ཡེ་ཤེས་རོལ་པའི་སྐུར་ཤར་བའི་ཕྱིར་ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་མ་གྱུར་པ་རྡུལ་ཙམ་མེད་པར་གསལ་བཏབ་པའི་ལྷའི་འདུ་ཤེས་ཀྱིས་ཐ་མལ་གྱི་ཕོ་མོར་ཞེན་པ་སྦྱོང་ཞིང་བདེ་བས་ལྷ་མཆོད་པའི་རང་བཞིན་དུ་འགྱུར་རོ། །དེ་ནས་ཨ་ལས་མ་ཆགས་ཟླ་གམ་གཞལ་ཡས་སུ་ཞེས་སོགས་དབྱངས་ཀྱིས་བསྐུལ་བས་ཡུམ་གྱི་པདྨའི་དངོས་པོ་ནི་ཟླ་གམ་དབང་གི་གཞལ་ཡས་སུ་པདྨ་འདབ་མ་བཞི་པ་ཨ་ཡིག་གིས་མཛེས་པ་རུ་བྱིན་གྱིས་བརླབས་ནས། ཡབ་ཀྱི་གསང་བའི་ནོར་བུ་རྡོ་རྗེ་རྩེ་ལྔ་ཧཱུྃ་དང་ལྡན་པའི་རིན་ཆེན་ཉིད་དུ་དམིགས་པར་བྱས་ནས་དེ་ལྟ་བུའི་ལྷ་སྐུ་སྒྱུ་མ་ལྟ་བུ་ཆོས་དབྱིངས་དག་པའི་ངང་ནས་དམིགས་པའི་སྟོབས་ཀྱིས་གསལ་བར་ཤར་བ་དང་སྦྱོར་བ་བརྩམ་པར་བྱའོ་ཞེས་མཁའ་གསང་བྱིན་རླབས་འདི་ལ་ཆོས་ཀྱི་འདུ་ཤེས་ཞེས་སུ་གཞན་ན་བཤད་དོ། །དེ་ནས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱ་ཞིང་དཀྱིལ་འཁོར་གྱི་ལྷ་མཆོད་པར་བྱའོ་སྙམ་


MR21_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔགས་ཀྱི་འདུ་ཤེས་ཀྱིས། ཨོཾ་ནི་ཆོས་ཉིད་ཆོས་ཀྱི་སྐུ། ཞེས་པ་ལ་སོགས་པའི་དབྱངས་ཀྱིས་བསྐུལ་ཞིང་ཡབ་ཡུམ་ཕན་ཚུན་སྟེགས་རྒོད་འཛུམ་པའི་མདངས་དང་ལྡན་པར་ཆགས་ཤིང་རྩེན་པའི་ཕྱག་རྒྱ་བཞིའི་ཟུང་དུ་འབྲེལ་ཞིང་གཉིས་སུ་མེད་པར་འཁྲིལ་བའི་ཚུལ་དུ་བཞུགས་པའི་ངང་དུ་ཕྱི་ནང་གི་འཇིག་རྟེན་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་འདུས་ཤིང་དབྱེར་མེད་པར་བསམ་མོ། །དེ་ནས། ཨོཾ་ནི་དཔལ་ཆེན་ཡབ་ཡུམ་སྐུ། །ཞེས་པ་ལ་སོགས་པའི་དབྱངས་ཀྱིས་བསྐུལ་ཞིང་ཡབ་ཡུམ་ཕན་ཚུན་གཅིག་ལ་གཅིག་བཞད་པ་དང་འོ་བྱེད་པ་དང་ཡང་ནས་ཡང་དུ་འཁྱུད་ཅིང་སྡོམ་པ་དང་རྡོ་རྗེ་དང་པདྨོ་བསུབ་པའི་བདེ་བའི་སྒྱུ་རྩལ་སྣ་ཚོགས་ཀྱིས་བདེ་བའི་རོ་སྐུ་ཉམས་སུ་བསྟར་བས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ལ་སོགས་པའི་གནས་ནས་གཡོ་ཞིང་བདེ་བའི་རང་སྒྲ་དང་བཅས་པ་ཉིད་ཀྱི་འོད་ཟེར་དཀར་དམར་འཕྲོ་ཞིང་ཀུན་ཏུ་ཁྱབ་པ་ལས། རང་ཉིད་ཀྱིས་མོས་པའི་བླ་མ་རྩ་བ་གསུམ་མམ་ཆགས་པའི་ལམ་ལ་མོས་པའི་འགྲོ་བ་རྣམས་ཀྱི་ཐུགས་ལ་ཕོག་པས་བདེ་ཆེན་གྱི་ངང་དུ་མཉེས་པར་བསམ་ནས་འགྲོ་བའི་སྒྲིབ་པ་སྦྱངས། འཁོར་འདས་སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོའི་ངང་དུ་འོད་དུ་སྦྱངས་པའི་བྱིན་


MR21_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དང་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་འདུས་ནས་འོད་ཟེར་གྱི་སྤྲོ་གཞི་ཐོག་མའི་གཟུགས་ཡུམ་གྱི་མཁའ་ན་གནས་པའི་བྱང་སེམས་དཀར་དམར་ལ་གཟུད་ཅིང་ཐིམ་པས་མུ་ཏིག་ལྟར་གསལ་བར་བསམ་ལ། དེ་ནི་དངོས་གྲུབ་ཀྱི་དབྱིག་སྟེ་མཆོད་པ་འབུལ་བ་དངོས་གྲུབ་བླང་བ་དབང་བསྐུར་བའི་དམ་རྫས་ཆེན་པོའོ། །དེ་ལྟ་བུའི་བྱང་སེམས་མཁའ་ན་གནས་པ་དེ་ཐུགས་ཕྱག་མཚན་རྡོ་རྗེ་ལ་སོགས་པ་དང་གསུང་སྙིང་པོ་འབྲུ་བརྒྱད་དང་དེར་མ་ཟད་སྐུ་ཕྲ་མོ་དག་གི་རྣམ་པར་གསལ་བའི་འཕྲོ་འདུ་བརྟན་པར་རེད་ནས་ཡུམ་གྱི་མཁའ་ལ་བཞག་པར་བྱ་སྟེ། སྐུ་ཕྲ་མོ་དང་མཛུབ་གང་བ་དག་ཏུ་རིམ་པས་སྤྲོས་པས་ཀུན་ཏུ་འོད་དང་པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་ཏེ་སངས་རྒྱས་ཀྱི་ས་གསུམ་ལ་གནས་པའི་སྐུ་ཡི་བྱིན་རླབས་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པས་བདག་ལ་བསྟིམ་ཞིང་བཀྲག་མདངས་བསྐྱེད་པ་དང་། དབྱངས་ཚིག་རུ་ལུས་བསྐུལ་བའི་སྙིང་པོ་སྔགས་ཀྱི་འོད་ཟེར་སྒྲ་དང་བཅས་པས་གསུང་གི་བྱིན་རླབས་བསྡུ་བ་དང་། ཐུགས་ཕྱག་མཚན་ཕྲ་མོ་འོད་ཟེར་བཅས་པས་ཐུགས་ཀྱི་བྱིན་རླབས་བསྡུ་ཞིང་། ཡང་སྐུ་དང་སྙིང་པོ་ཕྱག་མཚན་ཕྲ་མོ་འོད་དང་བཅས་པར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་


MR21_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྒྲིབ་པ་སྦྱང་ཞིང་བཀྲག་མདངས་དྭངས་བཅུད་བསྡུས་ཏེ། སླར་མཁའ་དབྱིངས་སུ་འདུས་པས་བྱང་སེམས་དཀར་དམར་ལྟེམ་གྱིས་འོད་དུ་འཁྱིལ་བར་བསམ་པར་བྱ་སྟེ། དེ་ལྟ་བུའི་ཏིང་འཛིན་བརྟན་པར་གྱུར་ནས་ཡུམ་གྱི་མཁའ་ལ་བཞག་པ་དེ་མཆོད་པའི་རྫས་སུ་བླང་ངོ་། །ཞེས་སོ། །དེ་ཡང་ཏིང་འཛིན་ལས་སུ་རུང་བས་བལྟས་པས་ཚིམ་སྟེ་ཡིད་ཕྲད་པའམ། འབྲིང་ལུས་ཕྲད་དེ་ལག་པས་རེག་ཅིང་འོ་བྱས་པས་སམ། ཐ་མས་རྩོལ་བས་དངོས་སུ་སྦྱོར་བ་བྱ་སྟེ་དགྱེས་པའི་རོ་སྐུ་ཉམས་སུ་བསྟར་ཞིང་ཏིང་ངེ་འཛིན་གྱི་འཕྲོ་འདུ་ཚུལ་བཞིན་བྱས་ནས་དངོས་སུ་དབྱུང་བའི་བྱང་སེམས་དེ་མེ་ལོང་གི་ནང་དུ་བླངས་ལ་མཆོད་པའི་དམ་རྫས་སུ་བྱའོ། །དེ་ལྟར་དབྱངས་ཀྱི་ཚིག་དང་ཏིང་ངེ་འཛིན་དང་ལུས་ཀྱི་རྩོལ་བས་བསྐུལ་བའི་བྱང་ཆུབ་ཀྱི་སེམས་གང་ཞིག་འོད་ཟེར་འཕྲོས་པས་རྒྱལ་བ་མཆོད་ཅིང་སེམས་ཅན་ལ་ཕན་གདགས་པའི་རང་བཞིན་ཅན་དེ་ཀུན་ཡུམ་གྱི་མཁའ་ལ་སླར་འདུས་པའམ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བསྐྱོད་ཅིང་བསྐུལ་བའི་འཁོར་འདས་ཀྱི་དཔལ་ཡོན་དྭངས་བཅུད་ཀྱི་རང་བཞིན་ཀུན་སླར་འདུས་པ་ཡི་དམ་རྫས་དེས་ཀྱང་མཆོད་པ་དང་། དངོས་གྲུབ་ལེན་པ་སོགས་རྣལ་འབྱོར་


MR21_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཇི་ལྟར་འདོད་པ་བཞིན་དུ་སྤྲོ༷་བའི་ལས་རྣམས་བྱེད་དེ་འདོད་དགུར་གྱུར་པའི་རིན་པོ་ཆེ་ཞེས་བྱའོ། །དེ་ཕྱིར་ཐོག་མར་དམ་རྫས་ཀྱི་ཡོན་ཏན་བརྗོད་པ། བྱང་ཆུབ་སེམས་འདི་ཡེ་ཤེས་རང་བཞིན་ཏེ། །ཞེས་སོགས་བརྗོད་ཅིང་དེ་ནས་བྱང་ཆུབ་སེམས་ཀྱི་དངོས་པོ་དེ་དག་ཀྱང་། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས། །ཞེས་སོགས་ཀྱི་ཚིག་གིས་མཆོད་པའི་རྫས་སུ་བསྔོ་བར་བྱ་ཞིང་བྱང་ཆུབ་ཀྱི་སེམས་མུ་ཏིག་དཀར་པོ་ལྟ་བུ་ལས་ཨོཾ་དཀར་པོ་བྱུང་སྟེ་ཨོཾ་ལས་འདོད་ཡོན་ལྔའི་ལྷ་མོ་མང་པོས་དཀྱིལ་འཁོར་གྱི་ལྷ་དང་བདེ་བར་གཤེགས་པ་རིག་འཛིན་མཁའ་འགྲོ་དང་བཅས་པ་མཆོད་པས་ཐུགས་དམ་བསྐང་ཞིང་ཉམས་ཆག་སོར་ཆུད། དེ་དག་གི་འོད་ཟེར་དང་བྱིན་རླབས་བསྡུས་ཏེ་བྱང་སེམས་ལ་ཐིམ་པས་ཡི་གེ་ཨ་དཀར་པོ་གཅིག་ཏུ་མཐེ་བོང་དང་སྲིན་ལག་གིས་བླངས་ཏེ་ཨོཾ་བོ་དྷི་ཙིཏྟ་ཨ་ཨ་ཞེས་བརྗོད་ཅིང་ཟོས་པས་དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད་ཆོས་ཉིད་སྐྱེ་འགག་མེད་པའི་ཀློང་དུ་མཉམ་པར་གྱུར་པར་བསམ་པ་ནི་མཆོག་གི་དངོས་གྲུབ་བླང་བའི་ཐབས་ཏེ་དུས་དང་གནས་སྐབས་སུ་རིག་པར་བྱའོ། །དེ་ལྟར་སྦྱོར་བ་དེ་ནི་དམ་ཚིག་མཆོག་ཡིན་ལ། རྒྱལ་བ་མཉེས་པའི་མཆོད་པའི་མཆོག་


MR21_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིན་ཏེ། འདི་ལྟར་སེམས་ཅན་ཐ་མལ་པ་དག་ནི་ཕོ་མོའི་འདུ་ཤེས་དང་མཁའ་གསང་གི་འདུ་ཤེས་དང་དེ་དག་ཕན་ཚུན་ཕྲད་པས་བདེ་བ་འབྱུང་ངོ་སྙམ་དུ་འདུ་ཤེས་པའི་འདོད་ཆགས་ཀྱི་ཀུན་སློང་གིས་འཁྲིག་པ་དོན་དུ་གཉེར་ཞིང་། དངོས་གཞི་ཁམས་དབྱུང་བའི་བདེ་བ་ལ་དངོས་པོར་ཞེན་པའི་ཀུན་རྟོག་འཐུག་པོས་བསྒྲིབ་ཅིང་། མཐར་ཆགས་པའི་ས་བོན་ཀུན་གཞི་ལ་བཞག་སྟེ་སྲིད་པའི་ཀུན་རྟོག་སྤེལ་ཞིང་འཆིང་བར་བྱེད་པ་ཡིན་ལ། རྣལ་འབྱོར་པ་གང་ཞིག་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་ཆེན་པོའི་སྟོབས་ལྷག་པར་རྒྱས་པས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འདོད་ཅིང་ཐ་མལ་པའི་འདོད་ཆགས་ཉིད་ཀྱང་ཡེ་ཤེས་ཆེན་པོར་གསལ་ནུས་པའི་ཤེས་རབ་རྨད་དུ་བྱུང་བ་དང་ལྡན་པས་ནི། འདུ་ཤེས་གསུམ་གྱིས་ཟག་བཅས་ལ་ཆགས་པའི་འདོད་ཆགས་རང་ག་མའི་ཀུན་སློང་བཟློག་ཅིང་ཡང་དག་པའི་ཆོས་ལ་འདུན་པའི་ཀུན་སློང་བསོད་ནམས་ཆེན་པོའི་རྒྱུ་སྔོན་དུ་བཏང་ནས། དངོས་གཞི་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་བཏབ་པའི་བྱིན་གྱིས་བརླབས་པའི་མཐུ་དང་རླུང་སེམས་དབུ་མར་འཆིང་བའི་ཆགས་ལམ་གྱི་མན་ངག་ཟབ་མོའི་ཐབས་ཀྱི་སྟོབས་དང་། ཡེ་ཤེས་ལ་མངོན་དུ་


MR21_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པའི་ཤེས་རབ་ཀྱི་ནུས་པས་ཐ་མལ་པའི་འདོད་པ་དེ་ཉིད་ཡེ་ཤེས་སུ་གསལ་བ་ནི་ལྕགས་གསེར་འགྱུར་གྱི་རྩིས་ཐེབ་པའམ་ཆབ་རོམ་ཆུ་ལ་ཞུ་བ་བཞིན་ཏེ་གཟུང་འཛིན་དང་བྲལ་བའི་མི་རྟོག་ཡེ་ཤེས་བདེ་བ་ཆེན་པོར་རང་ཤར་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བཙན་ཐབས་སུ་ཉམས་སུ་མྱོང་བ་ཡིན་ལ། དེའི་འབྲས་བུ་ནི་ཐ་མལ་གྱི་སེམས་བག་ཆགས་ཀུན་སྡུད་པར་བྱེད་པའི་ཚང་ཚིང་ལྟ་བུ་རྣམས་ཡེ་ཤེས་མེ་དང་རླུང་ལྟ་བུས་བསྲེག་ཅིང་གཏོར་བར་བྱས་ནས་དབྱིངས་ཡེ་གཉིས་སུ་མེད་པར་སྦྱོར་བའི་ངང་དུ་གཉིས་ཆོས་ཐམས་ཅད་གཉིས་སུ་མེད་པར་གྱུར་པའི་བདེ་ཆེན་རྡོ་རྗེ་ལྟ་བུའི་སྐུ་མངོན་དུ་བྱེད་པའོ། །སྐབས་འདིར་སློབ་དཔོན་ཧཱུྃ་ཀ་རའི་མན་ངག་གིས་དབང་ཐོབ་ཅིང་ཡང་དག་པའི་དོན་རྟོགས་པའི་རྣལ་འབྱོར་པས། ཤེས་རབ་མ་ལ་རྒྱུན་དུ་སྦྱོར་བ་བྱ་བ་ནི་ཡབ་ཡུམ་གྱི་སྙིང་དང་འབྲེལ་བའི་རྩ་གསུམ་འཁོར་ལོ་བཞིར་རླུང་དང་ཁམས་ཀྱི་འཇུ་འདུལ་ལས་ཡེ་ཤེས་སྐྱེ་བར་བྱ་བའི་ཕྱིར། ཡབ་ཡུམ་ལྷར་བརླབས་ནས་ཀུན་རྫོབ་ཏུ་རྟགས་ཐབས་དང་ཤེས་རབ་གཉིས་ཀྱི་རྡོ་རྗེ་དང་པདྨར་སྦྱར་ལ་ཆགས་པའི་མེ་སྦར་ནས་རིགས་ལྔའི་སངས་རྒྱས་བཞུས་པ་མགྲིན་ཕུག་ནས་མར་བརྒྱུད་གསང་བའི་རྡོ་རྗེའི་རྩེ་ཡན་ཆད་དུ་བདེ་བ་བསྐྱེད་པ་དེ་ཁོ་ན་ཐབས་དང་


MR21_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ལས་བྱུང་བའི་སྟོང་པ་སྟེ་ཚུལ་དེས་སེམས་དང་ཆོས་ཉིད་དུ་སྦྱོར་བ་ཡིན་ལ། ཡང་ནས་ཡང་དུ་མ་ཤོར་བར་ཡར་རྩེན་མར་ནུར་བྱ་ཞིང་བདེ་བ་བསྐྱེད་ནས་ཉམས་སུ་མྱོང་བར་བྱས་པས་སངས་རྒྱས་དང་ཞལ་ཕྲད་པ་ཡིན་ནོ། །དོན་དམ་པར་དགའ་བདེ་ཉམས་སུ་མྱོང་བ་དེ་ལ་བརྗོད་དུ་མེད་པ་ཨ་ཝ་དྷཱུ་ཏི་སྟོང་ཞིང་བདེ་བ་གསལ་ལ་མི་རྟོག་པ་དེ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བྱུང་བའོ། །ཆགས་པའི་མེ་ཆེ་ན་ཡུམ་མདུན་དུ་བཞག་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཆགས་པའི་མེ་ཆུང་ན་དངོས་སུ་སྦྱར་ལ་སེམས་བསྐྱེད་ཉམས་བག་རྙེད་པར་གྱུར་ནས་ཡུལ་བརྟགས་པ་དང་དགྲ་བསད་པ་དང་བདུད་གཞོམ་པ་དང་གཡང་ས་བཅད་ལ་བརྟགས་ལ་མཐར་ཕྱིན་པར་བསླབ་པ་གཞི་སྦྱོར་བ་ལ་བརྟེན་པའི་ཐབས་ལ་སྤྱོད་པས་དོར་བ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཚུལ་གྱིས་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་སྦྱོར་བའི་སྟོབས་ཀྱིས་སྲིད་དང་ཞི་བ་སྣང་བ་དང་སྟོང་པ་སྐུ་དང་ཐུགས་ལ་སོགས་པའི་གཉིས་ཆོས་ཐམས་ཅད་གཉིས་སུ་མེད་པར་སྦྱོར་བའི་སྒོ་ནས་བདག་བསྒྲལ་བ་ཡིན་ལ། ཚུལ་དེ་ལྟ་བུ་རང་སྣང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཉམས་བག་རྙེད་པའི་སྒོ་ནས་ཕྱི་ནང་གསང་བའི་དགྲ་སོད་ཅིང་


MR21_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཞི་བཅོམ་ལ་འགྲོ་དྲུག་གི་གཡེང་བ་རྩལ་གྱིས་ཆོད་པར་ཤེས་པར་བྱ་སྟེ། སྦྱོར་བའི་ཚུལ་འདི་ལྟ་བུའི་སྔགས་ཀྱི་བརྟུལ་ཞུགས་ཟབ་མོ་དུས་སུ་བབས་ཀྱང་དང་དུ་མ་བླང་ན་མ་ཧཱ་ཡོ་གའི་དམ་ཚིག་ཉམས། མཁའ་འགྲོའི་བཀའ་ཆད་འོང་། བླང་དོར་བྱེད་པའི་རིས་སུ་སྐྱེས་ནས་འཁོར་བར་འཁྱམས་པར་གསུངས་ཤིང་ཉམས་སུ་བླང་ན་དེ་ལས་བཟློག་སྟེ་ཐུགས་དམ་སྐོང་།དངོས་གྲུབ་ཐོབ། མཁའ་འགྲོ་མ་འགོ་བ་ལ་སོགས་པའི་ཡོན་ཏན་ཐོབ་བོ། །གཉིས་པ་གཞན་དོན་ལྷུན་གྲུབ་སྒྲོལ་བའི་མཆོད་པའི་ལུང་དང་སྦྱར་ཏེ་བཤད་ན་སྤྱིར་ཤེས་པར་བྱ་བ་དང་། བྱེ་བྲག་སྒྲོལ་བའི་ལུང་ཚིག་བཀྲོལ་བ་གཉིས་ཀྱི་དང་པོ་སྒྲོལ་བ་ལ་ནི་རྟོགས་པས་བདག་བསྒྲལ་བ་དང་ཐུགས་རྗེས་གཞན་བསྒྲལ་བ་གཉིས། དང་པོ་ལའང་ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཡོད་དེ། དང་པོ་ཕྱི་ལྟར་ན་ལས་འབྲས་ལ་ཡིད་ཆེས་པས་མི་དགེ་སྤང་ཞིང་དགེ་བ་བསྒྲུབ་ལ་སོ་བྱང་གི་བསླབ་པ་ལ་གནས་པས་བདག་ལམ་ངན་ལས་བསྒྲལ་བའོ། །ནང་ལྟར་ན་དོན་དབྱིངས་དང་ཡེ་ཤེས་ལ་དམིགས་ནས་རྟགས་ཐབས་ཤེས་ཟུང་དུ་འབྲེལ་ཞིང་ཕྱག་རྒྱ་བཞིས་རྒྱས་གདབ་སྟེ་བསྙེན་སྒྲུབ་བཞིའི་ཚུལ་གྱིས་ཕུང་ཁམས་ལྷ་དང་ལྷ་མོར་གནས་པའི་སྒོ་ནས་


MR21_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་གྱི་དོན་བྱེད་པས་ཐ་མལ་གྱི་མཚན་རྟོག་བསྒྲལ་ལོ། །གསང་བ་ཤེས་རབ་མ་ལ་བརྟེན་ནས་སྦྱོར་བའི་ཆོ་གས་རྣམ་རྟོག་ཡེ་ཤེས་སུ་གསོད་པ་སྟེ་མདོར་ན་བདག་ཉིད་སྲིད་པ་ལས་སྒྲོལ་བའི་ཐབས་གྲོལ་གྱི་མན་ངག་ཟབ་མོས་ང་བདག་གི་དགྲ་བསད་པའོ། །གཉིས་པ་ཐུགས་རྗེས་གཞན་བསྒྲལ་བ་ལའང་ཐབས་ཀྱིས་བསྒྲལ་བ་ཏིང་འཛིན་གྱིས་བསྒྲལ་བ་མཐུས་བསྒྲལ་བ་གསུམ། དང་པོ་ལའང་སྣང་བ་མི་ལ་སོགས་པ་ལ་གང་འདུལ་བའི་ཐབས་ཀྱི་སྒོ་ནས་ཉོན་མོངས་ཀྱི་ལམ་ལས་བཟློག་པ་དང་དངོས་སུ་མི་སྣང་བ་འདྲེ་གདོན་སོགས་ལ་ཚད་མེད་བཞིས་བཟུང་ཞིང་མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཚིམ་པར་བྱས་ཏེ་ཆོས་ལམ་ལ་ཇི་ནུས་སུ་བཞག་པའོ། །ཏིང་འཛིན་གྱིས་བསྒྲལ་བ་མ་ཏྲཾ་དང་བམ་རོ་གཉིས་ལས་དང་པོ་འདྲེ་བགེགས་ཀྱི་གཙོ་བོ་ཡིད་ཀྱི་གཟུགས་ཅན་དུར་ཁྲོད་བདག་པོ་དག་རྣལ་འབྱོར་པས་ལྟ་སྤྱོད་ཀྱི་གདེངས་ཀྱིས་དགུག་ཅིང་བསྒྲལ་བ་ནི་སྔར་བཤད་པ་བཞིན་ནོ། །གཉིས་པ་བམ་རོ་ལ་ཤེས་པ་མི་ལྡན་ཀྱང་ཕོ་ཉས་དེའི་རྣམ་ཤེས་དགུག་ལ་བསྒྲལ་བའི་དགོངས་པས་གནས་སྤར་བའོ། །མཐུས་བསྒྲལ་བ་ལ་ནི་ཡུལ་ཞིང་བཅུ་ལ་བྱ་སྟེ་གང་གིས་བསྒྲལ་ན་གསང་བའི་དྲག་སྔགས་དང་དམོད་པའི་དྲག་སྔགས་གཉིས་


MR21_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྒྲོལ་ལ། གསང་བའི་དྲག་སྔགས་ལ་ཕྱི་ནང་གསང་བ་གསུམ་གྱི་ཕྱི་ལྟར་དཔལ་ཆེན་པོས་དམ་ལ་བཏགས་པའི་སྲིན་མོ་ཀཽ་རི་བརྒྱད་དམ་དུར་ཁྲོད་ཀྱི་མ་མོ་རོ་ག་མ་བཞི་ལ་བསྙེན་པ་ཕུལ་ཏེ་དྲག་པོའི་ཐུན་ཟོར་བཅས་ནས་དམོད་སྔགས་ཀྱིས་བསྒྲལ་བའམ། ནང་ལྟར་དཔལ་ཆེན་ཡབ་ཡུམ་ལ་མ་མོ་ཀཽ་སེང་གིས་བསྐོར་བ་ལ་བསྙེན་པ་ཕུལ་ཏེ་མ་མོ་ཉིང་ཁོལ་གྱི་དྲག་སྔགས་ཀྱིས་བསྒྲལ་ཏེ་མནན་པ་ཡན་ཆད་བྱ་བའམ། དཔལ་ཆེན་ཡབ་ཡུམ་ལ། ཀཽ་རི་བརྒྱད་དང་། བསེ་བའི་ལྷ་མོ་བཞིས་བསྐོར་བ་བསྙེན་ཏེ་ཕུར་ཐུན་གྱིས་བསྒྲལ་བའམ། དཔལ་ཆེན་ཡབ་ཡུམ་ལ་དབང་ཕྱུག་ཉེར་བརྒྱད་དང་བཅས་པས་བསྐོར་བ་བསྙེན་ཏེ་མདོས་ཀྱིས་བཟློག་ནས་ཟོར་གྱིས་བསད་པའི་ལས་བྱ་བའོ། །གསང་བའི་སྒྲུབ་པ་ལ་སྒྲུབ་མཐུས་བསྒྲལ་བ་དང་གནས་སྦྱོང་གི་དགོངས་པ་གཉིས་ལས། དང་པོ་སྒྲུབ་དཀྱིལ་བཅས་ནས་བྱང་ཤར་དུ་འབྲུབ་ཁུང་ཉ་བོ་བཅས་པ་དང་། ཤར་ལྷོར་ཧོམ་དང་ལིངྒ་བཞག །ཕུར་པ་དང་ཐུན་འདུ་བྱས་ལ་ཆོ་ག་གཞུང་བསྲང་སྟེ་མཆོད་བསྟོད་པར་རྫོགས་པ་ན་རྩ་བསྙེན་དང་དྲག་པོའི་ལས་བསྙེན་བྱས་ལ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཕོ་ཉ་དགྱེ་ལ་དགུག་ཅིང་ལྷ་དབྱེ་ལ་ཐུན་བྲབ་ཕུར་བུས་གདབ། གཏུན་དུ་བརྡུངས་ནས་སྦྱིན་སྲེག་བྱ་ཞིང་མཐར་


MR21_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པ་བྱ་བའོ། །གནས་སྦྱངས་ནི་ཡབ་ཡུམ་གྱི་ཐུགས་ཀ་དང་མཁའ་གསང་ནས་ཡེ་ཤེས་ཀྱི་འོད་ཟེར་དང་ཁྲོ་བོ་ཁྲོ་མོའི་ཚོགས་འཕྲོས་པས་གཟས་པ་པོའི་ཤེས་པ་དགུག །ཡབ་ཡུམ་གྱི་བསྒུལ་བསྐྱོད་ཀྱི་ཕྱག་རྒྱས་བརྡུང་བས་ཡབ་ཡུམ་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་རྒྱུ་ལས་ཉོན་གྱི་བག་ཆགས་སྦྱངས། འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་བཅོམ་སྟེ་སེམས་གསེར་ཞུན་ལྟར་གནས་པ་ཧཱུྃ་ལས་གསང་བ་ཡེ་ཤེས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་པ་དེ་ཛ་ཞེས་པས་ཚུར་བཏོན་བྷྲཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ་ཕཊ་ཀྱིས་འོག་མིན་རང་བཞིན་གྲུབ་པའི་གནས་སུ་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་ལ་དེ་བཞིན་གཤེགས་པའི་སྲས་སུ་བསྐྱེད་པར་བྱའོ། །གཉིས་པ་དམོད་པའི་དྲག་སྔགས་ལ་དཀར་མོ་ཉི་ཟླའི་མིག་གཅིག་ལ་སོགས་པ་གསང་བའི་མ་མོ་ཆེན་མོ་བཞིའི་ལས་མྱུར་ལ་དྲག་པའི་སྔགས་རྒྱུ་ཤུགས་སྒྲོལ་གྱི་སྔགས་ཀྱིས་མཁའ་ལ་རླུང་ལྟར་འཕྱོ་བ་ཨུ་མ་བཞིན་དུ་འདེགས་པ་བཅུ་དྲུག་ཚང་ན་འཁྱིལ་བ་ཕོ་ཉ་བཞིན་དུ་རྒྱུག་པ་ལ་སོགས་པས་གཞན་གྱི་སྲོག་ལ་གནོད་ཅིང་འཚེ་བ་དེ་


MR21_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྒྲལ་ཏེ་སྙིང་རྗེས་གཟུང་ཞིང་གནས་སྤར་བ་གོང་ལྟར་བྱེད་དེ་དེ་དག་ལས་ཁ་ཚར་གྱི་མན་ངག་རྣམས་ལས་ཤེས་པར་བྱའོ། །གཉིས་པ་སྒྲོལ་བའི་ལུང་ཚིག་བཀྲོལ་བ་ལ། བསྒྲུབ་བྱ་དལ་དུ་དགུག་པ། ཤེས་རབ་སྙིང་རྗེས་ཐབས་ཀྱིས་བསྒྲལ་བ། ཕུང་པོ་མཆོད་པར་བྱ་བ་གསུམ་གྱི་དང་པོ་ལ་ཚིག་རྐང་གསུམ། བར་པ་ལ་བཅུ་གཅིག །ཐ་མ་ལ་གཅིག་གིས་བསྟན་ཏེ། རྣལ་འབྱོར་པ་ཆོས་ཐམས་ཅད་ཆོས་ཉིད་དམིགས་སུ་མེད་པའི་རང་བཞིན་ལ་ཏིང་འཛིན་སྟོབས་སུ་གྱུར་པ་ཉིད་ཀྱི་གདེངས་དང་ལྡན་པ་ཅན་གྱིས། མཆོག་ཏུ་འཕགས་པའི་ཤེས་རབ་ཟབ་མོས་དོན་དམ་པར་བསྒྲལ་བྱ་སྒྲོལ་བྱེད་ཅི་ཡང་མི་དམིགས་པར་རྟོགས་པས་ཐ་མལ་གྱི་ཞེ་སྡང་ལ་སོགས་པ་རྩད་ནས་ཕྱུང་ཞིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལས་ཉོན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྡུག་བསྔལ་བའི་ཕུང་པོ་སྒྱུ་མ་ལྟ་བུ་རྒྱུན་མི་འཆད་ཅིང་། ཤིན་ཏུ་ལས་ངན་པའི་གདུལ་བྱ་གདུག་པ་ཅན་ལ་ལྷག་པར་བརྩེ་བའི་སྙིང་རྗེ་ཕུལ་དུ་བྱུང་བས་ཐུགས་ཞི་བ་ཆོས་ཉིད་ལས་མ་གཡོས་བཞིན་དུ་ཐབས་ལ་མཁས་པའི་དབང་གིས་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྐུ་མཆོག་འབར་བའི་ཚུལ་དུ་གསལ་ཞིང་འཁོར་ལྷ་མོ་དང་བཅས་པ་གང་ལྟར་བསམ་ནས་


MR21_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་རྒྱན་གསོལ་བ་སོགས་སྔར་ལྟར་བྱས་ལ། གོང་དུ་སྨོས་པའི་བཀྲ་ཤིས་གཙང་མའི་རྫས་སོགས་བམ་གསུམ་པོ་ལ་རིགས་དྲུག་གི་ཤེས་པ་བསྟིམ་ཞིང་།ཕྱག་རྒྱ་བཞིས་བཅིངས་ལ་ཁོ་རང་དངོས་སུ་བསམ་པའམ་མཚན་མའི་རྫས་ལ་དགྲ་བགེགས་དགུག་པ་སྲོག་མེད་ཀྱི་སྒྲུབ་རྫས་སམ། ཡང་ན་རྣལ་འབྱོར་པ་བསྒྲལ་འདྲེན་ལ་ནུས་པ་ཐོབ་པས་ཕ་རོལ་པོའི་གནས་ངན་རྒྱུན་གཅོད་ངེས་ཀྱི་གདེངས་ཡོད་ན་ཙ་ར་སོགས་བསྒྲལ། ཞིང་གི་དངོས་པོ་སྒྲུབ་པའི་རྫས་དེ་དག་དངོས་སུ་དཀྱིལ་འཁོར་གྱི་རྩལ་དགུག་ལ་བསྒྲལ་བའི་རྫས་སུ་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་རྒྱུད་ལས་བྱ་ལ་སོགས་པ་བསྒྲལ་བའི་རྒྱུ་དག་ཏུ་གསུངས་པ་ཡང་སྡིག་མེད་ཀྱི་ཤ་ཁྲག་ལ་མཆོད་སྟོན་བྱ་བར་གསུངས་པ་བཞིན་རྣལ་འབྱོར་པའི་ཤེར་ཏིང་གི་ཉམས་དང་མ་ལྡན་ན་ཤིན་ཏུ་ཉེན་ཆེ་སྟེ་རྣམ་སྨིན་མི་བཟློག་པས་གཟབ་པར་བྱའོ། །དེ་ལ་ཀརྨ་དང་སྒྲོལ་གིང་གིས་སྒྲུབ་རྫས་དེ་དག་བཟུང་ལ་མཁྱེན་པར་གསོལ་ཞིང་ཁེ་ཉེན་གྱི་ཚུལ་དང་བཅས་པའི་སྒོ་ནས་བསྒྲལ་བ་ལ་བསྐུལ་བའི་ཚིག་ཞུ་ཞིང་། རྒྱལ་པོ་དང་རྒྱལ་ཐེབས་ཀྱིས་རྫས་ལ་ཉི་ཟླའི་སྤྱན་ཟུར་གྱིས་བལྟ་ཞིང་བསྒྲལ་བར་གནང་བའི་ལན་བྱིན་ལ། མིག་དབྱེ་དང་ཕྱག་འཚལ་


MR21_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གསོལ་མཆོད་པ་སྡིག་བཤགས་ཡི་རང་བྱིན་གྱིས་བརླབས་པར་ཞུ་བ་ཡན་གོང་ལྟར་བྱས་ལ། སྐབས་འདིར་ལན་ཆགས་གཏོར་མ་བཏང་། ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ངན་སོང་སྦྱོང་བའི་སྔགས་བརྗོད་ལ་དྲི་ཆབ་དང་བདུད་རྩིའི་ཆུས་བཀྲུ་ཞིང་ལས་སྔགས་ཀྱིས་མཚམས་བཅད་ལ། རྒྱལ་པོ་དང་རྒྱལ་ཐེབས་ཀྱིས་བསྟབས་ཅིང་ལེན་པའི་ཚིག་བརྗོད་ཅིང་དལ་དུ་བཞག །གིང་གིས་བྱིན་གྱིས་རློབ་པར་ཞུ་བ་ཡང་ཕུལ་ཏེ་ཚུལ་དེ་དག་གིས་རྫས་དེ་ལ་བདག་དབང་བར་བྱིན་གྱིས་བརླབས་པའོ། །དེ་ནས་ཁམས་གསུམ་པོ་འདི་དག་ཐམས་ཅད་ནི་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའི་དོན་མ་ཤེས་ཤིང་དངོས་པོར་ཞེན་པས་འཁོར་བར་འཁོར་ཞིང་སྡུག་བསྔལ་གྱིས་མནར་བ་འདི་ཐམས་ཅད་སྙིང་རེ་རྗེ། འདི་དག་འཁོར་བ་ལས་བསྒྲལ་བར་བྱའོ་སྙམ་པའི་སྙིང་རྗེའི་སེམས་དྲག་པོ་བསྐྱེད་པ་ནི་ཁྲག་གི་བརྡས་བསྟན་པ་སྟེ་ཁྲག་ནི་དམར་བ་ཡིན་ལ། དམར་བ་ནི་ཆགས་པའི་རང་བཞིན་ཡིན་པས་ཁམས་གསུམ་ལ་ཁྲག་སྟེ་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པར་བྱ་བའི་ཡུལ་དུ་དམིགས་ནས་ནི། སྙིང་རྗེ་དེས་སྐྱེས་པ་རྣམས་འཆི་བའི་གནས་ཀྱི་ངང་ཚུལ་ཅན་གྱི་དུར་ཁྲོད་དེ་ནམ་མཁས་མཐས་གཏུགས་པའི་ཁམས་གསུམ་ན་གནས་པའི་


MR21_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀུན་ཏུ་ཁྱབ་པར་བསྒོམ་པའམ་བསམ་པར་བྱས་ནས། རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཁམས་གསུམ་དུ་འཁོར་བའི་སེམས་ཅན་ཐམས་ཅད་དམིགས་ཀྱིས་བསྒྲལ་བ་དེའི་ལུས་ལ་བསྡུས་ཏེ་ཡུམ་གྱིས་བསྒྲལ་བའི་དུས་ལ་བབས་པར་བསྐུལ་བ་དང་ཡབ་ཀྱིས་ལན་བྱིན་ཡབ་ཡུམ་གྱིས་ཀུན་ཏུ་བལྟ་ཞིང་བྱམས་སོགས་ཚད་མེད་བཞི་ལྷག་པར་བསྐྱེད་ཅིང་ལུང་ཚིག་ཀྱང་བརྗོད་དོ། །དེ་ནས་བསྒྲལ་བྱའི་དངོས་པོ་ནི་ཁོ་རང་གི་དྲོད་དབུགས་རླན་ལས། རྃ་ཡྃ་ཁྃ་ལས་མེ་རླུང་ཆུས་བསྲེག་གཏོར་སྦྱངས་ནས་སྟོང་པར་གྱུར་ཅིང་སླར་ལུས་ཟླ་དཀྱིལ་གྱི་སྟེང་དུ་སེམས་ཉིད་ཡི་གེ་ཨ་རུ་གྱུར་པར་བསམ་ལ་སོ་སོའི་གྱེར་ཚིག་བརྗོད་ཅིང་དེ་ལྟར་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པར་བྱས་ནས། ཏིང་འཛིན་གྱི་ཚད་ཀྱང་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་སེམས་ཅན་གྱི་ཅི་བསམ་འབྱུང་བ་བཞིན་དུ་སེམས་ཀྱི་རང་བཞིན་ཨ་ཡིག་རིན་ཆེན་དེ་ལས་ཀྱང་ཇི་ལྟར་བསམ་པ་བཞིན་དུ་དངོས་སུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གསལ་བར་ཤར་ཞིང་འདོད་དགུར་བསྒྱུར་དུ་རུང་བའི་སེམས་ལས་སུ་རུང་བ་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་ཁྱབ་པས་གཉིས་མེད་ཀྱི་བདེ་བ་


MR21_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པའི་ཚུལ་གྱིས་ཁ་སྦྱོར་དང་ལྡན་པར་བཞུགས་པ། ཧེ་རུ་ཀ་ཡབ་ཡུམ་གཉིས་དང་དེའི་སྲས་དང་འཁོར་དུ་བཅས་པའི་ཐུགས་ལ་ཕོག་པས་མཆོད་ཅིང་མཉེས་པར་བསམ་ནས་སླར་འོད་དེ་དག་འདུས་ནས་ཐོག་མའི་གཟུགས་ཏེ་སྔར་བཞིན་ཐ་མལ་པའི་གཟུགས་སུ་བསམ་པ་དེ་ལ་གཟུད་པར་བྱའོ། །དེ་ནས་ལམ་རྒྱུད་ལྔར་སྐྱེ་བའི་རྒྱུན་བཅད་ཅིང་སླར་འབྱུང་བའི་སྒོ་དགག་པའི་ཕྱིར་རྒྱུད་ལྔའི་བག་ཆགས་བཅད་པའི་དམིགས་པ་བྱ་སྟེ། དེ་ཡང་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་དུག་གསུམ་དང་མཐོ་རིས་སུ་སྐྱེ་བའི་རྒྱུ་ཟག་བཅས་ཀྱི་དགེ་བཅུ་དང་བསམ་གཏན་གྱི་སྙོམས་འཇུག་རྣམས་ལ་རང་བཞིན་མེད་པར་ཤེས་ཤིང་དེ་དག་གི་སེམས་མི་སྐྱེ་ན་གནས་རིས་དེ་དག་ཏུ་སྐྱེ་བའི་རྒྱུན་བཅད་པ་ཡིན་ལ། སྔགས་ཀྱི་ཐབས་ཟབ་མོས་གནས་རིས་དེ་དག་གི་འབྱུང་སྒོ་དགག་པ་ནི་བསྒྲལ་བྱ་དེ་ལ་ཕྱིས་ལྷ་མི་བྱོལ་སོང་ཡི་དྭགས་དམྱལ་བ་སྟེ་ལམ་རྒྱུད་ལྔར་སླར་སྐྱེ་ཞིང་འབྱུང་བའི་སྒོ་ཡོད་པའི་རྟགས་སུ་སྤྱི་གཙུག་ལྕེ་སྟེང་སྙིང་ག་ལྟེ་བ་གསང་གནས་ལྔ་རུ་ཡས་ནས་མར་རིམ་བཞིན་རང་རྒྱུད་ཀྱི་ས་བོན་ཨ་ནྲྀ་ཏྲི་པྲེ་དུ་ལྔར་འདུ་ཞིང་། དེ་དག་ལ་རང་བཞིན་མེད་པའི་རྟགས་སུ་རིགས་ལྔའི་ཕྱག་མཚན་དང་སྙིང་པོ་དཔའ་བོ་འབྲུ་ལྔ་ཕྲ་མོ་དག་


MR21_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཏེམ་ནས་རྒྱུད་ལྔའི་ས་བོན་བསྲེག་སྦྱངས་བྱས་པའི་རིགས་ལྔ་སོ་སོའི་སྐུ་ཕྲ་མོ་དག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་ཤིན་ཏུ་གསལ་ཞིང་བརྟན་པར་རེད་ནས་སམ་བརྟན་པར་གྱུར་ནས་མས་ནས་ཡར་རིམ་བཞིན་བསྡུ་བའི་སྦྱོར་བས་གནས་སྦྱོང་ཞིང་འཕོ་བར་བྱ་སྟེ། དེ་ཡང་ཐོག་མར་དམྱལ་བའི་སྒོ་བཅད་པའི་ཚིག་བརྗོད་ལ་བསྒྲལ་བྱའི་རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་ནག་པོའི་སྟེང་དུ་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཟླ་དཀྱིལ་ལ་གནས་པའི་ཡི་གེ་ཧཱ་ལས་འོད་ཟེར་འཕྲོས། འཕགས་པའི་ཐུགས་དམ་བསྐུལ། སེམས་ཅན་གྱི་དོན་བྱས།ཁྱད་པར་དམྱལ་བའི་གནས་དག་ནས་དེའི་སེམས་ཅན་རྣམས་ལྷར་གྱུར་ཏེ་སྲིད་པ་ཡོངས་བསྒྲལ། འོད་ཟེར་སླར་བསྡུས་ནས་རྒྱ་གྲམ་དང་ཟླ་དཀྱིལ་དང་དུ་ནག་པོ་ལ་ཕོག་པས་དུ་བསྲེག་ཏེ་འོད་ཀྱི་རང་བཞིན་ཧ་ཡིག་ཏུ་གྱུར་པ་ལས་ཡེ་ཤེས་ཀྱི་འོད་ཟེར་འབར་བས་དམྱལ་བའི་སྐྱེ་གནས་བཅོམ། རིགས་ལྔ་ཡབ་ཡུམ་དང་ཁྱད་པར་དོན་གྲུབ་ཡབ་ཡུམ་མཉེས། འགྲོ་བ་རིགས་ལྔ་དང་ཁྱད་པར་དམྱལ་བའི་གནས་སྟོང་། རིགས་ལྔ་དང་ཁྱད་པར་ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་། ཡེ་ཤེས་ལྔ་དང་ཁྱད་པར་བྱ་བ་ནན་ཏན་གྱི་ཡེ་ཤེས་གྲུབ། དེའི་རྟགས་སུ་རྒྱ་གྲམ་ཧཱ་དང་


MR21_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལས་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་སྐུར་གྱུར་པ་ནི་འབྲས་བུ་གྲུབ་པ་སྟེ། དེ་ནས་དོན་གྲུབ་ཡབ་ཡུམ་འོད་དུ་ཞུ་སྟེ་ལྟེ་བའི་སྭཱ་ལ་ཐིམ། དེས་གསང་གནས་མན་ཆད་ཀྱི་གནས་སྟོང་པར་གནས་ཙ་ན་ཕྱིས་དམྱལ་བར་མི་སྐྱེ་བའི་ཕྱིར་སྔགས་བརྗོད་ཅིང་སྒོ་དགག་གོ། དེ་བཞིན་དུ་ལྟེ་བར་རིན་ཆེན་དང་སྭཱ་ལས་ཡི་དྭགས་ཀྱི་གནས་སྦྱངས། སྙིང་གར་རྡོ་རྗེ་ཧཱུྃ་ལས་བྱོལ་སོང་གི་གནས་སྦྱངས། མགྲིན་པར་པདྨ་ཨཱ་ལས་མིའི་གནས་སྦྱངས། སྤྱི་བོར་འཁོར་ལོ་ཨོཾ་ལས་ལྷའི་གནས་སྦྱངས་ཏེ་འཕྲོ་འདུའི་སྐབས་སུ་སོ་སོའི་གནས་གཞོམ་པ་དང་མཉེས་པ་སྟོང་པ་སོགས་སོ་སོའི་རིགས་སུ་སྦྱར་ཏེ། དེ་ལྟར་རིགས་ལྔ་ཡབ་ཡུམ་ཆོ་ག་རྣམ་པ་གསུམ་གྱི་འཕྲོ་འདུས་གནས་འབྱོངས་པ་དང་ཏིང་འཛིན་མངོན་སུམ་དུ་གསལ་ཞིང་བརྟན་པར་གྱུར་ནས་ཏིང་ངེ་འཛིན་ཁོ་ནས་སྒྲོལ་བར་གྱུར་ན་ལེགས་ཤིང་། དེ་ལྟར་མ་སྒྲོལ་ན་ཡང་རྒྱུ་དེ་ལ་མྱོས་ཆང་བླུད་ལ་ཡང་དག་གི་སྲུང་མ་བཞི་ལ་ཕུད་བཏང་། རྡོ་རྗེ་སློབ་དཔོན་གྱི་དགོངས་པ་བསྲངས། གིང་གིས་རྒྱུ་ཤུགས་སྒྲོལ་གྱི་སྔགས་གོང་དུ་བསྙེན་པ་བྱས་པ་དེ་བཏབ་ལ་བསྒྲལ་ལོ། །དེ་ལྟར་མ་སྒྲོལ་ན་ཡང་རྒྱུའི་རྣ་ལམ་དུ་ངན་སོང་སྦྱོང་བའི་སྙིང་པོ་བཟླས། འབྱུང་ལྔ་རང་བཞིན་མེད་པའི་ཆོས་


MR21_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དང་མཉམ་ཉིད་ཀྱི་ལྟ་བ་ཟབ་མོའི་ཚིག་གཅིག་རྣ་བར་བརྗོད་ལ། སློབ་དཔོན་གྱིས་སྦྱོར་གིང་ལ་དབང་གཉིས་དང་སྒྲོལ་གིང་ལ་དབང་ལྔ་བསྐུར་ཞིང་རལ་གྲི་ལ་ལམ་རྒྱུད་ལྔ་བཅད་པའི་སྔགས་བཟླས་ཏེ་གིང་ལ་གཏད་ནས་སྒྲོལ་བར་བསྐུལ་ཞིང་། གིང་གིས་འགྲེང་ཞིང་རྡོ་རྗེ་ཁུ་ཚུར་དཀུ་གཡས་གཡོན་ཏུ་བསྟེན་ཕྱོགས་བཅུར་བལྟ་ཞིང་ཧཱུྃ། དུར་ཁྲོད་ཆེན་པོ་གདུལ་བ་དང་སོགས་བརྗོད་ཅིང་སྡང་མིག་གིས་ཕྱོགས་བཅུར་བལྟ་ཞིང་། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཕྱིར། ཞེས་པ་ལ་སོགས་པ་བརྗོད་ཅིང་འགྱིང་བག་གི་སྟབས་ཀྱིས་ལན་གཅིག་བསྡིགས་ནས་རྒྱུ་དེ་གན་རྐྱལ་དུ་བཞག་ལ་ཁྲོ་བཅུའི་སྔགས་དང་ཕྱག་རྒྱ་བྱ་ཞིང་ཐབས་ཞགས་ནས་འབྱུང་བའི་བསྐལ་པ་མེ་ལྟར་འབར་བའི་ཞེས་སོགས་ཀྱིས་སྟངས་སྟབས་ཟིལ་གནོན་གྱིས་སྒྲིབ་པ་སྦྱངས་ཤིང་དགྲ་བགེགས་འདུལ་སྦྱོངས་བྱས་ལ། དེ་ནས་ཀུན་གྱིས་གཅིག་དྲིལ་དུ། ཧཱུྃ། མི་འགྱུར་ནམ་མཁའི་རང་བཞིན་ལ། །ཞེས་སོགས་བརྗོད་ཅིང་པྲ་ཝེ་ཤ་ཡ་ཕཊ་ཅེས་སྒོ་དབྱེ་ཞིང་ལག་གཡས་སོར་མོ་ལྔ་ཟླ་བའི་དལ་རེའི་སྟེང་ན་དཔའ་བོ་འབྲུ་ལྔ་འོད་ཟེར་ཁ་དོག་ལྔ་དང་ལྡན་པས་རྒྱུའི་ཙིཏྟ་ནས་བཟུང་སྟེ་ཕྱུང་ཙམ་ན་ཙིཏྟའི་ནང་ན་ཡི་གེ་


MR21_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་དུད་ཁ་བཅས་པ་ཕྱུངས་ཏེ་དུག་གསུམ་རྩད་བཅད། ཁམས་གསུམ་གནས་ནས་དྲངས་པར་བསམ་པའི་གིང་གི་དགོངས་ཉམས་དང་སྦྱར་ཏེ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་བནྡྷའི་ནང་དུ་བཅུག་པའི་སྲོག་རྩ་ཞལ་དུ་གཞིབས་པས་ཙིཏྟའི་དཀྱིལ་ན་སེམས་ཀྱི་རང་བཞིན་ཏི་དུད་ཁར་གནས་པ་དེ་རང་གི་ཐུགས་ཀའི་ཧཱུྃ་གི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྲེག་སྟེ་ཧཱུྃ་དཀར་པོ་གཅིག་ཏུ་གྱུར་པར་བསམས་ལ། དབུགས་འཕར་ཞིང་ཤ་མ་གྲང་གི་བར་དེར་ཀུན་དགོངས་པ་གཅིག་ཏུ་དྲིལ་ནས་དེ་ལྟར་བྱའོ། །དེ་ནས་ཧཱུྃ་དེ་རང་གི་ཧཱུྃ་ལ་བསྟིམས་པས་ཚེའི་མཐུད་མར་བྱིན་གྱིས་བརླབས། དེ་ནས་ཐུགས་ཀའི་ཧཱུྃ་ལས་སླར་ཧཱུྃ་དེ་ཧཱུྃ་ཞེས་པའི་གདངས་ཀྱིས་སྣའི་རྩེ་མོར་དྲངས་ཏེ། དེ་ཉིད་འཕྲོས་འདུས་ལས་རྡོ་རྗེ་དེ་འཕྲོས་འདུས་ནས་སྔགས་བརྗོད་ཅིང་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་གཡོན་དྲིལ་བུ་བསྣམས་པ་གཅིག་བནྡྷ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་ཟླ་དཀྱིལ་ལ་བཞུགས་སུ་གསོལ་ཏེ། དེ་ནས་ཡྃ་ལས་རླུང་དཀྱིལ་དུ་གྱུར་པས་བཏེགས་ནས་སྟོང་ཚིག་གི་གསལ་འདེབས་དང་བཅས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་འོག་མིན་གྱི་གནས་ན་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བཞུགས་པའི་ཡབ་ཡུམ་


MR21_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཟུང་དུ་འབྲེལ་བའི་སྦྱོར་མཚམས་ཀྱི་མཁའ་ལ་བསྟིམས་ནས་དེ་བཞིན་གཤེགས་པའི་སྲས་སུ་བསྐྱེད་དེ་བཞག་གོ། དེ་ལྟར་རྣལ་འབྱོར་པའི་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེའི་སྒོ་ནས་གནས་སྤོར་བའི་སྤྱོད་པ་ཟབ་མོ་སྤྱད་པའི་ཚེ་ནའང་སྔོན་རྣལ་འབྱོར་གྱི་ཆོས་སྤྱོད་ཅིང་དམ་ཚིག་འདི་ལྟ་བུ་དང་དུ་བླང་བ་ལས་གྲུབ་པའི་བདེ་བར་གཤེགས་པ་དང་གྲུབ་པའི་རིག་འཛིན་རྣམས་ཀྱིས་སུ་ཞིག་རྣམ་ཐར་འདི་ལ་ཞུགས་པ་ལ་གྲོགས་བྱ་བར་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལགས་པས་འདིར་གཤེགས་ནས་སེམས་ཅན་ཆེན་པོ་འདི་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་མྱང་འདས་ཀྱི་སྐམ་སར་གནས་སྤར་བའི་ལས་མཛད་དུ་གསོལ་ཞེས་ཐུགས་དམ་བསྐུལ་བར་བྱ་ཞིང་། དེ་ལྟར་ཐུགས་དམ་བསྐུལ་བའི་རང་བཞིན་ཅན་གྱི་དབྱིངས་ནས་བདེར་གཤེགས་འཁོར་བཅས་ཀུན་སེམས་ཅན་དེའི་དོན་དུ་འདུས་པས་ན། རྣལ་འབྱོར་པར་མ་ཟད་བདེར་གཤེགས་འཁོར་དང་བཅས་པ་དེས་ཀྱང་བསྒྲལ་བྱ་དེ་འཁོར་བ་ལས་བསྒྲལ་ནས་མྱང་འདས་སུ་སྤྲོ༷་བའམ་གནས་སྤོར་བའི་ལས་རྣམས་བྱེད་པས་ན་དེ་དག་གི་མཐུ་བྱིན་ལ་བརྟེན་ནས་ལྷག་པར་ཡང་གནས་སྤོར་ནུས་སོ། །ཡང་ན་བསྐུལ་བའི་རང་བཞིན་


MR21_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མན་ཆད་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཕྲོ་འདུ་དང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཕུང་པོ་ཙམ་ཡང་མི་སྣང་བར་སྦྱངས་པའི་ཕྲིན་ལས་ལ་མར་སྦྱར་ན། རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཐུགས་དམ་བསྐུལ་བའི་མཐུས་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ཁྲག་འཐུང་གི་ལྷ་ཚོགས་ཀུན་འདུས་ཤིང་བྱོན་པས་ན་འདུས་པ་དེས་ཀྱང་བསྒྲལ་བྱའི་གནས་ངན་སྦྱོང་ཞིང་རྣམ་པར་ཤེས་པ་རང་རང་གི་རིགས་སུ་བྱིན་གྱིས་བརླབས་ནས་འཁོར་བ་ནས་མྱང་འདས་སུ་གནས་སྤོར་བའི་ཕྲིན་ལས་མཛད་པ་ནི་ཕུང་པོ་མཆོད་པར་ཕུལ་བ་བྱ་སྟེ། ཙིཏྟ་སླར་ཁོག་པར་བཅུག །དཀྱིལ་འཁོར་གྱི་ཕྱོགས་བཞིར་རེས་མོས་སུ་བཞག་ལ་ཕྱོགས་བཞིར་བྲོ་ཆེན་པོ་བཞིས་སྦྱངས། མཇུག་ཏུ་ལས་མཐར་ཕྱིན་པའི་ཕྱིར་ལས་བཞིའི་བྲོས་སྦྱངས། དེ་ནས་གིང་གིས་བཤགས་སྦྱངས་དང་སྨོན་ལམ་བརྗོད་དོ། །ཀརྨས་ཨོཾ་ཤྲཱི་ཤ་རུ་སོགས་སྔགས་རིང་བརྗོད་ལ་སྙིང་གཤགས་ལ་བདུད་རྩིས་བཀྲུས་པའི་སྙིང་ཁྲག་བནྡྷ་དང་དཔལ་ཁྲག་འཐུང་གི་ལྷ་ཚོགས་དང་ཡང་དག་གི་སྲུང་མ་བཞི་ལ་བསྟོད་བསྐུལ་བྱས་ཏེ་བཏང་། དེ་ནས་རྒྱལ་པོ་རྒྱལ་ཐེབས་ཀྱིས་ཙིཏྟ་བནྡྷར་བཅུག་སྟེ་མཆོད་པ་དང་སྨོན་ལམ་རྣམས་རྒྱས་པར་བྱ་བའི་སྒོ་ནས་བསྒྲལ་བྱའི་ཕུང་


MR21_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དངོས་པོ་དག་ཀྱང་མཆོད་པའི་རྫས་སུ་བསྔོ་བར་བྱ་སྟེ། དཀྱིལ་འཁོར་དུ་མཆོད་རྫས་སུ་དགྲམ་པ་དང་སྒྲུབ་པ་པོ་རྣམས་ཀྱིས་སྤྱད་ཅིང་བཟའ་བར་བྱའོ། །དེ་ལྟར་མཉམ་པ་ཉིད་གདེངས་སུ་གྱུར་ཅིང་སྒྱུ་མའི་རྟེན་འབྲེལ་ལ་བློ་གནད་དུ་ཚུད་པའི་ཤེས་རབ་མཚུངས་པ་མེད་པ་དང་ཤིན་ཏུ་གདུལ་དཀའི་འགྲོ་བ་ལ་ལྷག་པར་བརྩེ་བའི་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པའི་ཀུན་ནས་བསླངས་ཏེ། དངོས་གཞི་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འཆར་དུ་རུང་བའི་ཚུལ་མཁྱེན་པའི་ཤེས་རབ་ཀྱིས་ཟིན་ཅིང་དོན་ལ་གནད་དུ་འབྱོར་བའི་ཏིང་ངེ་འཛིན་གྱིས་ཇི་ལྟར་དམིགས་ཤིང་སྦྱར་བ་ལྟར་ལས་སུ་རུང་བའི་མཐུ་དང་སྔགས་ཀྱི་ཐབས་མཁས་ཟབ་མོ་སྟོབས་སུ་གྱུར་པས་ན། གདུལ་བྱའི་ལས་ངན་རྒྱུན་གཅོད་པར་ངེས་པའི་རྟོགས་པ་གདེངས་སུ་གྱུར་པའི་སྒོ་ནས་བསྒྲལ་བས་འབྲས་བུ་འཚེང་བ་གསུམ་ལྡན་དུ་གྲུབ་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཀུན་གྱི་ཟབ་མོ་མཐར་ཐུག་པ་ཡིན་པས། དུས་ལ་བབས་ཀྱང་དང་དུ་མ་བླང་ན་སྔགས་ཀྱི་དམ་ཚིག་ཉམས་གདུལ་བྱའི་ལས་ངན་རྒྱུན་མི་ཆོད་བདག་གི་དངོས་གྲུབ་མི་འགྲུབ་པ་སོགས་སྐྱོན་ཡོད་ལ། ཚུལ་བཞིན་དང་དུ་བླང་པས་ལྷ་མཆོག་ཏུ་མཉེས་ཤིང་དངོས་གྲུབ་ཆེན་


MR21_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མྱུར་དུ་ཐོབ། གདུལ་བྱའི་ལས་ངན་རྒྱུན་ཆོད། ཡ་མཚན་ཆེན་པོ་སྔགས་ཀྱི་གྲུབ་པའི་བརྟུལ་ཞུགས་ཐམས་ཅད་ལ་དབང་འབྱོར་བར་འགྱུར་བས་ཕན་ཡོན་མཐའ་ཡས་སོ། །གཉིས་པ་སྒྲུབ་པ་ཆེན་པོས་དངོས་གྲུབ་བླང་བར་བྱ་བ་ལ། དངོས་གྲུབ་ཀྱི་མཚན་མ་བརྟགས་པ། དེས་ནས་སྒྲུབ་ཆེན་བརྩམ་པ། གྲུབ་ནས་དངོས་གྲུབ་བླང་བ་གསུམ། དང་པོ་ལ། སྐྱོན་ཡོན་གྱི་མཚན་མ་མི་རྟོག་པའི་ཟིལ་གྱིས་མནན་པ། བླང་དོར་མ་འདྲེས་པར་བརྟགས་པ་གཉིས། དང་པོ་ལ་བགེགས་ལ་འཇིགས་པ་མེད་པར་བཟློག་པ། ལྷ་ལ་དགའ་བྲོད་མེད་པར་བྱ་བ་གཉིས།དང་པོ། བར་ཆད་བྱེད་པའི་བགེགས་ཆེན་ཡང་། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །ཅེས་པས། ནོར་ཅན་ལ་དགྲ་ལྡང་བ་ལྟར་དངོས་གྲུབ་ཐོབ་པ་ལ་བར་ཆད་བྱེད་པའི་བགེགས་ཆེན་པོ་གང་དག་འབྱུང་བ་ཡང་སྐྱེ་མེད་ཀྱི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དཔལ་ཆེན་པོའི་ཏིང་འཛིན་གསལ་ལ་མི་གཡོ་བའི་གདིངས་ཀྱི་འཇིགས་པ་མེད་པའི་སེམས་སུ་གནས་པས་ཉིད་ཀྱིས་ཅི་རིགས་སུ་བཟློ༷ག་པར་བྱ་ཞིང་། ཁྱད་པར་དུ་བསྙེན་པ་ནས་དངོས་གྲུབ་ཐོབ་ཀྱི་བར་དུ་གླགས་བལྟ་བའི་བགེགས་ཆེན་པོ་དྲུག་སྟེ་ཉི་ཤར་ཉིན་ཕྱེད་དགུང་མོ་གསུམ་དང་སྲོད་དང་མཚན་ཕྱེད་ཐོ་རེངས་


MR21_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། དུས་དྲུག་ཏུ་རྒྱུ་བའི་ཉུལ་ལེ་མ་དྲུག་ལ་རང་རང་གི་འདུལ་སྐལ་གཉེན་པོའི་ཕོ་ཉ་བསྐུལ་བས་བཟློག་ཅིང་། ཚབ་ཆེ་བ་ལ་དཔལ་ཆེན་པོའི་སྐུའི་གནས་བརྒྱད་ཀྱི་ཧ་བརྒྱད་ལས་ཀཽ་རི་མ་བརྒྱད་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་ལ། དགྲ་བགེགས་འདུལ་བའི་གཉེན་པོར་རྦད་དེ་བཏང་ཟོར་བརྒྱད་བཅས་ལ་དེས་བཟློག་པར་བྱ་སྟེ། དགྲ་བགེགས་གང་ཡང་དེས་འདུལ་ཏེ་མན་ངག་ལས་ཤེས་པར་བྱའོ། །གཉིས་པ། དངོས་གྲུབ་སྦྱིན་པའི་གཟུགས་ཅན་ཡང་། །རེ་དང་དོགས་དང་དགའ་བ་ཡི། །ངན་པའི་དོན་གྱི་སེམས་མི་དབྱུང་། །ཞེས་པས། དངོས་གྲུབ་སྦྱིན་པར་མཛད་པའི་ཡེ་ཤེས་ལྷའི་གཟུགས་ཅན་ནམ་མཚན་མ་བྱུང་བ་ལ་ཡང་དངོས་གྲུབ་ཐོབ་པ་ཡིན་ནོ་སྙམ་དུ་རེ་བ་དང་མི་ཐོབ་པར་བར་ཆད་དུ་དོགས་པ་དང་ཐོབ་པར་འགྱུར་རམ་སྙམ་དུ་དགའ་བ་ཡི་སེམས་དང་། གཞན་ཡང་ཐེ་ཚོམ་ལ་སོགས་པ་རྣམ་རྟོག་དུ་མ་སྐྱེ་བ་ནི་དངོས་གྲུབ་ལ་བར་ཆད་དུ་བྱེད་སྲིད་པས་ངན་པའི་དོན་ཅན་གྱི་སེམས་ཡིན་པས་དེ་ལྟ་བུ་མི་དབྱུང་བའམ་མི་བསྐྱེད་པར་བྱ་སྟེ། མཉམ་ཉིད་ཀྱི་ལྟ་བ་དང་སྒྱུ་མ་ལྟ་བུའི་རྟེན་འབྲེལ་གྱི་བློ་གདེངས་ལ་བརྟེན་ནས་རེ་དོགས་ཐམས་ཅད་ཟིལ་གྱིས་མནན་པར་བྱས་ན་དངོས་གྲུབ་གོད་ཟག་


MR21_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐོབ་བོ། །གཉིས་པ། ཕན་གནོད་བྱེད་པ་རྣམ་གཉིས་པོ། །གཟུགས་དང་སྒྲ་དང་དྲི་དང་ནི། །རྣམ་པ་གསུམ་པོར་བྱུང་བ་ན། །དོགས་དང་བཅས་པའི་སེམས་སྤངས་ཏེ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ཉམས་ཀྱི་ཕྱག་རྒྱས་རང་དོན་སང་། །གལ་ཏེ་འབྱུང་པོ་མནན་པར་བྱ། །ཞེས་གསུངས་ཏེ། ཕན་བྱེད་ཀྱི་ལྷ་དང་གནོད་པར་བྱེད་ལ་བགེགས་རྣམ་པ་གཉིས་པོ་གང་ཡིན་མ་ངེས་པའི་མཚན་མ་དག་ནི་འདི་ལྟར་གཟུགས་སུ་སྣང་བ་དང་སྒྲ་རུ་གྲགས་པ་དང་དྲི་བསྣམ་པ་དང་ནི་རྣམ་པ་གསུམ་པོར་བསྟན་ཏེ་བྱུང་བ་ན། ལྷ་ཡིན་པར་ཆགས་པ་དང་བགེགས་སུ་དོགས་པ་དང་བཅས་པའི་སེམས་སྤང་བར་བྱ་སྟེ། འདི་ལྟར་ལྷ་ཡིན་ཀྱང་སྔགས་ཀྱི་མཐུས་འོང་བ་ཆོས་ཉིད་ཡིན་པས་ངོ་མཚར་མེད་ཅིང་། བགེགས་ཡིན་ཀྱང་སྔགས་བསྒྲུབ་པ་ལ་འབྱུང་སྲིད་མོད། གཉིས་ཀ་དོན་དུ་མ་གྲུབ་པར་མཉམ་ལ། རྟེན་འབྲེལ་ཙམ་དུ་སྔགས་ཚུལ་བཞིན་བསྒྲུབ་པ་ལ་ལྷའང་ངེས་པར་འོངས་ཤིང་བགེགས་ཀྱིས་མི་ཚུགས་པར་ཤེས་ནས་རེ་དོགས་ཡང་མི་བསྐྱེད་པར་ལྷ་དང་བགེགས་ཀྱི་མཚན་མ་གང་ཡིན་པ་ཐབས་དང་བློ་གྲོས་ཀྱིས་ཚུལ་བཞིན་བྱེ་བྲག་མ་ནོར་བ་ཉིད་དུ་ནི་ཤེས་པར་བྱ་དགོས་ཤིང་། དེ་ཡང་ཕྱིའི་མཚན་མ་ཁོ་ན་ལ་གཙོ་བོར་མི་འདོན་པར་རྣལ་


MR21_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ནང་གི་ཉམས་ཟབ་མོ་ཉིད་ཀྱི་ཕྱག་རྒྱ་སྟེ་མི་འཆུགས་པར་བྱ་བའི་རྒྱས་རང་གི་བསྒྲུབ་བྱའི་དོན་གྲུབ་བམ་མ་གྲུབ་སད་པར་བྱས་ནས་ངོས་ཟིན་པར་བྱའོ། །དེ་ལ་ཉམས་ཀྱི་དྲོད་ཚད་ནི་རྣལ་འབྱོར་པ་རྣམས་གཉིད་དབང་དུ་གྱུར་ཅིང་ཉམས་ཐིབ་ཐིབ་བྱེད་པ་ན་སྲིན་པོ་འབུམ་སྣའི་བུ་མོ་འོང་བ་ཡིན་པས་དེའི་གཉེན་པོ་བར་སྣང་ལ་བཟློག །དཀྱིལ་འཁོར་བྱིན་མེད་ཅིང་སང་སང་པོར་སོང་ན་ནུབ་བྱང་མཚམས་ཀྱི་སེར་སྐྱ་འོང་བའི་སྔ་ལྟས་ཡིན་ལ། ཁྲོ་ཞིང་འཚིག་པ་གཟའི་བུ་མོའི་ལྟས་དང་སྒྲུབ་པ་ཉམས་ཆུང་ཞིང་བྱིང་བྱིང་བྱེད་ན་ས་འོག་ནས་དམ་སྲི་མནའ་ཟན་འོང་བའི་ལྟས་དང་། སྙིང་མི་དགའ་ཞིང་སྒོར་འགྲོར་འདོད་ན་ཚངས་པའི་བུ་མོའི་ལྟས་ཡིན་ཅིང་། སྒྲུབ་པའི་གཞུང་ལ་བབ་དུས་ནད་དྲག་པོས་བཏབ་པའམ་སྙིང་འཆུ་ཞིང་ན་ན་ཀླུ་ཡིན་པས་དེ་དག་སོ་སོའི་གཉེན་པོ་བསྐུལ་ལ་བཟློག །གཞན་ཡང་གཟུགས་བཟང་ཞིང་སྡུག་པར་སྟོན་ལ་སྒྲ་སྙན་པར་སྨྲ་ཡང་སྙིང་མི་དགའ་ལ་སེམས་རྒྱུག་ཅིང་ཐིབ་ཐིབ་འདྲ་ན་བགེགས་ཡིན་ལ། གཟུགས་མི་སྡུག་པ་སོགས་ཅིར་སྣང་ཡང་དཀྱིལ་འཁོར་བྱིན་སྡུག་ལ་སེམས་གསལ་ཞིང་ཉམས་དགའ་ན་ལྷའི་བྱིན་ཆེན་པོ་ཕེབས་པའི་རྟགས་ཡིན་པས། གང་ལྟར་སྣང་ཡང་


MR21_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཏིང་འཛིན་གྱི་དྲོད་ཚད་ལ་བརྟགས་པས་ཏིང་འཛིན་གསལ་བ་སོགས་སྒྲུབ་པའི་དཔལ་འཕེལ་ན་དངོས་གྲུབ་ཀྱི་མཚན་མར་བཟུང་ཞིང་ལྡོག་ན་གཞན་དུ་བལྟའོ། །དེ་ཡང་བསྙེན་སྒྲུབ་གཞུང་བསྲང་བས་སྐུ་ཡི་རྟགས་ལྷ་ཞལ་མཐོང་བ་ངག་ལ་ནུས་པ་འབྱུང་བ་གསུང་གི་རྟགས་སུ་རཀྟ་ཁོལ་བ། ཐུགས་ཆོས་ཉིད་ཀྱི་དགོངས་པ་གྲུབ་པའི་རྟགས་སུ་མར་མེ་རང་འབར་དང་མི་འཆི་བ་སོགས་གསལ་པོར་བྱུང་ན་རྡོ་རྗེ་བསྡམ་པ་ལས་གུང་མོ་གཉིས་གཤིབ་སྟེ་བསྒྲེང་། མཛུབ་མོ་གཡས་པ་ལྕགས་ཀྱུ་ལྟར་བྱས་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་བདག་རི་རབ་ཀྱི་སྟེང་ལྷ་དབང་བརྒྱ་བྱིན་གྱི་གནས་སུ་ཕྱིན་པར་བྱ་སྙམ་ལ་མཛུབ་མོ་བསྒྲེང་བས་དེར་ཕྱིན་པ་དང་། སླར་བདག་ཉིད་ཀྱི་གནས་སུ་འགྲོ་སྙམ་དུ་མཛུབ་མོ་བཀུག་པས་རང་གནས་སུ་ཕྱིན་ན་དངོས་གྲུབ་གྲུབ་པས་རང་དོན་གྲུབ་པ་ཡིན་པར་ཤེས་པ་དེ་ལྟ་བུའི་མཚོན་ནས་མཚན་མ་རབ་འབྲིང་ཐ་མ་གང་བྱུང་ཀྱང་ནང་གི་དྲོད་ཚད་དང་ཕྱག་རྒྱ་བཅས་བ་སོགས་ཀྱི་སྒོ་ནས་རང་དོན་གྲུབ་པའམ་རང་ལ་ཕན་པའི་དངོས་པོར་གྲུབ་མ་གྲུབ་ཉམས་སད་པར་བྱས་ནས། གལ་ཏེ་རང་དོན་མ་གྲུབ་པར་བགེགས་ཀྱི་མཚན་མ་ཡིན་ན་ནི་བར་དུ་གཅོད་པའི་འབྱུང་པོ་དེ་དག་ལིངྒ་ལ་ཡེ་ཤེས་ཀྱི་ཕོ་ཉ་དང་


MR21_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལས་གྲུབ་པའི་ཕོ་ཉ་དང་རང་གི་སྲུང་མ་སོགས་རང་དང་འབྲེལ་བའི་ཕོ་ཉ་སྟེ་ཕོ་ཉ་གསུམ་བཀྱེས་ལ་དགུག་བསྟིམ་དྲག་ཏུ་བྱ་ཞིང་། གནས་བདུན་དུ་ཕུར་པ་བཏབ།འདུལ་སྦྱོང་དྲག་པོའི་བྲོས་གཟིར་ཞིང་ཐོད་པར་བྲུབ་ལ་ཁྲོ་བོ་རྣམས་ཀྱི་སྤྱི་བོ་བསྡུས་པའི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་རྒྱ་གྲམ་ལྗང་གུ་མེ་ལྕེའི་ཕྲེང་བས་བསྐོར་བའི་དབུས་སུ་ཡི་གེ་སུ་སེར་པོ་ལས་གསེར་གྱི་རི་རབ་དཔག་ཚད་བྱེ་བ་གྲུ་བཞི་པ་གཅིག་གི་སྟེང་དུ་དོན་ཡོད་གྲུབ་པ་འཁོར་བཅས་ཀྱི་ཕོ་བྲང་བཏབ་པས་ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གཟིར་ཞིང་མི་གཡོ་བར་གདབ་པས་བསྐལ་པའི་མཐའི་བར་དུ་མནན་པར་བསམས་ལ་ཕྲིན་ལས་བཞིའི་བྲོས་གཟིར་གནོན་བྱའོ། །གཉིས་པ་སྒྲུབ་པ་ཆེན་པོ་བརྩམ་པ། སྟོན་པས་བསྟན་པའི་ལུང་བཞིན་དུ། །ཞག་གྲངས་དུས་ནི་བརྟག་པའམ། །མཚན་མ་བརྟན་པོར་བྱུང་བ་ན། །སྒྲུབ་པ་ཆེན་པོར་བརྩམ་པར་བྱ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། །ཅེས་གསུངས་ཏེ་རྡོ་རྗེ་སེམས་དཔའ་མཆོག་གི་སྟོན་པས་བསྟན་པའི་ལུང་ཧེ་རུ་ཀའི་གལྤོ་ལ་སོགས་པ་ལས་ལས་དང་པོ་པ་དང་ནུས་པ་རྙེད་པ་དང་མཚན་མ་མཐོང་བའི་རྣལ་འབྱོར་གསུམ་གྱི་དགོངས་པའི་དུས་དང་གྲངས་དང་མཚན་མའི་བསྙེན་


MR21_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་གསུམ་བྱ་བར་གསུང་བ་ལ་སོགས་པ་བཞིན་དུ། ཞག་ཇི་ཙམ་ཞིག་ཏུ་བསྙེན་པར་གསུང་བའི་དུས་ཀྱི་ཚད་དམ་གྲངས་འདི་ཙམ་ཞིག་དག་གིས་བསྙེན་པ་རྫོགས་སོ་ཞེས་གསུང་པའི་དུས་ནི་བརྟག་སྟེ་དེ་ལྟར་གྲུབ་པ་ན་དངོས་གྲུབ་ལེན་པའམ། དུས་ཡུན་རིང་ཐུང་ལ་མ་ལྟོས་པར་དངོས་གྲུབ་གྲུབ་པའི་མཚན་མ་བརྟན་པོ་སྟེ་མ་ངེས་པའི་རྟགས་ཙམ་མིན་པར་ངེས་པར་བྱུང་བ་ན་གྲོགས་རིགས་ངན་གྱི་བུ་མོ་གཞོན་ནུ་མཚན་ལྡན་གཉིས་དང་བཅས་པས་དངོས་གྲུབ་སྒྲུབ་པའི་ཆོ་གའམ་སྒྲུབ་པ་ཆེན་པོ་ཕྱི་ནང་གསང་བའི་ཚུལ་དུ་ཚུལ་བཞིན་བརྩམ་པར་བྱའོ། །དེ་ཡང་དུས་ནི་རྡོ་རྗེ་བསྒྲུབ་པའི་ཞག་གྲངས་ཚངས་པའམ་རྟགས་བྱུང་ནས་དངོས་གྲུབ་ལེན་པར་འོས་པའི་ཞག་དེ་ནི་རྡོ་རྗེ་དངོས་གྲུབ་བསྒྲུབ་པའི་ཞག་ཡིན་ལ། ཞག་དེའི་ཉི་མ་ནུབ་ཅིང་དམར་ཐག་ཆད་ནས་ནི་བརྩམ་སྟེ་སྐྱ་རེངས་འཆར་བའི་བར་གྱི་མཚན་མའི་ཐུན་དེ་དག་ཏུ་དངོས་གྲུབ་བསྒྲུབ་པར་བྱ་བ་ནི་ཕྱི་ལྟར་དང་། ནང་ལྟར་ན་གཟུངས་མའི་ལུས་ཀྱི་ཟླ་མཚན་གྱི་ཁྲག་ཆད་ནས་ནང་དུ་དྲོད་གཡོ་ཤིང་པདྨའི་ཟེའུ་འབྲུ་རྒྱས་པ་ལ་རྡོ་རྗེ་ཉི་མ་ནུབ་ཅེས་བྱ་ལ། ཡབ་ཀྱི་ལུས་སྟོབས་དང་ལྡན་པ་རྡོ་རྗེ་རིན་ཆེན་རྒྱས་ཏེ་ཁུ་བ་འདོན་ནུས་པ་སྐྱ་རེངས་འཆར་བ་ཞེས་བྱ་སྟེ། དེ་


MR21_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་བར་རམ་ཡུན་དུ་སྦྱོར་བའི་སྒོ་ནས་དངོས་གྲུབ་མཆོག་བླང་བར་བྱའོ། །ཞེས་དང་། གསང་བར་རྡོ་རྗེ་རྣལ་འབྱོར་པ་རྣམས་ཀྱི་ཉོན་མོངས་རྒྱུན་ཆད་དེ་ཉི་མ་ནུབ་པ་ལྟར་ལ་སྐུ་དང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་ཉམས་རྙེད་པ་ལ་སྐྱ་རེངས་འཆར་ཞེས་བྱ་བའོ། །དེ་ཡང་སྒྲུབ་ཆེན་བརྩམ་པའི་ཚུལ་ནི་དཀྱིལ་འཁོར་དང་ཟླ་གམ་ཞལ་བསྒྱུར་བ་སོགས་བྱས་ཤིང་མཚམས་བཅད་ལ་མ་ཏྲཾ་མནན། གཞལ་ཡས་ཁང་གསལ་བཏབ་པ་དེར་བནྡྷ་རྣམས་ཞལ་བསྒྱུར་ཏེ། བདེ་ཆེན་དབྱིངས་ནས་ཁྲག་འཐུང་སྐུར་བཞེངས་ཏེ་སོགས་ཀྱིས་ལྷ་རྣམས་སོ་སོར་བསྐུལ་ཞིང་གསོལ་བ་གདབ་ལ་གསར་དུ་བཤམས་པའི་དངོས་གྲུབ་ཀྱི་རྫས་ཀྱང་ཅི་རིགས་འདུ་བྱས་ནས། རྒྱལ་ཐེབས་ཀྱི་དཔུང་གཟུགས་ཀརྨས་ལས་གཞུང་བསྲང་རྡོ་རྗེ་རྒྱལ་པོས་སྒྲུབ་པ་ཆེན་པོའི་མན་ངག་བསྒྲུབ་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷའི་འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི་དྭངས་བཅུད་འགུགས་བསྟིམ་ཚུལ་བཞིན་བྱས་ནས་བཟླས་པ་ཚུལ་བཞིན་བྱའོ། །དེ་ལ་གཞུང་གཞན་ནའང་སྲོད་ལ་འཕྲོ་འདུ་ལམ་དུ་བྱས་ཏེ་ལྷ་ལས་དངོས་གྲུབ་བླང་བ་དང་ནམ་གུང་སྒྲོལ་བ་ལམ་དུ་བྱས་ཏེ་དགྲ་ལས་དངོས་གྲུབ་བླང་བ་དང་ཐོ་རངས་སྦྱོར་བ་ལམ་དུ་བྱས་ཏེ་རིག་མ་ལས་དངོས་


MR21_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླང་བ་དང་གསུམ་གྱིས་གྲུབ་པ་རྣམ་གཉིས་ཅི་རིགས་ཐོབ་པར་གསུངས་པ་བཞིན་དུའང་ཤེས་པར་བྱའོ། །དེ་ལ་སྦྱོར་སྒྲོལ་ནི་གོང་དུ་བསྟན་པ་བཞིན་ཏེ་ཁྱད་པར་དུ་སྦྱོར་བའི་སྒོ་ནས་དངོས་གྲུབ་ལེན་པ་སྐབས་འདིར་གསུངས་སོ། །གསུམ་པ། རྫས་ལ་ཧཱུྃ་དབྱངས་བསྟོད་མཆོད་ཀྱིས། །དངོས་གྲུབ་བསྡུས་ཏེ་སྐུ་གསུང་ཐུགས། །ཐོབ་དང་བྱིན་རླབས་དབང་བསྐུར་བྱ། །ཞེས་གསུངས་ཏེ། དེ་ལ་དངོས་གྲུབ་ལེན་པའི་ཆོ་ག་དངོས་ནི་ཚུལ་བཞིན་སྦྱོར་བའི་བྱང་ཆུབ་སེམས་བདུད་རྩི་ལྔར་སྒྲུབ་པ་དང་བསྲེས་པ་དང་ཁྲག་ཆེན་པོ་ཆོལ་ཟངས་བཀང་བ་གཉིས་གཡས་གཡོན་དུ་བསྒྲེང་ལ་ཁྲོ་དཀྱིལ་བསྐྱེད་ཅིང་སྤྱན་འདྲེན་བསྙེན་མཆོད་ཡན་ཆད་རྫོགས་ནས་ཧཱུྃ་དང་པོ་གསུམ་གྱི་དགོངས་པས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་དངོས་གྲུབ་བསྐུལ་བ་སོགས་བྱ་སྟེ། ཐམས་ཅད་དབྱངས་མཐུན་པས་ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ལ། ཞེས་སོགས་སྤྱན་དྲངས་པའི་ཚིག་བརྗོད་ཅིང་བདག་ཉིད་ཡེ་ཤེས་ཀྱི་སྐུ་འཁོར་དང་བཅས་པར་གསལ་ལ། བནྡྷ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་རཀྟ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་དེ་ཧཱུྃ་ཞེས་བརྗོད་དེ་ལན་གཅིག་གཟེང་བས། ཕྱི་སྣོད་ཐམས་ཅད་ཟླ་གམ་དབང་གི་གཞལ་ཡས་


MR21_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བཅུད་སྐྱེ་འགྲོ་ཐམས་ཅད་དངོས་གྲུབ་ཀྱི་རྫས་སུ་གྱུར། བདེ་བར་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་ཡེ་ཤེས་ཀྱི་སྐུ་གསལ་བར་ཐོན་ཏེ་མདུན་གྱི་མཁའ་ལ་ཏིལ་གྱི་གོང་བུ་བཞིན་དུ་གཏམས་ནས་འོད་ཕུང་འདབ་འདྲེས་སུ་གསལ་ཞིང་བཀྲ་བར་བསམ་པ་ཧཱུྃ་དང་པོའི་དགོངས་པའོ། །དེ་ནས་ཧཱུྃ་བྱང་ཆུབ་སེམས་དང་མངས་བ་རཀྟ་སོགས་མཆོད་པའི་ཚིག་དང་ཧཱུྃ་ཞེས་རཀྟ་ལན་གཉིས་པ་གཟེང་བས་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་ཕུལ་བས་དགྱེས་པར་བསམ་པ་ཧཱུྃ་གཉིས་པའི་དགོངས་པའོ། །དེ་ནས་ཧཱུྃ།མཉམ་པ་དབྱིངས་ཀྱི་ཕོ་བྲང་རབ་འབྱམས་ན། །ཞེས་པ་ལ་སོགས་པ་དངོས་གྲུབ་སྩོལ་བར་གསོལ་བ་འདེབས་པའི་ཚིག་བརྗོད་ཅིང་ཧཱུྃ་ཞེས་རཀྟ་ལན་གསུམ་པ་སྦྲེང་བས་ཐུགས་དམ་གྱི་རྒྱུད་བསྐུལ་བས་གནས་འདིར་སྒྲུབ་པོ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི་ནོད་པས་དངོས་གྲུབ་སྩོལ་བའི་དུས་ལ་བབས་པའི་སྒྲ་བྱུང་བས་ཐུགས་དམ་བསྐུལ་ཏེ་དངོས་གྲུབ་བསྩལ་བའི་ཉེར་བསྡོགས་སུ་གནས་པར་བསམ་པ་ནི་ཧཱུྃ་གསུམ་པའི་དགོངས་པ་སྟེ། དེ་ལྟར་དངོས་གྲུབ་སྒྲུབ་པའི་རྫས་ལ་ཧཱུྃ་དང་པོ་གསུམ་གྱི་དགོངས་པ་དང་སྦྱར་ཏེ་གྱེར་དབྱངས་སུ་བཅས་པས་


MR21_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བསྐུལ་བ་ནི་ཐོག་མར་བྱ་བ་སྔོན་འགྲོའི་ཚུལ་ལོ། །དེ་ནས་ཧཱུྃ་བར་པ་གསུམ་གྱི་དགོངས་པ་ལ། ཧཱུྃ། བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང་། །ཞེས་སོགས་ཀྱིས་བསྟོད་པ་དང་བསྙེན་མཆོད་ཕུལ་བའི་ཚིག་བརྗོད་ཅིང་བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་མཆོད་པའི་བྱེ་བྲག་གིས་ལྷ་མཆོད་ཅིང་མཉེས་པར་བྱས་ལ་ལྷའི་ཐུགས་ཀ་ནས་འོད་ཟེར་ཚུར་འདུས་པས་བདག་གི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཀྱི་སྣོད་དུ་གྱུར་པར་བསམས་ལ། ཧཱུྃ་ཞེས་རཀྟ་ལན་གཅིག་གཟིང་བས་སླར་ཡང་མཆོད་པའི་བྱེ་བྲག་གིས་མཆོད་ཅིང་མཉེས་པར་བསམ་པ་ཧཱུྃ་བར་པའི་དང་པོའི་དགོངས་པའོ། །དེ་ནས་ཧཱུྃ། ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ ཞེས་སོགས་ལྷ་སོ་སོའི་མཆོད་པ་དང་སོ་སོའི་མཐའ་དངོས་གྲུབ་ལེན་པའི་ཚིག་བརྗོད་ཅིང་། ཧཱུྃ་ཞེས་རཀྟ་ལན་གཅིག་གཟིང་བས་ཡེ་ཤེས་ཀྱི་འོད་ཟེར་གྱི་རྩེ་ལས་ལྕགས་ཀྱུ་མང་པོ་འཕྲོས་པས་གཙོ་བོ་ཡབ་ཡུམ་ལ་སོགས་པ་གང་གི་དངོས་གྲུབ་བླང་བར་བྱ་བ་དེ་མདུན་གྱི་བནྡྷའི་རཀྟའི་འོད་ལ་བསྟིམ་པས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འོད་དུ་ཞུ་ནས་ལྟེམ་མེར་གནས་པར་བསམ་པ་ཧཱུྃ་བར་པའི་བར་མའི་དགོངས་པའོ། །དེ་ནས་ཧཱུྃ་ཞེས་རཀྟ་ལན་གཅིག་


MR21_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེང་བས་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ག་གསུམ་དུ་གསལ་ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །ཞེས་སོགས་བརྗོད་ཅིང་ཀཱ་ཡ་སིདྡྷི་ཨོཾ། ཞེས་སོགས་ཀྱིས་སྐུ་གསུང་ཐུགས་ཀྱི་ས་བོན་བདག་ལ་ཐིམ་པས་བདག་ཉིད་ལྷ་དེའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་མངོན་དུ་གྱུར་ཏེ་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ཐིག་ལེ་རོལ་པའི་སྐུ་རང་བཞིན་གཉུག་མ་དོན་གྱི་དཀྱིལ་འཁོར་དུ་གྱུར་པ་དེ་ཁོ་ན་དངོས་གྲུབ་ཐོབ་པ་ཡིན་ཏེ་ཧཱུྃ་བར་པའི་ཐ་མའི་དགོངས་པའོ། །དེ་བཞིན་ཀཽ་སིང་སྒོ་མ་ཡན་ཆད་ཀྱི་ལྷ་རེ་རེ་ལ་བསྟོད་པ་བཟླས་པ་མཆོད་པ་གསོལ་བཏབ་དངོས་གྲུབ་བླང་བ་རྣམས་བྱ་ཞིང་། དབང་ཕྱུག་མ་རྣམས་ནི་ཐུགས་ཀའི་བྷྱོ་དང་རུ་ལུར་བཅས་པ་བསྡུས་ཏེ་སྐུ་མི་བསྡུའོ། །དེ་ལྟར་ལྷ་ལ་བསྟོད་ཅིང་བསྙེན་པ་དབུལ་ལ་མཆོད་ཅིང་གསོལ་བ་གདབ་པ་བྱས་ནས་ཚུལ་དེ་ཉིད་ཀྱིས་དངོས་གྲུབ་བསྡུས་ཏེ་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་རྣམ་པས་བདག་ལ་བསྟིམ་པ་ནི་ཧཱུྃ་བར་མ་གསུམ་གྱི་དགོངས་པ་སྟེ་ལྷ་སོ་སོ་རེ་རེ་ནས་དངོས་གྲུབ་ལེན་པའི་ཚུལ་བར་དུ་བྱ་བའོ། །དེ་ནས་ཧཱུྃ། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །ཞེས་སོགས་ཀྱིས་བསྙེན་སྒྲུབ་ཀྱི་འཛབ་གྲངས་ཐམས་ཅད་ལྷ་ལ་ཕུལ་བར་བྱ་ཞིང་། དེ་ནས་སྒྲུབ་


MR21_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་བཞེངས་ལ་དལ་དུ་བཀོད་པའི་རྫས་ཐམས་ཅད་ཨ་མྲྀ་ཏའི་སྔགས་ཀྱིས་བདུད་རྩི་ཆེན་པོའི་རང་བཞིན་དུ་འདོད་ཡོན་ལྔར་བརླབས་ལ། ཨོཾ། ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་སོགས་ཀྱི་དངོས་གྲུབ་བསྐུལ་བའི་ཚིག་བརྗོད་པས་ཕྱོགས་བཅུ་ནས་སྐུ་དང་ཡེ་ཤེས་བཀྲག་མདངས་གཟི་བརྗིད་དཔལ་ཡོན་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ། དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་མེ་ཏོག་གི་ཕྲེང་བ་དོར་ལ། ཧོ་བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་སོགས་ཀྱིས་དངོས་གྲུབ་སྩོལ་བར་གསོལ་བ་གདབ། དེ་ནས་རྫས་རྣམས་ལས་དངོས་གྲུབ་བླང་བར་བྱ་སྟེ་ཐོག་མར་ཤར་ཕྱོགས་ཀྱི་བནྡྷ་ལ་གསང་མཚན་དང་དངོས་གྲུབ་གསོལ་བྱང་བྲིས་པ་དེ་དངོས་གྲུབ་བསྡུས་པའི་ཆང་ལ་རྡོ་རྗེས་དཀྲུགས་ཏེ། ཧཱུྃ། བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །ཞེས་སོགས་བརྗོད་ཅིང་ཧུབ་གང་ངམ་གསུམ་བཏུང་། སྒྲུབ་པའི་ཤ་ཆེན་རྣམས་ཀྱང་དུས་འདིར་བཟའ། དེ་ཡན་ཆད་མཆོག་གི་དངོས་གྲུབ་བླང་བ་དང་ཐུན་མོང་གི་རྫས་ཅི་རིགས་བཤམས་པ་ཀུན་ལས་ཀྱང་དངོས་གྲུབ་བླང་ངོ་། །དེ་ནས་སྒྲུབ་རྫས་སྔར་བཤམས་རྣམས་ལས་དངོས་གྲུབ་བླང་


MR21_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཐོག་མར་སྐུ་དང་ཡེ་ཤེས་ལས་དངོས་གྲུབ་བླང་བ། ཧཱུྃ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། སོགས་བརྗོད་ཅིང་ལྷ་སོ་སོའི་སྐུ་དང་ཡི་གེ་རྣམས་གནས་གསུམ་དུ་བསྟིམ་ཞིང་བསྐོར། དེ་བཞིན་དུ་མར་མེ་རྡོར་དྲིལ་ལའང་སོ་སོའི་དངོས་གྲུབ་ལེན་པའི་ཚིག་གིས་དངོས་གྲུབ་བླང་བ་ནི་ཧཱུྃ་ཐ་མ་གསུམ་གྱི་དགོངས་པ་སྟེ་ལྷ་སྤྱིའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྫོགས་པར་བླང་བའི་ཐ་མར་བྱ་བའོ། །དེ་ལྟར་སྒྲུབ་པ་པོ་བདག་གིས་དངོས་གྲུབ་ཐོབ་པར་གྱུར་པ་དང་སློབ་མ་གཞན་ལ་དངོས་གྲུབ་ཀྱི་རྫས་དེས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། ཐོག་མར་སློབ་དཔོན་བདག་ཉིད་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་འདུག་སྟེ་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱས་བཏེགས་པས་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་མཁའ་ལ་སྨིན་མཚམས་ཡན་ཆད་འོད་ཕུང་འདབ་འདྲེས་སུ་བཞུགས་པར་བསམས་ལ། ན་མོ་རིག་པའི་རྒྱལ་པོ་མར་མེ་དགུ་པའི་སོགས་ཀྱིས་སློབ་མ་ལ་དབང་བསྐུར་བའི་གསོལ་བ་གདབ་ལ་དལ་དབུས་མཉྫི་ཆེན་པོའི་སྟེང་ཞིང་ལྤགས་བཏིང་བ་དེར་གཤེགས། ཧཱུྃ་ཧ་སོགས་སྔགས་བརྗོད་པས་དཔལ་ཆེན་ཡབ་ཡུམ་འཁོར་བཅས་བདག་ལ་ཐིམ་པར་བསམ། སླར་ཧཱུྃ་སོགས་


MR21_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་དཀྱིལ་འཁོར་གྱི་ལྷ་རྫོགས་པར་བདག་ལ་བསྒོམ་སྟེ་སྒྲུབ་རྫས་དེ་ལས་དངོས་གྲུབ་བདག་གིས་བླང་བ། ཧཱུྃ། དཔལ་དང་ལྡན་པའི་བནྡྷ་མཆོག །སོགས་བརྗོད་ཅིང་བདུད་རྩིའི་སྣོད་ཁ་ཕྱེ་ལ་དང་པོར་བླ་མ་ལ་མཆོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད། དེ་ནས་བདག་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་སྟེ་བདག་ཉིད་ཀྱིས་དབང་དང་དངོས་གྲུབ་ཐོབ་པར་བྱས་ནས། དངོས་གྲུབ་འདོད་པའི་སློབ་མ་རྣམས་ཀྱིས་ལུ་གུ་རྒྱུད་དུ་གར་གྱི་བྲོས་བསྐོར་ཞིང་། ཨོཾ། ཆོས་ཉིད་གཡུང་དྲུང་རྡོ་རྗེ་བརྡལ་བ་ལ། སོགས་ཀྱིས་དངོས་གྲུབ་སྩོལ་བར་གསོལ་བ་གདབ། དེ་ནས་སློབ་མས་མེ་ཏོག་དོར་བ་ལ་རིག་པའི་མེ་ཏོག་དོར་ཞིང་བྱིན་གྱིས་བརླབས་པ་དང་། དུར་ཁྲོད་རྫས་ཀྱི་མེ་ཏོག་དོར་ཞིང་དབང་བསྐུར་བ་གཉིས་ཀྱི་དང་པོ་སློབ་མ་རྣམས་ཀྱིས་མེ་ཏོག་ཐོགས་ཤིང་རུ་ལུ་བརྒྱ་རྩ་བརྒྱད་བརྗོད་ཅིང་དཀྱིལ་འཁོར་ལན་གསུམ་བསྐོར་བའི་དུས་ན་རང་རང་གི་ཐུགས་ཀའི་རུ་ལུ་འབྲུ་བརྒྱད་འོད་ཟེར་དང་བཅས་པ་བྱུང་བས་མེ་ཏོག་ལ་ཐིམ། དེ་སློབ་དཔོན་གྱི་ཐུགས་ཀར་ཐིམ་པས་མཉེས་པར་བསམས་ལ། ཨོཾ། དུར་ཁྲོད་གསང་བ་མཆོག་གི་བདག་པོ་ནི། ཞེས་སོགས་


MR21_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་དོར། དེ་ནས་སློབ་དཔོན་གྱིས་བདུད་རྩི་ཐོགས་ལ། རིགས་ཀྱི་བུ་ཁྱོད་ཀྱིས་སོགས་བརྗོད་ཅིང་དམ་ལ་བཞག །དེ་ནས་བྱིན་གྱིས་བརླབ་པ་ལ་སློབ་བུ་ཉི་དཀྱིལ་ལ་གནས་པར་བདག་ཡབ་ཡུམ་གྱི་ཐུགས་དང་མཁའ་ནས་ཡེ་ཤེས་ཀྱི་འོད་ཟེར་ཚྭ་ཚྭ་ལྟར་རྣོ་ལ་མྱུར་བ་མང་པོས་སློབ་མའི་ལུས་སྦྱངས། ཧཱུྃ་དཀར་པོ་ལས་རྡོ་རྗེའི་འཕྲོས་འདུས་རང་རང་གི་ལྷའམ་དཔལ་ཆེན་དུ་བསྐྱེད་ལ་སྔགས་དང་ཕྱག་རྒྱས་མེ་ཏོག་སྤྱི་བོར་བཞག་ལ་དབང་བསྐུར་བར་བྱའོ། །གཉིས་པ་དུར་ཁྲོད་རྫས་ཀྱི་མེ་ཏོག་དོར་ཞིང་དབང་བསྐུར་བ་ལ་སློབ་མ་རྣམས་ཀྱིས་གསོལ་བྱང་བྲིས་པ་དར་དུ་གཏུམ་པ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར་སོགས་བརྗོད་ཅིང་དོར། དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་ཕྱེད་འཛིན་བཅུག་ལ། དུར་ཁྲོད་གསང་བ་སོགས་བརྗོད་པས་དངོས་གྲུབ་སྦྱིན་པའི་གནང་བ་བྱིན་ནས། སློབ་དཔོན་གྱིས་བནྡྷ་དང་ཁམས་ཕོར་རྣམས་བླང་སྟེ་ལྷར་གསལ་འདེབས་པའི་ཚིག་བརྗོད་ཅིང་ཐུགས་ཀའི་རུ་ལུའི་འོད་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་བཀྲག་མདངས་དང་སྣོད་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ཏེ་བནྡྷ་དང་


MR21_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་བྱིན་རླབས་ཞུགས་ནས་འོད་དང་གཟི་བརྗིད་ལྡན་པར་བསམས་ལ། ཐོག་མར་བུམ་དབང་སྔར་ལྟར་བསྐུར། དེ་ནས་བནྡྷ་དང་ཁམས་ཕོར་རྣམས་ཀྱི་དབང་བསྐུར་བ། །ཧཱུྃ་མཚན་མའི་སྤྲོས་བྲལ་བནྡྷའི་རྫས་མཆོག་སོགས་ཀྱིས་ཐོག་མར་དཔལ་ཆེན་ཡབ་ཡུམ་གྱི་དབང་བསྐུར། དེ་རྗེས་སྐུ་གསུང་ཐུགས་སུ་བྱིན་རླབས་དང་ཡེ་ཤེས་ལྔའི་དབང་བསྐུར་སྔར་ལྟར་བྱས་ལ། དེ་ནས་འཁོར་རྣམས་ལ་ཁ་བསྒྱུར་ཏེ་སོ་སོའི་དབང་བསྐུར། དེ་རྗེས་མར་མེའི་དབང་བསྐུར་དང་དྲིལ་བུའི་དབང་དང་དཔལ་གྱི་ཆས་བརྒྱད་ཀྱི་དབང་ཡང་བསྐུར་ནས་སྒྲུབ་རྫས་བདུད་རྩིའི་བུམ་པ་བླང་ལ། བདག་གི་ཧཱུྃ་ལས་དཔའ་བོ་འབྲུ་ལྔ་འཕྲོས་པ་བུམ་པའི་བདུད་རྩི་ལ་བབས་པས་བདུད་རྩི་ལྔ་དཔའ་བོ་འབྲུ་ལྔར་གྱུར་འབྲུ་ལྔ་ཕྱག་མཚན་ལྔ་དང་དེ་ལས་རིགས་ལྔ་ཁྲག་འཐུང་གི་སྐུར་གྱུར་ཏེ་སྐུ་ཚོན་གང་བ་རེ་གནས་ལྔར་བསྟིམ་པས་རིགས་ལྔར་གྱུར་པར་བསམས་ལ། ཨོཾ། ཟས་མཆོག་དྲི་ཆེན་གསེར་མདོག་ཚེ་འཛིན་པ་སོགས་ཀྱིས་བདུད་རྩི་ལྔའི་དབང་བསྐུར་ཞིང་གཞན་ཡང་ཤ་ལྔ་དང་འདོད་ཡོན་ལྔ་ལ་སོགས་པ་སློབ་མའི་རྒྱུད་དང་སྦྱར་ལ་དབང་ཅི་རིགས་བསྐུར་བར་བྱ་སྟེ།


MR21_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མཛད་ཕྱོགས་དང་རང་གི་རིག་པ་དང་མན་ངག་གི་སྡེབ་བྱང་གསུམ་བསྡེབས་ཏེ་སློབ་མ་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ཅི་རིགས་སུ་བྱའོ། །ཚུལ་དེ་ལྟ་བུའི་དོན་གཉིས་གྲུབ་པ་སྒྲུབ་པ་ཆེན་པོ་དངོས་གྲུབ་བླང་བའི་ཆོ་ག་བཤད་ཟིན་ཏོ། །དེ་ནས་གསུམ་པ་རྗེས་ཀྱི་བྱ་བ་ནི། སྦྱིན་སྲེག་ལས་བཟླས་མཁའ་འགྲོ་བསྐྱང་། །གཏེར་སྦ་དཀྱིལ་འཁོར་བསྡུ་བ་དང་། །སྨོན་ལམ་བཀྲ་ཤིས་བྲོ་བརྡུང་སྟེ། །དགེ་བསྔོ་མ་དག་བཤགས་པ་དང་། །རྒྱུན་གྱི་ཏིང་འཛིན་ནན་ཏན་བྱ། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །ཞེས་པས་བསྟན་ཏེ།དེ་ལྟར་སྒྲུབ་པ་ལེགས་པར་གྲུབ་པའི་རྗེས་སུ་བྱ་བ་ལ། སྒྲུབ་པ་ཆེན་པོའི་གཏོར་མ་ལ་ཡེ་ཤེས་ལྷའི་ཕོ་བྲང་བཅས་ནས་བསྒྲུབ་པ་དེ་ལ་སྒྲུབ་ཆེན་གྱི་དུས་སུ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་དངོས་གྲུབ་བླང་བའི་ལྷག་མ་དེ་ཡང་སྒྲུབ་པའི་རྫས་ཡང་དག་པ་ཡིན་པས་ཆ་གསུམ་དུ་བཅད་དེ། དང་པོ་ལ་སྦྱིན་སྲེག་ཆ་བར་མ་ལ་ཧེ་རུ་ཀ་ལས་ཀྱི་བཟླས་པ་བྱ་ཞིང་མཁའ་འགྲོ་བསྐྱང་ཆ་གསུམ་པ་ལ་མི་ཟད་པའི་གཏེར་དུ་སྦ་བར་བྱ་དགོས་པས། སྦྱིན་སྲེག་བྱ་བ་ལ་ལས་བཞི་གང་མོས་སམ་ཟླ་གམ་དམར་པོའི་ཐབ་ལ་བུད་ཤིང་བརྩིགས་ནས་མཆོད་རྫས་རྣམ་ལྔ་དང་གཏོར་མ།


MR21_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པའི་རྫས་གང་ལ་བྱ་བའི་མིང་གཟུགས་དང་སྡིག་སྦྱང་གི་རྫས་ཏིལ། ཐུགས་དམ་བསྐུལ་བའི་རྫས་ཉུངས་ཀར་ནག་མེ་འབར་བའི་རྫས་ཡམ་ཤིང་བུད་ཤིང་རྣམས་ཚོགས་པར་བྱས་ལ། ཡམ་ཤིང་ལ་ཚིལ་ཆེན་གྱིས་བྱུག་སྟེ་དབུས་ཀྱི་མར་མེ་ལས་མེ་བླངས་ཏེ་ཐབ་ཏུ་བཅུག་ནས་རང་དཔལ་ཆེན་པོའི་ཐུགས་ཀར་རྃ་དམར་སེར་འོད་དང་བཅས་པ་ཐབ་ཁུང་དུ་གསལ་བ་མེའི་རིལ་བ་གཅིག་ཏུ་གྱུར་པ་ལས་དམ་ཚིག་གི་མེ་ལྷ་བསྐྱེད། སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་རྣམས་བྱས་ལ་རྣམ་ལྔ་སོགས་ཞི་བའི་སྐབས་ལྟར་འབུལ། དེ་ནས་ཚིལ་ཆེན་གྱི་མར་ཁུ་དང་གཏོར་མ་དང་ཡམ་ཤིང་དང་ཏིལ་རྣམས་སོ་སོའི་སྔགས་ཚིག་གིས་དབུལ། དེ་ནས་དགྲ་བགེགས་ཀྱི་ཕྱོགས་སུ་ཡུངས་ཀར་ལ་སྔགས་བཟླས་པ་གཏོར་ཏེ་གང་ལ་བྱ་བ་གཟུགས་ལ་དགུག་ཅིང་ཕུར་བུས་བཏབ་མཚོན་གྱིས་གཏུབ་སྟེ་དབུལ། མཐར་མེ་ལྷ་ལ་བསྟོད་ཅིང་སྲེག་རྫས་ལྷར་སྟོབས་པ་དང་ཕྲིན་ལས་བྱེད་པའི་འདོད་གསོལ་བྱས་ལ། ཡེ་ཤེས་མེ་ལྷ་ཤར་ལྷོར་དཔང་པོའི་ཚུལ་དུ་གཤེགས་ཤིང་དམ་ཚིག་མེ་ལྷ་འབར་བའི་རྣམ་པའི་དབུས་སུ་ལྷ་བསྐྱེད་པའམ། མེ་ལྷ་དེའི་ཐུགས་ཀར་ཡེ་ཤེས་གྱི་ལྷ་རྣམས་བསྐྱེད་པའམ། འབྱུང་བའི་མེ་དང་དམ་ཚིག་གི་མེ་


MR21_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་ཀྱི་མེ་ལྷ་དབྱེར་མེད་པ་དེ་ལ་མཆོད་བསྟོད་བྱས་ནས་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་ཡེ་ཤེས་ཀྱི་ལྷ་བསྐྱེད་པ་གསུམ་གང་རིགས་ཀྱི་སྒོ་ནས་མཆོད་པ་སོགས་གོང་ལྟར་ཕུལ་ཏེ་མི་གནས་ཡེ་ཤེས་སོགས་ལྷ་རང་རང་གི་བསྟོད་བསྐུལ་གྱི་མཐར། ཡེ་ཤེས་ཀློང་ཡངས་སོགས་སྦྱར་ཏེ་ཕུལ་ལོ། །དེ་ཡང་འབྱུང་བའི་མེ་ལུས་ལྟ་བུ། མེ་ལྷ་དབང་པོ་ལྟ་བུ། དེ་ལ་བརྟེན་ནས་མཆོད་པའི་ལྷ་རྣམས་རྣམ་ཤེས་ལྟ་བུ། མཆོད་རྫས་རྣམས་ཁ་ཟས་ལྟ་བུ་སྟེ། ཚུལ་དེས་ལྷ་མཉེས་པར་བྱེད་ཅིང་གཏང་རག་གི་ཚུལ་ཡང་ཡིན་ལ། ཚོགས་བསགས་སྒྲིབ་སྦྱང་དང་དངོས་གྲུབ་བརྟན་པར་བྱ་བའང་ཡིན་ནོ། །སྦྱིན་སྲེག་ཟིན་ནས་ཐབ་ཁུང་ལ་བསྐོར་བ་བྱས་ཏེ་ལྷ་རྣམས་ལ་གཏུམ་ཆེན་མའམ། བསྐལ་པ་མེ་ལྟར་འབར་མས་བསྟོད། ཏིང་འཛིན་གྱི་དཀྱིལ་འཁོར་བསྡུས་ལ་ཐབ་ཁུང་དུ་ལས་བཞིའི་བྲོ་བརྡུང་ངོ་། །དེ་ནས་ཧེ་རུ་ཀའི་ལས་ཀྱི་བཟླས་པ་བྱ་བ་དང་ལྷག་ཕུད་བསྲེས་ཏེ་མཁའ་འགྲོ་བསྐྱང་བ་ནི་ལྷག་མའི་གཏོར་མ་བཏང་བའི་ལས་ཁ་ཚར་བཞིན་དུ་ཤེས་པར་བྱའོ། །མི་ཟད་པའི་གཏེར་སྦ་བ་ནི་སྒྲུབ་གཏོར་གྱི་ཆ་ཐ་མ་དང་གཞན་ཡང་རིན་ཆེན་འབྲུ་སྣ་སོགས་ཀྱིས་བཀང་བའི་བུམ་


MR21_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟང་པོ་སྒྲུབ་པའི་གནས་སོགས་སུ་ཆུད་མི་ཟ་བར་སྦ་ཞིང་། ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་དུ་འཛད་མེད་ཡེ་ཤེས་ཀྱི་གཏེར་དུ་བྱིན་གྱིས་བརླབས་ལ་གཏེར་སྦས་ནས་དུས་གསུམ་འདུ་འབྲལ་མེད་པའི་སྨོན་ལམ་གལྤོ་ནས་འབྱུང་བ་བཞིན་དུ་གདབ་པར་བྱའོ། །དེས་མཚོན་ནས་གཞན་ཡང་འཁོར་བའི་ཆོས་སྲིད་པའི་གཏོས་སུ་སྣང་བ་ཐམས་ཅད་ཡུམ་དབྱིངས་ཕྱུག་མའི་དབྱིངས་སུ་སྦ་བ་དང་། དམ་རྫས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་སྦ་བ་དང་། ཡབ་ཀྱི་བྱང་སེམས་ཡུམ་གྱི་མཁའ་ལ་སྦ་བ་དང་། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལུས་ལ་སྦ་བ་དང་། རྫས་ཀྱི་དཀྱིལ་འཁོར་འོག་མིན་དུ་སྦ་བ་དང་། སྣང་སྲིད་ཡུམ་གྱི་དབྱིངས་སུ་སྦ་བ་དང་། ཆོས་ཐམས་ཅད་ཆོས་ཉིད་དུ་སྦ་བ་དང་། ཧེ་རུ་ཀའི་ཞལ་ཡེ་ཤེས་ཀྱི་ཧོམ་དུ་སྦ་བ་དག་ཀྱང་ཤེས་པར་བྱ་སྟེ། དབྱིངས་ཡེ་གཉིས་མེད་ཀྱི་ཀློང་དུ་མི་ཟད་ཡུན་གྱི་གཏེར་དང་ལྡན་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ་བ་ལ་ཏིང་འཛིན་དང་གཟུགས་བརྙན་གྱི་དལ་བསྡུ་བ་གཉིས་ལས། དང་པོ་རང་གི་ཐུགས་ཀ་ཧཱུྃ་གི་འོད་ཀྱིས་ལྷ་རྣམས་རང་རང་གི་ས་བོན་གྱི་རང་སྒྲ་དང་བཅས་ཏེ་བྱང་ཆུབ་སེམས་ཀྱི་འོད་དུ་ཞུ་སྟེ་ཁྲོ་བཅུ་སྒོ་མ་བཞི་ལ་ཐིམ། སྒོ་


MR21_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མ་སིང་ཧ་དེ་ཀཽ་རི་དེ་ཡུམ་ཡུམ་ཡབ་ཡབ་ཐུགས་སྲོག་གི་བར་དུ་ཐིམ་སྟེ་མི་དམིགས་པ་སྐྱེ་མེད་ཆོས་དབྱིངས་སུ་ཐིམ་པར་བསམས་ལ། སླར་ཡང་དཔལ་ཆེན་པོའི་སྐུར་ལྡང་བར་བྱའོ། །དེ་ནས་བཟོད་གསོལ་བྱ་ཞིང་གཟུགས་བརྙན་གྱི་དལ་བསྡུ་བའི་ཚིག་བརྗོད་པའི་མཐར་རྫས་རྣམས་བསྡུ་ཞིང་སྦ་ལ་ཚོན་རྣམས་ཕྱགས་པར་བྱའོ། །དེ་ནས་སྨོ༷ན་ལམ་གདབ་པ་ལ་ཡབ་ཀྱི་བནྡྷ་ཕྱག་ཏུ་བསྣམས་ནས་མི་གནས་ཡེ་ཤེས་སོགས་དང་ཡུམ་གྱི་མར་མེ་ཕྱག་ཏུ་བཞེས་ལ། དུར་ཁྲོད་གསང་བ་སོགས་མར་མེའི་སྨོན་ལམ་གདབ་བོ། །དེ་ནས་བཀྲ་ཤིས་བརྗོད་པ་ནི་སྒྲུབ་པ་པོ་ཀུན་ཀྱིས་གོས་བཟང་གྱོན། ཞལ་ཟས་ཕུན་སུམ་ཚོགས་པ་ཐོགས་ལ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་སོགས་བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས་བྲོ་བརྡུང་བ་ནི་གོང་དུ་མ་སྲིང་རྒྱ་མཚོ་རྣམས་མཚན་མ་མེད་པའི་ངང་དུ་བསྡུས་ཤིང་གཤེགས་པ་དེ་དག་སླར་བརྟེན་ཅིང་དགའ་བའི་ཕྱིར་རུ་ལུ་གར་གྱི་བྲོ༷་བརྡུང་སྟེ་གླུ་དྲུག་བླངས་ལ་མ་སྲིང་མཁའ་འགྲོ་རྣམས་བརྟེན་པའི་ཚིག་བརྗོད་ཅིང་གླུ་གར་རོལ་མོའི་རྩེད་འཇོ་སྣ་ཚོགས་བྱའོ། །དེ་ནས་དགེ་རྩ་བསྔོ་བ་ནི། ཧཱུྃ། བདག་གིས་བླ་ན་མེད་པའི་བྱང་ཆུབ་སོགས་བརྗོད་


MR21_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དེ་དག་གི་ཚིག་དོན་བཞིན་དུ་རྩེ་གཅིག་བསྔོ་བར་བྱའོ། །དེ་ནས་མ་དག་པ་བཤགས་པ་ལ་ཐོག་མར་མཆེད་ནང་ཕན་ཚུན་བཤགས་པའི་སླད་དུ་མཆེད་ཚོ་གཉིས་སུ་བྱས་ལ་ཕན་ཚུན་བཤགས་ཤིང་ཚངས་པར་སྩལ་བའི་ཚིག་གཞུང་བཞིན་བརྗོད་ནས་མཆེད་ཀུན་གྱི་རྡོ་རྗེ་སློབ་དཔོན་ལ་བཤགས་པ་ཕུལ་ཞིང་སློབ་དཔོན་གྱིས་ཀྱང་ཚངས་པ་སྩལ་པའི་ལན་བྱིན།དེ་ནས་སློབ་དཔོན་དང་མཆེད་ལྕམ་ཀུན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་བཤགས་པ་ཕུལ་པའི་ཕྱིར་ཀུན་གྱི་མཎྜལ་སྤྱི་བོས་བླངས་ལ་བཤགས་པའི་ཚིག་བརྗོད་ཅིང་བླ་མ་ལ་ཡོན་ཕུལ་ནས་གཏང་རག་བཏང་ངོ་། །སློབ་དཔོན་ཧཱུྃ་ཀ་རས་བཤགས་པ་བྱས་པ་དེ་ནས་གདོད་དཀྱིལ་འཁོར་བསྡུ་བ་དང་། བཀྲ་ཤིས་བྱ་བ་དང་གླུ་བྲོ་བྱ་བར་གསུངས་སློབ་དཔོན་རྡོ་རྗེ་བཞད་པ་ཉིད་དཀྱུས་ལྟར་བཞེད་དོ། །དེ་ནས་རྒྱུན་གྱི་ཏིང་འཛིན་ལ་ཞི་བ་རྒྱུན་གྱི་ཏིང་འཛིན་དང་ཁྲོ་བོ་རྒྱུན་གྱི་ཏིང་འཛིན་གཉིས་ཏེ་མན་ངག་ཁ་ཚར་བཞིན་དུ་ནན་ཏན་གྱི་ཤེས་པར་བྱའོ། །དེ་ལྟར་དཔལ་ཧེ་རུ་ཀ་བསྒྲུབས་པའི་ཐོག་མཐའ་བར་གསུམ་གྱི་ལེགས་བྱས་ཐམས་ཅད་དང་། གཞན་ཡང་བདག་གི་དགེ་རྩ་ཅི་བསགས་པ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་


MR21_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་ཕྱིར་བསྔོ་བར་བྱའོ། །བཞི་པ་མཇུག་གི་དོན་ལ་མཛད་བྱང་ནི། སྒྲུབ་པ་ཆེན་པོ་ཡང་དག་པར་གྲུབ་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུྃ་ཀ་རའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་དང་། འགྱུར་བྱང་ནི། བོད་ཀྱི་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཧཱུྃ་ཀར་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་སོ། །དེ་ལྟར་སྒྲུབ་ཐབས་ཡང་དག་གྲུབ་པ་ལ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་མ་ཚང་བ་ཁ་བསྐངས་ཤིང་མན་ངག་གི་འཁྲུགས་བསྡེབས་ནས་གསང་བའི་ཏིག་འགྲེལ་དུ་མཛད་པ། དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་ཞིང་བསམ་ཡས་མཆིམས་ཕུ་རུ་རྗེ་འབངས་བདུན་ལ་དབང་དང་མན་ངག་རྫོགས་པར་གནང་ནས་རེ་ཞིག་བོད་འབངས་སུ་ལའང་མི་སྤེལ་བའི་བཀའ་རྒྱས་བཏབ། བརྟན་མ་བཅུ་གཉིས་ལ་གཉེར་དུ་བཅོལ་ཏེ། མ་འོངས་པ་ན་བཀའ་ལྟར་མི་སྤྱོད་ཅིང་ཐེག་པ་འོག་མའི་ཚིག་གི་སྒྲོ་སྐུར་གྱིས་གསང་སྔགས་བསླད་དེ། སྤྱིན་ཆུ་ལ་མར་ཁུས་བསླད་པ་བཞིན་


MR21_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་མཐུ་མེད། སྒྲ་དང་རྟོག་གེ་སྔགས་ལ་བཀབ་པས་གསང་སྔགས་གོལ་ཞིང་། རང་བཟོ་ཞེ་འདོད་ངན་པས་སྔགས་ཀྱི་ལུས་བཤིགས་ནས་སྒྲོ་སྐུར་གྱི་གཟེབ་ཏུ་ཁྲིད་ཅིང་དངོས་གྲུབ་གྲུབ་པའི་རྒྱུན་ཡལ་བའི་དུས་ན། སྒྲུབ་ཐབས་ཀུན་གྱི་མ་གཞི། བསྐྱེད་རྫོགས་རྣམ་གསུམ་གྱི་སྤྱི་ཁོག །བཀའི་ཐ་རམ་ཆེན་པོ་འདི་སྣོད་དང་མི་ལྡན་པ་རྣམས་ལ་སྲོག་གི་ཕྱིར་ཡང་མི་སྦྱིན་ཞིང་། སྣོད་ལྡན་འགའ་ཟུང་ལ་རིམ་པས་བཀའ་རྒྱས་གདམས་ཏེ་སྦྱིན་པར་བྱས་ན་དངོས་གྲུབ་མཆོག་གི་རྒྱུར་འགྱུར་བའི་ཚུལ་གསུངས་པའི་དགོངས་དོན་བཞིན་དུ།སྙིགས་མའི་དུས་ན་རིག་འཛིན་གྱི་རྒྱལ་པོའི་རྒྱལ་ཚབ་གཅིག་པུ་བ་མཁས་ཤིང་གྲུབ་པའི་རྣམ་ཐར་འགྲན་ཟླ་དང་བྲལ་བས་བསིལ་ལྡན་ལྗོངས་ཀྱི་བསྟན་འགྲོ་ཡོངས་ཀྱི་གཙུག་རྒྱན་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཐུགས་བསྐྱེད་དང་ཕྲིན་ལས་ཟབ་མོའི་མཐུས། རྒྱལ་དབང་པདྨ་རྒྱལ་པོའི་བསྟན་པའི་སྣང་བ་རིན་པོ་ཆེ་ཡུན་རིང་དུ་གསལ་བའི་བཙས་སུ་ཆོས་ཆེན་པོ་འདི་ཡང་བོད་ལྗོངས་འདིར་ཚིག་དང་དོན་གྱི་སྒོ་ནས་མི་ནུབ་པར་མཛད་ཅིང་། འདི་ལ་འགྲེལ་བ་མདོར་བསྡུས་ཞིག་ཀྱང་བྲིས་ཤིག་ཅེས་བཀའ་ལུང་ནོར་བུའི་ཅོད་པན་གཙུག་ཏུ་བཅིང་བ་


MR21_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཟོལ་མེད་པས་གུས་པས་མཆོད་ཅིང་ལྷག་བསམ་དག་པས་ཀུན་ནས་བསླང་སྟེ། འཇམ་དཔལ་དགྱེས་པ་ཞེས་བྱ་བ་བདག་གིས་ལྟ་བ་གཏན་ཚིག་གིས་བཤད། སྒྲུབ་ཐབས་ལག་ལེན་གྱིས་བཤད་ཅེས་གྲགས་པ་བཞིན་དུ་སྒྲུབ་ཐབས་ཆེན་པོ་འདི་ཉིད་གསང་འགྲེལ་གྱི་མན་ངག་ལ་བརྟེན། དེ་བཤད་ན་སྒྲུབ་ཐབས་སྤྱི་ཡི་ཁོག་ཀྱང་འགྲོལ་ལ་རིག་འཛིན་བརྒྱུད་པའི་མན་ངག་ལྷད་མེད་ཀྱང་ཡིན་པས་དངོས་གྲུབ་ཐོབ་པ་ལ་ཚེགས་མེད་ཅིང་ཟབ་གནད་ངོ་མཚར་གྱི་ཚུལ་གཞན་ལས་འཕགས་པ་ཡོད་པས་ན་གསང་འགྲེལ་ཆེན་མོའི་དོན་མདོར་བསྡུས་ནས་བྲིས་པ་ཡིན་ལ། འདི་ངེས་ནས་སླར་གསང་འགྲེལ་ཉིད་ལ་བལྟ་བ་གལ་ཆེ་ཞིང་བསྡུས་པ་ལ་དགའ་བ་རྣམས་ཀྱིས་སླར་ཡང་ཚིག་འགྲེལ་ཙམ་འདྲི་བར་འདོད་པས་དེར་ལྟ་བར་བྱའོ། །འདིར་སྨྲས་པ། འདྲེན་མཆོག་རིག་འཛིན་གསུང་གིས་བསྐུལ་བ་ལས། རིག་འཛིན་ཧཱུྃ་གིས་བཞེད་པ་རིག་འཛིན་གྱིས། །རྒྱལ་པོས་བཀྲལ་བ་བཞིན་དུ་གསལ་བྱས་འདིས། །འགྲོ་ཀུན་རིག་པ་འཛིན་པའི་ས་ཐོབ་ཤོག །དཔལ་ལྡན་མཁའ་འགྲོའི་ཚོགས་བཅས་ཧེ་རུ་ཀ །གྲུབ་པའི་རིག་འཛིན་ཚོམ་བུ་དང་བཅས་པ། །དམ་ཚིག་


MR21_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དགྱེས་པས་འདིར་གཤེགས་ནས། །གྲུབ་མཆོག་དགེ་ལེགས་འདོད་དགུའི་ཤིས་པ་སྩོལ། །ཅེས་ཡང་དག་གྲུབ་པའི་རྣམ་བཤད་འདི་ཡང་གཡས་གཡོན་མདུན་གྱི་ཆར་སེང་ཁྱུང་འབྲུག་གི་མིང་དོན་དང་ལྡན་ཞིང་དབུས་ན་དཔལ་རྡོ་རྗེ་གྲོ་ལོད་ཀྱིས་བདུད་སྲིན་དྲེགས་པ་བཏུལ་བའི་གནས་མཆོག་སྟག་ཚང་བསམ་འགྲུབ་ཀྱི་དབེན་གནས་སུ་སྒྲུབ་ཁང་བདུད་ལས་རྣམ་པར་རྒྱལ་བའི་གླིང་དུ། དཔལ་བཛྲ་ཀཱི་ལ་ཡའི་བསྙེན་པའི་ཐུན་གསིང་རྣམས་སུ་ཅི་རིགས་བྲིས་ཤིང་། རབ་ཚེས་ཆུ་རྟ་ལོའི་རྒྱལ་ཟླའི་ཉ་ལ་རེས་གཟའ་བཀྲ་ཤིས་དང་ལྷ་མོ་གྲུབ་པ་རྩེ་བའི་སྦྱོར་བ་བཟང་པོ་ལ་གྲུབ་པར་བགྱིས་པ་འདིས་གསང་ཆེན་སྙིང་པོའི་བསྟན་འཛིན་རྣམས་ཞབས་པད་བརྟན་ཅིང་། ཕྲིན་ལས་ཕྱོགས་མཐར་རྒྱས་པ་དང་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །འདིའི་རྩ་བ་ཧཱུྃ་ཀ་རས་མཛད་པའི་རྒྱ་གཞུང་དང་ཅུང་མི་འདྲ་བ་རྣམས་ནི་གུ་རུ་རིན་པོ་ཆེས་འཁྲུགས་བསྡེབས་ཤིང་ཁ་བསྐངས་པའི་དབང་གིས་ཡིན་ལ། ཚུལ་འདིར་བརྟེན་ནས་གསང་བའི་དོན་གྱི་འཁྲུགས་སྡེབས་ཚུལ་སོགས་ཀྱང་བདེ་བླག་ཏུ་ཤེས་པར་འགྱུར་རོ། །མངྒ་ལཾ། །ཨོཾ་སྭ་སྟི། རྒྱ་


MR21_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བོད་མཁས་གྲུབ་ཐམས་ཅད་ཀྱི། །ཏོག་གྱུར་པདྨ་སཾ་བྷ་ཝའི། །ཐུགས་དམ་ཧེ་རུ་ཀ་དཔལ་རྒྱུད། །སྒྲུབ་ཐབས་ལེགས་པར་བཤད་པ་འདི། །འཇམ་མགོན་བླ་མ་མཁྱེན་བརྩེས་གདམས། །མི་ཕམ་མཁས་པ་མཆོག་གིས་སྦྱར། །གསང་བ་ཉེ་བརྒྱུད་ཟབ་མོར་བྱོན། །སླར་ཡང་སྔ་འགྱུར་བསྟན་བཙས་སུ། །མཁན་མིང་ཆོས་དཔལ་རྒྱལ་མཚན་གྱིས། །ཡོན་སྦྱར་ཀཿཐོག་གདན་སར་གྲུབ། །དེ་ཡི་དགེ་བས་འབྲེལ་ཐོགས་ཀུན། །པདྨ་འོད་གླིང་བགྲོད་གྱུར་ཅིག །མངྒ་ལཾ།། །།


previousཡང་དག་གྲུབ་པའི་རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ།next