Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
ཐུན་མིན་རྫོགས་ཆེན་སྐོར་གྱི་གདམས་པ་ཕྱོགས་བསྡུས་ཟབ་དོན་སྙིང་པོ་སངས་རྒྱས་ལག་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུན་མིན་རྫོགས་ཆེན་སྐོར་གྱི་གདམས་པ་ཕྱོགས་བསྡུས་ཟབ་དོན་སྙིང་པོ་སངས་རྒྱས་ལག་སྟེར།next

ཐུན་མིན་རྫོགས་ཆེན་སྐོར་གྱི་གདམས་པ་ཕྱོགས་བསྡུས་ཟབ་དོན་སྙིང་པོ་སངས་རྒྱས་ལག་སྟེར།


MR27_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མིན་རྫོགས་ཆེན་སྐོར་གྱི་གདམས་པ་ཕྱོགས་བསྡུས་ཟབ་དོན་སྙིང་པོ་སངས་རྒྱས་ལག་སྟེར་བཞུགས།


MR27_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཡངས་པ་ཆེན་པོའི་ཀློང་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆོས་སྐུ་ལས་བཞེངས་ཏེ་གཞོན་ནུའི་གཟུགས་ཀྱིས་རང་རྩལ་ཕྱོགས་དུས་ཀྱི་འཁོར་ཐམས་ཅད་ལ་བོས་ཏེ་འདི་སྐད་ཅེས་གསུངས་སོ། །ཀྱེ་རང་སྣང་རིག་པའི་རྡོ་རྗེ། འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་སོ་ཅོག་མ་ལུས་པ་གང་གི་ཀློང་དུ་འདུས་ཤིང་དབྱེར་མེད་པའི་གཉུག་མ་བདེ་བ་ཆེན་པོ་ནི་མ་སྐྱེས་པ། མ་འགག་པ། མ་བྱས་པ། བྱར་མེད་པ། རྒྱུ་རྐྱེན་ལས་འདས་པ། དུས་གསུམ་གྱི་འགྱུར་བས་མ་བསླད་པ། འཁོར་འདས་ཀྱིས་མ་བཅོས་པ། གང་ལས་ཐ་དད་དུ་གྱུར་པའི་ཆོས་རྡུལ་ཙམ་མ་མཆིས་པ། གང་གི་རང་བཞིན་མཉམ་པ་ཉིད་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཚད་མེད་པར་སྣང་ཡང་རིས་སུ་མ་ཆད་པ་དུས་གསུམ་


MR27_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱུན་ཆད་མེད་ཀྱང་དུས་ཀྱི་འགྱུར་བས་གོས་པ་མེད་པ། དངོས་པོ་ཐམས་ཅད་ལ་ཁྱབ་ཀྱང་དངོས་པོའི་ཆོས་སུ་མི་གནས་པ། ང་བདག་མེད་པར་མཉམ་པ་ཕྱལ་པ་ཡངས་པ། ལས་དང་ཉོན་མོངས་སྡུག་བསྔལ་གྱི་རང་བཞིན་མ་དག་པའི་ཟུག་རྔུ་ཡེ་ནས་རྣམ་པར་དག་ཅིང་གཞར་ཡང་མི་རྙེད་པའི་ཀུན་བཟང་བདེ་བ་ཆེན་པོ་མཁའ་ལྟར་ཁྱབ་ཅིང་ལྷུན་གྱིས་གནས་པ་འདི་ནི་གཉུག་མ་བདེ་བ་ཆེན་པོའི་གནས་ཏེ། འཁོར་འདས་སོགས་སྣ་ཚོགས་སུ་ཕྱི་ཞིང་སྣང་བ་དག་ནི་འདི་ཡི་རྩལ་ལས་ཤར་ལ་གློ་བུར་བས་ཀུན་ཏུ་བཏགས་པའམ། འདི་ནི་ཀུན་ཏུ་རྟོག་པའི་སྦུབས་སུ་མ་ཆུད་པའི་ཆོས་ཉིད་ཀྱི་དོན་ཏེ། རང་གི་རང་བཞིན་རང་ལས་གཞན་དུ་མེད་པའི་རང་བྱུང་གི་ཡེ་ཤེས་སུ་རང་འོད་གསལ་བ་ན་འཁོར་འདས་


MR27_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་གདོད་མ་གཞི་ཡི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་སྟེ། འདི་ལ་གཉུག་མ་སེམས་ཀྱི་རྡོ་རྗེ་ཞེས་ཀྱང་བྱ། རང་བྱུང་ཡེ་ཤེས་ཀྱི་སྐུ་ཞེས་ཀྱང་བྱ། མ་བཅོས་ཐིག་ལེ་ཉག་གཅིག་ཅེས་ཀྱང་བྱ། ཀ་དག་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཀློང་ཞེས་ཀྱང་བྱ། ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། ཆོས་ཉིད་དེ་བཞིན་ཞེས་ཀྱང་བྱ། བདེ་བ་ཆེན་པོ་ཞེས་ཀྱང་བྱ་སྟེ། མཐར་ཐུག་གི་གནས་ལུགས་འདི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་པས་འདིའི་གནད་ལ་འདྲིས་ཤིང་གོམས་པར་བྱས་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ང་དང་གཉིས་སུ་མེད་པར་གདོད་མའི་དབྱིངས་སུ་འབྲས་བུའི་གཏན་སྲིད་ཟིན་པར་འགྱུར་བས་ན། བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་སྒོ་ནས་བརྗོད་ཀྱང་། མཐར་ཐུག་བརྗོད་དུ་མེད་པར་ལ་བཟླ་བ། ཐེག་པ་དང་གྲུབ་མཐའ་རྒྱ་མཚོ་ལྟ་བུར་ཞུགས་ཀྱང་མཐར་ཐུག་བླང་དོར་མེད་པའི་ཟད་པ། དངོས་གྲུབ་དང་ཕྲིན་ལས་བསྐལ་པ་རྒྱ་མཚོར་བསྒྲུབ་ཀྱང་མཐར་ཐུག་གྲུབ་བསལ་མེད་པའི་ལྷན་སྐྱེས་ཆོས་སྐུ། ཐམས་ཅད་དེའི་རང་བཞིན། ཡེ་ནས་བབས་ཀྱིས་གནས་པ། ཤེས་པས་ཆོག་པ། ཤེས་ནས་སླར་མི་ལྡོག བྱ་བ་ཐམས་ཅད་


MR27_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ལ་ཟིན་པ། དངོས་གྲུབ་ཐམས་ཅད་གཞི་གཅིག་གིས་ཐོབ་པ། ཐམས་ཅད་ཡེ་ནས་རྫོགས་པས་རྫོགས་པ་ཆེན་པོ། རྒྱུད་དང་ལུང་དང་མན་ངག་ཐམས་ཅད་དུས་གཅིག་ཏུ་རིག་པ་རྩལ་གྱི་དབང་གིས་ཐོབ་པ་ཨེ་མ་ཧོ། གང་གིས་ཚིག་འདི་ཐོས་པའང་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་གནས་པར་འགྱུར་རོ། །ཞེས་གསུངས་ནས་གདོད་མའི་དབྱིངས་བྲི་གང་དང་བྲལ་བར་མཉམ་པ་ཉིད་དུ་བཞུགས་སོ། །ཞེས་རང་སྣང་རྩལ་གྱི་སེམས་དཔས་རྡོ་རྗེའི་གཟུངས་ཀྱི་བཟུང་སྟེ་ཡི་གེར་སྤེལ་བའོ། །རབ་ཚེས་ས་གླང་གི་ཟླ་༡༡ཚེས་༥ལ་འཇམ་དཔལ་དགྱེས་པའི་ཡིད་ཀྱི་མཚོ་ལས་རླབས་ལྟར་རྩལ་དུ་ཤར་བ་རེ་དོགས་མེད་པར་བྲིས་པ་མངྒ་ལཾ།། །།ཨོཾ་ཨ་ར་པ་ཙ་ན་དྷཱིཿ མ་སྐྱེས་ཨ་སྟོང་པ་ཡུམ་གྱི་མཁའ་དབྱིངས་སུ། །ལྷན་སྐྱེས་ར་བདེ་བས་རྟག་ཏུ་རོལ་པ་ཡི། །དོན་དམ་པ་གཉིས་སུ་མེད་པའི་ཡེ་ཤེས་སྐུ། །གཡོ་མེད་ཙ་གཡོ་བ་ཆུ་ཟླའི་གར་གྱིས་ནི། །མིང་མེད་ན་མིང་དང་མཚན་མའི་ཚུལ་བསྟན་པ། །མཁྱེན་རབ་དྷཱི་ངག་གི་དབང་ཕྱུག་གུར་གུམ་མདོག །ཞལ་གཅིག་ཕྱག་བཞི་རལ་པོད་མདའ་གཞུ་འཛིན། །མཚན་དང་དཔེ་བྱད་རྒྱན་དང་ཆ་ལུགས་རྫོགས། །དྭང་བའི་མཁའ་ལ་དབང་པོའི་གཞུ་ལྟ་བུ། །ཡེ་ཤེས་སྙིང་པོ་སྔགས་ཀྱི་སྲོག་དང་ལྡན། །སྣང་སྲིད་ཀུན་ཀྱང་དེ་ཡི་ངང་ཚུལ་དུ། །གཞོམ་མེད་རིག་སྔགས་རྒྱལ་པོའི་རང་སྒྲ་སྒྲོགས། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ལྟ་བས་


MR27_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་བཏབ་ཏིང་འཛིན་གཡོ་མེད་ངང་། །བརྩོན་པས་གསང་སྔགས་ཆུ་བོའི་རྒྱུན་བཞིན་བཟླ། །ལྷ་སྔགས་སེམས་གསུམ་དབྱེར་མེད་རོ་མཉམ་དུ། །བདེ་ཆེན་གཉུག་མ་དོན་གྱི་འཇམ་དཔལ་འགྲུབ། །ཟབ་མོ་བསྐྱེད་རིམ་ལ་བརྟེན་ནས་བསྙེན་པའི་རིམ་པ་དང་པོའོ། །ཨ་ཆོས་ཀུན་མ་སྐྱེས་ནམ་མཁའི་ངང་ཉིད་ལས། །ར་རང་སྣང་མ་འགག་སྒྱུ་མའི་རོལ་མོར་ཤར། །པ་དོན་དམ་ཡིད་དཔྱོད་བྲལ་བ་ཀུན་དང་མཉམ། །ཙ་འཕོ་འགྱུར་སྲིད་པའི་སྣང་བ་ཇི་སྙེད་པ། །ན་མིང་མེད་བྱ་རྩོལ་བྲལ་བར་ཡེ་སངས་རྒྱས། །དྷཱིཿ རང་བྱུང་ཡེ་ཤེས་གནས་མེད་ཀུན་ཏུ་སྣང་། །ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུ་འདི། །གང་གིས་ཤེས་རབ་ཀྱི་དབང་པོས། །མཐོང་བ་དེ་མ་ཐག་སངས་རྒྱས། །བློ་འདས་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན། །རང་བྱུང་མཉམ་པ་ཉིད་དུ་ལྷུན་གྲུབ་ཤོག །ཡི་གེ་དྲུག་གིས་མཚོན་པའི་ཆོས་ཉིད་སྒོ། །རང་ལས་བྱུང་བ་སྙིང་གི་བུ་ལ་གཏད། །ས་མ་ཡ། ཨ། ཀ་དག་ནམ་མཁའ་ལས་བྱུང་རང་བྱུང་བ། །ར་ལྷུན་གྲུབ་ཤེས་རབ་ཡེ་ཤེས་མེ་པོ་ཆེ། །པ་དབྱིངས་རིག་འོད་ཆེན་རྣམ་པར་སྣང་བར་བྱེད། །ཙ་མིག་ནས་ཡེ་ཤེས་སྣང་བ་ལམ་མེ་བ། །ན་བརྗོད་མེད་འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །དྷཱིཿ སྙིང་དབུས་གཟི་བརྗིད་ཆེན་པོ་འོད་གསལ་བ། །འདི་ལ་གང་གནས་བདེ་བར་གཤེགས་པའི་ལམ། །རྒྱང་ཞག་གིས་མཐོང་བས་འཇམ་དཔལ་གཞོན་ནུ་མངོན་སུམ་གྱུར་པ་ཡིན། །ས་མ་ཡ།


MR27_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་རིམ་པས་སྒྲུབ་པའི་སྐབས་སོ། །ཨ་མཉམ་ཉིད་དབྱིངས་ལས་རང་བྱུང་ཐུགས་རྗེའི་རྩལ། །ར་རྡུལ་བྲལ་ཆུ་ཟླའི་ཚུལ་འཆང་ཡེ་ཤེས་སྐུ། །པ་དོན་དམ་བདེ་སྟོང་གཉིས་སུ་མེད་པའི་ཐུགས། །ཙ་སྤྱོད་པ་སྣ་ཚོགས་སྒྱུ་མའི་གར་ལ་དགྱེས། །ན་མིང་བྲལ་མིང་གི་གསང་སྔགས་ཐབས་ཆེན་པོས། །དྷཱིཿ བློ་ཡི་རེ་བ་ཡིད་བཞིན་རྗེས་སུ་འཇོ། །འདི་ནི་སངས་རྒྱས་དགྱེས་པའི་རོལ་མོ་སྟེ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་མངོན་སྣང་བའོ། །ཕྲིན་ལས་ཀྱི་སྐབས་ཏེ་གསུམ་པའོ། །དེ་ལྟར་འཇམ་དཔལ་གཞོན་ནུའི་བསྙེན་སྒྲུབ་ལས་གསུམ་མཐར་ཐུག་གི་དོན་དང་མཐུན་པ་རིག་སྔགས་རྒྱལ་པོའི་སྒོ་ནས་རྗེས་སུ་མཚོན་པ་འདི་ནི་ས་སྐྱོང་གི་ལོའི་ཟླ་༣ཚེས་༢༥ལ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།། ༈ །།རྫོགས་ཆེན་གྱི་སྐོར་བཞུགས་སོ། །ཨོཾ། འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་འདས་ཀུན་ཁྱབ་ཐིག་ལེ་ཉག་གཅིག་པོ། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་དོན། །བརྟགས་ཤིང་དཔྱད་པས་མི་རྟོགས་བཞག་ན་གསལ། །བལྟས་པས་མི་མཐོང་མ་ལྟ་ལྷོད་དང་ཤེས། །གཉུག་མའི་སེམས་ལ་སྒྲིན་པོའི་གཟེབ་བཀྲམ་སྟེ། །བཅོས་ཤིང་བཅོས་ཤིང་རྟོག་པའི་དྲྭ་བར་ཆུད། །མི་རྟོག་གཉུག་མའི་རང་ཞལ་ལྟ་འདོད་ན། །མ་བཅོས་ཐ་མལ་ལྷོད་དང་ངང་གིས་གསལ། །རྟོག་པར་མི་བྱ་སྙམ་པའི་མངོན་ཞེན་དང་། །རྟོག་པར་བྱའོ་སྙམ་པའི་


MR27_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཞེན་གཉིས། །རྣམ་རྟོག་རླབས་ཆེན་བསྐྱོད་པའི་རྒྱ་མཚོ་སྟེ། །གནད་མེད་ཐམས་ཅད་འདི་ལས་བརྒལ་མི་ནུས། །སྣང་ངོ་སྟོང་ངོ་ཟུང་དུ་འཇུག་གོ་ཞེས། །འདི་ཡིན་འདི་མིན་རྩིས་གདབ་ཆུ་ཡི་ནི། །རི་མོ་བཞིན་དུ་གཡོ་བའི་ཡིད་དཔྱོད་འདི། །བཟང་བཟང་འདྲ་ཡང་སེང་གེའི་གསོབ་དང་མཚུངས། །ལྟ་བྱེད་ཤེས་པ་ནང་དུ་མ་ལུས་ལ། །བལྟ་བྱ་དབྱིངས་ཉིད་ཕྱི་རུ་མ་ཆད་པར། །བར་མེད་ཧར་སང་ཆེན་པོར་ཟང་ཐལ་བ། །ནམ་མཁའི་དཀྱིལ་བཞིན་མཉམ་ཉིད་ངང་དུ་ཞུགས། །སེམས་ཀྱིས་སེམས་ལས་གཞན་དུ་ཆོས་ཉིད་གཤིས། །འཇལ་བའི་ཞེ་འདོད་རྨང་ནས་ཟད་པའི་མོད། །ཐ་མལ་ཤེས་པ་ཉིད་ལ་ཉིད་བཞག་པས། །གཉུག་མའི་རང་བཞིན་ཉིད་ལ་ཉིད་མངོན་གྱུར། །ཕྱི་རུ་མི་སྤྲོ་ནང་དུ་མི་བསྡུ་བར། །ཐད་ཀར་བཞག་པས་ཟང་ཐལ་མྱོང་བ་ན། །བལྟ་བྱ་ལྟ་བྱེད་བྲལ་བའི་རྒྱ་མཚོ་ཆེར། །རྟོག་པའི་འཇུར་མདུད་ཆབ་རོམ་བཞིན་དུ་ཞུ། །རང་ལ་ཡེ་གནས་དོན་དེ་མཐོང་བའི་ངོར། །སྣ་ཚོགས་རྟོག་པའི་རྦ་རླབས་བསྐྱོད་ན་ཡང་། །དབྱིངས་ལས་ནམ་ཡང་གཡོ་བ་མི་སྲིད་པས། །བཅིང་མེད་རིག་པ་མཁའ་ལ་ཁྱུང་བཞིན་འཕྱོ། །ཆོས་རྣམས་ཀུན་གྱི་གནས་ལུགས་མཐར་ཐུག་ནི། །རིག་སྟོང་ཟུང་དུ་འཇུག་པ་ཡིན་མོད་ཀྱི། །ཟུང་འཇུག་རྗེན་པར་མྱོང་ཚེ་བློ་ལས་འདས། །དེ་ཕྱིར་འདི་དོན་ཚིག་གིས་མཚོན་མི་ནུས། །འདི་ལ་འདི་ཞེས་མཚན་འཛིན་ཀུན་བྲལ་ཡང་། །འདི་ལས་གཞན་མེད་ཁོ་ཐག་ནང་


MR27_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཆོད། །དགག་དང་སྒྲུབ་པ་ཅིར་ཡང་བྱར་མེད་པར། །ཤེས་ནས་ཁོང་ལྷོད་བློ་བདེའི་ངང་དུ་གནས། །རང་སེམས་རྣམ་པར་རྟོག་པའི་འཇུར་མདུད་ཀུན། །གདོད་མའི་ཆོས་དབྱིངས་ངང་དུ་ཞིག་པ་ན། །རང་བྱུང་ཡེ་ཤེས་ཆེན་པོའི་རང་ཞལ་གང་། །མཐོང་ནས་མཉམ་ཉིད་ཆོས་སྐུའི་རྒྱལ་སར་འཁོད། །རྟོག་པའི་གཡུལ་ལས་རྒྱལ་བ་དེ་སྲིད་དུ། །ཡེངས་མེད་དྲན་པའི་རྒྱང་སོ་ཁོར་ཡུག་ཏུ། །ཚུགས་ལ་དྲོད་ཆེད་འཐུག་པོའི་གཉིད་ལ་དྲིས། །རང་ལ་ནང་བྱན་ཚུད་པ་སུ་མི་བདེ། །ཀུན་ཁྱབ་མཉམ་པ་ཆེན་པོའི་ངང་ཉིད་དུ། །རྒྱུ་རྐྱེན་རྩོལ་བ་ལས་འདས་རང་བྱུང་གི། །འོད་གསལ་ཤེས་རབ་སྒྲོན་མེའི་སྣང་བ་གང་། །འཇམ་དཔལ་རྡོ་རྗེའི་དམ་ཚིག་བླ་ན་མེད། །ཨ་ལ་ལ་ཧོ། ཞེས་པའང་ས་སྟག་ཟླ་༡ཚེས་༡༨སྒྲུབ་པའི་ཐུན་གསེང་ཞིག་ཏུ་འོད་གསལ་རྡོ་རྗེས་བྲིས་པ་དགེ། ༈ །།གདམས་ངག་སངས་རྒྱས་ལག་བཅང་མ་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་མཁྱེན་རབ་ངོ་བོ་འཇམ་པའི་དབྱངས། །དྲན་པས་འཁྲུལ་སྣང་མུན་པ་ཀུན་སེལ་བ། །ཡིད་ཀྱི་དཔལ་གྱུར་ལྷག་པའི་ལྷ་མཆོག་ལ། །དོན་དམ་རང་ངོ་ཤེས་པས་ཕྱག་བགྱིའོ། །སྲིད་པ་སྡུག་བསྔལ་རྒྱ་མཚོ་མི་བཟད་པ། །བརྒལ་བར་འདོད་པས་ལེགས་པར་རྩད་བཅད་ན། །འཁྲུལ་པའི་སེམས་ཀྱིས་སྤྲུལ་པར་ལེགས་རྟོགས་ནས། །དེ་ཡི་རྫུན་ཕུག་ཆོས་ཀྱི་དབྱིངས་སུ་གཅོད། །འདི་ལྟར་ནམ་མཁས་ཁྱབ་པའི་འགྲོ་དྲུག་གི། །སྣང་བ་དཔག་


MR27_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པར་སྣང་བ་ཡང་། །ལས་ཀྱི་མ་ཐུ་སྟེ་སྣ་ཚོགས་སོ་སོར་སྣང་། །ལས་ནི་ཉིན་མོངས་དབང་གིས་བྱུང་བ་སྟེ། །ཇི་ལྟར་ས་བོན་ལ་བརྟེན་མྱུ་གུ་བཞིན། །དེ་ཡི་དབང་གིས་དེ་འབྱུང་རྟེན་འབྲེལ་མཐུ། །ཉོན་མོངས་རྣམས་ནི་བདག་ཏུ་འཛིན་པ་ཡིས། །ཡུལ་ལ་དམིགས་ནས་བླང་དོར་ཞེན་པས་འབྱུང་། །ལས་དང་ཉོན་མོངས་རྒྱུ་ལས་བྱུང་བ་ཡི། །སྣང་བ་རྣམས་ནི་དེ་ལྟར་ཞེན་རྣམས་ལ། །བདེན་བདེན་ཡོད་ཡོད་ངེས་ངེས་ལྟར་སྣང་བས། །ཇི་ལྟར་སྣང་བ་དེ་ལྟར་བདེན་པར་འཛིན། །འཛིན་པའི་དབང་གིས་ཡུལ་ལ་བརྟེན་ནས་སུ། །བདེ་སྡུག་སྣ་ཚོགས་མྱོང་བ་མངོན་སུམ་སྣང་། །སྣང་དུས་ཉིད་ནས་ཡུལ་དང་ཡུལ་ཅན་དུ། །མ་གྲུབ་གང་གིས་མྱོང་དང་གང་ཞིག་མྱོང་། །བརྟག་ན་དབེན་པ་སྟོང་པའི་རང་བཞིན་ཀྱང་། །དེ་ལྟར་མ་ཤེས་མ་གོམས་འཁྲུལ་བ་རྣམས། །གཉིས་འཛིན་དམ་པོས་མེད་ཀྱང་ཡོད་ལྟ་བུར། །ཚོར་བའི་དབང་གིས་སྲེད་པ་ལྡོག་མེད་སྐྱེ། །ཇི་ལྟར་རྨི་ལམ་དག་ན་གང་སྣང་བ། །རང་སྣང་ཙམ་སྟེ་གཉིས་སུམ་གྲུབ་ཀྱང་། །གཉིས་སུ་སྣང་ཞིང་གཉིས་ལྟར་ཞེན་པ་སྐྱེ། །དེ་ཡི་དབང་གིས་བདེ་སྡུག་མྱོང་བ་འདྲ། །བདེ་བས་ཕན་དང་སྡུག་བསྔལ་གྱིས་གནོད་པ། །སེམས་ལ་མ་བྱས་བར་དུ་ཕན་གནོད་བྲལ། །སེམས་མེད་རྣམས་ལ་ཅི་ཞིག་ལྟ་བུར་ཡང་། །བདེ་བས་ཕན་དང་སྡུག་བསྔལ་གནོད་པ་བྱེད། །སེམས་ལ་ཕན་གནོད་བྱེད་ཚུལ་ལེགས་བརྟག་ན། །སེམས་ལས་གཞན་


MR27_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་དང་སྡུག་བསྔལ་ནི། །སེམས་དང་ནམ་ཡང་ཕྲད་པར་མི་རིགས་ཏེ། །ཆ་མེད་སེམས་ནི་གཞན་དང་འདྲེ་བ་མེད། །རང་སེམས་རྣམ་པ་གང་དུ་གསལ་ཙམ་ལ། །བདེའོ་སྡུག་གོ་སྙམ་དུ་ངོ་བོས་འཁྲུལ། །གང་ལ་མྱོང་བྱ་མྱོང་བྱེད་གཉིས་མེད་ན། །གང་གིས་གང་ལ་ཕན་གནོད་ཇི་ལྟར་བྱེད། །གསལ་བ་ཙམ་ནི་མེ་ལོང་གཟུགས་བརྙན་འདྲ། །ཇི་ལྟར་སྣང་ཡང་སྣང་ཙམ་ཕན་གནོད་བྲལ། །དཀར་དང་སྔོན་པོའི་གཟུགས་བརྙན་མི་འདྲ་ཡང་། །གཉིས་ཀ་བརྙན་ཙམ་གཅིག་བདེ་གཅིག་མི་སྡུག །དེ་བཞིན་བདེ་དང་སྡུག་བསྔལ་མི་འདྲ་ཡང་། །གསལ་ཆ་ཙམ་སྟེ་གཅིག་ཕན་གཅིག་མི་གནོད། །བྱ་བྱེད་གཉིས་མེད་ཆ་དང་བྲལ་པ་ཡི། །རང་གིས་རང་ལ་ཕན་གནོད་བཏགས་ཀྱང་རྫུན། །སེམས་ཀྱི་ངོ་བོའི་སྟེང་ན་དེ་ལྟ་བུར། །ཡུལ་དང་ཡུལ་ཅན་གཉིས་སུ་མ་གྲུབ་པས། །གང་ཤར་འདྲ་བ་ཉིད་དེ་གསལ་ཙམ་ལས། །ཕན་གནོད་གང་ཡིན་བརྟག་ན་ཤིན་ཏུ་དབེན། །འོན་ཀྱང་ང་མེད་པ་ལ་ངར་བཟུང་ནས་། །ཡུལ་གྱིས་ང་ལ་ཕན་དང་གནོད་སྙམ་དུ། །གཉིས་སུ་མེད་བཞིན་གཉིས་སུ་ནན་བརྟགས་པས། །བདེ་དང་སྡུག་བསྔལ་བདག་གིས་མྱོང་ལྟར་སྣང་། །རང་ངོའི་སྣང་བ་བསླུ་མེད་སྣང་དེ་ལ། །ཞེས་པའི་དབང་གིས་སྲིད་བ་མི་སྤངས་ཏེ། །རྟག་ཏུ་འདོར་ལེན་འདུ་ཤེས་སྣ་ཚོགས་ཀྱི། །འཁོར་ལོ་ཁོར་མོ་ཡུག་ཏུ་སྐོར་བར་བྱེད། །ཐོག་མེད་གོམས་པའི་རང་གཟུགས་


MR27_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་སྣང་འདི། །འཐས་པར་སྣང་བས་ཞེན་པ་གསོས་བཏབ་ནས། །མེད་པར་ཤེས་ཀྱང་འཕྲལ་ཕན་མི་འབྱུང་བར། །གོམས་པ་སྔ་མའི་གཤིས་ངན་འདོར་བར་དཀའ། །དེ་ལྟ་ན་ཡང་སྲིད་པའི་བདེ་སྡུག་མཐའ། །སེམས་ལ་ཐུག་པར་བློ་ཡིས་ཐག་ཆོད་ནས། །སེམས་ཀྱི་རང་བཞིན་སེམས་ཀྱིས་ཡོངས་བཙལ་ཚེ། །གལ་ཏེ་སེམས་ལ་བདེ་སྡུག་མྱོང་བ་པོའི། །བདག་དང་མྱང་བྱའི་ཚོར་བ་གཉིས་ཡོད་ན། །དེ་ནི་བདག་གིས་བཟློག་པར་མི་ནུས་མོད། །གསལ་ཙམ་རིག་ཙམ་རང་གིས་མྱོང་བ་འདི། །སེམས་ཡིན་འདི་ལས་གཞན་པའི་སེམས་མི་སྲིད། །འདི་ལ་མྱང་པོ་མྱང་བྱ་གཉིས་མེད་ཅིང་། །གསལ་ཙམ་མ་འགག་ཆུ་ནང་ཟླ་བ་འདྲ། །གསལ་བ་ཙམ་དེའི་ངོ་བོའང་ལེགས་བརྟག་ན། །ཕྱི་ནང་གང་དུ་མིད་མིགས་ཆ་དང་བྲལ། །སྟོང་ཞིང་སྣང་བ་སྨིག་རྒྱུ་ལྟ་བུར་ནི། །རང་གིས་རང་མྱོང་རྫུན་ཕུག་གཏིབས་བའི་ཚེ། །ང་ཞེས་གདགས་པའི་གཞི་དང་ཆོས་ཞེས་སུ། །འདོག་པའི་ཡུལ་བྲལ་ཟང་མ་ཐལ་བྱུང་ལ། །འཁོར་བ་ཅི་ཞིག་བདེ་དང་སྡུག་བསྔལ་ཅི། །ང་དང་གཞན་དང་བཟང་ངན་གང་ཞིག་ཡིན། །འདི་ནི་སུས་ཀྱང་མ་བཅོས་རང་ངོ་བོས། །གཞི་མེད་རྩ་བྲལ་ཡིན་ལུགས་འདི་ག་ལ། །གློ་བུར་རྟོག་པས་ང་བདག་ཡུལ་རྣམས་སུ། །བཏགས་པའི་དབང་གིས་འཁོར་བའི་སྡུལ་བསྔལ་བྱུང་། །བྱུང་ཡང་རང་སེམས་འཁྲུལ་པ་འདི་ལས་བྱུང་། །ཐིམ་ཡང་རང་


MR27_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཉིས་མེད་འདི་རུ་ཐིམ། །ཡིན་ལུགས་འདི་འདྲ་མ་ཤེས་འཁོར་བའི་མཚོ། །སྐེམ་པའི་ཐབས་གཞན་རྒྱལ་བས་གསུངས་པ་མེད། །འདི་ལྟར་གཤིས་ཀྱི་དོན་ལ་ལེགས་གཞལ་ན། །དམིགས་པའི་སྤྲོས་པ་ཀུན་གྱིས་དབེན་པའི་ཕྱིར། །ཡེ་སྟོང་ཆེན་པོ་ནམ་མཁའི་ངང་ཚུལ་འདྲ། །ཅི་མེད་སྟོང་པ་མཁའ་ལྟར་ཕྱང་ཆད་ལ། །འཁོར་འདས་སྣང་བ་འབྱུང་བར་མི་འཐད་པས་། །གསལ་མདངས་ལྷུན་གྲུབ་མཁའ་ལ་ཉི་ཤར་འདྲ། །དམིགས་གཏད་ཅན་གྱི་གསལ་བ་མ་དམིགས་ཤིང་། །མ་དམིགས་དེ་ལས་སྟོང་པ་གཞན་མེད་བས། །གསལ་དང་སྟོང་པ་འདི་ནི་ཐ་སྙད་ཀྱིས། །མདུང་ཁྱིམ་བཞིན་དུ་ཕན་ཚུན་བརྟེན་དེ་བཏགས། །བཏགས་ཀྱང་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། །འདི་ལ་བརྟེན་ནས་དོ་ན་ལ་འཇུག་མོད་ཀྱི། །དོན་གྱི་ངོ་བོ་སོ་སོ་རང་གིས་ནི། །རིག་པར་བྱ་ལ་ཕྱོགས་ཆ་གཉིས་མེད་པས། །དབྱེར་མེད་བརྗོད་བྲལ་མཉམ་པ་ཉིད་ཀྱི་གཤིས། །མ་སྐྱེས་མ་འགག་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཐམས་ཅད་དེ་ཡི་ངང་སྟེ་དེ་ལ་ནི། །ཕྱོགས་དང་དུས་ཀྱི་དབྱེ་བ་འགའ་ཡང་མེད། །ཐིག་ལེ་ཉག་གཅིག་ཀུན་ཁྱབ་ཆོས་ཀྱི་དབྱིངས། །ཡང་དག་མཐའ་སྟེ་རྫོགས་པ་ཆེན་པོའི་ཚུལ། །ཆོས་ཉིད་འགྱུར་མེད་དོན་གྱི་བཞུགས་ཚུལ་འདི། །བྱར་མེད་གཤིས་ཡིན་བཅོས་མེད་བབ་ཀྱིས་བལྟ། །ཡིད་དཔྱོད་དྲྭ་བས་བསྒྲིབ་ན་མཐོང་མི་འགྱུར། །འདུས་


MR27_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པའི་འོད་གསལ་ཡེ་ཤེས་དང་། །འདུས་བྱས་སེམས་ཀྱི་སྒོམ་པ་ནོར་ར་རེ། །མ་བཅོས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །རང་སེམས་འོད་གསལ་ཤིན་ཏུ་དྲི་མེད་གནས། །རང་ལ་ཡེ་ནས་གནས་པ་ཉིད་ཀྱི་ཕྱིར། །བླ་མའི་མན་ངག་རྩོལ་མེད་ལམ་གྱིས་ནི། །རང་བྱུང་ཡེ་ཤེས་རང་འོད་གསལ་བར་འགྱུར། །དེ་ཚེ་གདོད་མའི་གཞི་དབྱིངས་ཆེན་པོ་ལས། །ལས་རླུང་གཡོ་བའི་བཞོན་པ་ལ་བརྟེན་པ། །ཀུན་རྟོག་འཁྲུལ་པའི་རང་གཟུགས་སྲིད་པའི་རྒྱ། །རང་གྲོལ་གཤིས་སུ་གཞི་རྩ་བྲལ་བར་ཡལ། །རགས་དང་ཕྲ་བའི་ལས་ཀྱི་རླུང་རྣམས་ཀུན། །ཐབས་ཀྱིས་དབུ་མའི་ལམ་དུ་གཞུག་པ་ཡང་། །རྡོ་རྗེ་ལུས་ཀྱི་གནད་ལས་འབྱུང་མོད་ཀྱི། །ཀུན་གྱི་མཐའ་ནི་འདི་ལ་ཐུག་པ་ཡིན། །དབུ་མ་རྟག་ཆད་བྲལ་བའི་དོན་ཉིད་དེ། །གང་དུ་མི་གནས་སྙིང་པོའི་བཞུགས་ཚུལ་ཉིད། །དེ་ཉིད་མཐོང་བ་གཉིས་མེད་ཡེ་ཤེས་ཡིན། །དེ་ཡི་གདངས་འབྱེད་ཡེ་ཤེས་རླུང་ཞེས་བྱ། །དེ་ཕྱིར་ཡེ་ཤེས་དབུ་མའི་གྲོང་ཁྱེར་དུ། །ལས་རླུང་ཡན་པོར་ཞོན་པའི་རྣམ་ཤེས་ཀྱི། །སྒྱུ་འཕྲུལ་སྲིད་པའི་གྲོང་ཁྱེར་ཞིག་པ་ལ། །ལས་རླུང་དབུ་མར་ཐི་མ་པའི་ཐ་སྙད་བཏགས། །གནད་དེ་བོར་ནས་ཐབས་མཁས་ལམ་གྱི་ནི། །དམིགས་པ་ཙམ་ལ་མཐར་ཐུག་དོན་བཟུང་སྟེ། །ལུས་དབུས་རྒྱུ་སྟོང་ལྟ་བུར་སྣའི་དབུགས། །བསྡུས་པས་སངས་རྒྱས་ཐོབ་ཅེས་ཞེ་འདོད་ཀྱི། །མཐིལ་དུ་


MR27_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་རླུང་སྡུད་སྦྱོར་བ་ཡི། །ཐབས་དེར་མ་བརྟེན་གྲོལ་ལམ་ཐེག་རྩེའི་གནད། །རྡོ་རྗེ་ཐེག་པའི་མྱུར་ལམ་མ་ཡིན་ཞེས། །བརྙས་པར་བྱེད་རྣམས་ཀྱེ་མའོ་ཤིན་ཏུ་འཁྲུལ། །བརྩོན་འགྲུས་ཆེན་པོས་རྡོ་རྗེ་ལུས་གནད་ལ། །བརྟེན་དེ་རིམ་གྱིས་ལས་རླུང་དགག་པ་ཉིད། །རྡོ་རྗེ་ཐེག་པའི་མྱུར་ལམ་ཡིན་མོད་ཀྱི། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་དགོངས་པའི་དོན། །ཤེས་རབ་ཆེན་པོས་རང་གནས་ཡེ་ཤེས་ལ། །བརྟེན་ནས་ལས་རླུང་རང་གྲོལ་ལམ་མཆོག་འདིར། །ལྟོས་ན་ཚེགས་ཆེ་བུལ་ཞིང་གེགས་མང་བས་། །བདེ་ཞིང་མྱུར་ལམ་འདི་ལས་མཆོག་གཞན་མེད། །དེ་ལྟར་གདོད་མའི་གཞི་དབྱིངས་ཆེན་པོའི་དོན། །རང་སེམས་འོད་གསལ་སྔགས་ཀྱི་དེ་ཁོ་ན། །བླ་མའི་མན་ངག་ལམ་ལ་བརྟེན་ནས་སུ། །དགོངས་བརྒྱུད་བྱིན་རླབས་ཐོབ་པའི་རྟེན་འབྲེལ་ལས། །ལྷན་སྐྱེས་ཡེ་ཤེས་གསལ་བའི་མཐུས་མྱོང་ཚེ། །འཁྲུལ་པའི་རྫུན་ཕུག་གཞི་ལ་རྡིབ་པའི་གདིང་། །རྣལ་འབྱོར་མཆོག་དེའི་ཡིད་ལ་ཐོབ་གྱུར་ནས། །ཕྱོགས་དང་དུས་ཀྱི་མུ་མེད་སྲིད་པའི་ཁམས། །འདི་དག་ཀུན་རྟོག་རྫུན་པས་སྤྲུལ་པའི་ཕྱིར། །ཇི་ལྟར་རྨི་ལམ་རང་ངོའི་སྣང་བ་ལ། །དུས་ཀྱི་མཐའ་དང་ཕྱོགས་ཀྱི་མུ་མེད་ཀྱང་། །གང་ནས་མ་འོང་གང་དུ་མི་འགྲོ་ལ། །གཉིད་ཀྱི་རིང་ལ་བདེན་པར་སྣང་བ་ལྟར། །ཤེས་ནས་སྲིད་པས་འཇིགས་པར་མི་བགྱིད་ལ། །གཅིག་པུར་ཞི་བའི་གོ་འཕང་


MR27_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚོལ་ཏེ། །སྲིད་ཞི་མཉམ་ཉིད་རྟོགས་པའི་ཤེས་རབ་ཀྱིས། །གོལ་འཆུགས་མེད་པར་སངས་རྒྱས་ས་ལ་འགྲོ། །ཨེ་མའོ། རང་བྱུང་རིག་པ་བདེ་གཤེགས་སྙིང་པོ་ནི། །ངོ་བོ་ཉིད་ཀྱིས་སྲིད་ཞིའི་མཐར་མི་གནས། །དེ་དོན་རྟོགས་ན་སྲིད་དང་ཞི་བ་ཡང་། །འཁྲུལ་པའི་རྫུན་ཕུག་རྡིབ་དང་མཉམ་དུ་ཟད། །བློ་བྲལ་རྫོགས་པ་ཆེན་པོའི་རྣལ་འབྱོར་རྣམས། །གཉུག་མའི་ཡེ་ཤེས་མཁའ་དང་མཉམ་པར་བརྡལ། །ཐམས་ཅད་དེ་ཡི་ངང་སྟེ་སྣང་སྲིད་ཀུན། །གདོད་ནས་རྣམ་པར་དག་པའི་རང་བཞིན་ཉིད། །སྡུག་བསྔལ་ཀུན་འབྱུང་འཁོར་བའི་དྲི་མ་དང་། །འགྱུར་བའི་ཟུག་རྔུ་ཡོང་ཡེ་མི་མངའ་བའི། །མཁའ་མཉམ་བདེ་བ་ཆེན་པོའི་བདག་ཉིད་དུ། །ཡེ་སངས་རྒྱས་པ་ཆོས་སྐུའི་དགོངས་པ་ལ། །བཅས་བཅོས་མེད་པར་རང་ས་ཟིན་པའི་གདིང་། །རྟོགས་པའི་དབང་གིས་ཐོབ་པར་གྱུར་པའི་ཚེ། །ཡང་སངས་རྒྱ་བའི་རྣལ་འབྱོར་ལམ་མཆོག་དེར། །བྱ་རྩོལ་མེད་པར་འབྲལ་ཆོས་མཐའ་དག་རྫོགས། །འདི་འདྲའི་ཐེག་པ་མཆོག་གི་དགོངས་དོན་ལ། །མོས་པ་ཙམ་ཡང་སངས་རྒྱས་དཔག་མེད་དྲུང་། །དགེ་བའི་རྩ་བ་བསྐྱེད་པའི་མཐུས་ཡིན་ན། །ཚུལ་བཞིན་ཉམས་སུ་ལེན་རྣམས་སྐལ་བ་བཟང་། །བཟང་པོའི་བཟང་པོ་ཐེག་པ་དམ་པའི་མཆོག །ངོ་མཚར་འོད་ཟེར་བརྒྱ་ཡིས་མངོན་མཛེས་ཀྱང་། །དམུས་ལོང་ལྟ་བུའི་བློ་དམན་སྐལ་ངན་རྣམས། །མོས་པར་མི་འགྱུར་ཀྱེ་མའོ་


MR27_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མཐུ། །རང་བྱུང་རིག་པ་འཇམ་དཔལ་གཞོན་ནུའི་དབྱིངས། །ཀུན་ལ་ཁྱབ་པར་བཞུགས་པའི་ཆོས་ཉིད་ཀྱི། །བདེན་པའི་མཐུ་དང་བདག་གི་ལྷག་བསམ་གྱིས། །དེང་ནས་འགྲོ་ཀུན་ལམ་མཆོག་འདིར་འཇུག་ཤོག །ཁྱད་པར་དུས་ཀྱི་སྙིགས་མདོ་བའི་སྐབས། །ཐེག་པ་གཞན་གྱིས་གདུལ་བར་དཀའ་བའི་ཚེ། །ཐེག་མཆོག་རྒྱལ་པོའི་བསྟན་པ་དར་གྱུར་ནས། །འགྲོ་ཀུན་རྒྱལ་བའི་གྲོང་ཁྱེར་ཕྱིན་པར་ཤོག །འཇམ་པའི་རྡོ་རྗེའི་ཞབས་ཀྱི་ཆུ་སྐྱེས་ལ། །གུས་པའི་ཡིད་ཀྱིས་མངོན་པར་ཕྱོགས་བྱས་པས། །ལེགས་བཤད་མི་ཟད་སྨྲ་བའི་སྤོབས་པ་ཅན། །མི་ཕམ་རྣམ་པར་རྒྱལ་བས་སྤེལ་བ་འདི། །ལེགས་པར་བསམ་ན་ཐེག་པའི་གནད་ཀུན་དང་། །སྙིང་པོའི་དོན་ཀུན་སྙིང་ལ་འཆར་བར་བྱེད། །དེ་ཕྱིར་དུས་ཀྱི་ཐ་མར་རབ་རྒྱས་ནས། །རྡོ་རྗེ་སྙིང་པོའི་བསྟན་ལ་ཕན་པར་ཤོག །ཅེས་པ་འདི་ནི་ཚིག་གི་སྡེབ་སྦྱོར་མཛེས་ཆོས་སྤངས་ཏེ་དོན་གྱི་ལུས་བཟང་རྫོགས་པར་ངོམ་པའི་རྡོ་རྗེ་བཙུན་མོའི་རྗེས་ཆགས་ཀྱི་དགའ་བ་ཡིན་པས་སྐལ་བཟང་རྣམས་ཀྱིས་འདོད་དགུར་རྩེན་པར་གྱིས་ཤིག་ཅེས། རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་ཆོས་གསུམ་ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་མི་ཕམ་འོད་གསལ་རྡོ་རྗེས་ཤར་མར་སྤེལ་བ་དགེའོ་མངྒ་ལཾ། །སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་བསྟན་པར་བྱ།ོ། ཨྠྀིཿ ས་མ་ཡཿ རྒྱ་རྒྱ་


MR27_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ།། ༈ །།གདམས་ངག་སངས་རྒྱས་ལག་བཅང་མའི། །སྐྱོང་ཐབས་གནད་ཀྱི་མན་ངག་བཞུགས། །འཁོར་འདས་ཀུན་ཁྱབ་དོན་དམ་དབྱིངས་ཀྱི་གཤིས། །རང་བྱུང་ཡེ་ཤེས་འཇམ་དཔལ་དཔའ་བོའི་གདངས། །རྩོལ་མེད་འོད་དི་གསལ་བས་འགྲོ་ཀུན་གྱི། །སྒྲིབ་གཉིས་སྙིང་གི་མུན་པ་འཇོམས་གྱུར་ཅིག །ཀྱེ་ཧོ་དལ་བའི་རྟེན་ལྡན་བློ་བཟང་རྣམས། །མི་རྟག་གློག་འདྲའི་ཚེ་འདི་མྱུར་འཇིག་ཅིང་། །ལས་འབྲས་བསླུ་བ་མེད་པའི་རྗེས་འབྲངས་ནས། །འཁོར་བའི་རྒྱ་མཚོར་ཐར་མེད་ཆུད་ཏ་རེ། །ད་རེས་མནོ་བསམ་ཤེས་ཤིང་ཆོས་དང་མཇལ། །མྱུར་ལམ་སྙིང་པོའི་གདམས་པ་ཐོབ་ནས་སུ། །རྩེ་གཅིག་ཉམས་སུ་ལེན་པར་མ་བྱས་ན། །དེ་བས་རྨོངས་ཤིང་བསླུས་པ་གཞན་ཅི་ཞིག །འཁོར་བ་འདི་ནི་འདི་ལྟར་སྡུག་བསྔལ་ཆེ། །མི་བརྟན་གཡོ་བ་གློག་གི་ཟློས་གར་འདྲ། །ཅི་ཙམ་སྤྱད་ཀྱང་ངོམས་པ་ཅུང་ཟད་མེད། །ཡིད་བརྟན་མི་རུང་སྲིན་མོའི་འཛུམ་དཀར་མཚུངས། །སྐྱེས་མཐར་འཆི་ཞིང་འདུས་མཐར་འབྲལ་བ་སོགས། །རྒུད་པས་མ་བཟུང་བདེ་བ་ཅུང་ཟད་མེད། །རང་དབང་མེད་པར་ན་རྒ་འཆི་དང་དབུལ། །དགྲ་ཕྲད་གཉེན་བྲལ་འདོད་པས་ཕོངས་པ་དང་། །མི་འདོད་ཐོག་བབ་སྡུག་བསྔལ་སྣ་ཚོགས་ཀྱིས། །མེ་ཡི་ཀླུབས་ལྟར་བར་མཚམས་མེད་པར་མནར། །གང་དུ་སྐྱེས་ཀྱང་ཟག་བཅས་ལས་ཉོན་གྱི། །དབང་ཕྱིར་སྡུག་བསྔལ་གཞི་རུ་ངོ་


MR27_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གནས། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་བླག་མེད། །ཁྱད་པར་རང་སེམས་གླང་ཆེན་མྱོས་འདྲ་བ། །རང་དབང་མེད་པར་ཉོན་མོངས་ནད་ཆེན་གྱིས། །ཉིན་དང་མཚན་མོ་བར་མེད་གདུང་ཞིང་གཟིར། །དེ་ཡི་དབང་གིས་དཔལ་དང་གྲགས་པ་དང་། །བདེ་བའི་དངོས་པོ་ཤིན་ཏུ་རླག་པར་བྱེད། །འདི་ལ་དམ་ཆོས་བདུད་རྩི་མ་གཏོགས་པ། །གསོ་བའི་སྨན་གཞན་སྲིད་ན་ཡོངས་མི་རྙེད། །དེ་ལྟར་བསམ་ན་འཁྲུལ་པའི་དབང་གིས་ནི། །བྱུང་བའི་སྲིད་ལ་བདེ་བམ་མཆིས་ཏེ། །མི་གཙང་འདམ་དང་སྲིན་གླིང་མེ་འོབས་ལྟར། །ངོ་བོ་ཉིད་ཀྱིས་སྡུག་བསྔལ་ཆེ་ཞིང་འཇིགས། །དེ་འདྲའི་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །འཁྲུལ་པའི་དབང་གིས་འཕྱན་པ་རང་དང་གཞན། །སྒྲོལ་འདོད་སྙིང་རྗེའི་བསམ་པ་བསྐྱེད་ནས་སུ། །ལམ་མཆོག་ཉམས་སུ་ལེན་པའི་སྐལ་བཟང་དེས། །ཐོག་མར་མཚན་ལྡན་དགེ་བའི་བཤེས་གཉེན་ལས། །ཐེག་མཆོག་ལམ་དང་མན་ངག་སྙིང་པོའི་དོན། །སངས་རྒྱས་ལག་བཅང་གདམས་བའི་གནད་མནོས་ནས། །འཁྲུལ་པའི་རང་མཚངས་རྗེན་པར་ཕུད་བྱས་ལ། །སེམས་ཀྱི་གཟེབ་བཤིག་ཡེ་ཤེས་དོན་མཐོང་ཚེ། །སྐྱོན་དང་ཡོན་ཏན་རང་གིས་མངོན་སུམ་དུ། །ཤེས་རབ་སྟོབས་ཀྱིས་མྱོང་བར་གྱུར་བའི་ཕྱིར། །འཁྲུལ་མེད་གནས་ལུགས་བསྒོམ་པར་སུ་མི་སྤྲོ། །འདི་ན་ཉིན་དང་མཚན་མོ་ཕྱེད་པར་ནི། །མ་ཡེངས་དྲན་པའི་རྒྱུན་ལ་


MR27_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་གནས་ཏེ། །ཆེད་འཛིན་མེད་པར་བྱར་མེད་གཉུག་མའི་དོན། །བརྩོན་པ་དྲག་པོས་བསྒོམ་པར་མ་བྱས་ན། །ཐོག་མེད་གོམས་པའི་འཁྲུལ་སྣང་འཐས་ཆེས་པས། །སྡུག་བསྔལ་ཉོན་མོངས་གཅོང་ནད་ལྟ་བུའི་དཔལ། །ཅུང་ཟད་ཞི་བར་འགྱུར་བའི་སྐབས་མེད་ཕྱིར། །བདག་དོན་ཤེས་པ་སུ་ཞིག་སོས་དལ་འདུག །གློག་འབྲ་ཚེ་འདིའི་སོ་ཚིས་ཅི་སྨོས་ཀྱི། །སྲིད་དེའི་རྒྱུ་བྱེད་སྨོན་པ་ཀུན་བཏང་ཞིང་། །འཁྲུལ་སེམས་བདག་ཏུ་འཛིན་པ་གསོས་འདེབས་པའི། །ཀློག་དང་བཟླས་བསྒོམ་མཆོད་སོགས་ཀུན་ཀྱང་ཞོག །མ་འཁྲུལ་ཡིན་ལུགས་སྟོང་དང་བདག་མེད་དོན། །བདེན་གཉིས་དབྱེར་མེད་སེམས་ཀྱི་ཆོས་ཉིད་ལ། །རང་ངོ་ཤེས་པའི་རྣལ་འབྱོར་ལམ་མཆོག་དེར། །རྩེ་གཅིག་ནན་ཏན་སྙིང་པོར་བྱེད་པར་རིགས། །ལམ་མཆོག་འདི་ནི་ཀུན་གྱི་བླར་གྱུར་ཕྱིར། །ཐུན་རེ་གོམས་པ་ན་ཡང་ལམ་ཀུན་གྱི། །ས་དང་འབྲས་བུའི་ཡོན་ཏན་སྡུད་བྱེད་ཅིང་། །འཁྲུལ་སྣང་མུན་པ་དབྱིངས་སུ་འགག་པར་བྱེད། །ཆོས་ཉིད་རང་ངོ་ཤེས་པའི་ངང་བསྐྱང་སྟེ། །ལུས་གནད་གཡོ་མེད་རྩོལ་བ་ལྷོད་པོའི་ངང་། །ཟིམ་མེ་མེ་རེ་སང་ངེ་ཧ་རེ་བའི། །ངང་དུ་ཀུན་རྟོག་བྱ་ལམ་རྗེས་མེད་ཚུལ། །སྔོན་བསུ་རྗེས་དཔྱོད་དགག་སྒྲུབ་མེད་པར་བོར། །འདི་ལ་གནས་དང་མི་གནས་ཆེད་འཛིན་གྱི། །འཇུར་མདུད་མེད་པས་སྒྲིམ་པོའི་སེམས་ཀྱིས་ནི། །རྩེ་གཅིག་བཟུང་དང་བཀག་པའི་ཞི་གནས་


MR27_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །བསྒྲུབ་པའི་ཚུལ་དང་འདྲ་བ་མ་ཡིན་ཀྱང་། །མཉམ་པའི་ངང་དེར་རང་སོ་ཟིན་པའི་གདིང་། །རྙེད་ནས་འདུ་ཤེས་གྲིམ་བོ་རླུང་འདྲ་བས། །གློ་བུར་ཟུག་རྔུ་སློང་བ་གཏན་ཆད་དེ། །ཅི་ཙམ་བཞག་ཀྱང་འབོལ་ལེ་ལྷོད་དེ་བ། །ཇི་ལྟར་བྱས་ཀྱང་གསལ་ལེ་སང་ངེ་བ། །ཅི་ལ་བལྟས་ཀྱང་སྟོང་ངེ་ཧ་རེ་བ། །ཅི་ནས་མི་བདེ་མེད་པའི་རང་བཞིན་ཏེ། །མཁའ་མཉམ་བདེ་བ་ཡེ་ཤེས་འོད་གསལ་ཀློང་། །དམིགས་གཏད་མཐའ་ཞི་མཉམ་པ་ཉིད་དབྱིངས་སུ། །འགྱུ་བའི་རླུང་རྟོག་འཆིང་ཞིང་ཐེ་ཚོམ་གྱི། །དྲྭ་བ་ཀུན་བྲལ་གཡོ་མེད་མཉམ་གཞག་ལ། །གོམས་པ་ཆགས་ཤིང་བརྟན་པར་མ་གྱུར་པར། །ལྟ་བ་གོ་ཡུལ་ཙམ་ལ་བཞག་ནས་སུ། །འལ་འོལ་ཡད་ཡུད་ཤར་བས་མི་ཕན་པས། །བྱ་བ་ཀུན་སྤངས་རྩེ་གཅིག་གོམས་པ་གལ། །ཀུན་རྟོག་འཁྲུལ་པའི་རླུང་དང་ཡེ་ཤེས་གདངས། །གང་གོམས་སྲང་མདའ་བཞིན་དུ་མཐོ་དམའ་བྱེད། །ཡེ་ཤེས་མེ་ཡིས་འཁྲུལ་པའི་སྦུབས་བསྲེགས་ཏེ། །ཉིན་མཚན་བར་མེད་འོད་གསལ་བར་དུ་འབད། །དེ་ལྟར་བསྒོམས་ནས་གོམས་པའི་འབྲས་བུ་ལ། །ལམ་མཆོག་འདི་ཡི་རང་ལུགས་ཞི་གནས་དང་། །ལྷག་མཐོང་ཟུང་དུ་འབྲེལ་བའི་ཚུལ་འབྱུང་སྟེ། །ཆེད་འཛིན་ཞི་གནས་ཡིད་དཔྱོད་ལྷག་མཐོང་མིན། །མ་བཅོས་བབ་ཀྱིས་གནས་པའི་བསམ་གཏན་དང་། །རང་བྱུང་འོད་གསལ་ལྷག་མཐོང་དབྱེར་མེད་


MR27_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྣལ་འབྱོར་ལམ་གྱི་ཉི་མ་སྙིང་དབུས་སུ། །ཤར་བའི་ལག་རྗེས་བསླུ་བ་མེད་པ་ལས། །འཁྲུལ་རྟོག་མུན་པ་དབྱིངས་སུ་འགག་གྱུར་བས། །འཁྲུལ་པ་ལས་བྱུང་བདག་འཛིན་ཆགས་སྡང་སོགས། །གནས་པའི་གོ་སྐབས་ཡོང་ཡེ་མེད་པས་ན། །ཇི་ཙམ་གོམས་པ་དེ་བཞིན་ཉོན་མོངས་ཆུང་། །དེ་ཚེ་རྩལ་ལས་གང་ཤར་ཡེ་ཤེས་ལྔའི། །རོལ་པ་འགག་མེད་ཐ་མལ་ཆགས་སེམས་སོགས། །གོ་བས་ལམ་དུ་ཁྱེར་དང་མི་འདྲ་བར། །མྱོང་བས་རང་བྱན་ཚུད་པ་ཤིན་ཏུ་བདེ། །འཇིག་རྟེན་ལམ་གྱི་བསམ་གཏན་སྒོམ་པ་རྣམས། །ཞི་བའི་སེམས་ཀྱིས་ཞེ་སྡང་མགོ་མནན་ཀྱང་། །བདག་འཛིན་སེམས་ལ་གནོས་པ་མི་ནུས་པས། །ཕྱིར་ཞིང་རོ་མྱང་སེམས་ཀྱིས་ང་ཞེས་སྙེམ། །མཉམ་ཉིད་ཆེན་པོར་བདག་མེད་དོན་མཐོང་ཚེ། །བདག་དང་གཞན་ཞེས་ཁྲུལ་པའི་ཕུག་རྡིབ་པས། །རྟོགས་པའི་ཡོན་ཏན་མཁའ་མཉམ་འཕེལ་ན་ཡང་། །ང་རྒྱལ་མེད་པ་ལམ་འདིའི་ཁྱད་པར་རྟགས། །ཆེད་དུ་མ་བསྒོམ་ན་ཡང་སྙིང་རྗེའི་ཤུགས། །རྩོལ་བ་མེད་པར་ངམ་ངམ་ཤུགས་ཀྱིས་འདྲེན། །གོ་ཡུལ་ཚིག་གི་སྡུག་འབད་མ་བྱས་པར། །མདོ་རྒྱུད་རྒྱ་མཚོར་ཤེས་རབ་རང་བྱན་ཚུད། །དེ་འདྲ་བྱུང་ན་ལམ་མཆོག་རྫོགས་པ་ཆེར། །གནད་དུ་བསྣུན་པའི་རང་རྟགས་བསླུ་མེད་ལ། །གཞན་དུ་བདེ་གསལ་མི་རྟོག་ཉམས་བུན་བུན། །ཤར་བ་ཙམ་ནས་ཐོས་རྒྱ་ཆུང་རྣམས་ཀྱིས། །མཐོན་པོའི་སར་རློམས་ཁེངས་པས་


MR27_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱིངས་ནས་སུ། །གཞན་གྱི་ཚད་འཛིན་བདག་ཚུལ་མི་སེམས་རྣམས། །རྩུབ་མོའི་ཚིག་གི་ཚ་དབལ་མི་ལྕོགས་ན། །མནར་མེད་མེ་ལྕེ་བཟོད་པར་ནུས་རེ་ཀན། །འཁོར་རྒྱུ་རང་ལ་ཡོད་པ་མ་ཤེས་པར། །འཁོར་བར་ལྟུང་བའི་དོགས་པ་མེད་དོ་ཅེས། །མཐོ་སྐད་བྱུང་རྒྱལ་འདོན་བཞིན་གཞན་དག་གི། །གནོད་པ་ཕྲ་མོར་དོགས་པ་བྱེད་པ་མཚར། །དེ་ཕྱིར་རང་བློ་རང་ལ་མངོན་སུམ་ཕྱིར། །བདེན་ཞེས་གཡོ་སྒྱུ་ཚུལ་འཆོས་བདག་བསྟོད་ཀྱི། །འཆིང་བ་དམ་པོ་ལྷོད་པར་གྱུར་པའི་གདིང་། །མ་ཐོབ་བར་དུ་སྒོམ་སྐད་མ་འདོན་ཅིག །སེམས་འདི་ཕྲ་ཞིང་ཟབ་སྟེ་བརྟག་དཀའ་ལ། །སྣ་ཚོགས་ཚུལ་མང་དབྱེ་བསལ་མི་ཤེས་ཤིང་། །མི་བརྟན་སླུ་བྱེད་མགོ་བོ་རྨོངས་པར་བྱེད། །དེ་ཕྱིར་རང་སེམས་ཡིན་ཀྱང་ཚད་ཟིན་དཀའ། །ཁྱད་པར་བསྒོམ་པའི་དུས་ན་ཉམས་མང་ཞིང་། །ཉམས་དང་རྟོགས་པའི་ཁྱད་པར་དབྱེ་བསལ་དང་། །དེར་ཡང་ཕྱི་ནང་ཤུན་པ་མང་པོའི་ཚུལ། །ཤེས་རབ་མན་ངག་ཅན་མིན་འབྱེད་མི་ནུས། །ནམ་མཁའ་ལྟ་བུ་འགྱུར་མེད་ཡེ་ཤེས་གདིང་། །ཐོབ་ལ་ནོར་བ་མེད་ཅིང་ཡོན་ཏན་ཆེ། །འདྲ་བ་འདྲ་བའི་ས་ཆད་མང་པོ་ཡང་། །འདོར་ཞིང་འདོར་ཞིང་ཡེ་ཤེས་གནས་སུ་འགྲོ། །དེ་ཕྱིར་ཐེག་པ་ཆེན་པོའི་གཞུང་ལུགས་མཆོག །མདོ་དང་རྒྱུད་ཀྱི་ལམ་གནད་མཁས་བའམ། །རང་ལ་དེ་འདྲ་ཤེས་པའི་ཐུ་མེད་ན། །བླ་མའི་མན་ངག་ལམ་གྱིས་ཟིན་པ་གཅེས། །


MR27_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་ལམ་ལ་དྲང་པོར་འགྲོ་བ་དང་། །དད་བརྩོན་དྲག་པོས་འཇུག་པ་ལྷུར་བླངས་ན། །ཚེ་འདིར་རྒྱལ་བའི་གོ་འཕང་སྙོགས་པའམ། །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཐོབ་པ་ཡིན། །གཞན་དོན་མི་བྱེད་ཐེག་ཆེན་ལམ་མེད་པས། །བདག་ཉིད་ཞི་བ་ཙམ་ཞིག་ངོ་མཚར་ཅི། །མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་འདིག་ལ། །ཕན་བྱེད་ནུས་པ་ཇི་ཡོད་རང་ལ་སོམས། །འཇམ་དཔལ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ། །རྗེས་སུ་སྙོགས་པའི་ཡོན་ཏན་གདིང་ཐོབ་ན། །ཕྱིར་མི་ལྡོག་པར་སངས་རྒྱས་སར་འགྲོ་བའི། །གདིང་ཆེན་དེ་ནི་ད་ལྟར་ཐོབ་པ་ཡིན། །གལ་ཏེ་དེ་ལྟར་ནུས་པ་མེད་ན་ཡང་། །དེ་རྗེས་འཇུག་པར་འདོད་པའི་དམ་བཅའ་ནི། །བསྐལ་པའི་མཐར་ཡང་གཏོང་བར་མི་འདོད་པའི། །སེམས་མཆོག་བརྟན་ན་མོས་སྤྱོད་སེམས་དཔའ་ཡིན། །དེ་འདྲ་གང་ཡང་མེད་པར་སངས་རྒྱས་ཀྱི། །ས་ལ་བྱ་འཕུར་བཞིན་དུ་འགྲོའོ་ཞེས། །ཐེག་ཆེན་ལམ་གནད་ཅི་ཡང་མི་ཤེས་པའི། །ངོ་ཚའི་ཚིག་དེ་སྨྲ་བ་བསྐྱུངས་ན་ལེགས། །ལམ་མཆོག་རྫོགས་པ་ཆེ་ལ་ཡོན་ཏན་ཆེ། །ཇི་བཞིན་འབྱོངས་ན་གྲངས་མེད་གསུམ་གྱི་ལམ། །ཚེ་འདིར་རྫོགས་ནས་སངས་རྒྱས་མངོན་བྱེད་ཀྱང་། །མྱུར་བུལ་ལམ་གྱི་ཁྱད་དེ་དོན་དུ་གཅིག །གལ་ཏེ་མདོ་ནས་བཤད་པ་ཅི་ལྟ་བུའི། །ཡོན་ཏན་མེད་ཀྱང་ས་ལམ་བགྲོད་གྱུར་ན། །ལམ་དེ་བགྲོད་ལ་གཅིག་པུས་སངས་རྒྱས་སར། །འགྲོ་བའི་ལམ་མིན་ཐེག་ཆེན་གཞུང་དང་འགལ། །ལམ་གྱི་


MR27_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཡོན་ཏན་མེད་གྱུར་ན། །འབྲས་བུའི་ཡོན་ཏན་དེ་ཡང་མི་སྣང་བའི། །སངས་རྒྱས་གཉིས་པ་ཞིག་ཀྱང་སྲིད་པའི་ཕྱིར། །རང་རྒྱུད་མཆོག་བཟུང་ལམ་ལ་མ་སྨད་ཅིག །ལམ་ནི་དུས་གསུམ་རྒྱལ་བའི་ལམ་ཡིན་ཏེ། །འདི་ལ་ཡོན་ཏན་མེད་ན་ཐམས་ཅད་འཆུག །བདག་ལ་ཡོན་ཏན་མེད་མེད་ན་ལམ་དེའི་ཚད། །མ་སླེབ་ཤེས་བྱོས་ལམ་དེར་མ་རློམས་ཤིག །སེམས་ཉིད་ཡེ་ཤེས་གནས་ལ་དབང་འབྱོར་ན། །རྩལ་སྣང་སེམས་ཀྱང་ཡེ་ཤེས་རོལ་པར་འཆར། །རིག་རྩལ་དབང་ཐོབ་དེ་ལ་རྫུ་འཕྲུལ་སོགས། །ཡོན་ཏན་རྣམས་ཀྱང་འདུན་པ་ཙམ་གྱིས་རྫོགས། །དེ་ཕྱིར་རྟོགས་པ་དོན་གྱི་འོད་གསལ་དབྱིངས། །མངོན་སུམ་བྱས་ནས་གནས་གྱུར་ཐོབ་པ་ན། །ཡོན་ཏན་བརྒྱ་ཕྲག་དཀའ་བ་མེད་པར་ནི། །ཉི་དང་འོད་ཟེར་བཞིན་དུ་ལྷུན་གྱིས་གྲུབ། །འོད་ཀྱང་མོས་པས་སྤྱོད་པའི་ས་འདི་ན། །ཐོག་མེད་བསགས་པའི་ལས་ཤུགས་སྟོབས་ལྡན་པས། །མྱུར་ལམ་སྙིང་པོའི་ཉམས་ལེན་ལེགས་བརྩོན་ཀྱང་། །གཞུང་ནས་བཤད་པ་ཇི་བཞིན་འབྱོང་བར་དཀའ། །རིན་ཆེན་ལྟ་བུའི་གང་ཟག་རེ་ཟུང་གིས། །ཉམས་ལེན་ཇི་བཞིན་འབྱོང་བའི་ས་ཚད་དང་། །བསྟུན་ཏེ་ཟླ་བ་དྲུག་ཙམ་བསྒོམ་པས་ཀྱང་། །རིག་འཛིན་ས་ལ་འགྲོ་ཞེས་གསུང་ཐོས་ནས། །སེམས་གནས་གོམས་པའི་སྟོབས་སམ་དམིགས་རྩོལ་གྱིས། །དྲངས་པའི་བདེ་གསལ་མི་རྟོགས་ཉམས་ཙམ་ལ། །


MR27_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལམ་བདེ་བ་ཆེན་པོའི་ཡེ་ཤེས་དང་། །དཔེ་ཡི་འོད་གསལ་དག་ཏུ་རློམས་པ་དང་། །སྒོམ་པོ་ཕལ་ཆེར་དཔེ་ཡི་འོད་གསལ་ལ། །རྟོགས་པར་བཟུང་ནས་རང་ཉམས་བལྟས་ན་ཡང་། །མངོན་སུམ་ཡིན་ཕྱིར་རྗེས་དཔག་མི་དགོས་པས། །འདི་ཉིད་མཐོང་ལམ་ཡིན་ཅེས་སྨྲ་བ་འཁྲུལ། །དོན་གྱི་འོད་གསལ་མངོན་དུ་བྱས་པ་ལ། །བརྒྱ་ཕྲག་བཅུག་གཉིས་ལ་སོགས་ཡོན་ཏན་འབྱུང་། །ཚོགས་ལམ་ཆེན་པོར་ཆོས་རྒྱུན་ཏིང་ངེ་འཛིན། །ཐོས་པའི་ཡོན་ཏན་དེ་ཡང་ཡོད་དམ་སོམས། །དེ་ལྟར་ཤེས་ནས་ནང་གི་ཁམས་དབང་པོ། །བསྐལ་པའི་ཁྱད་ཀྱིས་ཚེ་འདིར་ཆེར་བསྒོམ་ཀྱང་། །གདོད་མའི་གྲུབ་མཐའ་སྙེགས་དང་མི་སྙེགས་པ། །སྣ་ཚོགས་ཡོད་ཀྱང་ལམ་མཆོག་ཉམས་ལེན་ལ། །མོས་པ་ཙམ་གྱིས་རིམ་བཞིན་སངས་རྒྱས་ས། །འཐོབ་ཅེས་གསུང་ཞིང་ཉམས་སུ་ལེན་པ་རྣམས། །འདི་འམ་བར་དོ་སྐྱེ་བ་གཞན་རྣམས་སུ། །རིང་པོར་མི་ཐོགས་མཐར་ཐུག་འབྲས་ཐོབ་ཕྱིར། །ཤིན་ཏུ་གུས་པར་བྱས་ཏེ་ཇི་ནུས་སུ། །བསྒོམ་པར་བྱའོ་སྐལ་བཟང་གྲོགས་པོ་དག །དད་བརྩོན་གློ་ཡི་སྟོབས་བཞིན་ཡོན་ཏན་རྣམས། །ལམ་གཞག་གང་ལས་མྱུར་བར་མངོན་དུ་འབྱུང་། །མདོ་དང་རྒྱུད་སྡེའི་ངེས་གསང་ལམ་རྣམས་ལ། །ཡོན་ཏན་ཆེ་བ་དཔག་ཏུ་མེད་ཀྱི། །དེ་ཀུན་རྫོགས་པའི་བདེ་མྱུར་ལམ་མཐར་ཐུག །འོད་གསལ་རྡོ་རྗེ་རྩེ་མོ་ཁོ་ན་ཡིན། །དེ་ཉིད་ཟབ་མོའི་མཐར་ཐུག་


MR27_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མོད་ཀྱང་། །སྙིང་པོའི་ཡེ་ཤེས་རང་ལ་གནས་པའི་ཕྱིར། །མཚན་ལྡན་བླ་མའི་མན་ངག་གནད་བརྡེག་ན། །ཡུད་ཙམ་གྱིས་ཀྱང་ཡིད་ཆེས་ལྡོག་མེད་སྐྱེ། །འདི་ཡི་མན་ངག་ཐོབ་པའི་སྐལ་བཟང་རྣམས། །འབད་པ་ཆུང་ངུས་རང་རྒྱུད་མྱུར་གྲོལ་བ། །དེ་འདྲ་ལམ་གཞན་གང་ལའང་མ་དམིགས་ནས། །རང་བློར་ཡིད་ཆེས་སྐྱེ་པས་དབང་པོ་གྱེད། །དགེ་བའི་སེམས་སྦྱངས་བསོད་ནམས་བསགས་པ་དང་། །སེམས་ཀྱི་འདུ་བྱེད་དམིགས་པའི་བསྒྱུར་སོ་རྣམས། །གནད་དུ་སོང་ན་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་འགྲུབ་ལ་བསླུ་བ་མེད་མོད་ཀྱི། །ཉོན་མོངས་ཟུག་རྔུ་འཆི་བའི་འཇུགས་སོགས་ལ། །དེ་མ་ཐག་པར་དབུགས་འབྱིན་ཤིན་ཏུ་དཀའ། །ཟབས་ལས་དཔེ་དོན་ཡེ་ཤེས་འདྲེན་པ་སོགས། །ལམ་དུ་ཚུད་དང་མཐར་ཕྱིན་དེང་སང་དཀོན། །སེམས་ཉིད་གནད་ལ་ཅུང་ཟད་གོམས་པས་ཀྱང་། །དུག་གསུམ་གདུང་བ་ལྷོད་པོར་བྱེད་པ་དང་། །འཆི་བའི་འཇིགས་པ་དག་ཀྱང་ཞི་བགྱིད་ན། །གནོད་པ་གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །ཁྱད་པར་སྙིགས་དུས་ཉོན་མོངས་ཤུགས་དྲག་པས། །སེམས་ཀྱི་འདུ་བྱེད་ཇི་ལྟར་གོམས་ན་ཡང་། །ཕན་སྐྱེད་མེད་པར་ཡི་ཆད་གདུང་རྣམས་ཀྱང་། །འདི་དང་ཕྲད་ན་དབུགས་འབྱིན་ངེས་པར་ཐོབ། །རི་དབང་རྩེ་ནས་རི་ཕྲན་ལྟ་བ་ལྟར། །ལམ་འདི་རྙེད་པས་ལམ་གཞན་ཞར་ལ་ཤེས། །དེ་སོགས་ཡོན་ཏན་རྒྱ་མཚོ་འབད་


MR27_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །སྡུད་པར་མཐོང་བས་ཡིད་ཆེས་རང་རྒྱུད་ལ། །མངོན་སུམ་སྐྱེ་ཕྱིར་འདི་ཟབ་འདི་མཆོག་ཅེས། །ཟབ་ཟབ་མཐོ་མཐོའི་སྟོང་སྐད་མ་ཡིན་པས། །ཉམས་སུ་ལོངས་དང་སྐལ་བ་བཟང་པོ་རྣམས། །མི་འཕྲོག་ཤེས་རབ་ཡོངས་སུ་སྨིན་པར་འགྱུར། །མཆོག་གི་མཆོག་གྱུར་ཐེག་པ་དམ་པའི་ལུགས། །ཆེན་པོའི་ཆེ་བ་ཨ་ཏི་ཡོ་གའི་ལམ། །བླ་མའི་མན་ངག་གནད་ལ་བརྟེན་ནས་སུ། །ཀུན་གྱིས་ནོར་འཁྲུལ་མེད་པར་རྟོགས་པར་ཤོག །སྙིགས་མའི་སྙིགས་མ་དུས་ཀྱི་ཐ་མར་ཡང་། །སྙིང་པོའི་སྙིང་པོ་ཐེག་མཆོག་རྫོགས་ཆེན་གྱི། །བསྟན་པའི་ཉི་མ་འགོག་མེད་ཤར་ནས་ཀྱང་། །བསྟན་འགྲོའི་རྒུད་མིན་རྩད་ནས་ཞི་བར་ཤོག །ཅེས་པའང་མི་ཕམ་པས་རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་ཚེས་དྲུག་ལ་བྲིས་པས་ཀུན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག མངྒ་ལཾ།། ༈ །།སེམས་དོན་ཆེ་བ་བཞུགས། གདོད་མའི་ཤེས་པ་རིག་སྟོང་དབྱེར་མེད་པ། །བཟོ་བཅོས་བསལ་བཞག་མེད་པ་འདི་ཉིད་ནི། །འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ། །སུས་ཀྱང་མ་བྱས་མཁའ་འདྲ་རང་གི་བབ། །འོན་ཀྱང་ནམ་མཁའི་ཁམས་ལ་སྤྲིན་བཞིན་དུ། །ཐོག་མེད་གོམས་པ་རྟོག་པའི་རབ་རིབ་ཀྱིས། །ཡེ་ཤེས་ཉི་མའི་རང་ཞལ་བསྒྲིབ་བྱས་ནས། །སྣ་ཚོགས་འཁྲུལ་པའི་ཡོ་ལང་རྟག་ཏུ་འཁྲུགས། །གཉུག་མའི་ཆོས་ཉིད་ཤེས་པར་འདོད་རྣམས་ཀྱང་། །བཞག་ཐབས་མན་ངག་གནད་དང་


MR27_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན་པར། །ཡིད་དཔྱོད་ཚིག་གི་རྗེས་འབྲངས་ངོ་བོ་འཚོལ། །བཙལ་བས་མི་རྙེད་ནམ་མཁའ་སྦར་བཟུང་འདྲ། །དུས་གསུམ་རྗེས་འབྲངས་རྟོག་པས་མ་བསླད་པར། །བཟོ་མེད་ཞོག་ཅེས་བླ་མས་བརྡ་སྤྲད་ཀྱང་། །ཐོམ་མེ་ཡོ་རེའི་ངང་ནས་ཀུན་རྟོག་གིས། །རང་མིག་རང་གིས་བསྒྲིབ་སྟེ་མུན་པར་འཁྱམས། །ད་ནི་བླ་མའི་མན་ངག་ཁོ་ན་ལ། །ཡིད་རྟོག་སྙིང་པོར་བྱས་ཏེ་རང་སེམས་ཀྱི། །གཤིས་ལུགས་བློ་ཡིས་བསླད་པ་དང་བྲལ་བ། །གཉུག་མ་རྒྱ་ཡན་ཆེན་པོའི་བབ་ལ་ལྟོས། །དོན་བརྒྱུད་མན་ངག་གནད་དུ་ཕེབ་གྱུར་ན། །ཚིག་གིས་ཅི་བྱ་རྩོལ་བས་ཅི་ཞིག་སྒྲུབ། །རྣམ་པར་ཤེས་པ་སྒོམ་དུ་ཅི་ཞིག་ཡོད། །ནམ་མཁའ་ལྟ་བུ་མཐའ་དབུས་མེད་པ་ལ། །དྭངས་གསལ་རྙོགས་པ་མེད་པའི་རང་མདངས་ཅན། །འོད་གསལ་འདུས་མ་བྱས་པའི་རིག་པ་ནི། །དོན་བརྒྱུད་བྱིན་རླབས་འཕོས་ཚེ་དུས་དེར་མཐོང་། །སེམས་ཉིད་བཟོ་མེད་རང་གི་རང་གཤིས་ལ། །ཐེ་ཚོམ་བྲལ་བའི་ཁོ་ཐག་ཆོད་པ་ན། །བརྗོད་པའི་ལམ་གྱིས་ཇི་བཞིན་མཚོན་དུ་མེད། །ཆོས་ཉིད་རང་གི་གནད་ལས་རང་ཤར་ཡིན། །འོད་གསལ་འགག་པ་མེད་པའི་རང་མདངས་ནི། །འདི་ཞེས་རིང་སུ་མ་ཆད་ཕྱལ་ལེ་བ། །ཡེ་ནས་ལྷུན་གྲུབ་འཕོ་འགྱུར་མཚན་མ་སྤངས། །ང་བདག་རིས་མེད་མཉམ་པ་ཉིད་དུ་གནས། །དུས་གསུམ་རྒྱུན་ཆད་མེད་པའི་འོད་གསལ་དོན། །ཡེ་ནས་བབས་ཀྱིས་གནས་པ་འདི་ཉིད་


MR27_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསར་དུ་རྩོལ་བས་བསྒྲུབ་ཏུ་མ་མཆིས་ཤིང་། །སྒོམ་པའི་ཚེ་ན་གསལ་མདངས་འདོན་ཅི་དགོས། །འདི་ལ་ང་དང་བདག་ཏུ་དམིགས་པའི་ཆ། །ཕྲ་རབ་རྡུལ་ཀྱི་ཤས་ཙམ་ཡོང་ཡེ་མེད། །མཁའ་ལྟར་རྣམ་དག་ཡེ་སྟོང་ཆེན་པོའི་ཕྱིར། །བསལ་ཤིང་དགག་པར་བྱ་བ་མ་མཆིས་ལ། །སྟོང་ངོ་སྙམ་དུ་རྟོག་པས་ཆེད་འཛིན་གྱིས། །དཔྱད་དང་བཅོས་མའི་སྒོམ་པ་མ་ལུས་པ། །མཁའ་ལ་རི་མོར་བྲིས་པ་བཞིན་དུ་ཡལ། །དེ་སླད་མུ་བཞིའི་འཛིན་སྟངས་གང་ཡང་མེད། །སྟོང་དང་རིག་པ་ཟུང་དུ་འཇུག་པ་ཞེས། །ཐ་སྙད་དོན་དང་མི་མཐུན་མེད་མོད་ཀྱི། །ཟུང་འཇུག་རྗེན་པར་མྱོང་ཚེ་བློ་ལས་འདས། །སོ་སོ་རང་གིས་རིག་བྱ་ཙམ་དུ་ཟད། །རང་རིག་གཉུག་མ་བབ་ཀྱི་དོན་མཐོང་ན། །གནས་དང་མི་གནས་མེད་བར་མཁའ་ལྟར་བརྡལ། །འགྱུ་བ་དངོས་མེད་པར་སྣང་བྱ་རྗེས་མཚུངས། །ཡིན་མིན་སྒྲོ་འདོགས་ཐེ་ཚོམ་གང་ཡང་མེད། །ཡེ་ནས་འདི་ལྟར་གནས་ཀྱང་ཕལ་པ་དག །སློས་ཅི་དགོས་ཏེ་ཐེག་ཆེན་སྨྲ་བས་ཀྱང་། །དབུལ་པོའི་ཁྱིམ་འོག་གཏེར་ལྟར་མཐོང་དཀའ་བ། །བླ་མའི་མན་ངག་ལམ་གྱིས་རང་ལས་རྙེད། །ཨེ་མའོ། དུས་རིང་བསྐལ་པར་ཚོགས་གཉིས་རྒྱས་མཚོའི་མཇིང་། །བརྒལ་ནས་འབད་བྱས་དོན་ཆེན་ཡིད་བཞིན་ནོར། །ཚེགས་མེད་ལག་ཏུ་སྟེར་བའི་ངེས་དོན་གྱི། །མན་ངག་ཟབ་མོར་དེང་སང་འཁུ་བ་མང་། །སྐལ་བ་ཆེ་ལྡན་མཆོག་གི་གོ་འཕང་ལ། །བདེ་


MR27_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བླག་འཇུག་པར་འདོད་པའི་བློ་ལྡན་རྣམས། །ཆོས་ཀྱི་སྙིང་པོ་རང་གི་སེམས་ཀྱི་གསང་། །ཟབ་མོའི་དོན་འདིར་ཕུ་ཐག་གཅོད་པར་མཛོད། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་མཁས་བྱས་ཀྱང་། །རྟོགས་པར་བྱ་བའི་མཐར་ཐུག་འདི་ཙམ་ལ། །འཁོར་འདས་སྟོང་སྲོག་དབང་བསྒྱུར་དཔལ་ཆེན་པོའི། །དགོངས་པའི་གཏན་སྲིད་ཟིན་པ་འདི་ག་ལགས། །དེ་སྐད་རྒྱུད་གཞན་གཉིས་སྣང་ཅན་གྱི་ཞལ། །མ་མཐོང་ཚིག་གི་གདམས་པ་མ་ཕོག་ཀྱང་། །རང་རིག་འཇམ་དཔལ་གཞོན་ནུའི་རང་ཞལ་ནས། །གཟུང་འཛིན་མེད་པའི་ངང་དུ་རང་ཤར་བའོ། །མེ་སྤྲེལ་ཟླ་ཚེས་ལ་འཆི་མེད་མཆོག་གྲུབ་གླིང་དུ་མཚམས་ཀྱི་ཐུན་གསེར་དུ་འཇམ་དཔལ་དགྱེས་པའི་ཡིད་མཁའ་ལས་རང་སྣང་བ་མངྒ་ལཾ།། ༈ །།སེམས་དོན་འབྲིང་པོ་བཞུགས། གཉུག་མའི་ཤེས་པ་བཟོ་མེད་རྒྱ་ཡན་གང་། །བླ་མའི་མན་ངག་ལམ་གྱིས་ནམ་མཐོང་ཚེ། །ཚིག་གིས་མི་མཚོན་སོ་སོ་རང་གིས་རིག །རྩོལ་སྒྲུབ་མི་དགོས་རྟོག་པའི་འཛིན་སྟངས་ཡལ། །ཡེ་ནས་ལྷུན་གྲུབ་འོད་གསལ་རྒྱུན་ཆད་མེད། །སྒོམ་པའི་ཚེ་ན་གསལ་མདངས་འདོན་ཅི་དགོས། །ཡེ་སྟོང་ནམ་མཁའ་ལྟ་བུའི་རང་བབ་ལ། །སྟོང་ངོ་སྙམ་པའི་བཟོ་བཅོས་ཅི་ལ་དགོས། །མི་བསམ་དགུ་བསམ་སེམས་ཀྱི་རྟོག་དཔྱོད་ཀྱིས། །མི་བཟོ་དགུ་བཟོ་བཅོས་མའི་ལྟ་སྒོམ་བརྒྱ། །རང་བྱུང་རིག་པ་ནམ་མཁའ་ལྟ་བུ་ལ། །ཚོན་རྩིའི་


MR27_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་བཞིན་དུ་མ་ཆགས་སོ། །ཨེ་མའོ། ཆོས་ཉིད་བསམ་དུ་མེད་པའི་དོན་དེ་ནི། །ལམ་གྱིས་མ་སྒྲུབ་ཁུང་གིས་མ་མཚོན་ལ། །རྣམ་པར་ཤེས་པས་བཟོ་བཅོས་མ་ཕོག་པར། །ཆོས་ཉིད་གནད་ལས་ཤར་བ་ངོ་མཚར་ཆེ། །ཉི་མའི་སྣང་བས་ཁྱབ་པའི་ནམ་མཁའ་བཞིན། །སྟོང་གསལ་འདུས་མ་བྱས་པའི་རིག་པ་འདི། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་སྙིང་པོ་ཉིད་ཅེས་གསུངས། །དམར་སེར་རལ་གྲི་ཅན་ཞིག་འཇམ་དཔལ་དུ། །འཛིན་པ་བྱིས་པས་འཇམ་དཔལ་ཆོ་འཕྲུལ་མཐོང་། །བློ་ལྡན་མཆོག་གིས་སྲིད་ཞིའི་ཆོ་འཕྲུལ་བརྒྱ། །སྟོན་པ་འཇམ་དཔལ་ཉིད་ཀྱི་ངོ་བོ་རྟོགས། །སྐུ་དང་གསུང་གི་མཚན་མར་མི་བརྟེན་པར། །ཐུགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་གྱུར་ན། །བྱིན་རླབས་དངོས་གྲུབ་ཀུན་གྱི་བླ་ན་འཕགས། །འཇམ་དཔལ་ཉིད་དང་ཡེ་ནས་གཉིས་མེད་ཡིན། །མེ་སྤྲེལ་ཟླ་༢ཚེས་༣༠ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད་པ་མངྒ་ལཾ།། ༈ །།སེམས་དོན་བསྡུས་པ་བཞུགས། རིག་སྟོང་གཉུག་མ་རྒྱ་ཡན་ཆེན་པོའི་དོན། །བླ་མའི་མན་ངག་ལམ་གྱིས་ནམ་མཐོང་ཚེ། །འོད་གསལ་ལྷུན་གྲུབ་གསལ་མདངས་འདོན་ཅི་དགོས། །ཡེ་སྟོང་བབ་ལ་སྟོང་འཛིན་ཉེར་མཁོ་མེད། །ཆོས་ཉིད་བཟོ་མེད་རང་ལ་རང་ཤར་ཚེ། །རྩོལ་མེད་འཛིན་མེད་ནམ་མཁའི་ངང་དུ་གནས། །བཅོས་མའི་ལྟ་སྒོམ་ཞེན་པ་རང་སར་ཡལ་། །འཇམ་དཔལ་འདི་ཡིན་གཞན་དུ་མ་ཚོལ་


MR27_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །མེ་སྤྲེལ་ཟླ་༢ཚེས་༣༠ལའོ། །མངྒ་ལཾ།། །།སེམས་དོན་ཆེ་འབྲིང་ཆུང་གསུམ་འདི། །རིག་གསང་འཚོལ་བའི་སྐལ་ལྔན་ལ། །རྡོ་ལས་གསེར་བཞིན་ལམ་གནད་ཀྱི། །མན་ངག་ཡིན་ནོ་སྙིང་ལ་འཆོངས། །འཇམ་དཔལ་རྡོ་རྗེས་སོ།། ༈ །།རང་གནད་ཡེ་ཤེས་འཁོར་ལོའི་མན་ངག་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏ་ཡེ། ཀྱེ་ཧོ། རང་རིག་གཉུག་མ་མཇལ་འདོད་ན། །ཨ་འཐས་སྒོམ་པའི་སྡུག་བཙིར་སྒྱུར་ལ་ཐོང་། །འདི་ནི་རྩིས་མེད་ཡིན་ལ་མ་བོར་ན། །རྣམ་རྟོག་སྦྲུལ་ནག་གཙེས་པའི་ཁ་རླུངས་ཀྱིས། །སྙིང་རླུང་དཀྲུགས་པས་ཡིད་ཀྱི་རྙོགས་མ་སློང་། །ད་ལྟའི་ཤེས་རིག་འདི་ལ་བཟོ་བཅོས་དང་། །དགག་སྒྲུབ་དཔྱད་ར་མེད་པར་ཆམ་གྱིས་ཞོག །དེ་ལྟར་བཞག་ནས་རང་དྭངས་གནས་པའི་དུས། །འདི་ཞེས་ངོས་བཟུང་གང་ཡང་མེད་པ་ལ། །གསལ་རིག་འགག་མེད་ཡེ་རེ་མེ་རེ་བ། །མཐའ་དབུས་ཕྱོགས་ཆ་མེད་པར་ཟང་ཐལ་ལེ། །གང་ཡང་མ་གྲུབ་ཧ་རེ་སང་ངེ་བ། །ཆུ་རྙོགས་དྭངས་པ་བཞིན་དུ་ངང་གིས་མངོན། །ལྷོད་པར་བསྐྱང་ན་ཇེ་བས་ཇེ་གསལ་ལ། །ཐེ་ཚོམ་དཔྱང་ཐག་ཆད་པའི་ཉམས་མྱོང་སྐྱེ། །མ་བཅོས་ངང་དེ་མ་ཡེངས་དྲན་ཙམ་གྱིས། །ཆོག་པར་བྱས་ནས་དེ་ངང་ལྷོད་པ་གལ། །བཞག་པའི་ཐབས་དེས་ཆོས་ཉིད་གཉུག་མ་ནི། །སུས་ཀྱང་སྒྲུབ་མེད་རང་གི་ངོ་བོ་མཐོང་། །ཡོད་མེད་རྟག་ཆད་མཐའ་ལས་ཡེ་ནས་འདས། །


MR27_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྲལ་གཤིས་ཀྱི་གནས་ལུགས་དེ་གར་ཟད། །མི་ཤེས་སྐྱེ་བོས་དཔྱོད་ར་སྒྲིན་པོ་ལས། །སྣང་དང་སྟོང་པ་ལ་སོགས་སྤྲོས་པ་ཡི། །ཡིད་དཔྱོད་དྲྭ་བ་སྤྲིན་ལྟར་བཀྲམ་ནས་སུ། །རྣལ་མའི་རང་བཞིན་ནམ་མཁའི་དབྱིངས་བསྒྲིབས་ནས། །བློས་བྱས་སྒོམ་གྱིས་ཆོས་ཉིད་མཐོང་འདོད་པ། །སྨིག་རྒྱུའི་ཆུ་ལ་བསྙེགས་པ་འདྲ་བའི་ཕྱིར། །རང་གནད་ཐད་ཀར་སྐྱོང་བའི་མན་ངག་གཅེས། །ཐད་ཀར་བསྐྱང་ཚེ་དབྱིངས་དང་རིག་པའི་གདངས། །ཡེ་ནས་དབྱེར་མེད་རང་གནད་རང་གིས་མྱོང་། །ཆོས་ཉིད་རང་གི་གནད་ཀྱིས་མ་ཤར་ན། །བློས་བཏགས་སྒོམ་ལོས་ཉིད་དོན་མི་མཐོང་། །རང་གཤིས་རྗེན་པར་ཤར་ཚེ་ཟུང་འཇུག་དོན། །རྟག་ཆད་མཐའ་བྲལ་གཉིས་མེད་མཉམ་པའི་གནད། །མཐར་ཐུག་འདི་ཞེས་རྗེས་ཀྱི་ངེས་པས་ཀྱང་། །ཐེ་ཚོམ་བྲལ་བའི་ཡིད་ཆེས་ཉི་མ་འཆར། །ཀྱི་མའོ་ཡེ་ནས་ལྷན་ཅིག་སྐྱེས་བའི་དོན། །རང་བྱུང་ཡེ་ཤེས་འདུས་མ་བྱས་པའི་དབྱིངས། །རྟོག་གེའི་སྤྱོད་ཡུལ་དག་ལས་རིང་འདས་པ། །བསམ་གྱིས་མི་ཁྱབ་འོད་གསལ་བདེ་བ་ཆེ། །ཡུན་རིང་དཀའ་བས་འབད་ཅིང་ལམ་མཆོག་ལ། །ཚུལ་བཞིན་བརྩོན་པ་ན་ཡང་རྟོགས་དཀའ་བ། །ཚེགས་མེད་རང་སར་རྙེད་པའི་མན་ངག་འདི། །རྡོ་རྗེ་སྙིང་པོ་མཁའ་མཉམ་ཐེག་པའི་ལུགས། །ཤིན་ཏུ་སླ་ཡང་ཕལ་པས་ལྟ་ཅི་སྨོས། །བློ་ཆེན་རྣམས་ཀྱི་བློ་ལའང་ཚུད་དཀའ་བ། །འདི་ནི་འདི་ཡི་ངོ་མཚར་རྨད་བྱུང་སྟེ། །


MR27_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སླད་ནས་ཡོན་ཏན་མཐོང་ཚེ་ངོ་མཚར་ཡིན། །ཅི་ག་དབང་པོ་དམན་དང་སྔོན་སྦྱངས་ཆུང་། །ལོག་པའི་བཤེས་ཀྱིས་ཟིན་རྣམས་མོས་མི་འགྱུར། །དེ་ཡིས་བསྐལ་པ་བརྒྱ་ཕྲག་དག་ཏུ་ཡང་། །རང་གནས་གཉུག་མ་མཐོང་བའི་སྐལ་བ་བྲལ། །བླ་མའི་མན་ངག་སྙིང་པོར་བྱས་ནས་སུ། །དང་པོར་ཙབ་ཙུབ་ལང་བར་མ་བྱེད་པར། །རྣལ་མ་ཆོས་སྐུའི་ལམ་འདིར་ཞུགས་ཤིག་དང་། །རང་ལ་ཡེ་གནས་བདེ་བ་ཆེན་པོའི་དོན། །རིང་མིན་མངོན་སུམ་རྙེད་པར་འགྱུར་བསན། །ཐེག་ཆེན་ལམ་དང་འབྲས་བུའི་ཡོན་ཏན་ཀུན། །འདི་ལས་འབད་མེད་འབྱུང་བའི་གདིང་རྙེད་ནས། །ལམ་ཀུན་བླ་མར་གྱུར་པ་རང་གིས་མཐོང་། །རྩོལ་བ་ཇི་ལྟར་བཟང་ཡང་རིང་བའི་ལམ། །རྩོལ་མེད་འདི་ནི་འབྲས་བུའི་ཐུས་ཀ་སྟེ། །གང་ལྟར་འབད་ཀྱང་འདི་ལ་ཐུག་པའི་ཕྱིར། །འདིར་འཇུག་རྣམས་ནི་སྐལ་བ་མཆོག་ཏུ་བཟང་། །ཨེ་མའོ་ཀ་དག་སྤྲོས་དང་བྲལ་བ་འཇམ་པའི་ངང་། །ལྷུན་གྲུབ་རང་འོད་གསལ་བའི་དཔལ་འབར་བ། །ཡེ་ཤེས་སྐུ་མཆོག་བགྲེས་རྒུད་བྲལ་བ་ཡི། །གཞོན་ནུ་བུམ་པ་སྐུ་ཡི་གྲོང་ཁྱེར་དུ། །རིག་པའི་རྒྱལ་པོ་བླ་མའི་མན་ངག་གིས། །ལག་ནས་དྲངས་ཏེ་བདེ་བར་ཕྱིན་གྱུར་ནས། །མཁའ་ཁྱབ་འགྲོ་བའི་མི་ཤེས་མུན་པ་ཀུན། །འཇོམས་མཛད་ཡེ་ཤེས་སྒྲོན་མེར་གྱུར་ཅིག་གུ། །ཞེས་རབ་ཚེས་ལྕགས་སྟག་དབོ་ཟླའི་ཚེས་དྲག་པོའི་གྲངས་ལ་འཇམ་དཔལ་རྡོ་རྗེས་ཤར་མར་བྲིས་པ་སྟེ།


MR27_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་མིན་ལ་གསང་བར་བྱ་བ་ཤིན་ཏུ་ཟབ་མོའོ། །མངྒ་ལཾ།། ༈ །།སེམས་གནད་ཞལ་གདམས་སངས་རྒྱས་ལག་སྟེར་བཞུགས། ན་མོ་པདྨཱ་ཀར་ཡེ། སྲས་བཅས་རྒྱལ་ཀུན་ཡེ་ཤེས་འཇམ་པའི་དབྱངས། །དཔལ་ལྡན་བླ་མའི་ཚུལ་བསྟན་དེར་བཏུད་ནས། །སེམས་དོན་ཟབ་མོ་ཤེས་ཤིང་སྒོམ་འདོད་ལ། །གནད་ཀྱི་མན་ངག་མདོར་བསྡུས་བརྗོད་པར་བྱ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོའི་གནད། །ཕུ་ཐག་གཅོད་པ་རང་གི་སེམས་ལ་ཐུག །སེམས་ཀྱི་གནད་གསང་མཐོང་བ་ཆོས་ཀུན་རྩེ། །དེ་ཕྱིར་སེམས་ཀྱི་ངོ་བོ་རྟོགས་པར་གྱིས། །འདི་ལ་ཐོག་མའི་དུས་སུ་གལ་ཆེ་བ། །རྟོགས་པའི་ཉམས་ལྡན་བླ་མའི་མན་ངག་གཅེས། །བླ་མའི་མན་ངག་གནད་དུ་མ་ཚུད་ན། །བཙལ་སྒྲུབ་སྒོམ་པ་མུན་པར་མདའ་འཕེན་འདྲ། །དེ་སླད་བཅོས་མའི་ལྟ་སྒོམ་ཀུན་ཐོང་ལ། །མ་བཅོས་རང་བབས་འཇིག་པའི་མན་ངག་གནད། །སེམས་ཀྱི་སྦུབས་བྲལ་ཡེ་ཤེས་རྗེན་པའི་ཞལ། །མཐོང་བའི་གདམས་པ་གནད་དུ་ཐེབས་པར་བྱ། །མ་བཅོས་རང་བབས་ཡེ་ནས་གནས་པའི་དོན། །ཆོས་ཉིད་གནད་ཀྱིས་ཤར་བའི་ཟབ་དོན་ལ། །ཁོ་ཐག་ནང་ནས་ཆོད་པ་མ་བྱུང་ན། །བཤད་བཤད་བསམ་བསམ་བྱིས་པས་འཇའ་སྙེགས་མཚུངས། །མ་བཅོས་རྒྱ་ཡན་ཆེན་པོའི་རིག་པ་ལ། །ཉམས་མྱོང་ནམ་སྐྱེས་དེ་ནས་བྱར་མེད་ཀྱི། །སྐྱོང་ཚུལ་གནད་ལ་གཞན་དྲིང་མི་འཇོག་པའི། །ངེས་ཤེ་ས་རང་གིས་རྙེད་པ་


MR27_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཆེ། །བར་གྱི་དུས་སུ་དེ་ལ་གལ་ཆེ་བ། །མ་ཡེངས་རྒྱུན་ཆགས་བསྐྱང་བ་ཁོ་ན་ཡིན། །སྐྱོང་ཚུལ་སེམས་ཉིད་རང་བབ་ནམ་དྲན་ཚེ། །དེ་ངང་ཅོག་གེ་འཇོག་པ་གཅིག་པུས་ཚེག །བཟོ་མེད་སེམས་ཀྱི་རང་གཤིས་དེ་མིན་པ། །བསྒོམ་བྱ་སྒོམ་བྱེད་ཡིད་དཔྱོད་སྤྲིན་ལྡང་ན། །ཡེ་ནས་བཟོ་མེད་སེམས་ཉིད་ནམ་མཁའི་ཀློང་། །ལྷོད་ཀྱིས་ཀློད་ལ་ལྟ་སྒོམ་ཆེད་འཛིན་སྤོང་། །རང་བབས་ཤེས་པ་རྒྱ་ཆད་ཕྱོགས་ལྷུང་མེད། །གསལ་ལ་དྭང་བ་སྟོང་ལ་ངོས་བཟུང་བྲལ། །དཔེ་ཡིས་མི་མཚོན་ཚིག་གིས་བརྗོད་མེད་ཀྱང་། །སོ་སོ་རང་གི་རིག་པས་མངོན་སུམ་མཐོང་། །གདོད་ནས་རིག་སྟོད་མཉམ་ཉིད་ཆེན་པོའི་ངང་། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ནའང་། །གློ་བུར་ཀུན་རྟོག་དྲི་མས་རང་ཞལ་བསྒྲིབ། །སྣ་ཚོགས་འཁྲུལ་པར་འཕྱན་པ་ཀྱེ་མ་ཀྱོ། །སྨིག་རྒྱུའི་ཆུ་ཡི་རྗེས་སུ་བསྙགས་པས་ཅི། །རྨི་ལམ་ཉོ་ཚོང་འགྲིམ་པའི་དགོས་པ་གང་། །ནམ་མཁའ་སྤར་གྱིས་བཏབ་པས་ཅི་ཞིག་ཟིན། །རང་མགོ་རང་བསྐོར་ཀུན་རྟོག་སྣ་ཚོགས་ཀྱིས། །དོན་མེད་ཤ་ཐང་ཆད་པ་འདི་བོར་ལ། །ད་ནི་གདོད་མའི་དབྱིངས་སུ་ངལ་བསོས་ཏེ། །ནམ་མཁའི་ངང་ན་འཁོར་འདས་ལྟད་མོ་ཀུན། །དུ་མ་རོ་གཅིག་མཉམ་པ་ཉིད་དུ་ལྟོས། །གོམས་པ་ཆགས་ནས་ནམ་དྲན་དེ་མ་ཐག །ཧ་རེ་སང་ངེ་རང་བབས་རྗེན་ནེ་བ། །ཤེས་དང་མི་ཤེས་བཞག་བདེ་མི་བདེ་མེད། །གུ་ཡངས་རང་སེམས་


MR27_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཁོང་ནས་འཆར། །དེ་ཚེ་རྒྱུན་ཆགས་པར་ནི་དེ་ཡི་ངང་། །འགྲོ་འདུག་ཟ་ཉལ་སྤྱོད་ལམ་ཐམས་ཅད་དུ། །རིག་པ་ནམ་མཁའ་ལྟ་བུའི་དོན་དྲན་ན། །བརྗེད་པའི་གོ་སྐབས་ཤིན་ཏུ་ཉུང་བར་འགྱུར། །འདི་ལ་ཐ་མའི་དུས་སུ་གལ་ཆེ་བ། །གནས་སྐབས་བཞི་ཡི་བག་ཆགས་ཀྱིས་བསྐྱེད་པའི། །ཀུན་རྟོག་ལས་རླུང་འཕོ་བའི་སེམས་མཐའ་དག །འཕོ་མེད་གཉུག་མ་ཡེ་ཤེས་གྲོང་ཁྱེར་དུ། །སྡོམ་པར་བྱེད་པའི་རྩལ་དང་ལྡན་པ་གཅེས། །འཁོར་བ་ཞེས་བྱ་རྣམ་པར་རྟོག་པ་ཙམ། །རྣམ་རྟོག་དང་བྲལ་ཡེ་ཤེས་ཆེན་པོའི་དོན། །གང་ལ་ཤར་བ་ཚེ་འདིང་མངོན་འཚང་རྒྱ། །ནམ་ཞིག་དྲན་པའི་བྱ་ར་རང་སར་སྟོར། །དྲན་དང་མ་དྲན་ཞེས་པའི་ས་མཚམས་བྲལ། །ཉིན་མཚན་ཁོར་ཡུག་འོད་གསལ་ཆེན་པོའི་ངང་། །རྩོལ་བྲལ་གཡོ་མེད་ནམ་མཁའ་ལྟ་བུར་གནས། །དེ་ཚེ་གང་སྣང་གང་སྤྱོད་ཐམས་ཅད་ཀུན། །ཆོས་ཉིད་རོལ་པ་མཁའ་ལ་སེར་བུ་བཞིན། །ཕན་གནོད་བླང་དོར་མཐའ་ལས་འདས་པ་ཡི། །རྫོགས་ཆེན་ནམ་མཁའི་རྣལ་འབྱོར་ཨེ་མའོ། །འདི་དུས་ཆེད་དུ་རྩོལ་བས་མ་བསྒྲུབ་ཀྱང་། །ཤུགས་འབྱུང་དད་དང་སྙིང་རྗེ་མངོན་ཤེས་སོགས། །ས་དང་ལམ་གྱི་ཡོན་ཏན་མ་ལུས་པ། །དབྱར་ཁའི་རྩི་ཤིང་ལྟ་བུར་ངང་གིས་རྒྱས། །རེ་དོགས་སྦུབས་གྲོལ་རློམས་མེད་འཇིགས་སྐྲག་བྲལ། །སྐྱེ་འགག་མེད་པའི་བདེ་ཆེན་མཁའ་ལྟར་


MR27_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བརྡལ། །མཉམ་ཉིད་རྫོགས་པ་ཆེན་པོའི་ནམ་མཁའ་ལ། །རྣལ་འབྱོར་རྒྱལ་པོ་ཁྱུང་ཆེན་བཞིན་དུ་རོལ། །ཨེ་མའོ། ཚོགས་གཉིས་རྒྱ་མཚོ་ལྟ་བུའི་ལག་རྗེས་ལ། །མཐར་ཐུག་སྙིང་པོའི་ཡེ་ཤེས་མངོན་དུ་འགྱུར། །ཚུལ་དེ་བླ་མའི་མན་ངག་ལ་བརྟེན་ན། །ཚེགས་མེད་ལག་ཏུ་སྟེར་བ་ངོ་མཚར་ཆེ། །འདི་ལྟར་བརྗོད་པའི་དགེ་བས་འགྲོ་བ་ཀུན། །བླ་མ་མཆོག་དང་རྡོ་རྗེ་སྙིང་པོ་ཡི། །དྲིན་ལས་རང་རིག་འཇམ་དཔལ་གཞོན་ནུའི་ཞལ། །མཐོང་ནས་ཚེ་འདིར་རྫོགས་སངས་རྒྱས་གྱུར་ཅིག །རབ་ཚེས་མེ་སྤྲེལ་ཟླ་༢ཚེས་༧ལ་མི་ཕམ་འཇམ་དཔལ་རྡོ་རྗེས་གང་ཤར་བྲིས་པ་མངྒ་ལཾ།། ༈ །།སེམས་ཀྱི་གདར་ཤ་གཅོད་པའི་གདམས་པ་ནམ་མཁའི་གྲོང་ཁྱེར་ཡངས་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། བདེ་སྡུག་གང་མྱོང་སེམས་ལ་རགས་ལས་ཏེ། །གང་ཞིག་བུ་རུ་བཟུང་ན་དེ་ཤི་འགྱོད། །གང་ཞིག་དགྲ་རུ་བཟུང་ན་དེ་ཤི་དགའ། །དངོས་པོའི་སྟེང་ན་བདེ་སྡུག་ཡེ་གྲུབ་མེད། །ལུས་ལ་ཆགས་པ་ཅན་རྣམས་ལུས་བསྲུངས་ཤིང་། །དེ་ལ་མ་ཆགས་པ་རྣམས་ལུས་ཀྱང་གཏོང་། །བདག་ཞེན་བཟོད་སྲན་ཆུང་རྣམས་ཚར་མས་འཇིགས། །ཞེན་མེད་མཁས་རྣམས་མནར་མེད་མེས་མི་འཇིགས། །དེ་བས་ཐམས་ཅད་སེམས་ལ་རགས་ལས་ཤིང་། །སེམས་ནི་གང་གོམས་རྟོག་པའི་འདུ་བྱེད་ཀྱི། །རྗེས་སུ་འབྲངས་ནས་འདུ་ཤེས་སྣ་


MR27_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་། །བདེ་སྡུག་སྣ་ཚོགས་རྦ་རླབས་རྟག་ཏུ་གཡོ། །ང་ཞེས་སྙེམས་ཤིང་ངའི་ཞེས་དངོས་ལ་ཆགས། །བདག་བདེ་འདོད་པས་སྣ་ཚོགས་ལས་ལ་འཇུག །ལ་ལ་མཆོད་དང་བཟླས་སྒོམ་ཀློག་སོགས་བརྩོན། །ཐམས་ཅད་བདེ་བ་ཐོབ་ཕྱིར་རྩོམ་པ་ཡིན། །བདེ་བ་དེ་ཡང་ཚེ་འདིར་མྱོང་བ་ཡི། །ཐབས་དང་འདུན་པ་ཤིན་ཏུ་གཙོ་ཆེ་བས། །ཕྱི་མའི་དོན་དང་ཐར་པའི་བདེ་བ་ལ། །གཅིག་ཏུ་འདུན་པ་ཙམ་ཡང་དཀོན་པ་ཡིན། །ཚེ་འདིའི་བདེ་བ་ཇི་སྙེད་མྱོང་བའི་སྒོ། །ལུས་ཡིན་ལུས་འདི་མི་གཙང་འཁྲུལ་འཁོར་ཏེ། །རྣག་ཅན་ནད་ཀྱི་གྲོང་ཁྱེར་རྒ་བས་འཇོམས། །རྩྭ་རྩེའི་ཟིལ་པ་བཞིན་དུ་མྱུར་དུ་འཇིག །ལང་ཚོའི་སྣང་བ་ཡུད་ཙམ་འགྱུར་བའི་རྗེས། །རྒ་བའི་ཆད་པས་ཉིན་བཞིན་ཇེ་མནར་ངང་། །དབང་པོའི་སྟོབས་ཤོར་སྐྲ་དཀར་སོ་ཡང་དོན། །ངན་སྐྱུགས་འདྲ་ལ་འདོད་ཡོན་གྱིས་ཅི་བྱ། །སྙིགས་དུས་ཚེ་ཐུང་རྐྱེན་མང་མི་འདོད་འཚུབས། །འཆི་བ་དེ་ཡང་ནམ་འབྱུང་ཆ་མེད་ལ། །ཚེ་ཡི་མཐར་ཐུག་འཚོ་ཡང་ཡུན་ཐུང་བས། །ཚེ་འདི་གཙོ་བོར་བྱས་པས་ཅི་ཞིག་འགྲུབ། །ཀྱེ་མ་འཆི་བའི་ཚེ་ན་ལུས་འདི་ཡང་། །འདོར་ཏེ་གར་འགྲོ་ཆ་མེད་གནས་སུ་འཁྱམས། །སླར་ནི་ཅུང་ཟད་ལྡོག་པ་མ་མཐོང་ན། །ཚེ་འདིའི་གཉེན་གྲོགས་འབྱོར་བས་ཅི་ཞིག་ཕན། །ཚེ་འདི་གཙོ་བྱས་བདེ་བ་སྒྲུབ་པ་རྣམས། །རྒ་དང་འཆི་ཚེ་འགྱོད་པ་དྲག་པོས་གདུང་། །བྱས་བྱས་


MR27_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མེད་ཅིང་སྡིག་སྡུག་གི། །ཁུར་ཆེན་ཁུར་ཏེ་ངན་སོང་གནས་སུ་འགྲོ། །ཚེ་འདི་རྟག་བཟུང་བདག་བདེ་འདོད་པའི་ཕྱིར། །ནོར་གསོག་གཉེན་སྡུད་དགྲ་འདུལ་སྔགས་བཟླ་སོགས། །བརྩོན་ཆེན་ལས་ལ་འཇུག་པ་དེ་དག་རྣམས། །འཁྲུལ་པའི་ནང་ན་འཁྲུལ་པ་ཚབ་ཆེན་ཡིན། །གང་ཞིག་སྐྱེས་པར་གྱུར་པ་དེ་ནས་བཟུང་། །རྒ་དང་འཆི་བ་གཟུར་མེད་ཆོས་ཡིན་པས། །དགྲ་ཆེན་འདི་གས་བཟུང་བཞིན་བག་བསྐྱངས་ནས། །ཚེ་འདིའི་བདེ་བ་ཆེད་ཆེར་འཛིན་རྣམས་འཁྲུལ། །འདི་ལྟར་ལན་གཅིག་འཆི་བའི་སྡུག་བསྔལ་ཀྱང་། །བདག་ཞེན་ཅན་གྱིས་བཟོད་དུ་མ་མཆིས་ན། །ངན་སོང་གསུམ་སོགས་སྐྱེ་འཆིའི་ཁ་འགྲིམ་ཞིང་། །མུ་མེད་སྡུག་བསྔལ་མྱོང་བ་སུ་ཡིས་བཟོད། །འཁྲུལ་སེམས་འདི་ལས་གྲོལ་བར་མ་གྱུར་ན། །གང་སྐྱེས་ཇི་ལྟར་བྱས་ཀྱང་སྡུག་བསྔལ་མང་། །རྣམ་རྟོག་རྦ་ལ་འཕྱོ་བའི་སྐྱེ་བོ་རྣམས། །རང་དབང་བདེ་བའི་གོ་སྐབས་ཤིན་ཏུ་ཉུང་། །འཇིག་རྟེན་ཁམས་མང་ཡང་ཆགས་པས་ཡང་ཞིག །སྐྱེ་འགྲོ་ཐམས་ཅད་ཡང་སྐྱེ་ཡང་ཡང་འཆི། །བདག་ཉིད་གཅིག་པུས་ཚེ་འདི་ཁོ་ན་ལའང་། །བདེ་སྡུག་སྣ་ཚོགས་མྱོང་བ་དྲན་ལམ་གྱུར། །ལྷ་དང་ས་འོག་མི་ཡི་འཇིག་རྟེན་དུ། །བདེ་སྡུག་སྣ་ཚོགས་མྱོང་བ་བརྗོད་ལས་འདས། །ཇི་ལྟར་བདེ་འམ་ཇི་ལྟར་སྡུག་ཀྱང་རུང་། །འདུས་བྱས་སྣང་བ་མི་རྟག་གཡོ་ཞིང་འགག །ཅི་ཙམ་སྐྱིད་ཀྱང་


MR27_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཚོག་ཤེས་མི་འབྱུང་ལ། །ཅི་ཙམ་སྡུག་ཀྱང་སྲིད་ལ་ཡིད་འབྱུང་མེད། །སྡུག་བསྔལ་མཐའ་དག་ཉེ་བར་ལེན་པ་ཡི། །ཀྱེ་མ་འཁྲུལ་པའི་སེམས་འདིའི་ངང་ཚུལ་ལྟོས། །སྐྱིད་ན་དྲེགས་པ་འཕེལ་ཞིང་ཆགས་པ་རྒྱས། །སྡུག་ན་ཞུམ་པ་སྐྱེ་ཞིང་བདེ་བ་འཚོལ། །ཇི་ལྟར་གྱུར་ཀྱང་གཏན་བདེའི་ལམ་མི་འཇུག །ཀྱེ་མ་སྡུག་བསྔལ་ལུ་གུ་རྒྱུད་དུ་འཁྱམས། །ཉི་མ་གཅིག་ལ་རྣམ་རྟོག་འབྱུང་བའི་གྲངས། །འདི་ཞེས་བགྲང་བར་དཀའ་བ་ཆུ་རླབས་མ་ཚུངས། །དོན་མེད་འདོར་ལེན་རེ་དོགས་འདུ་ཤེས་དེས། །ཤ་ཐང་ཆད་ཆད་རང་སྡུག་རང་གིས་ཉོ། །མི་འགྱུ་དབང་མེད་རྣམ་པར་རྟོག་པ་འདི། །འཁོར་ལོ་བཞིན་དུ་རྒྱུན་པར་འཁོར་བ་ཡི། །རྩ་བ་གཉིས་སུ་འཛིན་པའི་སེམས་ལ་ཐུག །གཉིས་འཛིན་མེད་ན་སྤྲོས་པ་ཡོད་མི་འགྱུར། །སྤྲོས་པས་བཟུང་ནས་ཚུལ་མིན་ཡིད་ལ་བྱེད། །ང་ཞེས་སྙེམས་ཤིང་བདེ་སྡུག་འདོར་ལེན་གྱི། །རྣམ་རྟོག་དྲྭ་བ་བར་མ་ཆད་པ་འདི། །རྨི་ལམ་དུ་ཡང་རྒྱུན་ཆད་མེད་པ་ལ། །ལེགས་པར་གཞིག་ན་འདི་འདྲའི་དཀའ་བའི་ཁུར། །དོན་མེད་སྡུག་བསྔལ་རང་གིས་རར་ཁུར་ལས། །དབང་མེད་བྱེད་པོ་སུ་ཡང་མ་མཆིས་པས། །དཀའ་བའི་ཁུར་འདི་ཕོག་ན་མི་ལེགས་སམ། །བདེ་སྡུག་རྐྱེན་གྱིས་བྱས་སོ་སྙམ་སེམས་ཀྱང་། །ལེགས་པར་དཔྱད་ན་རང་གི་སེམས་ཀྱིས་བྱས། །སེམས་ཀྱིས་གང་བརྟག་དེ་བཞིན་འགྱུར་བ་ལས། །ཕྱི་རོལ་དངོས་པོའི་སྟེང་


MR27_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདེ་སྡུག་དབེན། །མཐའ་མེད་ཐོག་མའི་དུས་ནས་ད་ལྟའི་བར། །སྣ་ཚོགས་བདེ་སྡུག་མུ་མེད་མྱོང་བ་ལ། །དོན་འབྲས་མེད་ཅིང་མྱོང་བའི་རྗེས་ཤུལ་མེད། །རྨི་ལམ་བདེ་སྡུག་མྱོང་བ་ཇི་བཞིན་ནོ། །རྟོག་པའི་རྗེས་འབྲང་དོན་སྤྱི་ཡུལ་དུ་སྣང་། །རྨི་ལམ་དག་ན་དེ་ག་གསལ་བར་སྣང་། །ཉིན་སྣང་དག་ན་དངོས་སུ་གྲུབ་པར་སྣང་། །ཐམས་ཅད་སེམས་ཀྱི་སྣང་བར་དབྱེ་བསལ་མེད། །འཇིག་རྟེན་དག་ན་གང་ཞིག་སྣང་བ་ཀུན། །མི་ཤེས་སྐྱེ་བོས་ཚོགས་རྒྱུན་གཅིག་ཏུ་འཛིན། །རྣམ་དཔྱད་ཅན་གྱིས་མི་རྟག་དུ་མར་མཐོང་། །ཐམས་ཅད་གློག་བཞིན་གཡོ་ལ་རྒྱུན་མཐར་འགག །རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་སྣང་བ་འདི། །སྣང་ཙམ་བསླུ་མེད་ཉམས་སུ་མྱོང་ན་ཡང་། །དེ་ཉིད་དོན་ལ་མཁས་པས་ལེགས་དཔྱད་ན། །སྐད་ཅིག་དུ་ཡང་སྐྱེ་དང་འགག་པ་མེད། །རང་སེམས་བག་ཆགས་གོམས་པའི་རྟེན་འབྱུང་ལས། །སྣང་ཙམ་ཉམས་སུ་མྱོང་བ་འགོག་མེད་ཀྱང་། །འགྲོ་འོང་དང་བྲལ་རྨི་ལམ་སྣང་བ་བཞིན། །སྣ་ཚོགས་འདུ་ཤེས་ཅན་ལ་དེ་ལྟར་སྣང་། །སྣང་ལ་དེར་ཞེན་དེ་ལ་འཇུག་ལྡོག་གི། །འདུ་ཤེས་ཡང་དང་ཡང་གོམས་འགྲོ་བ་རྣམས། །རང་སེམས་འཁྲུལ་པའི་ཆོ་འཕྲུལ་མ་ཤེས་ནས། །འདོར་ལེན་རེ་དོགས་ཆུ་བོའི་གཉེར་བཞིན་འབྱུང་། །སེམས་ཀྱི་དབང་གིས་བྱུང་ཞིང་སེམས་ལ་སྣང་། །སེམས་ཀྱིས་རྣམ་པར་བརྟགས་ཤིང་ཀུན་ཏུ་ཞེན། །སླར་ཡང་


MR27_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེ་ཁམས་གསུམ་སྲིད་པ་ཡི། །སྣང་བ་མུ་མཐའ་མེད་པར་འཁྲུལ་ཞིང་འཕྱན། །ལེགས་པར་བརྟག་ན་དུ་མ་འི་ཆོས་ཙམ་ལ། །ང་ཞེས་བྱ་བ་ཡོང་ཡེ་མ་དམིགས་ཤིང་། །ཆོས་གུ་གདགས་པ་རྣམས་ཀྱང་རྡུལ་ཕྲན་ཙམ། །གྲུབ་པ་མེད་ན་སུ་ཞིག་གང་དུ་འཁོར། །འདི་ལ་གང་ཟག་མེད་ཅིང་ཆོས་ཀྱང་མདེ། །བདེ་དང་སྡུག་བསྔལ་འཁོར་དང་མྱ་ངན་འདས། །བཅིངས་དང་གྲོལ་བ་གང་ཡང་མ་མཆིས་བཞིན། །རང་སེམས་རྣམ་པར་རྟོག་པས་འཆིང་ཞིང་མནར། །ཆོས་རྣམས་མ་སྐྱེས་ཆུ་ཟླ་ལྟ་བུ་ལ། །ངོ་བོ་ཉིད་མེད་གཟུང་མེད་དམིགས་མེད་པའི། །སྟོང་པ་ཉིད་ཀྱི་ཆོས་ཚུལ་ལེགས་བསླབ་ན། །འཁྲུལ་སེམས་ཀྱིས་བྱས་འཁོར་བའི་མུན་པ་སངས། །དེས་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལ། །གྲོལ་ན་སེམས་གྲོལ་འཆིང་ན་སེམས་འཆིང་སྟེ། །སེམས་སྤངས་ནས་ནི་འཆིང་གྲོལ་བདེ་སྡུག་དང་། །སངས་རྒྱས་སེམས་ཅན་གཞན་དུ་གྲུབ་པ་མེད། །ཀུན་བྱེད་རྒྱལ་པོ་སེམས་ཀྱི་ཕུག་བཅད་ན། །ཡིན་པ་ཅིར་ཡང་གྲུབ་པ་མེད་པ་ལ། །རྣམ་པ་སྣ་ཚོགས་འཆར་ཚུལ་མ་འགག་པ། །སྒྱུ་མས་སྤྲུལ་པ་ཇི་བཞིན་བརྟག་ན་དབེན། །དེ་ཕྱིར་རྟོག་པའི་རྗེས་སུ་མ་འབྲང་བར། །ཀུན་ཏུ་རྟོག་བྱེད་སེམས་ཀྱི་ངོ་བོ་ཚོལ། །བཅལ་བས་མ་རྙེད་སྟོང་པར་ཕུག་ཆོད་ཚེ། །སྣང་སྟོང་སྒྱུ་མ་སེམས་ཀྱི་ཚུལ་མཐོང་ཡིན། །ལས་རླུང་གིས་བསྐྱོད་སེམས་ཀྱི་ཆོ་འཕྲུལ་རྣམས། །མི་སྒྲུབ་མི་དགག་དེ་གར་


MR27_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་སུ། །དང་པོ་གང་ལས་བྱུང་བའི་གཞི་བཙལ་ན། །ཡེ་སྟོང་འོད་གསལ་ཆེན་པོའི་ངང་ལས་འཕྱོ། །སུས་ཀྱང་མ་བཅོས་རྒྱུ་རྐྱེན་དང་བྲལ་བ། །ལྷུན་གྲུབ་འདུས་མ་བྱས་པའི་རང་བབ་དེ། །ཐེག་མཆོག་སྙིང་པོའི་མན་ངག་གིས་མཐོང་ན། །རང་བྱུང་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན། །གཞི་དབྱིངས་འཕོ་བ་མེད་པའི་ངང་ཉིད་དུ། །རྩལ་སྣང་ཚོགས་བརྒྱད་སེམས་ཀྱི་འདུ་འཕྲོ་རྣམས། །མཁའ་ལ་སྨིག་རྒྱུ་བཞིན་དུ་རང་ཤར་ནས། །སྣ་ཚོགས་རོལ་པ་ཆེན་པོའི་ཆོ་འཕྲུལ་སྟོན། །ངོ་བོ་མ་མཐོང་རྩལ་ལ་བདག་ཏུ་ཞེན། །རྟོག་པའི་འདོར་ལེན་བརྒྱུད་པས་འཁོར་བར་འཁྱམས། །ཆོས་ཉིད་དོན་གྱི་འོད་གསལ་དེ་མཐོང་ནས། །རྩལ་སྣང་རང་སར་གྲོལ་ན་སངས་རྒྱས་འགྲུབ། །དེ་བས་མེད་སྣང་སྟོང་པའི་གཟུགས་བརྙན་ཅན། །སེམས་ཀྱི་ཀུན་རྟོག་རྗེས་སུ་མ་འབྲང་བར། །དགག་སྒྲུབ་མེད་པར་བྱ་ལམ་རྗེས་མེད་བོར། །རང་གནས་གཉུག་མ་ཆོས་སྐུའི་རྒྱལ་སྲིད་ཟུངས། །དོན་མེད་སྲིད་པར་འཆིང་བའི་རྣམ་རྟོག་གདོན། །ལྷ་རུ་མ་བརྟེན་འདྲེ་རུ་མ་བཀར་ལ། །གྱི་ནར་བོར་བས་ཕན་གནོད་རང་བྲལ་ཏེ། །གཉུག་མའི་རྒྱལ་ཐབས་ཟིན་པའི་སྐྱེས་བུ་བདེ། །ཀུན་བྱེད་སེམས་ཀྱི་རྩད་གདར་མ་ཆོད་ན། །གང་རྩོམ་ཅི་ཞིག་འགྲུབ་ཀྱང་འཆིང་བའི་རྒྱུ། །སེམས་ཉིད་རྩད་ཆོད་སེམས་ལ་དབང་ཐོབ་ན། །སྲིད་ཞིའི་དངོས་གྲུབ་ཀུན་གྱི་རྒྱལ་པོ་ཡིན། །གཉུག་མ་ནམ་མཁའི་རྒྱལ་སྲིད་མི་


MR27_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ལ། །མུ་མེད་རོལ་པའི་ཚོགས་ཀྱང་རྒྱན་དུ་ཤར། །གཏད་མེད་བློ་ལ་དགག་སྒྲུབ་ཆེད་འཛིན་ཞིག །འཆི་དང་མནར་བའི་འདུ་ཤེས་རྩད་ནས་འགག །ཀྱི་མ་འདི་འདྲའི་བདེ་ཆེན་མ་ཐོབ་བར། །ཚེ་འདིའི་ཕུན་སུམ་ཚོགས་ཀུན་ཅི་སྨྲོས་ཀྱི། །སྲིད་པའི་བདེ་འབྱོར་ཡོད་དོ་ཅོག་ཐོབ་ཀྱང་། །ཡང་དག་དོན་ལ་འཁྲུལ་སྣང་ཟུག་རྔུའི་གཞི། །རྣམ་རྟོག་གདར་ཤ་གཞི་ལ་མ་ཆོད་ན། །འཆི་བའི་འཇིགས་སོགས་སུ་ཡིས་གཞོམ་པར་ནུས། །གང་དུ་འཇིགས་པ་མེད་པ་རྡོ་རྗེའི་སེམས། །ཐོབ་པ་དེ་དག་མི་ཡི་སེང་གེར་གྱུར། །རྡུལ་བྲལ་ཟག་མེད་བདེ་བ་ཆེན་པོ་ནི། །ནམ་མཁའི་མུ་ཁྱུད་ཡངས་པོར་མཉམ་པར་བརྡལ། །ཐམས་ཅད་ཀུན་ལ་དེ་ཡིས་མངའ་དབང་བསྒྱུར། །དེ་ནི་འཕོ་མེད་པདྨ་རྒྱལ་པོ་ཡིན། །ཅེས་རབ་ཚེས་མེ་སྤྲེལ་མགོ་ཟླའི་ཚེས་གཅིག་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་ལས་རྡོལ་བ་དགེ་འོ།། ༈ །།ཡ་མཱནྟ་ཀའི་ངེས་དོན་ཚིགས་བཅད་བཅུ་གཅིག་པ་བཞུགས་སོ། །ཨེ་མ་ཧོ། ངོ་བོ་ཀ་དག་སྤྲོས་དང་བྲལ། །རང་བཞིན་ལྷུན་གྲུབ་འགྱུར་བ་མེད། །ཐུགས་རྗེ་ཀུན་ཁྱབ་ཆོ་འཕྲུལ་ཆེ། །སྐུ་གསུམ་དབྱེར་མེད་རིག་པ་ལས། །ཆོས་ཞེས་བྱ་བ་གཞན་ན་མེད། །ཐམས་ཅད་ཐིག་ལེ་ཉག་གཅིག་ལས། །མ་གཡོས་མི་གཡོ་གཡོ་མི་འགྱུར། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ལ། །སྲིད་དང་ཞི་བར་ཤར་བའི་ཚེ། །ངོ་བོ་མ་རིག་རྩལ་སྣང་ལ། །བདག་ཏུ་ཞེན་


MR27_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁྲུལ་པ་བརྟས། །གཟུང་འཛིན་ལུ་གུ་རྒྱུད་དུ་འཁོར། །བདེ་དང་སྡུག་བསྔལ་བསམ་མི་ཁྱབ། །སེམས་ཅན་ཁམས་ཀྱི་སྣང་བ་དང་། །རྒྱལ་བའི་བྱིན་བརླབ་མུ་མཐའ་མེད། །འདི་ཀུན་དབྱིངས་ཀྱི་ཆོ་འཕྲུལ་ཏེ། །ཡངས་སོ་ཆེའོ་མུ་མཐའ་མེད། །མ་བྱས་ལྷུན་རྗོགས་ངོ་མཚར་ཆེ། །སྤྲོས་ན་ཕྱོགས་དང་དུས་མཐར་ཁྱབ། །རང་བཞིན་གཡོ་མེད་མཉམ་པ་ཉིད། །བྱས་དང་བྱེད་པོ་རྒྱུ་རྐྱེན་ལ། །བཏགས་ནས་བླང་དོར་སྣ་ཚོགས་སྤྱོད། །མཉམ་པ་ཉིད་ཀྱི་དོན་རིག་ན། །རྒྱུ་འབྲས་བླང་དོར་ཆོས་ལས་འདས། །གཟུང་འཛིན་ཞེན་ཆགས་བརྟས་པ་ལས། །ང་རྒྱལ་དབང་གིས་དྲེགས་པ་ནི། །གཤིན་རྗེ་བདུད་སོགས་མཐུ་བོ་ཆེ། །ཀུན་ཀྱང་འཇོམས་པས་འཇམ་པའི་དཔལ། །རང་བྱུང་རིག་པའི་ཡེ་ཤེས་ཡིན། །དེ་ལ་ཐམས་ཅད་མཉམ་ཉིད་ཀྱང་། །རྨི་ལམ་སྒྱུ་མའི་རྣམ་རོལ་དུ། །འཇོམ་བྱ་འཇོམས་བྱེད་ཚུལ་དུའང་སྣང་། །བྲི་གང་བྲལ་བའི་ཡེ་ཤེས་སྐུ། །རྟོག་མེད་ནོར་བུའི་ཚུལ་བཞིན་དུ། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་གར། །མཐའ་ཡས་གདུལ་བྱར་འབད་མེད་འཆར། །ཡང་དག་དོན་ལ་གཉིས་མེད་ཀྱང་། །གཟུང་འཛིན་ཅན་ལ་གཉིས་སུ་སྟོན། །གཉིས་སུ་མེད་པར་ནམ་རྟོགས་ན། །བྱིན་བརླབ་ཆོ་འཕྲུལ་དེ་རུ་སྣང་། །འདི་དོན་གང་གིས་རིག་པ་དེས། །སྲིད་གསུམ་ཟ་བ་གཤིན་རྗེའི་ཚོགས། །མ་ལུས་དབྱིངས་སུ་


MR27_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བ་ཡི། །ཡ་མཱནྟ་ཀའི་དོན་མཐོང་ཡིན། །ཤིང་ལུག་ཟླ་༡༠ཚེས་༡༠ཡང་བཟློག་གི་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་འཇམ་དཔལ་དགྱེས་པའི་བློ་མཚོ་ལས་འཕྲལ་དུ་རླབས་ཀྱི་ཚུལ་དུ་བྱུང་བ་མང་ལཾ།། །།དཔལ་ཡང་དག་གི་ངེས་དོན་རུ་ལུའི་དགོངས་པ་བཞུགས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ནི། །སྲིད་ཞི་ཀུན་ཁྱབ་རྟག་པར་བཞུགས་ཉིད་ལ། །ཡང་དག་དོན་གྱི་དེ་ཁོ་ན་ཉིད་ཅེས། །དུས་གསུམ་རྒྱལ་བས་བསྔགས་པ་གང་དེས་སྐྱོངས། །ཆོས་ཀྱི་དབྱིངས་དང་རང་བྱུང་ཡེ་ཤེས་ཞེས། །བཏགས་པས་ཐ་དད་དོན་ལ་གཉིས་སུ་མེད། །ཐམས་ཅད་མཉམ་པའི་བདག་ཉིད་དེ་གཅིག་པུར། །གཉིས་ཆོས་དབྱེ་བ་ནམ་ཡང་མི་དམིགས་སོ། །དུས་གསུམ་སངས་རྒྱས་བདེ་ཆེན་ཀློང་འདིར་འདུས། །རྣལ་འབྱོར་ཟབ་མོ་སེམས་ཉིད་དབྱིངས་སུ་རྫོགས། །འདིར་ནི་སྐུ་གསུམ་གདོད་ནས་ལྷུན་གྱིས་གྲུབ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ཅེས་སུ་བཤད། །ཆོས་ཉིད་བྱང་ཆུབ་སེམས་ལ་སྐྱེ་འཆི་བྲལ། །དུས་གསུམ་འཕོ་འགྱུར་མཚན་མའི་ཆོས་ལས་འདས། །ཚིག་གིས་མི་མཚོན་རང་བཞིན་བབ་ཀྱིས་གསལ། །ཐིག་ལེ་ཉག་གཅིག་གྲྭ་ཟུར་མེད་པར་ཟླུམ། །འདི་ནི་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ཏེ། །འདི་ལས་ནམ་ཡང་གཡོབ་མེད་བཞིན་དུ། །མུ་མེད་ཕྱོགས་དང་དུས་ཀྱི་སྣང་བའི་ཆ། །མ་འདྲེས་རྣམ་པར་བཀྲ་བ་སྒྱུ་འཕྲུལ་ཆེ། །མ་རྟོགས་


MR27_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འགྲོ་ཉམ་དའི་སྣང་བ་ལ། །དབུགས་འབྱིན་དག་པ་ཡེ་ཤེས་དཀྱིལ་འཁོར་ཤར། །བྱང་ཆུབ་སེམས་ཉིད་ཐབས་དང་ཤེས་རབ་ཚུལ། །སྐུ་གསུང་ཐུགས་ལྡན་ཕྱག་རྒྱ་བཞིར་ཡང་སྟོན། །ཡེ་ཤེས་ལྔ་ལྡན་ཕ་རོལ་ཕྱིན་པ་དྲུག །ཁ་སྦྱོར་བདུན་ལྡན་འཕགས་ལམ་ཡན་ལག་བརྒྱད། །ཐེག་དགུ་དབང་བཅུ་སྟོབས་བཅུ་ས་བཅུ་གཅིག །ལ་སོགས་སྒྱུ་འཕྲུལ་དྲྭ་བའི་རོལ་པར་སྣང་། །ཀུན་གྱི་འཕྲོ་གཞི་རང་བྱུང་བྱང་ཆུབ་སེམས། །རྩལ་སྣང་བཀོད་པའི་བྱེད་པོ་སྲོག་གི་རླུང་། །ལྔ་ལྡན་ཧཱུྃ་ཡིག་བདེ་བ་ཆེན་པོ་ལས། །རྡོ་རྗེ་གསང་བར་འབྲུ་བརྒྱད་བཀོད་པར་ཤར། །འདི་ནི་ལྷ་དང་སྔགས་དང་རྡོ་རྗེའི་ཐུགས། །ཕྲིན་ལས་ཀུན་གྱི་རོལ་སྟོན་འཕྲུལ་པོ་ཆེ། །གང་གིས་བཟླས་པ་ཙམ་ནས་སྒྲིབ་པའི་ཤིང་། །ལྷག་མེད་ཟ་བྱེད་ཡེ་ཤེས་མེ་འོད་འཕྲོ། །ཨེ་མའོ། ལྟོས་ཤིག་རུ་ལུ་གསང་བ་ཆོས་ཉིད་སྒྲ། །བདེ་གཤེགས་སྙིང་པོ་ལྷན་སྐྱེས་སྔགས་ཀྱི་གཏེར། །འཕྲུལ་ཆེན་ཡི་གེ་བྱིན་རླབས་དམ་པའི་མཛོད། །འདི་ལ་བརྟེན་ནས་མཆོག་ཐུན་དེང་སྒྲུབ་འཚལ། །ཞེས་པའང་མི་ཕམ་པ་འགྱུར་མེད་མི་བསྐྱོད་རྡོ་རྗེས་རུ་ལུ་བཟླ་སྐབས་ཡིད་ལ་རང་ཤར་བ་ལྟར་ཤིང་སྦྲུལ་ཟླ་༡༠ཚེས་༢༡ལ་དེ་འཕྲལ་ཡི་གེའི་རིས་སུ་བཀོད་པ་དགེ། །།པདྨ་དབང་ཆེན་གྱི་ངེས་དོན་བཞུགས་སོ། །སྣང་སྟོང་དབྱེར་མེད་ཐིག་ལེ་ཉག་གཅིག་དོན། །གདོད་ནས་


MR27_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་གཤིས་སུ་ཆོས་ཀུན་མཉམ། །མཉམ་པའི་དོན་ཉིད་རྫོགས་པ་ཆེན་པོ་སྟེ། །འདི་ལས་ནམ་ཡང་གཡོ་བ་ག་ལ་སྲིད། །འདི་དོན་མ་རྟོགས་མི་མཉམ་སྣང་བ་ལ། །གཟུང་བའི་སྣང་ཆར་འཛིན་པའི་སེམས་ཞེན་ཏེ། །སྣང་སེམས་རང་དབང་མ་འདུས་འགྲོ་བ་རྣམས། །སྒྲོལ་ཕྱིར་ཐེག་པའི་རྣམ་གྲངས་བསམ་ཡས་ཀྱང་། །ཀུན་ལས་ཕུལ་བྱུང་ཐབས་ཆེན་གསང་བའི་སྔགས། །ལམ་མཆོག་རྟ་ཡི་རྒྱལ་པོའི་མྱུར་འགྲོས་ཀྱིས། །ཐེག་པའི་རྩེར་ཆིབས་རྟ་སྐད་ཐེང་གཅིག་གིས། །མཉམ་ཉིད་རྫོགས་པ་ཆེན་པོར་ལ་ཟློས་ན། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ལ། །རང་དབང་མ་གྱུར་ཅུང་ཟད་ཡོད་མིན་ཏེ། །ཐམས་ཅད་རང་བྱུང་རིག་པའི་ངང་དུ་རྫོགས། །དེ་ཉིང་པདྨ་དབང་གི་རྒྱལ་པོར་བརྗོད། །འདོད་པའི་ཡོན་ཏན་ཀུན་ལ་རོལ་བཞིན་དུ། །གདོད་ནས་རྣམ་དག་སྐྱོན་བྲལ་པདྨའི་རིགས། །རྟ་ཡི་མགྲིན་གླུས་མ་ཚོགས་དབང་དུ་སྡུད། །དངོས་གྲུབ་རྣམ་གཉིས་ཐོགས་མེད་འགུགས་པར་བྱེད། །སྙིང་རྗེ་ཆེན་པོས་རྒྱལ་རྣམས་གཞན་དོན་བསྐུལ། །ཐུགས་རྗེ་ཆགས་པས་འགྲོ་རྣམས་དབྱིངས་སུ་སྡུད། །སྲིད་ཞིའི་སྤྱི་དཔལ་འཁོར་འདས་ཀུན་གྱི་རྗེ། །བདེ་ཆེན་པདྨ་དབང་གི་རྒྱལ་པོ་ཉིད། །འདི་ཡི་ལྷ་སྔགས་དམིགས་བའི་ཐབས་བརྟེན་ན། །ཡེ་ཤེས་ཐུགས་རྗེ་སྨོན་ལམ་ཆེན་པོའི་མཐུས། །ས་ལམ་མྱུར་བགྲོད་དངོས་གྲུབ་ཐོགས་མེད་སྩོལ། །སྣང་སྲིད་དྲེགས་པ་རང་དབང་


MR27_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འདུ། །རྟ་འདྲའི་ལས་རླུང་སེམས་ཀྱི་དབང་དུ་འདུས། །སེམས་ནི་རང་བྱུང་རིག་པའི་ངང་དུ་ཐིམ། །སྣང་གསུམ་འཕོ་བ་འགྱུར་མེད་ཆོས་སྐུར་འགགས། །བདེ་ཆེན་རྡོ་རྗེའི་སྐུ་མཆོག་ཚེ་འདིར་འགྲུབ། །ཨ་ལ་ལ་ཧོ། ཞེས་པའང་རབ་ཚེས་ས་སྤྲེལ་དབོ་ཟླའི་ཚེས་ཉེར་གསུམ་ལ་དགའ་ལུང་བདེ་མཆོག་ཕོ་བྲང་དུ་མི་ཕམ་པ་པདྨ་དབང་ཆེན་རྡོ་རྗེས་བྲིས་པ་དགེའོ།། །།ཡོན་ཏན་རྡོ་རྗེ་བདུད་རྩིའི་ངེས་དོན་གྱི་དགོངས་པ་བཞུགས། མཉམ་པ་ཉིད་ཀྱི་དོན་རྟོགས་ན། །ཐམས་ཅད་བདུད་རྩི་བདེ་བ་ཆེ། །གདོད་ནས་ཡེ་སངས་རྒྱས་པ་ལ། །སྡུག་བསྔལ་རྒུད་པ་མིང་ཡང་མེད། །དོན་ལ་དེ་ལྟར་གནས་མོད་ཀྱི། །རང་སྣང་འཁྲུལ་པའི་དབང་སོང་བའི། །འགྲོ་ཀུན་སྡུག་བསྔལ་རྒྱ་མཚོར་འཁྱམས། །ཐུགས་རྗེས་འབྲེལ་བའི་རྒྱལ་རྣམས་ཀྱི། །རྣམ་རྟོག་ནད་ཀྱིས་མནར་བ་ལ། །དམ་ཆོས་བདུད་རྩིའི་འོད་ཟེར་འགྱེད། །ཆོས་ཀྱི་སྒོ་མོ་མཐའ་ཡས་པ། །ཀུན་ཀྱང་ཕན་བདེའི་གསོས་འགྱུར་མོད། །ཡང་དག་དོན་གྱི་བདུད་རྩི་ནི། །མཉམ་ཉིད་རྫོགས་པ་ཆེན་པོ་ཡིན། །དེ་ཡི་ངང་དུ་ཆོས་ཀུན་རྫོགས། །བཟང་ངན་བླང་དོར་མེད་པར་མཉམ། །དོན་གྱི་བདུད་རྩི་འདི་རྟོགས་ན། །བདུད་རྩིར་མ་གྱུར་ཆོས་མེད་པས། །སྣང་སྲིད་བདུད་རྩི་རྣམ་དག་གི། །ཆེ་མཆོག་དགོངས་པ་མངོན་དུ་གྱུར། །དེ་ཚེ་དུག་ལྔ་འབྱུང་ལྔ་དང་། །ཕུང་ལྔ་དབང་ལྔ་སྨན་ལྔ་སོགས། །ཐམས་


MR27_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡེ་ཤེས་ལྔ་ལྡན་གྱི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཨེ་མ་བདུད་རྩི་བདེ་བ་ཆེ། །རང་བྱུང་བྱང་ཆུབ་སེམས་ཀྱི་ལྷ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཀུན་གྱི་དཔལ་ལ་ཕྱག་འཚལ་ལོ། །ཞེས་པའང་ས་སྤྲེལ་ཟླ་༢ཚེས་༢༣ལ་མི་ཕམ་པ་ཆེ་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་དགེ། ༈ །།རྡོ་རྗེ་ཕུར་པའི་ངེས་དོན་གྱི་དགོངས་པ་བཞུགས་སོ། །ཆོས་རྣམས་ཀུན་གྱི་གནས་ལུགས་དེ་ཁོ་ན། །གཉིས་ཆོས་ཀུན་བྲལ་མཉམ་ཉིད་རྫོགས་པ་ཆེ། །སོ་སོ་རང་གི་རིག་པས་མངོན་བྱས་པ། །རིག་པ་ཡེ་ཤེས་དོན་གྱི་ཕུར་པ་ཡིན། །གཉིས་མེད་ཡེ་ཤེས་མི་ཕྱེད་རྡོ་རྗེ་སྟེ། །དུས་གསུམ་འགྱུར་མེད་རྒུད་བྲལ་གཞོན་ནུ་ཉིད། །ཡེ་ནས་ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེ། །འགྲོ་ཀུན་སེམས་ལ་ཆོས་ཉིད་ཚུལ་དུ་བཞུགས། །ཐབས་ཀྱི་གདམས་པ་བླ་མའི་མན་ངག་གིས། །སེམས་ཉིས་རང་སར་རྟོགས་པའི་རྣལ་འབྱོར་པས། །རིགས་པའི་ཕུར་བུས་འཁོར་འདས་ཆོས་རྣམས་ཀུན། །རང་རྩལ་རང་དབང་ཉིད་དུ་རྒྱ་ཡིས་ཐེབས། །དེ་ཕྱིར་ཕུར་པ་སྣང་སྲིད་ཐལ་འབྱིན་གྱི། །དགོངས་པའི་གདིང་གིས་གདུལ་དཀའི་སྲོག་འཕྲོག་ཅིང་། །བདེ་བའི་མཁའ་དབྱིངས་བྱང་ཆུབ་སེམས་སྤྲིན་སྤྲོ། །སྣང་སྲིད་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །ཨེ་མ་རྒྱལ་ཀུན་ཕྲིན་ལས་ལྷག་པའི་ལྷ། །སྲས་མཆོག་ཁྲོ་བོ་ཕུར་པའི་རྣལ་འབྱོར་གྱིས། །འཁོར་འདས་སྟོང་སྲོག་དབང་བསྒྱུར་དཔལ་ཆེན་པོའི། །གོ་འཕང་


MR27_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ས་སྤྲེལ་ཟླ་༢ཚེས་༢༣ལ་ངྷཱིས་བྲིས་པ་དགེ།། ༈ །།མ་མོའི་ངེས་དོན་གྱི་དགོངས་པ་བཞུགས། རང་བྱུང་བྱང་ཆུབ་སེམས་ལས་མ་གཡོས་ཀྱང་། །གཡོ་བ་ལྟར་སྣང་ལས་རླུང་ཀུན་རྟོག་གིས། །བཀོད་པ་ཕྱི་སྣང་འཇིག་རྟེན་སྲིད་པ་དང་། །ནང་ལུས་རྩ་རླུང་ཐིག་ལེའི་འདུ་འཕྲོ་ལས། །འཁོར་འདས་ལམ་གྱི་སྣང་བ་སྣ་ཚོགས་པ། །ཀུན་ཀྱང་སྐྱེ་མེད་ཡུམ་གྱི་མཁའ་ལས་ཤར། །ཡང་དག་དོན་ལ་བྱེད་པ་འགའ་མེད་ཀྱང་། །སྲིད་པའི་འགྲོ་ལ་བྱེད་པོ་དབང་ཆེན་གྱི། །ཚུལ་དུ་སྣང་བ་སྲིད་པ་མ་མོ་ཡིན། །དེ་ཕྱིར་དེ་ལ་བརྟེན་པའི་རྣལ་འབྱོར་པས། །ལས་དང་ཡེ་ཤེས་དངོས་གྲུབ་རབ་འབྱམས་རྣམས། །ཚོགས་མེད་མྱུར་དུ་འགྲུབ་པ་ཐབས་ཀྱི་མཐུ། །རགས་པ་ཕྱི་རོལ་སྣང་བའི་དབང་ཆེན་རྣམས། །ནང་གི་རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ཏེ། །རླུང་སེམས་རང་དབང་བསྡུ་པའི་ཐབས་དེ་ཡིས། །མ་མོ་མཁའ་འགྲོ་རང་དབང་ཉིད་དུ་འགྱུར། །མ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས། །མོ་ནི་འགག་མེད་རང་གསལ་རིག་པ་ཉིད། །ཟུང་འཇུག་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །མ་མོའི་དགོངས་པ་མངོན་དུ་གྱུར་པ་ཡིན། །དབུ་མའི་དབྱིངས་སུ་ལས་རླུང་འདུས་པ་ན། །འཇིག་རྟེན་དྲེགས་པའི་མ་མོ་ལས་ལ་འཁོལ། །བྱང་ཆུབ་སེམས་སུ་རྣམ་རྟོག་དབང་འདུས་ཚེ། །སྣང་སྲིད་མ་མོའི་སྲོག་ལ་རང་དབང་ཐོབ། །བསྐྱེད་དང་འཇིགས་


MR27_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསོ་དང་བསད་པ་སོགས། །རབ་འབྱམས་ལས་ཀྱི་ཚོགས་ལ་དབང་འབྱོར་ཞིང་། །རང་རིག་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད། །ཆོས་སྐུ་མངོན་རྫོགས་རྒྱལ་པོའི་གོ་འཕང་འགྲུབ། །ས་སྤྲེལ་ཟླ་༢ཚེས་༢༣ལ་མི་ཕམ་པས་བཀོད་པ་དགེ།། ༈ །།རིག་འཛིན་བླ་མའི་ངེས་དོན་དགོངས་པ་བཞུགས། དུས་གསུམ་བྱོན་པའི་རྒྱལ་བ་རིག་འཛིན་གྱི། །དགོངས་པའི་ཆུ་བོ་ཡེ་ཤེས་རྒྱ་མཚོར་འདྲེས། །མཉམ་ཉིད་བྱང་ཆུབ་སེམས་སུ་འདུ་འབྲལ་མེད། །དེ་དོན་གང་རྟོགས་བླ་མའི་ཐུགས་གསང་ཟིན། །རྒྱུ་འབྲས་ཐེག་པ་རྒྱ་མཚོས་རྒྱུད་སྦྱངས་ཀྱང་། །མཐར་ཐུག་ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །ཐབས་ཀྱི་གདམས་པ་བླ་མའི་མན་ངག་གིས། །རྟོགས་པར་ནུས་ཀྱི་གཞན་དུ་ནམ་ཡང་མིན། །རིག་འཛིན་བླ་མ་ཐུགས་གསང་རྣམ་དག་གི། །དགོངས་པ་འཚོལ་ན་བརྒྱུད་ལྡན་བླ་མ་བསྟེན། །བླ་མའི་བྱིན་རླབས་སེམས་ལ་ནམ་ཞུགས་ན། །རིག་འཛིན་ཀུན་གྱི་དགོངས་པའི་དབང་བསྐུར་རྫོགས། །དུས་གསུམ་བྱོན་པའི་བླ་མ་རིག་འཛིན་ཚོགས། །རྣམ་འགྱུར་ཆ་ལུགས་འདུལ་ཐབས་དཔག་མེད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །དབྱེར་མེད་འགྲོ་པའི་སྣང་ངོར་ཐ་དད་ཚུལ། །དེ་ཕྱིར་ལྷ་དང་བླ་མ་རང་སེམས་གསུམ། །དབྱེར་མེད་རྫོགས་པ་ཆེན་པོའི་དོན་རྟོགས་ན། །ཞིང་གི་བཀོད་པ་ཡོན་ཏན་ཕྲིན་ལས་རྣམས། །རིག་པའི་ངང་དུ་ཆོས་དབྱིངས་མཉམ་པར་རྫོགས། །


MR27_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་ས་སྤྲེལ་ཟླ་༢ཚེས་༢༣ལ་མི་ཕམ་བློ་གྲོས་པང་བཞད་པས་སྤེལ་བ་དགེ།། ༈ །།མཆོད་བསྟོད་དྲེགས་པའི་ངེས་དོན་གྱི་དགོངས་པ་བཞུགས། ཆོས་ཀྱི་དབྱིངས་སུ་ཆོས་ཀུན་རོ་མཉམ་ཡང་། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་སྣང་བ་ལ། །སྲིད་ན་དབང་ལྡན་དྲེགས་པའི་སྡེ་དཔོན་རྣམས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་བྱེད། །རྒྱལ་བའི་བཀའ་བཞིན་དམ་ལྡན་རྣལ་འབྱོར་པས། །མཆོད་ན་འགོ་ཞིང་བསྒྲུབ་ན་སྟོང་གྲོགས་བྱེད། །རྦད་ན་འགྲོ་བ་བསླུ་བ་མེད་མོད་ཀྱི། །ལས་དང་ཡེ་ཤེས་དྲེགས་པར་སྣང་བ་ཀུན། །ཡང་དག་དོན་ལ་རང་སེམས་ཆོ་འཕྲུལ་ལས། །སྲིད་པའི་བྱེད་པོ་དབང་ཆེན་གཞན་འགའ་མེད། །སེམས་ཉིད་དག་ན་དེ་ཀུན་རང་དབང་འགྱུར། །མ་དག་སེམས་ཀྱི་སྣང་བ་མི་མཉམ་པར། །ལྷ་ཡང་བྱེད་ལ་འདྲེ་ཡང་བྱེད་པས་ན། །ལྷ་མ་སྲིན་ཞེས་ཡ་མ་ཟུང་གི་ཚིག །རྟེན་འབྲེལ་སྒྱུ་མའི་སྣང་བ་འདི་དག་རྣམས་། །ཨ་འཐས་ཞེན་བློས་དམ་དུ་བཟུང་བས་ཅི། །སྒྱུ་མ་ལྟ་བུར་སྣང་བའི་རྩལ་བྱུང་ཀུན། །སེམས་ཉིད་རིག་པའི་རྒྱལ་པོའི་རོལ་པར་བཀོད། །རིག་པ་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །དྲེགས་པ་ཀུན་འདུལ་དགོངས་པ་མངོན་དུ་འགྱུར། །མཆོད་ཀྱང་རང་སྣང་སྒྱུ་མའི་རོལ་པར་མཆོད། །ལས་ལ་བཀོལ་ཀྱང་རང་སྣང་སྒྱུ་མར་བཀོལ། །བདེན་མིན་བརྫུན་མིན་ཆུ་ཡི་ཟླ་བ་འདྲ། །རིག་དབྱིངས་


MR27_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ནམ་མཁའ་གཡོ་བ་མེད། །དེ་ལྟར་དེ་དོན་རྟོགས་པའི་རྣལ་འབྱོར་པས། །ལྟར་སྣང་ཞི་དྲག་མཛད་སྤྱོད་ཅི་སྤྱད་ཀྱང་། །གཞན་ཕན་ཕྲིན་ལས་ཉིད་འགྱུར་དྲེགས་པའི་ཚོགས། །རང་དབང་རང་འདུས་རང་གྲོལ་ཆོས་སྐུར་རྫོགས། །ཁུ་རྡུལ་ལས་རླུང་འཕོ་བའི་གཡོ་བ་ཀུན། །གཡོ་མེད་མི་ཤིགས་ཐིག་ལེར་ཐིམ་པ་ལས། །གཟུང་འཛིན་ཀུན་ཏུ་རྟོག་པ་གཉིས་སྣང་སེམས། །གཉིས་མེད་མཉམ་ཉིད་ཡེ་ཤེས་ཀློང་དུ་གྲོལ། །དེ་ཚེ་མི་ཤིགས་རྡོ་རྗེའི་སྐུ་གཅིག་པུ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་མཆོག །སྣང་སྲིད་དྲེགས་པའི་རྒྱལ་པོ་རྡོ་རྗེ་འཛིན། །ཚེ་འདི་ཉིད་ལ་ཉེ་བར་འགྲུབ་པ་ཡིན། །ཅེས་ལྕགས་ཁྱི་ཟླ་༨ཚེས་༤ལ་མི་ཕམ་པས་བྲིས་པ་དགེ།། ༈ །།དམོད་པ་དྲག་སྔགས་ཀྱི་ངེས་དོན་དགོངས་པ་བཞུགས་སོ། །ལྷ་དང་དྲང་སྲོང་དྲེགས་པའི་རིག་སྔགས་མེས། །ཕས་རྒོལ་བུད་ཤིང་བསྲེག་པ་ཆོས་ཉིད་ཀྱང་། །མཉམ་ཉིད་རྟོགས་པའི་གདིང་དང་མི་ལྡན་ཞིང་། །སྙིང་རྗེའི་ཐབས་བྲལ་ངན་སོང་འཁོར་བའི་རྒྱུ། །སྲིད་འགྲོ་ཉམ་ངར་ཉེས་པ་སྣ་ཚོགས་པ། །ཀུན་རྟོགས་སེམས་དང་འཕོ་བའི་དབང་གིས་བྱས། །དེ་ཕྱིར་རང་རྒྱུད་དགྲ་འདི་བསད་བྱས་ན། །སྲིད་པའི་དགྲ་སྡེ་མཐའ་དག་དུས་གཅིག་ཆོམས། །རྣམ་རྟོག་འཁྲུལ་པའི་དགྲ་དང་ལས་ཀྱི་རླུང་། །མཉམ་ཉིད་དབུ་མའི་དབྱིངས་སུ་གསོད་པ་ཡི། །སྒྱུ་རྩལ་མཐུ་གསང་དམོད་པའི་


MR27_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་ཀྱིས། །སྟོབས་ལྡན་ནག་པོའི་དགོངས་པ་མངོན་དུ་འགྱུར། །ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས། །གདོད་ནས་ཡོངས་གྲོལ་མཉམ་ཉིད་རྫོགས་པ་ཆེ། །ཐེག་པའི་རྒྱལ་པོའི་དགོངས་སྤྱོད་གདིང་ལྡན་ན། །ཁམས་གསུམ་ཡེ་སྒྲོལ་སྲིད་གསུམ་གཏིང་སྤྲུགས་པས། །ནམ་ཡང་འཕོ་འགྱུར་མེད་པའི་བདེ་ཆེན་ངང་། །རྣལ་འབྱོར་རྒྱལ་པོ་གཏན་སྲིད་ཟིན་པ་དེས། །རྩོལ་བ་མེད་པའི་སྙིང་རྗེ་ཆེན་པོ་ཡིས། །སྲིད་པར་ཤུགས་དྲག་སྡུག་བསྔལ་བརྒྱས་མནར་ཞིང་། །དབང་མེད་བརྒྱུད་མར་འཁྱམས་པའི་འགྲོ་ཀུན་ལ། །ཐབས་ལ་མཁས་པས་སྒྱུ་མ་ལྟ་བུའི་ཚུལ། །མཆོག་ཏུ་བདེ་བར་སྒྲོལ་བའི་ཕྲིན་ལས་འཇུག །ཨ་ལ་ལ་ཧོ་ངོ་མཚར་རྨད་དུ་བྱུང་། །ཞེས་པའང་ལྕགས་ཁྱི་ཁྲུམས་ཟླའི་ཚེས་༤ལ་མི་ཕམ་པས་སྤེལ་བ་དགའོ། །མངྒ་ལཾ།། ༈ །།སེམས་དོན། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གཉུག་མའི་ཤེས་པ་རྒྱ་ཡན་བཟོ་མེད་འདི། །ཚིག་གིས་མི་མཚོན་སོ་སོ་རང་གིས་རིག །བླ་མའི་བྱིན་རླབས་ཞུགས་ཚེ་འབད་མེད་རྟོགས། །འདི་དོན་ནམ་མཐོང་མ་བཅོས་སྐྱོང་ཚུལ་ཤེས། །རང་སེམས་སྐྱོང་ངོ་སྙམ་དུ་བསྐྱང་མི་བྱ། །མི་སྐྱོང་སྙམ་དུའང་སེམས་པར་མི་བྱ་སྟེ། །རང་སར་ཅོག་གེ་ཞོག་དང་ངང་གིས་གསལ། །རང་བབ་རང་གནས་རྣལ་འབྱོར་སྒོམ་པའི་མཆོག །དེ་ལ་གོམས་ནས་བྱར་མེད་གཉུག་མའི་ངང་། །སྣ་ཚོགས་རྟོག་པ་


MR27_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་གནོད་མེད་པར་ནི། །ནམ་མཁའི་ངང་ན་སྤྲིན་བཞིན་རྒྱུ་བའི་ཚེ། །བག་ཡངས་བདེ་བའི་རྣལ་འབྱོར་ཨ་ལ་ལ། །གནད་ཀྱི་མན་ངག་སྙིང་གི་བུ་ལ་གདམས། །མེ་སྤྲེལ་ཟླ་༢ཚེས་༡༩ལ་སྒྲུབ་པའི་ཐུན་མཚམས་སུ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།། ༈ །།ཚིག་གསུམ་གནད་ཀྱི་མན་ངག་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། ཐ་མལ་ཤེས་པ་རྒྱ་ཡན་མ། །ཚིག་གིས་མི་མཚོན་རང་གིས་རིག །བཟོ་བཅོས་འཛིན་ཞེན་རང་ལོག་ན། །སེམས་ཀྱི་ངོ་བོ་རིག་ཅེས་བྱ། །རྣམ་རྟོག་འཇུར་བུས་མ་བཅིངས་པར། །གཉུག་མའི་ངང་ཚུགས་མ་ཤོར་བཞིན། །བྱ་རྩོལ་ཆེད་འཛིན་མེད་པ་ན། །བསྒོམ་པ་བསྐྱང་ཞེས་དེ་ལ་བྱ། །ནམ་མཁའི་ངང་ན་སྤྲིན་བཞིན་དུ། །སྣ་ཚོགས་རྣམ་རྟོག་རྦ་རླབས་ཀུན། །ཕན་གནོད་མེད་པར་བློ་བདེ་ན། །རང་སར་གྲོལ་ཞེས་དེ་ལ་བྱ། །ཚིག་གསུམ་གནད་ཀྱི་མན་ངག་འདི། །ནང་གི་མྱོང་བ་ཅན་གྱིས་རྟོགས། །ཁ་འབྱམས་རྟོག་གེས་ཕྱོགས་མི་ཤེས། །མི་ཕམ་རྣམ་པར་རྒྱལ་བས་བྲིས། །མེ་སྤྲེལ་ཟླ་༢ཚེས་༡༩ལའོ།། །།རྫོགས་པ་ཆེན་པོའི་གནད་མདོར་བསྡུས་པ་ཡེ་ཤེས་སྙིང་པོ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཡུལ་དུ་སྣང་དང་སེམས་སུ་སྣང་བ་འདི། །རིག་པའི་རྩལ་ལས་མེད་བཞིན་མངོན་དུ་སྣང་། །གཉིས་སུ་བཟུང་ནས་དེ་ལ་ལམ་འབྲས་བུ། །ཚོལ་བ་བྱ་རྩོལ་བློ་ཡི་ཆོས་སུ་ཟད། །ཐ་སྙད་དག་ཏུ་


MR27_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དོན་སེམས་མིན་ལ། །ཇི་ལྟར་སྣང་ཙམ་བཞིན་དུ་ཐ་དད་འདོད། །དོན་ལ་གཅིག་དང་ཐ་དད་བྲལ་བ་ཡི། །མེད་པ་གསལ་སྣང་སྒྱུ་མའི་རོལ་པ་ཙམ། །གཉིས་སུ་སྣང་བ་སྲིད་ཞིའི་ཆོས་སོ་ཅོག །ཅིར་ཡང་མ་གྲུབ་སྣང་བཞིན་རང་ངོས་སྟོང་། །གཉིས་མེད་རིག་པའི་མཁའ་ལ་སྤྲིན་ལྟར་གནས། །རྐྱེན་ལས་སྣང་ཞིང་འཕོ་འགྱུར་རིས་སུ་ཆད། །ཀུན་ཁྱབ་རིག་པ་གསལ་སྟོང་མཐའ་དབུས་བྲལ། །གདོད་ནས་མ་སྐྱེས་དེ་བཞིན་ཉིད་ཀྱི་ངང་། །ལྷུན་གྲུབ་འོད་གསལ་རིས་མེད་མཉམ་པ་ཆེ། །ཐུགས་རྗེའི་རྩལ་སྣང་སྲིད་ཞིའི་ཀུན་ཁྱབ། །རང་གི་ངོ་བོ་འཕོ་འགྱུར་ཡེ་ནས་མེད། །བསལ་དང་བཞག་མེད་བྲི་གང་འགྲོ་འོང་བྲལ། །ཡུལ་དང་ཡུལ་ཅན་གཉིས་སུ་བྱར་མེད་དེ། །གཉིས་ཆོས་ཀུན་ཟད་ཐིག་ལེ་ཉག་གཅིག་ཀློང་། །འཁོར་དང་འདས་པ་ལམ་དང་འབྲས་བུ་དང་། །ཕྱོགས་དང་དུས་མཐའ་སྣང་ཞིང་སྲིད་པའི་ཆོས། །གང་གི་ངང་དུ་རྫོགས་པར་འུམ་ཆུབ་པའི། །གདིང་ཆེན་རྙེད་ནས་དེ་ལས་མ་གཏོགས་པར། །རྡུལ་ཕྲན་ཙམ་གྱི་ཆོས་ཀྱང་ཡོད་མེད་ཕྱིར། །ལྟ་སྒོམ་འབྲས་བུའི་ལ་ཆེན་དེར་བཟླས་ལ། །གང་སྣང་དགག་སྒྲུབ་བྲལ་བའི་ཆོས་ཉིད་དུ། །རྟོགས་པའི་གདིང་གིས་ཟིན་པས་བློ་རྩོལ་ཆོས། །མཁའ་ལ་བྱ་ལམ་ལྟ་བུར་རྗེས་མེད་བོར། །ཡེ་ནས་ཡིན་པའི་ངང་དུ་མ་བཅོས་པར། །བཞག་པས་འཁྲུལ་སྣང་མུ་མཐའ་མེད་པ་དང་། །དེ་ལ་ཞེན་


MR27_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་རྟོག་འཕྲུལ་པོ་ཆེ། །དེ་ཡི་སློང་བྱེད་ལས་རླུང་དགག་དཀའ་བཅས། །མཁའ་ལ་མུན་པ་སངས་པའི་དཔེ་བཞིན་དུ། །སྟོབས་དང་ཟུག་རྔུའི་གཡོ་འཕྲུལ་ཕྲ་མོ་ཡང་། །བགྱིད་དུ་མེད་པར་དྲུངས་ནས་འབྱིན་བྱེད་ཅིང་། །ཇི་ལྟ་ཇི་ལྟར་དེ་ཡི་སྟབས་ཉམས་པ། །དེ་ལྟ་དེ་ལྟར་ཡེ་ཤེས་ཉི་མ་གསལ། །དེ་ལས་རྩོལ་མེད་མཁྱེན་བརྩེ་ནུས་པའི་འོད། །ནམ་མཁའི་མཐར་ཐུག་ཁྱབ་པར་ཡོངས་ཀྱིས་སྣང་། །འདི་ནི་ཀ་དག་དགོངས་པའི་རང་གནད་དེ། །འཁྲུལ་སྣང་དབྱིངས་སུ་རང་འགག་བྱེད་པའི་ལམ། །རྩོལ་བས་ལས་རླུང་དབུ་མར་བསྟིམ་པ་སོགས། །གནད་དུ་སྨིན་མཐར་འབྲས་བུ་འདི་ཐོབ་ཀྱང་། །འདི་ལ་ལྟོས་ན་ཤིན་ཏུ་དཀའ་བའི་ལམ། །ལས་རླུང་གཅུན་པས་སྦྲུལ་གདུག་གཙེས་པ་ལྟར། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །དེ་ཕྱིར་གོལ་མེད་འཆུགས་མེད་ལམ་འདི་ཟབ། །ཁྱད་པར་རིག་པའི་དབྱིངས་དང་དབྱེར་མེད་པའི། །རང་གདངས་ལྷུན་གྲུབ་འོད་གསལ་སྣང་བ་ནི། །མངོན་གྱུར་སྒྲོན་མའི་ལམ་ལ་བརྟེན་བྱས་ན། །གནད་ཀྱིས་ཟིན་པས་ངེས་གསང་གྲུབ་མཐར་འཁྱོལ། །འདི་ནི་རྒྱལ་བ་རིག་འཛིན་བརྒྱུད་པ་ཡི། །དགོངས་པའི་ཆུ་བོ་དྲི་མེད་འོད་ཟེར་གྱི། །ཐུགས་མཚོར་འཁྱིལ་བའི་གདམས་ཟབ་རིན་པོ་ཆེ། །སྔ་འགྱུར་རྫོགས་ཆེན་རིང་ལུགས་རྨ་མེད་པའོ། །དེ་ལྟར་ཤེས་ནས་དེ་དང་ལམ་གཞན་དག །འདྲ་འདྲེ་


MR27_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསྲ་བསྲེའི་རྙོགས་མ་མི་སློང་བར། །ཐེག་པ་ཀུན་གྱི་འབྲས་བུའི་མཐར་ཐུག་པ། །འདི་ཉིད་ཁོ་ནར་ངེས་པ་ཤེས་པར་མཛོད། །དེ་ལྟར་ལེགས་པར་བརྗོད་པའི་དགེ་བ་དེས། །གདོད་མའི་རང་རིག་ངང་ལས་འཁྲུལ་པ་ཡི། །འགྲོ་བ་མཐའ་དག་རྡོ་རྗེ་སྙིང་པོ་འདིའི། །དྲིན་ལས་ཀུན་བཟང་བདེ་ཆེན་ལྷུན་གྲུབ་ཤོག །ཅེས་པའང་ས་གླང་ཟླ་བ༡༡་ཚེས་བཅུ་གཉིས་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བྲིས་པ་དགེའོ། །དགེའོ། །དགེའོ། །མངྒ་ལཾ།། ༈ །།ཉམས་ལེན་གནད་ཀྱི་ཆིངས་གསུམ་གྱི་གདམས་པ་དགའ་རབ་ཞལ་ལུང་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཛྙཱ་ན་སཏྭཱ་ཡ། ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཐམས་ཅད་རང་གི་སེམས་སུ་ཤར། །ཡིན་ལུགས་ཤེས་ན་ཕན་གནོད་བླང་དོར་མེད། །མ་ཤེས་གཉིས་སུ་འཛིན་པས་རང་སྣང་ལ། །བརྟེན་ནས་བདེ་སྡུག་ཕན་གནོད་སྣ་ཚོགས་མྱོང་། །དེ་ཕྱིར་དེ་དོན་ཇི་བཞིན་གཏན་འབེབས་བའི། །བླ་མའི་མན་ངག་རང་གིས་ཉམས་མྱོང་བསྟུན། །རང་སེམས་རང་ངོ་ཤེས་པ་ཐོག་མར་གཅེས། །ཡིན་ལུགས་ཤེས་ཀྱང་ཐོག་མེད་གོམས་པའི་བློ། །ཨ་འཐས་ཤུགས་དྲག་དེ་ཡི་དབང་སོང་ན། །འཁྲུལ་པའི་སེམས་ཀྱི་གཤིས་ངག་ཉོན་མོངས་དང་། །འཇིགས་དང་སྡུག་བསྔལ་ཅུང་ཟད་མི་ཞི་བས། །ཅི་ནས་རང་སེམས་གཤིས་


MR27_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ལུགས་ལ། །ཡང་ཡང་གོམས་བྱས་རྩལ་སྣང་རོལ་པ་ཀུན། །རིག་པའི་དབང་དུ་འདུ་བའི་རྩལ་རྫོགས་པ། །འདི་ལ་ཉམས་ལེན་སྙིང་པོར་བྱེད་པ་ནི། །བར་གྱི་དུས་སུ་མེད་མི་རུང་བའི་གནད། །དེ་ཕྱིར་ཉིན་དང་མཚན་མོ་དུས་རྟག་ཏུ། །རང་སེམས་རང་ངོ་བསྐྱང་བའི་དྲན་པ་དང་། །འབྲལ་མེད་རྩེ་གཅིག་གནད་དུ་མ་བསྣུན་ན། །རྟོག་པའི་རྦ་རླབས་དོན་མེད་རང་སྡུག་གི། །སྣང་བ་འདི་ལ་ཅུང་ཟད་མི་འདའ་བས། །རང་སེམས་དབང་ཚུགས་ནན་ཏན་གྱིས་ཤིག་ཨང་། །དེ་ལྟར་ཡང་ཡང་གོམས་པའི་ལག་རྗེས་ལ། །རང་སྣང་དབང་འདུས་རིག་པའི་གདིང་ཟིན་ཚེ། །སྣང་སྲིད་དབང་དུ་མ་འདུས་གང་ཡང་མེད། །འཇིགས་དང་སྡུག་བསྔལ་ཉོན་མོངས་འཚེ་བ་བྲལ། །འཇིགས་མེད་སེང་གེ་གངས་རྩེ་ཟིན་དང་མཚུངས། །སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །བརྟན་པ་ཐོབ་པའི་རྣལ་འབྱོར་བློ་རེ་བདེ། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ། །རྣལ་འབྱོར་ཉམས་ལེན་གནད་ཀྱི་ཆིངས་གསུམ་སྟེ། །འདི་བཞིན་ཉམས་སུ་ལེན་པའི་མི་དེ་སྐྱིད། །དེ་སྐད་འཇམ་དཔལ་རྡོ་རྗེས་གདམས་པ་དགེ། །མེ་བྱ་ཟླ་༡༡ཚེས་༡༦ལའོ། །མངྒ་ལཾ།། །།བཅིངས་གྲོལ་མེད་པ་གཤིས་ཀྱི་གནད་བརྟག་པ་སེམས་ཉིད་ནམ་མཁའི་མེ་ལོང་བལྟ་བ་ཞེས་བྱ་བ་བཞུགས་སོ། །རང་རིག་ཀུན་བཟང་འཇམ་པའི་དཔལ་ལ་


MR27_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །ཡིན་པར་གྲུབ་པ་མེད་བའི་རིག་པ་འདི། །རང་བྱུང་ཡེ་ཤེས་མཐའ་དབུས་བྲལ་བ་ཉིད། །བླ་མའི་མན་ངག་ལམ་གྱིས་མཐོང་གྱུར་ན། །མཚོན་བྱ་དོན་གྱི་ལྷན་སྐྱེས་ཡེ་ཤེས་ཡིན། །འདི་ནི་སེམས་ཀྱི་ངོ་བོའམ་གནས་ལུགས་ཏེ། །གནས་ལུགས་འདི་ལ་བློ་ཡིས་བཅོས་སུ་མེད། །འདི་ནི་ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །རྒྱུ་རྐྱེན་ལས་འདས་དུས་གསུམ་འཕོ་འགྱུར་བྲལ། །སེམས་ཀྱིས་མི་མཚོན་གཉུག་མ་རང་གི་གཤིས། །སྣ་ཚོགས་ཆོས་ཀུན་དེ་ལ་མཉམ་པར་རྫོགས། །འདི་ཡི་རྩལ་སྣང་ཚོགས་བརྒྱད་སེམས་སུ་སྣང་། །སེམས་ལ་འཁོར་འདས་སྣང་བ་སྣ་ཚོགས་ཤར། །ཤར་ཚད་ངོ་བོའི་གཞི་རུ་རང་གྲོལ་ཏེ། །ངོ་བོ་ལ་ནི་ཕན་གནོད་བླང་དོར་བྲལ། །དེ་ལྟར་ངོ་བོའི་བཞུགས་ཚུལ་མ་ཤེས་པར། །རྩལ་ལ་བདག་ཏུ་ཞེན་ཅིང་གཟུང་འཛིན་བརྟས། །དེའི་ངོར་བདེ་སྡུག་ཕན་གནོད་སྣ་ཚོགས་མྱོང་། །སྣང་ཡང་དེ་ལྟར་གྲུབ་པ་མེད་མོད་ཀྱི། །རང་གི་རྟོག་པའི་དབང་གིས་ཕན་གནོད་བྱེད། །ཐོག་མེད་དུས་ནས་ད་ལྟ་ཡན་ཆོད་དུ། །འཁོར་བ་འདི་ན་བདེ་སྡུག་ཅི་མྱོང་ཡང་། །དེ་དེར་མ་གྲུབ་རང་སེམས་སྟོང་པའི་འཕྲུལ། །རང་སྣང་མ་འགགས་ཆོ་འཕྲུལ་ཙམ་དུ་ཟད། །སེམས་ཀྱི་ངོ་བོ་གསལ་སྟོང་དབྱེར་མེད་ལ། །འཁོར་འདས་སྐྱོན་ཡོན་ཅིས་ཀྱང་མི་གོས་པས། །མནར་མེད་དམྱལ་བའི་སྡུག་བསྔལ་མྱོང་གྱུར་ཀྱང་། །དེ་ཡིས་རྨས་པར་གྱུར་བ་ཅུང་


MR27_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མེད། །སྲིད་པའི་བདེ་བ་ཇི་སྙེད་མྱོང་གྱུར་ཀྱང་། །དེ་ཡིས་འདི་གཤིས་འགྱུར་ཅང་མེད་ལ། །བདེ་སྡུག་མྱོང་བའི་སྐྱོན་དང་ཡོན་ཏན་ཆ། །མཁའ་ལ་ཚོན་རྩི་བཞིན་དུ་མ་ཆགས་སོ། །ཇི་ལྟར་ནོར་བུ་ཚོན་གྱིས་བསྒྱུར་བ་ལྟར། །གནས་སྐབས་དེ་ན་དེར་སྣང་དེ་ལྟར་ཞེན། །རྟོག་པའི་དབང་གིས་རྣམ་གཞག་སྣ་ཚོགས་དང་། །གྲུབ་མཐའི་རྣམ་གྲངས་རྣམ་པ་སྣ་ཚོགས་བརྗོད། །སེམས་ཀྱིས་བཞག་པ་བློ་ཡི་ཆོས་ཐམས་ཅད། །རང་ངོར་ཡིན་ཡིན་འདྲ་ཡང་ཡིན་པ་མེད། །དོན་ལ་མ་གྲུབ་གཤིས་ཀྱི་རང་སར་ཡལ། །བྱར་མེད་འཛིན་མེད་གཤིས་ཀྱི་དོན་རིག་ན། །རང་ངོ་ཤེས་པས་ཆོས་ཀུན་རང་སར་གྲོལ། །མཐར་འཛིན་གྲུབ་མཐའི་གཟེབ་ཀྱང་རང་སར་ཞིག །སྣང་སྲིད་མ་ལུས་ཆོས་སྐུའི་ཞིང་དུ་ཤར། །ཡེ་གྲོལ་རང་གྲོལ་ཤར་གྲོལ་མཉམ་པར་གྲོལ། །ཆེད་འཛིན་དགག་སྒྲུབ་བླང་དོར་ཆོས་ལས་འདས། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཀྱིས། །འཁོར་འདས་ཆོས་ཀུན་མཉམ་པར་རྫོགས་པའི་ཀློང་། །ཐིག་ལེ་ཉག་གཅིག་རང་བྱུང་ཡེ་ཤེས་དོན། །གང་གིས་རྟོགས་ལ་རྫོགས་པ་ཆེན་པོར་བརྗོད། །འདི་ནི་འབྲས་བུའི་ཐེག་གཅིག་ཐེག་ཀུན་རྩེ། །འདི་ལས་གཞན་པ་བླང་དོར་དགག་སྒྲུབ་ཅན། །བློས་བྱས་ལམ་གྱི་ཐེག་པ་ཞེས་བྱ་སྟེ། །དེ་ཀུན་འདི་ལ་འཇུག་པའི་ལམ་སྟེགས་ཡིན། །གྲུབ་མཐའི་ཁྱད་པར་ཐེག་པའི་རིམ་པ་དང་། །ས་དང་ལམ་གྱིས་རྣམ་གཞག་ཇི་སྙེད་པ། །དགོངས་པའི་གདིང་


MR27_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདི་ཡིས་ལ་བཟླས་ནས། །རྩོལ་མེད་མཉམ་པ་ཉིད་དུ་མཐར་ཕྱིན་འགྱུར། །རང་སེམས་རྟོག་པའི་རྗེས་སུ་འབྲང་བ་ལ། །རྟོག་པའི་དབང་གིས་དེ་ལྟར་བཅིང་གྲོལ་བྱེད། །རྟོག་མེད་མཉམ་པ་གཤིས་ཀྱི་དོན་རིག་ན། །ཡེ་ནས་བཅིང་དང་གྲོལ་བ་དམིགས་སུ་མེད། །རྨི་ལམ་སྣང་བ་ལྟ་བུར་རང་སེམས་ཀྱིས། །རང་བསླུས་འཁོར་བ་འདི་ན་བདེ་བའི་ཆ། །ཇི་ཙམ་མྱོང་ཡང་སུ་ཡང་མི་ཚིམ་ལ། །སྡུག་བསྔལ་བརྒྱ་ཕྲག་མྱོང་ཡང་སྐྱོ་མི་ཤེས། །དེ་ལྟ་དེ་ལྟར་མུ་མེད་སྣང་བ་ཡི། །རང་སེམས་རང་བཅིངས་ལུ་གུ་རྒྱུད་དུ་འཁོར། །བཅིངས་གྲོལ་མེད་པ་གཤིས་ཀྱི་དོན་རྟོགས་ན། །འགྱུར་མེད་བདེ་བ་ཆེན་པོ་འཐོབ་པར་འགྱུར། །ཨ་ལ་ལ་ཧོ། ཞེས་པའང་མེ་བྱ་ཁྲུམས་ཟླའི་ཚེས་བརྒྱད་ལ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།། ༈ །།ལྷན་སྐྱེས་བདེ་བའི་སྒྲོན་མེ་བཞུགས། ན་མོ་ཨཱཪྱ་མཉྫུ་ཤྲཱི་ཡེ། ཕྱོགས་བཅུ་དུས་གསུམ་དག་གིས་བསྡུས་པའི་ཆོས། །ཡེ་ནས་སྣང་སྟོང་དབྱེར་མེད་མཉམ་པ་ཉིད། །འདི་ནི་གནས་ལུགས་ཆོས་ཀྱི་དབྱིངས་ཡིན་ཏེ། །ཐིག་ལེ་ཉག་གཅིག་གདོད་མའི་ཆོས་དབྱིངས་སོ། །དེ་ཡི་ངང་ན་འཁོར་འདས་ཐ་དད་མེད། །བདག་དང་གཞན་མེད་གཉིས་ཆོས་ཐམས་ཅད་བྲལ། །ཡུལ་དང་ཡུལ་ཅན་སྣང་སྟོང་ཐ་དད་མེད། །དེ་ཉིད་ཇི་བཞིན་རྟོགས་པའི་ཡེ་ཤེས་ནི། །འདུས་མ་བྱས་ཏེ་རང་བྱུང་ཡེ་ཤེས་ཡིན། །དབྱིངས་གཅིག་


MR27_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རང་འོད་གསལ་ལས་གཞན་གང་མིན། །གཞི་དབྱིངས་རྒྱ་མཚོའི་ངང་ལས་མ་གཡོས་བཞིན། །འཛིན་པའི་དབང་གིས་སེམས་ཅན་སོ་སོའི་རྒྱུད། །ཆུ་རླབས་ལྟ་བུར་བྱུང་བའི་རང་སྣང་ལ། །བདག་ག་ཞན་གཟུང་འཛིན་མི་མཉམ་སྣ་ཚོགས་སྣང་། །སྣང་ལ་དེར་ཞེན་དེ་ལ་དེར་བཏགས་ནས། །འཁོར་འདས་སྣ་ཚོགས་རྨི་ལམ་སྒྱུ་འདྲར་མཐོང་། །ཟབ་མོའི་གནས་ལུགས་རྟོགས་པའི་གདམས་ཡིས། །ཆོས་ཉིད་གཞི་ཡི་གནས་ཚུལ་རྒྱ་མཚོའི་ནང་། །འཛིན་སེམས་རྦ་རླབས་རང་སར་གྲོལ་ནས་སུ། །མ་ལ་བུ་ཐིམ་སྤྲོས་པ་ཉེར་ཞིའི་ཚེ། །ཐམས་ཅད་དབྱིངས་གཅིག་མཉམ་པའི་དོན་ལ་གནས། །དེར་ནི་ཐོག་མ་དབུས་མཐའ་མི་དམིགས་ཤིང་། །བདག་མེད་གཞན་མེད་སྲིད་དང་ཞི་བ་མེད། །སྐྱེ་མེད་འགག་མེད་འགྲོ་འོང་བྲི་གང་མེད། །མ་ལུས་མཉམ་པ་ཉིད་དུ་ཟླུམ་པ་གང་། །མཆོག་ཏུ་བདེ་བ་ཆེན་པོའི་ངོ་བོ་ཉིད། །འདི་འདྲའི་རྣལ་འབྱོར་ཟབ་མོའི་དོན་དེ་ནི། །བླ་མའི་མན་ངག་ལམ་གྱིས་ངོ་སྤྲད་ལ། །མ་ཡེངས་དྲན་པ་རྒྱུན་ཆགས་གོམས་གྱུར་ན། །ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་ཡི། །བདེ་ཆེན་རྡོ་རྗེ་ལྟ་བུའི་ས་མཆོག་ལ། །ཚེ་འདི་ཉིད་ཀྱིས་ཡོངས་སུ་གནས་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་པའི་ཉམས་ལེན་གྱི། །མཐར་ཐུག་སྔགས་ལམ་ལྷན་སྐྱེས་བདེ་བ་ཆེ། །རྫོགས་པ་ཆེན་པོའི་རང་བྱུང་ཡེ་ཤེས་ཉིད། །འདི་ནི་ཀུན་རྫོགས་ལམ་གྱི་རྩེ་མོར་ཕྱིན། །འདི་བཞིན་རྟོགས་པར་བྱ་ཞིང་


MR27_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ། །རྣལ་འབྱོར་ལམ་རྣམས་ཀུན་གྱི་རྒྱལ་པོ་སྟེ། །འདི་ལ་གང་གནས་བདེ་ཆེན་མཁའ་མཉམ་འཐོབ། །སེམས་ཅན་ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཟབ་མོའི་དོན་དང་ལྡན་པ་འདི་ནིས་ཕག་ཟླ་༤ཚེས་༢༡ལ་རྫ་རྒྱལ་དགོན་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་འཕྲལ་དུ་བྱུང་བ་ཡེ་གེར་སྤེལ་བ་དགེ་ལེགས་འཕེལ།། ༈ །།སེམས་དོན་ཉམས་མེན་ནམ་མཁའ་ཀློང་ཡངས་བཞུགས། ཨོཾ། སྣང་སྲིད་གདོད་ནས་བདེ་བ་ཆེ། །རིག་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །འཇམ་དཔལ་རང་བྱུང་སྒྲོན་མེ་ལ། །བཏུད་ནས་གསང་བའི་མན་ངག་བསྟན། །ཡིད་དཔྱོད་སེམས་ཀྱི་ཁང་བུ་བཤིག །བློ་བྲལ་གཉུག་མའི་རང་ཞལ་བལྟ། །དང་པོ་འགྱུ་དྲན་ཝ་ལེ་བའི། །རང་སེམས་ཕྱི་ནང་གང་དུ་གནས། །དབྱིབས་དང་ཁ་དོག་མཚན་ཉིད་ཅི། །གང་ལས་བྱུང་ཞིང་གང་དུ་འགག །ལེགས་བརྟགས་གཞི་རྩ་ཆོད་པ་ན། །མ་འགག་གསལ་ཡང་ངོ་བོས་སྟོང་། །གསལ་སྟོང་ཐ་དད་དུ་མེད་ཀྱང་། །བརྗོད་བྲལ་ཉིད་དུ་ཉམས་མྱོང་བའི། །ངེས་ཤེས་མྱོང་བས་གཏན་ལ་ཕབ། །དེ་ཡང་འཛིན་ཞེན་མྱོང་བ་དང་། །འདྲེས་ཕྱིར་དགག་སྒྲུབ་མི་བྱ་བར། །རང་སོར་ལྷོད་ལ་རང་བབ་བལྟ། །ཡུལ་དང་ཡུལ་ཅན་གཉིས་མེད་ལ། །སྟོང་སྣང་ལ་སོགས་སྒྲ་རྟོག་གི། །ཡུལ་མིན་ཟང་ཐལ་ལྷུན་འབྱམས་ངང་། །འདི་ཞེས་གང་ཡང་མ་མཐོང་ཡང་། །མ་


MR27_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལུས་པ་གང་མེད་པར། །རང་གི་ཆོས་ཉིད་རང་རིག་ལ། །མངོན་གྲུབ་བསལ་བཞག་མེད་པར་འཆར། །རྟོག་པའི་དྲི་དང་ཐེ་ཚོམ་གྱི། །ཟུག་རྔུ་ཆད་པ་ནམ་མཁའ་ལ། །ཉི་མ་ཤར་བ་བཞིན་དུ་འབྱུང་། །དེ་ཚེ་འོག་རླུང་ཅུང་བསྐུམས་པ། །སྲིན་ཞལ་འཛུམ་པ་ཙམ་གྱི་ཚད། །དེ་ནི་བདེ་བ་གནད་ཀྱི་བརྡ། །རོ་འཛིན་གང་ལའང་མ་རེག་པར། །ཁ་ནི་ཅུང་ཟད་ཕྱེ་བཞིན་པ། །དབྱེར་མེད་གནས་ཀྱི་བརྡ་ཞེས་གསུངས། །འདྲེན་བྱེད་ཏ་ལེར་མཁའ་ལ་གཏད། །དབང་པོ་རྣམས་ཀྱང་མ་བཀག་པ། །དེ་ནི་གསལ་བ་གནད་ཀྱི་བརྡ། །མིག་འབྲས་མི་གཡོ་ཙེ་ནེར་བཞག །དབང་པོ་རྣམས་ཀྱང་མ་གཡོས་པ། །དེ་ནི་མི་རྟོག་གནད་ཀྱི་བརྡ། །བརྡ་བཞི་ཀློང་སྡེའི་མན་ངག་སྟེ། །འདི་དང་ལྡན་ན་རང་ཤུགས་ཀྱིས། །སེམས་དང་ཆོས་ཉིད་འདྲེས་པར་གསུངས། །བྱེད་པ་དེ་རྣམས་རྩོལ་བ་ཡི། །གཡོ་བས་མ་གོས་རང་བབས་སུ། །ངང་གནས་མི་བསྒུལ་བསམ་བྲལ་བར། །ཡིད་དཔྱོད་ཀུན་སྤངས་གནས་པར་བྱ། །ཇི་ལྟར་རྙོགས་མ་ཅན་གྱི་ཆུ། །མ་བསྒུལ་ངང་གིས་དྭངས་པ་བཞིན། །རྟོག་པ་གཤིས་སུ་ཉལ་བ་ན། །ཆོས་ཉིད་རང་མདངས་ངང་གིས་འཆར། །ཧ་རི་ཙེན་ནི་མི་གཡོ་བ། །ཟིམ་མེ་མེ་རེ་ཡེ་ལེ་བ། །གོམས་པ་ཆགས་ཤིང་བརྟན་པ་གཅེས། །མཚན་མེད་རྫོགས་པའི་རིམ་པ་སྟེ། །མན་ངག་ཀུན་གྱི་རྒྱལ་པོ་ཡིན། །དུ་བ་ལ་སོགས་རྟགས་རྣམས་ནི། །འདི་ཡི་ངང་


MR27_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྫོགས་པ་འབྱུང་། །བདེ་གསལ་མི་རྟོག་ཉམས་ཀྱི་སྤྲིན། །རང་སེམས་མཁའ་ལ་གང་སྣང་བར། །དགག་སྒྲུབ་རེ་དོགས་མེད་པར་ནི། །ཆོས་ཉིད་ངང་དུ་རང་བབ་ལ། །འཇོག་པ་ཁོ་ན་ཡུན་དུ་བསྲིངས། །སད་རྨི་གཉིད་འཐུག་སྙོམས་འཇུག་བཞིར། །ཁྱད་མེད་འོད་གསལ་ཁོར་ཡུག་གི། །གོམས་པ་ཀློང་དུ་མ་གྱུར་པར། །དེ་ངང་གནད་དུ་བསྣུན་པ་གཅེས། །ཆོས་ཉིད་རང་གདངས་དབྱིངས་རིག་གི། །སྣང་ཆ་མ་འགག་བཀོད་པའི་སྤྲིན། །གཉིས་མེད་རང་ཤར་གནད་ཀྱིས་ཀྱང་། །ཡེ་ཤེས་སྐུ་ཡི་མངོན་རྟགས་འཛིན། །སྒྲིབ་བའི་བུམ་པ་རིམ་བྲལ་ལས། །སྒྲོན་མེའི་འོད་ནི་ཇེ་བཞིན་ནོ། །ཐོག་མེད་གཤིས་ལ་ཞུགས་པ་ཡི། །ཀུན་རྟོག་གཉིས་སྣང་ཟད་པ་ན། །ཆོས་ཀུན་མི་གཉིས་ཐིག་ལེ་ཆེ། །འབྲས་བུ་རང་བྱུང་ཡེ་ཤེས་ནི། །རྒྱལ་བ་ཀུན་གྱི་རང་བཞིན་ཏེ། །ལམ་གྱིས་བགྲོད་བྱ་མཐར་ཐུག་གོ། ཨེ་མ་རང་རིག་འཇམ་དབྱངས་ཀྱིས། །ཨ་ཧོ་གཉིས་མེད་ཚུལ་གྱིས་གསུངས། །ཨ་ཏིའི་ལམ་གྱི་སྐལ་ལྡན་ལ། །ཨཱ་ཀྵར་འདི་སྙིང་ལ་བྲིས། །སྟག་ཚང་རི་ཁྲོད་དུ་སྡོད་སྐོར་ཞིག་ལ་བྲིས་པ་དགེ། ༈ །།སེམས་དོན་གདམས་ངག་བཞུགས། མགོན་མཚུངས་མེད་འཇམ་དབྱངས་བླ་མར་འདུད། །གྲོགས་ཟོལ་མེད་འདུན་རྣམས་ཚུར་ཉོན་དང་། །ལམ་འགྲན་མེད་གནད་ཀྱི་ཚིག་གསུམ་བཤད། །སེམས་བཅོས་མེད་


MR27_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་ལྷན་ནེར་ཞོག །དེར་ཡེངས་མེད་དྲན་པ་ཙམ་ཞིག་བརྟེན། །ཕ་འགྲན་མེད་རིག་འཛིན་བརྒྱུད་པ་ལ། །བུ་རྙོགས་མེད་དད་པས་གསོལ་བཏབ་ན། །དབྱིངས་སྐྱེ་མེད་རྟོགས་པའི་དོན་བརྒྱུད་ཀྱི། །བྱིན་ཟླ་མེད་སྙིང་ལ་ཞུགས་པ་ལས། །གཤིས་བརྗོད་མེད་ཉམས་སུ་མྱོང་བའི་དུས། །བློ་བཟོ་མེད་འདི་ག་རྗེན་ནེ་བར། །ཐེ་ཚོམ་མེད་སྒོམ་དུ་ཤར་བའི་ཚེ། །དོན་སྒྲིབ་མེད་རིག་པའི་རང་སོ་ཟིན། །རྩལ་མུ་མེད་རྣམ་རྟོག་གང་ཤར་ཀྱང་། །དགག་སྒྲུབ་མེད་རིག་པ་རང་གི་ངང་། །ཆེད་གཏད་མེད་གང་ཤར་རོལ་པའི་རྒྱན། །རྩོལ་སྒྲུབ་མེད་ཅི་བྱས་སྒོམ་གྱི་དོན། །དེ་བར་མེད་ཉམས་སུ་ལོན་པ་ན། །ཉིན་མཚན་མེད་འོད་གསལ་ཁོར་ཡུག་དང་། །སོ་ཟིན་མེད་འཁོར་བའི་འཁྲུལ་སྣང་ཡལ། །ཡིད་གཏད་མེད་སྨྱོན་པ་ཨ་ལ་ལ། །དོན་ནོར་མེད་མཐོང་བས་མུན་པ་སངས། །མུ་ཐུག་མེད་ཡེ་ཤེས་སྣང་བ་རྒྱས། །བདེ་འགྱུར་མེད་ཐོབ་པས་རྟག་ཏུ་སྐྱིད། །སྡུག་དོན་མེད་མྱོང་བའི་སེམས་ཅན་ལ། །མཐའ་ཚད་མེད་རང་མདངས་སྙིང་རྗེས་ཁྱབ། །དཔལ་འཛད་མེད་རྒྱལ་བའི་འབྱོར་པ་ཀུན། །འདིར་འབད་མེད་ལག་པའི་མཐིལ་དུ་འབྱུང་། །སེམས་བཟློག་མེད་རྒྱ་མཚོའི་རླབས་ལྟ་བུ། །ཆེད་བཀག་མེད་ཡེ་ཤེས་ཉིད་ཤར་བ། །ལམ་རྩོལ་མེད་འདི་ཡི་ཁྱད་ཆོས་ཡིན། །རྗེ་འཆི་མེད་པདྨ་བརྒྱུད་བཅས་ཀྱི། །བྱམས་ཟླ་མེད་ཕ་ཕོག་ཆོས་སྐལ་འདིའི། །དྲིན་འཁོར་མེད་ཐོབ་པའི་སྐལ་


MR27_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྣམས། །ལམ་རྩོལ་མེད་རིན་ཆེན་ཐེམ་སྐས་ལས། །དཀའ་ཚེགས་མེད་བདེ་ཞིང་ཆེས་མྱར་བར། །གནས་བླ་མེད་གོ་འཕང་མཆོག་ལ་འཛེགས། །ཨ་ལ་ལ་ཧོ། རབ་ཚེས་ལྕགས་སྟག་ཟླ་༢ཚེས་༢ལ་འཇམ་དཔལ་རྡོ་རྗེས་བྲིས་པའོ།། ༈ །།སེམས་དོན་གདམས་ངག རང་སེམས་གདོད་ནས་མ་སྐྱེས་དོན། །རང་ཤར་མཐིལ་དུ་ཕེབ་པ་ན། །སེམས་ཡོད་དེ་གས་སྒོམ་གོ་ཆོད། །སེམས་དེ་སྒོས་གྱི་ངོ་བོར་སོང་། །ཅི་ལྟར་འགྱུས་ཀྱང་རང་གི་རྩལ། །འགྱུ་དང་མ་འགྱུས་བླང་དོར་མེད། །ཆེད་གཏད་སྒོམ་པ་རྡུལ་ཙམ་མེད། །གང་ལྟར་བྱས་ཀྱང་སེམས་ཉིད་ཀློང་། །དེ་ལ་དགག་སྒྲུབ་རྩིས་གདབ་བྲལ། །རྣམ་ཤེས་ཞེས་བྱ་བཙལ་ཀྱང་མེད། །ཡེ་ཤེས་མ་སྒྲུབ་རང་སར་གནས། །རང་རིག་ཡེ་ཤེས་ཀུན་ཏུ་བརྡལ། །གང་སྣང་མ་འགག་རོལ་པའི་རྩལ། །རིག་པའི་རྒྱུན་དུ་ཤར་བ་ལ། །བཟང་རྟོག་ངན་རྟོག་དབྱེ་བསལ་མེད། །གཟའ་གཏད་མེད་པར་ཤུགས་འབྱུང་དུ། །གང་ཤར་རང་གི་བབ་བཞིན་སྤྱོད། །ཤར་ཚད་ཕན་གནོད་མེད་པར་གྲོལ། །ཡེ་ནས་འདི་ལྟར་རང་གྲོལ་ལ། །སེམས་ཅན་ཐམས་ཅད་ཅིས་འཆིང་ཞེས། །བརྟགས་ན་ངོ་མཚར་གད་མོ་འཆོར། །རྒྱ་ཡན་བྱུང་རྒྱལ་ཟང་ཐལ་མ། །ནམ་མཁའ་འདྲ་བའི་རང་བཞིན་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །ངོ་མཚར་ཆེ་བའི་ཆོས་འདི་རྣམས། །བཀག་ནས་ཅི་ཞིག་སྒྲུབ་པར་བྱེད། །རང་བབ་


MR27_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་རྣལ་འབྱོར་མཆོག །དགག་སྒྲུབ་རྩོལ་བ་འཁྲུལ་པའི་ལམ། །ཡེ་ནས་ལྷུན་གྱིས་གྲུབ་པའི་དོན། །རང་ལས་རང་རྙེད་ཨེ་མ་ཧོ། །རབ་ཚེས་མེ་བྱ་ཟླ་༡༡ཚེས་༢༢ལ་འཇམ་དཔལ་རྡོ་རྗེས་སོ།། ༈ །།རྫོགས་ཆེན་གདམས་པ། འཇམ་པའི་དཔལ་ལ་གཉིས་མེད་ངང་དུ་འདུད། །རྣལ་འབྱོར་འདོད་ལ་ཉམས་ལེན་གནད་གཅིག་བརྗོད། །རང་སེམས་རང་བཞིན་རང་གིས་མཐོང་བའི་ཚེ། །གང་སྐྱེས་འགྱུ་བ་མཁའ་ལ་སྨིག་རྒྱུ་བཞིན། །དགག་དང་སྒྲུབ་མེད་སྟོང་པར་ཐག་ཆོད་པས། །ཆེད་འཛིན་བཅོས་མའི་གཟེབ་དེ་རང་ཞིག་ནས། །གཟའ་གཏད་མེད་པར་གང་དགར་བོར་བའི་སེམས། །མཁའ་ལ་མཁའ་ཡི་ཚུལ་དུ་ཅི་དགར་རྩེན། །བླང་དོར་ལ་ཞེན་བདེ་དང་སྡུག་བསྔལ་གྱི། །རྟོག་པའི་ཟུག་རྔུ་ཞི་བའི་ངང་ཉིད་དུ། །འཁོར་འདས་དབྱིངས་ཀྱི་རོལ་པ་རྩོལ་མེད་བཀྲ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་འོད་གསལ། །ཨེ་མ་ངེས་པ་དོན་གྱི་འཇམ་པའི་དཔལ། །ཡེ་ནས་རང་ལ་བཞུགས་པ་རྟོག་པས་བསྒྲིབ། །མཐོང་འདོད་གཞན་དག་བཅོས་མའི་གཟེབ་ཀྱིས་བཅིང་། །འཛིན་པའི་འཆིང་རྒྱ་ལྷོད་ཚེ་རང་ཞལ་མཐོང་། །ས་གླང་ཟླ་༦ཚེས་༣༠ལ་ལོ།། ༈ །།རྫོགས་ཆེན་གདམས་པ། རང་བྱུང་རིག་པ་དོན་གྱི་ལྷན་སྐྱེས་ནི། །ཡེ་ནས་ཆོས་རྣམས་ཀུན་གྱི་གཤིས་ལུགས་ཡིན། །རང་ཐོག་རང་བབ་རྩོལ་སྒྲུབ་བྲལ་བའི་ཚེ། །རང་གནས་དོན་ལ་ཡ་མཚན་ལྟད་མོ་མཐོང་། །


MR27_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཉག་གཅིག་གཟའ་གཏད་མེད་པ་ལ། །བྱར་མེད་རང་བཞག་ནམ་མཁའི་དཀྱིལ་ལྟ་བུ། །མ་བཅོས་ངང་དེར་བསྒོམ་དུ་མེད་པར་གནས། །སྣ་ཚོགས་སྣང་བ་རང་བཞག་ཕན་གནོད་བྲལ། །ཆོས་རྣམས་ཐམས་ཅད་གཞི་ལ་ལྷུན་གྱིས་རྫོགས། །རྣལ་མ་དལ་བ་བག་ཡངས་ཟང་ཀ་མ། །ཅོག་བཞག་བཞི་ཡིས་དགོངས་པས་ཆོས་ཐམས་ཅད། །མ་བཙལ་གཞིར་རྫོགས་ལྟ་སྒོམ་ཆོས་ལས་འདས། །བློ་འདས་གདོད་མ་ཆོས་སྐུ་རང་ཤར་ལ། །ཐེ་ཚོམ་རྣམ་རྟོག་དྲྭ་བས་སྒྲིབ་ཏུ་མེད། །ཆོས་ཀུན་མཉམ་པ་ཉིད་དུ་རྫོགས་གྱུར་བ། །རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་ངང་། །རང་ས་ཟིན་པ་རྣལ་འབྱོར་ལམ་གྱི་མཆོག །ལམ་དེར་ཉམས་ལེན་བྱེད་པའི་སྐལ་བཟང་ལ། །རིག་འཛིན་བླ་མའི་ཚོགས་ཀྱིས་བྱིན་གྱིས་རློབས། །ཡི་དམ་ཞི་ཁྲོའི་ལྷ་ཡིས་མགོན་མཛོད་ཅིག །གནས་གསུམ་མཁའ་འགྲོ་སྲུང་མས་བར་ཆད་སོལ། །ལམ་མཆོག་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག །མེ་བྱ་ཟླ་༡༡ཚེས་༡༨ལའོ། །མངྒ་ལཾ།། ༈ །།རྫོགས་ཆེན་གདམས་པ་བཞུགས། སྣང་སྲིད་མ་ལུས་ཀུན་ཏུ་བཟང་པོའི་ཞིང་། །གདོད་ནས་ཡེ་སངས་རྒྱས་པ་འཇམ་པའི་དཔལ། །ཉིད་ལས་གཞན་དུ་གྱུར་པའི་ཆོས་མེད་པས། །མཉམ་ཉིད་ངང་དུ་གཉིས་སུ་མེད་པར་འདུད། །ཐ་མལ་ཤེས་པ་བཟོ་བཅོས་བྲལ་བར་ཞོག །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །བསྒོམས་


MR27_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསལ་བ་གསར་དུ་འཚོལ་མི་དགོས། །གསལ་ལེ་ཡེ་རེ་བ་འདི་རང་གི་བབས། །གསལ་བའི་ངོ་བོ་ཕྱི་ནང་གང་དུ་ཡང་། །མ་གྲུབ་ནམ་མཁའི་དབྱིངས་བཞིན་མཐའ་དབུས་བྲལ། །གསལ་ཙམ་དེ་ཉིད་སྟོང་པར་ངང་གིས་གནས། །བློས་བྱས་སྟོང་པས་རང་མགོ་མ་བསྐོར་ཅིག །རང་སེམས་གསལ་བ་རང་གིས་ཉམས་མྱོང་ལ། །གསལ་བཞིན་མ་སྐྱེས་སྟོང་པར་རང་གིས་མྱོང་། །གསལ་སྟོང་དབྱེར་མེད་བརྗོད་བྲལ་མཉམ་པ་ཉིད། །གཞན་གྱིས་བསྟན་མི་ནུས་ཏེ་རང་གིས་རྟོགས། །བརྟགས་ཤིང་བཅོས་པའི་ཡིད་དཔྱོད་རྟོག་པའི་དྲིས། །མ་བཅོས་རྣལ་མར་བཞག་ནས་སོ་ཟིན་ཚེ། །གཉུག་མ་རྒྱལ་པོའི་རང་ཞལ་རང་ལ་མངོན། །ཐེ་ཚོམ་དྲྭ་བ་ཤིན་ཏུ་ཆོད་པར་འགྱུར། །ཡེ་ནས་འདི་ལྟར་ཡིན་མོད་ཐོག་མེད་ནས། །གོམས་པ་རྟོག་པའི་རྙོག་མ་བསླང་བའི་ཕྱིར། །བཞག་ཀྱང་འདི་ཞེས་ངེས་པ་མི་རྙེད་ལ། །དཔྱད་ཀྱང་རྣལ་མ་མཐོང་བར་དཀའ་བས་ན། །དང་པོ་རྟོག་པའི་རྦ་རླབས་ཞི་བའི་ཕྱིར། །མ་བསྒུལ་རྙོག་མ་དྭངས་པའི་ཆུ་ལྟོས་ལ། །དཔེ་དེས་རང་སེམས་རང་བབས་ལྷོད་མཁས་པའི། །བཞག་ཐབས་མན་ངག་གོམས་པ་གནད་དུ་ཆེ། །མ་བཅོས་བཞག་པས་བཅོས་མེད་གཞིས་གྱི་དོན། །ངང་གིས་གསལ་ན་དེ་ཉིད་རྫོགས་པ་ཆེ། །སྣང་སྲིད་གདར་ཤ་དེ་ཉིད་གཅིག་པུས་ཆོད། །བྱ་སླ་དོན་ཆེ་ཐེག་པའི་རྩེ་མོར་བགྲོད། །བརྗོད་མེད་རིག་པ་མངོན་དུ་གྱུར་པའི་ཚེ། །གསལ་འཛིན་


MR27_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འཛིན་འཛིན་སྟངས་དབྱིངས་སུ་ཡལ། །ཇི་ལྟར་སྣང་ཡང་གཉུག་མའི་ངང་དུ་གནས། །དེ་འདྲ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལགས། །ས་གླང་ཟླ་༡༡ཚེས་༨ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གང་ཤར་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།ཟབ་དོན་ཉམས་ལེན་གནད་གསང་བདེ་ལམ་ཡངས་པ་བཞུགས། ཀུན་གྱི་རང་བཞིན་གདོད་ནས་མྱ་ངན་འདས། །རྣམ་དག་བདེ་ཆེན་ཡེ་ནས་འགྱུར་བ་མེད། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུ་ལ། །དོན་དམ་རང་ངོ་ཤེས་པས་ཕྱག་བགྱིའོ། །སྲིད་པ་འདི་ན་སྣ་ཚོགས་སྣང་བ་བརྒྱ། །མི་བརྟན་འགྱུར་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །ཐ་མལ་རྣམ་རྟོག་རྒྱུན་ལས་མ་གཏོགས་པའི། །འཁོར་བའི་སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །བདེ་ཡང་སེམས་ལ་སྡུག་ཀྱང་སེམས་ཡིན་ཏེ། །མཐོ་རིས་ངན་སོང་ལྷ་འདྲེ་བཟང་ངན་ཀུན། །སེམས་ཀྱི་ཆོ་འཕྲུལ་མ་གཏོགས་གཞན་མེད་པས། །བྱེད་ལོ་སྒྲུབ་ལོ་མང་པོའི་བློ་བོར་ཏེ། །ཀུན་གྱི་རྩ་བ་རང་སེམས་གཞི་རྩ་བཅད། །སེམས་ཉིད་གཉུག་མའི་རང་བབས་ངོ་ཤེས་ན། །དེ་རང་དྲན་པའི་རྒྱན་ལ་གནས་གྱིས་དང་། །གདམས་པ་ཀུན་གྱི་མཐིལ་དུ་ཕེབ་པ་ཡིན། །དང་པོར་རྣམ་རྟོག་དགྲ་རུ་ལངས་པའི་དུས། །མི་བསམ་དགུ་བསམ་རྟོག་མང་མཚོ་རླབས་འཁྲུགས། །རང་དབང་མི་ཐོབ་ཤོག་སྐྱ་རླུང་ཁྱེར་འདྲ། །འཇིགས་དང་སྡུག་བསྔལ་དོགས་པ་བརྒྱ་ཡིས་


MR27_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ། །བདུད་བཞིའི་གཡུལ་ཆེན་བྱས་ཀྱང་འདི་ག་རང་། །ལྷ་འདྲེའི་སློང་ཚད་བྱས་ཀྱང་དོན་ལ་འདི། །ཁམས་འདུས་ལས་སློང་བྱས་ཀྱང་ས་ཚད་གཅིག །རྣམ་རྟོག་མགོ་ཤོར་དུས་ན་རྣལ་འབྱོར་སྡུག །རང་སྣང་ཆོ་འཕྲུལ་ཡིན་ཀྱང་ཤེས་པར་དཀའ། །སྒོམ་གྱི་མགོ་ཟིན་ཡིན་ཀྱང་བཟོད་པར་དཀའ། །ཐ་མ་རང་ཡལ་འགྲོ་ཡང་བློ་སུན་ལང་། །དགྲ་བརྒྱ་དུས་གཅིག་སློང་དུས་བསྲན་ཚུགས་ཨང་། །གཉིས་པ་རྣམ་རྟོག་ཁོང་ཤེད་ཆག་པའི་དུས། །འགྱུ་འགྱུ་འཚུབས་འཚུབས་འདྲ་ཡང་བཟོད་པར་ནུས། །དགུན་གྱི་རླུང་ལྷག་ལག་ཆ་མེད་པ་ལྟར། །སྔར་བས་ཤུགས་ཆུང་རྣམ་རྟོག་ཉམས་རྒྱུས་ལོན། །བསྒོམ་འདོད་བྲོད་པ་ཅུང་ཟད་སྐྱེ་བ་འདི། །ཧཱུྃ་ཕཊ་རྔམ་སྒྲས་འདྲེ་བརྒྱ་འདུལ་བ་དང་། །རྦད་སོད་སྔགས་ཀྱིས་དགྲ་བརྒྱ་བསད་པ་ལས། །དོན་ཆེ་ཡུན་གྱི་གཏན་སྲིད་འཕྲོག་པའི་དགྲ། །རང་སེམས་རྣམ་རྟོག་འདི་ལས་གཞན་མེད་པས། །དགྲ་འདུལ་བགེགས་འཇོམས་བྱ་བྱེད་མ་བརྩོན་པར། །དགྲ་ཡི་རྩབ་བགེགས་ཀྱི་རྒྱལ་པོ་ནི། །རྣམ་རྟོག་དགྲ་རུ་མ་ལྟ་རང་སར་ཞོག །བྱུང་ཡང་རང་བྱུང་ཐིམ་ཀྱང་རང་ཐིམ་འདིའི། །རྒྱུས་མཚངས་ཤེ་སྣས་རང་བབ་བཞག་པ་ན། །རང་ཞི་རང་ཡལ་འགྲོ་བའི་གནད་ཤེས་པའི། །རྣལ་འབྱོར་སེམས་ཀྱི་ངལ་བསོ་ཅང་ཞིག་ཐོབ། །བསམ་བསམ་འགྱུ་འགྱུ་བདེན་བདེན་འཐས་འཐས་པོའི། །ཀུན་རྟོག་ཐོག་མེད་དུས་ནས་གོམས་པའི་ཤུགས། །དགག་


MR27_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་རྦ་རླབས་གཡོ་ཡང་སྒྱུ་མའི་དམག །ཐ་མར་སྟོབས་མེད་ནམ་མཁའི་སྨིག་རྒྱུར་མཚུངས། །གསུམ་པ་རྣམ་རྟོག་གཉེན་དུ་ཤར་བའི་དུས། །གང་ཤར་ཅི་ཤར་ཕན་གནོད་བླང་དོར་ཆུང་། །རྣམ་རྟོག་ཁོང་དུ་འདུས་པའི་རང་སེམས་དལ། །བཏང་འགྲོ་བཞག་སྡོད་བྲན་འཁོར་བཟང་པོ་འདྲ། །སེམས་ཀྱི་རྒྱལ་པོས་རང་ས་ནོན་པས་ན། །རྣམ་རྟོག་ལས་བྱུང་སྡུག་བསྔལ་ཟུག་རྔུའི་དཔལ། །བར་སྣང་དབྱིངས་སུ་སེར་བུས་གནོད་མེད་མཚུངས། །བདེ་ལ་ཡངས་པ་རིམས་ནད་བྱང་བའི་ཚུལ། །ཆོས་ཉིད་སེམས་ཀྱི་གནད་ལུགས་ཤེས་ན་ཡང་། །དཔོན་མགོ་བས་ཀྱང་གཡོག་མགོ་མཐོ་བ་ཡི། །རྣམ་རྟོག་ལངས་ཤོར་སྔར་གྱི་ཚུལ་བསམ་ན། །རྣལ་འབྱོར་སྙིང་ལ་བདེ་བའི་ཉི་མ་འཆར། །ཀུན་རྟོག་དགྲ་བོ་རང་དབང་གྱུར་བའི་དུས། །སྲིད་པ་གསུམ་ན་དབང་དུ་མ་གྱུར་པའི། །དགྲ་མེད་འདྲེ་མེད་འཇིགས་པ་ཆེན་པོ་མེད། །རྣལ་འབྱོར་གཡུལ་ལས་རྒྱལ་བ་རྙེད་པའི་མཆོག །སེམས་ཀྱི་གནད་ཕིག་ཆོས་ཀྱི་ཉམས་རྙེད་ན། །བསམ་བསམ་བསྒྲུབ་བསྒྲུབ་མང་པོ་ངལ་བའི་རྒྱུ། །ཇི་ལྟར་བསྒྲུབ་ཀྱང་བསྒྲུབ་པའི་འབྲས་བུ་ནི། །སེམས་ཉིད་རང་ས་ཟིན་པའི་གནད་ལ་འདུས། །བཞི་པ་རྣམ་རྟོག་རང་སར་གྲོལ་བའི་དུས། །གང་ཤར་རང་གྲོལ་མཉམ་ཉིད་བདེ་ཆེན་ཀློང་། །རྣལ་འབྱོར་རྒྱལ་པོ་མཁའ་ལ་ཁྱུང་ལྡིང་མཚུངས། །ཡེ་ནས་ཡོངས་གྲོལ་དོན་གྱི་དེ་ཉིད་རིག །འཁོར་


MR27_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བ་མིང་མེད་གདོད་ནས་མྱ་ངན་འདས། །རང་བྱུང་རིག་པས་འཁོར་འདས་མངའ་དབང་བསྒྱུར། །ཀུན་བྱེད་རྒྱལ་པོ་གདོད་མའི་རྒྱལ་ས་རུ། །འཁོད་ཚེ་ལམ་འབྲས་ཆོས་ཀུན་འབད་མེད་རྫོགས། །ཡེ་ནས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །ཆོས་ཀྱི་དབྱིངས་དང་དོན་དམ་བདེན་པ་དང་། །བདེ་བ་ཆེན་པོ་ལ་སོགས་མཚན་གྱི་སྒྲས། །ཇི་ལྟར་བརྗོད་ཀྱང་འདི་ལས་གཞན་དུ་མེད། །རླུང་སེམས་རྣམ་དག་ལྷ་ཡི་འཁོར་ལོར་སད། །ཡེ་ཤེས་སྒྱུ་མ་ལྷ་སྐུའི་རྣལ་འབྱོར་རམ། །སྣང་སྲིད་དག་མཉམ་རྡོ་རྗེའི་དཀྱིལ་འཁོར་ཆེ། །མ་བསྒྲུབ་རང་རྫོགས་རླུང་སེམས་གཅུན་མི་དགོས། །ཡེ་སྟོང་འོད་གསལ་འདུས་མ་བྱས་པའི་དབྱིངས། །མངོན་སུམ་རང་རིག་གཉུག་མའི་རྣལ་འབྱོར་པ། །གནས་སྐབས་རྣམ་བཞིར་མཁའ་འདྲ་འཕོ་འགྱུར་མེད། །དོན་གྱི་འོད་གསལ་ཟེར་ཀྱང་དེ་ག་རང་། །སྣང་སེམས་སྒྱུ་འོད་གསལ་སྟོང་རླུང་རིག་དང་། །འཁོར་འདས་དབྱེར་མེད་ཟུང་འཇུག་མཉམ་པའི་དབྱིངས། །ཐིག་ལེ་ཉག་གཅིག་གཉུག་མའི་དོན་མཐོང་བས། །མཐར་ཐུག་འབྲས་བུར་རྩོལ་མེད་རིམ་གྱིས་བགྲོད། །ནམ་མཁའ་ལྟ་བུར་འགྱུར་མེད་ཡེ་ཤེས་སྐུ། །སྒྲིབ་བྲལ་མཁྱེན་གཉིས་ཡོན་ཏན་ཡོངས་རྫོགས་པ། །གདོད་མའི་སངས་རྒྱས་རིགས་རྣམས་ཀུན་བདག་མཆོག །མངོན་གྱུར་རྟག་ཁྱབ་ཕྲིན་ལས་ལྷུན་གྲུབ་འགྱུར། །དེ་ལྟར་མདོ་དང་རྒྱུད་སྡེའི་ངེས་གསང་གི། །ལམ་གྱི་བཀོད་པ་རྒྱ་ཆེ་རང་


MR27_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཀུན། །རྩོལ་མེད་ངང་དུ་ལྷུན་གྱིས་གྲུབ་པ་ཡི། །བདེ་ལ་མྱུར་བའི་ལམ་མཆོག་རྫོགས་པ་ཆེའི། །མན་ངག་རིན་ཆེན་དབང་གི་རྒྱལ་པོའི་མཛོད། །བརྒྱུད་ལྡན་བླ་མའི་དྲིན་ལས་ལེགས་ཐོབ་ན། །བྱ་རྩོལ་ལམ་གྱི་ཐེག་པ་ཟབ་ཤོས་རྣམས། །ཇི་ལྟར་བཟང་ཡང་འདི་ལ་བསྐྲུན་མི་ནུས། །མཆིང་བུའི་ནོར་དང་ནོར་བུའི་རྒྱལ་པོ་བཞིན། །གང་ཞིག་རྩེ་མོའི་དམ་པར་ཤེས་པའི་བློས། །ཡང་རབ་སྐལ་ལྡན་རྣལ་འབྱོར་དམ་པའི་ཕུལ། །རྡོ་རྗེ་སྙིང་པོའི་མཁའ་ལམ་འདིར་ཞུགས་ཤིག །འདི་ལྟར་ལམ་གནད་ཅུང་ཞིག་ཐོལ་བྱུང་དུ། །བརྗོད་པའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སེམས་ཉིད་འོད་གསལ་རིན་ཆེན་དམ་པའི་གླིང་། །རྡོ་རྗེ་སྙིང་པོའི་དྲིན་གྱིས་མཐོང་གྱུར་ཅིག །མི་ཤིགས་མཁའ་མཉམ་རྡོ་རྗེ་སྙིང་པོའི་ལུས། །སྐུ་དང་ཡེ་ཤེས་དབྱེར་མེད་མཉམ་པ་ཉིད། །རང་བཞིན་འོད་གསལ་མཆོག་ཏུ་མི་འགྱུར་བའི། །བདེ་བ་ཆེན་པོའི་བཀྲ་ཤིས་མཁའ་མཉམ་ཤོག །མི་མེད་ནམ་མཁའི་གཏོས་ཀུན་ཡོངས་ཁྱབ་པའི། །ཧེ་རུ་ཀ་དཔལ་དཔལ་ལྡན་མཁའ་འགྲོ་མ། །བདེ་བའི་གར་བཅས་དགྱེས་པའི་གླུ་ལེན་པས། །ལམ་འདིས་ཕྱོགས་ཀུན་ཁྱབ་པའི་ཤིས་པ་སྩོལ། །ཅེས་པའང་རབ་ཚེས་ཤིང་འབྲུག་མགོ་ཟླའི་ཚེས་བཅུར་རྒྱ་ཕུ་བྲག་དཀར་བདེ་ཆེན་དབང་ཕུག་ཏུ་མི་ཕམ་འོད་གསལ་རྡོ་རྗེས་ཚིག་གི་སྡེབ་སྦྱོར་མ་དཔྱད་པར་དོན་གྱི་གནད་གསང་


MR27_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་ཤར་འཕྲལ་བྱུང་དུ་བྲིས་མངྒ་ལཾ།། ༈ །།ཞི་གནས་ལ་རབ་ཏུ་བསྐུལ་བའི་གཏམ་ལྷའི་རྔ་དབྱངས་ལྟ་བུ་བཞུགས་སོ། །རྣམ་རྟོག་རྦ་རླབས་ཞི་བ་འཇམ་པའི་ངང་། །མཁྱེན་གཉིས་རང་འོད་གསལ་བའི་དཔལ་ལྡན་པ། །གཞོན་ནུའི་ལུས་ཅན་དེ་ལ་གུས་བཏུད་ནས། །དོན་ཆེན་ལག་ཏུ་ལེན་པའི་གདམས་པ་བྲི། །རྣམ་རྟོག་ཆུ་འབྱམས་བར་མེད་རྒྱུན་འཁྲིགས་འདི། །ཐོག་མེད་དུས་ནས་ད་བར་བསགས་བསགས་ཀྱང་། །དོན་མེད་སྡུག་བསྔལ་རྦ་རླབས་འབའ་ཞིག་ལས། །མ་བསམ་ཐབས་མེད་མེད་ངེས་ཁོ་ཐག་ཆོད། །འདི་ངང་འབྱམས་ན་འཁྲུལ་སྣང་སྡུག་བསྔལ་ངང་། །རང་སེམས་སོ་མི་བསོད་ཅིང་ཞི་ལྷག་གི། །ཡོན་ཏན་ཅུང་ཟད་ཙམ་ཡང་མི་ཐོབ་པའི། །ཕུང་ཀྲོལ་རྩ་བ་འདི་ཡིན་ཁོ་ཐག་ཆོད། །ཤོག་དྲིལ་བཞིན་དུ་ངན་གོམས་ལང་ཤོར་གྱི། །ཚུལ་འདི་ཤེས་ནས་ཡང་ཡང་དྲན་པའི་རྒྱུན། །བརྟེན་ནས་དམིགས་བྱའི་དོན་ལས་མི་ཡེངས་བའི། །བརྩོན་པ་འདི་ལ་བློ་རྩེ་གཅིག་ཏུ་དྲིལ། །ལྷ་མིའི་བདེ་འབྱོར་གང་དང་ཅི་ཡིས་ཀྱང་། །རང་སེམས་དབང་དུ་གྱུར་ལ་འགྲན་མི་ནུས། །འདོད་ཡོན་བརྟེན་པ་ཤུ་བ་ཕྲུག་དང་མཚུངས། །ཤུ་བ་ཞི་འདྲ་རང་སེམས་སོ་རེ་བསོད། །རིམས་ནད་བྱང་བ་ལྟ་བུའི་བདེ་བ་ནི། །སེམས་ཀྱི་རྒྱ་མཚོ་རྙོག་མེད་ཉིད་འདི་ཡིན། །འདི་འདྲའི་བདེ་བ་དྲི་མ་མེད་པའི་དཔལ། །དབང་པོས་ཀྱང་ནི་ཤིན་ཏུ་རྙེད་པར་དཀའ། །


MR27_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་གཡོ་བའི་གཞན་དབང་ཞགས་པ་ལས། །གྲོལ་བའི་སེམས་ཀྱི་བདེ་བ་སུས་མྱོང་བ། །དེ་དང་མཚུངས་པའི་མྱང་བྱ་གཞན་མེད་ཕྱིར། །ལྷར་བཅས་འཇིག་རྟེན་ནང་ན་ནོར་གྱི་མཆོག །དྭང་པའི་མཚོ་ལ་ཟླ་སྐར་སྣང་བརྙན་བཞིན། །མངོན་ཤེས་ལ་སོགས་ཡོན་ཏན་རྣམ་མང་འཆར། །རང་སེམས་དུལ་བ་ཡོན་ཏན་ཀུན་གྱི་གཞི། །མ་དུལ་སེམས་ལ་ཡོན་ཏན་ཇི་ལྟར་བརྟེན། །དེ་བས་ལུས་སྲོག་དོར་ཀྱང་ཆེས་སླ་ཡི། །གཏན་སྲིད་སླད་དུ་སེམས་སྦྱོང་དྲན་པའི་རྒྱུན། །ཅི་ལ་བབ་ཀྱང་གཏོང་པར་མི་བྱ་བའི། །འདུན་དང་དམ་བཅའ་ལྷོད་པ་མེད་པར་གྱིས། །དང་པོ་སྒྲིམ་ལྷོད་རན་པོས་རིམ་བཞིན་དུ། །ཇེ་བས་ཇེ་བརྩོན་ཅུང་ཟད་གོམས་གྱུར་ནས། །དམིགས་པའི་དོན་ལ་རྩེ་གཅིག་སེམས་པ་ཡིས། །ཞི་གནས་རྙོག་མེད་མ་ཐོབ་བར་དུ་འབད། །གོམས་ནས་ཇེ་བས་ཇེ་སླ་རང་སེམས་ཀྱི། །སྐྱོན་དང་ཡོན་ཏན་བླང་དོར་དཔྱོད་པའི་བློ། །རང་ཉམས་ལམ་རྒྱུས་ལོན་པའི་ས་ཚད་ལ། །ཟླ་གྲངས་འགའ་ཡིས་སླེབ་ཀྱང་བརྩོན་མཁན་ཉུང་། །འདུན་བརྩོན་སེམས་དང་དཔྱོད་པའི་རྐང་པ་བཞིའི། །སྙིང་པོ་དྲན་པའི་མུ་ཁྱུད་ལུ་གུ་རྒྱུད། །བརྟན་པའི་མཐུ་ལས་རང་སེམས་མེ་ལོང་ལ། །ནམ་མཁའི་ཁོར་ཡུག་བཀང་བའི་བདེ་བ་འཆར། །དམིགས་པའི་སྒོ་ནི་མཚན་མའི་རྟེན་དག་དང་། །ལུས་ལ་བརྟེན་པའི་རླུང་ལ་དམིགས་བ་དང་། །ཕྲ་མོའི་ཕྱག་མཚན་ཡི་གེ་ལ་སོགས་པ། །


MR27_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་བརྟེན་ཀྱང་གོམས་ན་འགྲུབ་མོད་ཀྱི། །སྙིགས་དུས་ཉོན་མོངས་རགས་པའི་རླུང་སེམས་ནི། །མི་སྲུན་སྒྲུལ་འདྲ་འཚུབས་ཤི་ང་འཁྲུགས་པའི་ཕྱིར། །བཀག་ཅིང་བཟློག་བས་ཤིན་ཏུ་གཡོ་བར་འགྱུར། །དེ་ཕྱིར་བློ་སུན་གྱུར་ནས་འདོར་བ་མང་། །མ་བཅོས་སེམས་ཀྱི་རང་བབ་ལྷོད་པ་ཡི། །རང་ངོ་དྲན་པ་ཙམ་ཞིག་རྒྱུན་བསྐྱངས་ནས། །རྣམ་རྟོག་ལས་རླུང་གཡོ་ཡང་དེའི་རྗེས་སུ། །མ་འབྲངས་རང་གར་འཇོག་པའི་ཐབས་ཤེས་ན། །སེམས་ཉིད་ནམ་མཁའ་ཇེ་བས་ཇེ་དྭངས་ལ། །རྣམ་རྟོག་སིར་བུ་ཇེ་བས་ཇེ་ཞི་ནས། །དྭངས་གསལ་རྙོག་པ་མེད་པའི་ཡིད་ཀྱི་མཚོ། །ཞི་ལྷག་ཟུང་འཇུག་ཡོན་ཏན་རྟེན་དུ་གྱུར། །འདིར་ནི་ལྷག་མཐོང་རིག་པའི་ཀློང་ཆེན་དུ། །བརྟན་པ་རིམ་ཐོབ་ཞི་གནས་ཤུགས་ཀྱིས་འགྲུབ། །ཤིན་ཏུ་བདེ་ལམ་རྩོལ་བཅས་ལམ་ལས་འཕགས། །ཞི་ལྷག་ཟུང་འཇུག་ཡོན་ཏན་ངང་གིས་འགྲུབ། །རིག་པའི་རང་བཞིན་ཀ་དག་འོད་གསལ་དོན། །ངོ་མ་འཕྲོད་ཀྱང་ནང་དུ་རང་སེམས་ལ། །དམིགས་ནས་མ་བརྗེད་དྲན་པའི་རྒྱུན་བསྐྱང་ན། །ཞི་གནས་བསྒྲུབ་པའི་མན་ངག་ཀུན་གྱི་ཕུལ། །གོམས་ནས་བདེ་གསལ་མི་རྟོག་ཉམས་ཀྱི་རྩལ། །སྣ་ཚོགས་འཆར་ཞིང་རིག་པའི་གནས་ལུགས་ལ། །ཇེ་ཉེར་སོང་ནས་ངོ་འཕྲོད་ཤིན་ཏུ་སླ། །དེང་སང་སྒོམ་པོ་ཕལ་ཆེར་འདི་ཙམ་ཉིད། །རིག་ངོ་འཕྲོད་ཀྱང་དེ་ངང་མ་གོམས་ན། །ཉམས་སྣང་མི་འཆར་ཐ་མལ་རྣམས་དང་མཚུངས། །ཡུལ་


MR27_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མི་ཁྱོགས་སྒོམ་པའི་ལག་རྗེས་བྲལ། །མ་བསྒོམ་འཚང་རྒྱ་རྒྱལ་བས་མ་གསུངས་སོ། །རིག་ངོ་མ་འཕྲོད་ཞི་གནས་ཙམ་གོམས་ཀྱང་། །རྣམ་རྟོག་མགོ་ནོན་ཡོན་ཏན་འགའ་མངོན་ཀྱང་། །ཀུན་རྟོག་རང་སར་གྲོལ་བའི་གནད་མི་ཤེས། །འཛིན་པས་བཅིངས་པའི་བླང་དོར་སྲིད་རྩ་བསྒྲུབ། །དེ་ཕྱིར་རང་ངོ་ཤེས་དང་གོམས་པ་བརྟན། །སེམས་ཕྱོགས་ཉམས་ལེན་རྐང་པ་ཟུང་འདི་ཡིན། །གནས་ལུགས་དོན་ལ་རང་བྱུང་འོད་གསལ་ངང་། །ཞི་ལྷག་ཟུང་འཇུག་ཡེ་ནས་ལྷུན་གྲུབ་ཡིན། །མདོ་རྒྱུད་བརྒྱ་ཕྲག་འཆད་པའི་སྟོན་ཆེན་དང་། །ཀུན་གྱི་བླ་མར་བཀུར་བ་ཕལ་མོ་ཆེས། །རང་སེམས་གནད་དུ་བཀུག་ནས་མ་བསྒོམ་པས། །ཕལ་པ་ལས་ཀྱང་ཅུང་ཟད་འཕགས་པ་མེད། །ཀུན་རྟོག་མགོ་རྒོད་འདི་ཡང་དབང་ཆེ་ལ། །མཁྱེན་དང་ནུས་པའི་ཡོན་ཏན་ཅང་མ་ཐོབ། །དོན་མེད་ཆུ་རླབས་འཁྲུགས་འདྲའི་རང་སེམས་ལ། །བལྟས་ཤིང་བལྟས་ནས་སྐྱོ་བ་ཆེར་བསྐྱེད་དེ། །དམ་པའི་མན་ངག་ཟབ་མོའི་རྗེས་ཞུགས་ནས། །རང་སེམས་ཁ་ལོ་དུལ་བའི་ཅང་ཤེས་ཀྱིས། །དོན་གཉིས་འབྲས་བུས་འབྱོར་ལྡན་ཡིད་འོང་གནས། །མྱུར་བ་ཉིད་དུ་མངོན་པར་ཐོབ་མཛོད་ཅིག །བརྩོན་པ་ཀུན་གྱི་ནང་ན་དོན་ཆེ་བ། །རང་སེམས་དུལ་བར་སྦྱོར་པ་འདི་ཁོ་ན། །བུམ་བཟང་དཔག་བསམ་ནོར་བུའི་གཏེར་གྱིས་ཀྱང་། །མཚོན་མིན་ཡོན་ཏན་ཆེན་པོའི་གནས་ཉིད་ཡིན། །དེ་ཕྱིར་འདི་


MR27_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལེགས་རྟོགས་སྐལ་བཟང་གིས། །སེམས་ཀྱི་རྣལ་འབྱོར་གནས་ལ་རབ་གུས་པས། །བྱ་བ་ཀུན་སྤངས་རྩེ་གཅིག་ཡིད་གྱུར་ཏེ། །དོན་བཟང་གཏན་གྱི་འདུན་མ་བསྒྲུབ་འཚལ་ལོ། །ཞེས་པའང་ཤིང་འབྲུག་མགོ་ཟླའི་ཚེས་༡༦ལ་མི་ཕམ་བས་བྲིས་པ་དགེའོ།། ༈ །།འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཏིང་འཛིན་སྐྱོན་ཡོན་བཞག་པའི་ཐབས། །ཐོས་པའི་སྟོབས་ཀྱིས་དད་འདུན་བསྐྱེད། །ཤིན་ཏུ་བསྒྲིམ་པའི་རྩོལ་བ་ཡིས། །ལེ་ལོ་ལ་སོགས་སྤངས་ནས་སུ། །དམིགས་པ་ལ་ནི་བཞག་པར་བྱ། །དེ་ཚེ་གློག་གི་ཟློས་གར་བཞིན། །སྐད་ཅིག་མི་སྡོད་གཡོ་ན་ཡང་། །སྤྲོ་རྩོལ་བསྐྱེད་དེ་ཡང་ཡང་སྦྱངས། །ཐོས་དོན་བསམ་པའི་སྟོབས་ཀྱིས་ནི། །སྔ་མའི་རྒྱུན་མཐུད་ཇི་ནུས་བྱ། །བསྒྲིམ་སྟེ་འཇུག་པའི་ཡིད་བྱེད་སྐབས། །འདི་དུས་རྒྱུན་ལ་གནས་དཀའ་ཡང་། །བསྒྲིམ་ཞིང་བསྒྲིམ་ཞིང་དེ་ལ་བཞག །སྐར་མདའ་བཞིན་དུ་གཡོ་བ་དེ། །གལ་ཏེ་རྒྱུན་ལས་གཞན་གཡེངས་ཚེ། །ཆུ་དྲག་སྲོལ་དུ་འཛུད་པ་ལྟར། །དྲན་པས་སླར་ཡང་བླན་ཏེ་བཞག །ཤོག་སྐྱ་རླུང་གིས་ཁྱེར་བའམ། །རི་གཟར་ཆུ་བཞིན་གཡོ་བའི་ཉམས། །བཞག་ཐབས་དང་པོ་འདི་གསུམ་དུས། །ལེགས་པར་བསྒྲིམ་སྟེ་མ་འབད་ན། །རྣམ་རྟོག་ཤུགས་དྲག་གཡོབ་ཡིས། །གནས་པའི་གོ་སྐབས་རྙེད་དཀའ་བས། །ཆུ་ལོན་བརྩིགས་པ་བཞིན་དུ་འབད། །ཤིན་ཏུ་གདུལ་དཀའ་སེམས་ཀྱི་རྟ། །དྲན་པའི་


MR27_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པས་དམ་བཟུང་ཞིང་། །ལྷོད་པའི་བཏང་སྙོམས་ར་བར་བཅུག །རྩོལ་བའི་སྲབ་ཀྱིས་བསྐུལ་བ་གཅེས། །དྲན་བ་ཅུང་ཟད་སྟོབས་གྱུར་ཚེ། །མི་གསལ་མོག་པོའི་ཚུལ་གྱིས་ནི། །བློ་ཡི་ཡུལ་ན་གནས་ཙམ་གྱི། །སེམས་ཀྱི་སྲ་བ་ཅུང་ཐོབ་ན། །རྩེ་གཅིག་ནང་དུ་བསྡུས་ནས་སུ། །དམིགས་པ་ལ་ནི་ཉེ་བར་འཇོག །གཟེན་ལ་འདབ་ཆགས་འཁོར་ལྡིང་དང་། །འདྲ་བ་འདི་དུས་དྲན་པའི་རྒྱུད། །བརྟན་པར་བྱ་བ་གནད་དུ་ཆེ། །དེ་ཚེ་ཏིང་འཛིན་དེ་ལ་ནི། །ངང་གིས་ཅུང་ཟད་སྤྲོ་བ་ཡིས། །བུང་བ་རྩི་བཅུད་འཐུང་བ་ལྟར། །བཞག་པར་མོས་པ་རྙེད་པ་ན། །བཟོད་དཀའི་གཡོ་བ་ཅུང་དུལ་བ། །ཉིད་ནི་ངེས་པར་སྐྱེ་པར་འགྱུར། །ཉེར་འཇོག་གདུལ་བ་འདི་གཉིས་པོ། །སྔར་ལས་བཟང་བའི་འཇོག་ཐོབ་ཀྱང་། །རོང་ཁུང་དོག་མོའི་ཆུ་འདྲའི་ཉམས། །ཕྲ་བའི་རྣམ་རྟོག་བྲེལ་རྒྱུན་འཁྲིག །བུམ་པར་བུང་བ་འཁོར་བ་བཞིན། །ཟིན་ཀྱང་གཡོ་བ་མི་འདོར་བ། །ཉིད་ཡིན་དུལ་བ་ཞེས་བྱ་བ། །འདི་དུས་དམིགས་པ་དེའི་ངང་དུ། །མི་བསྒུལ་ཤེས་བཞིན་གནས་པ་གཅེས། །ཤེས་བཞིན་དུ་ནི་དེར་གནས་ཚེ། །བྱིང་རྒོད་བྱུང་ན་དེ་བསལ་ཕྱིར། །སེམས་པའི་འདུ་བྱེད་ཀྱི་སྒོ་ནས་། །རྣམ་རྟོག་སྣ་ཚོགས་རང་འདུ་བ། །ཇི་ནུས་ཞི་བ་ཉིད་དུ་བྱ། །ཞི་ཚེ་དེ་ངང་བཏང་སྙོམ་དུ། །སྐྱེས་བུ་དཀའ་བ་ངལ་བསོ་ལྟར། །ཤེས་བཞིན་སྟོབས་ཀྱིས་གནས་པར་བྱ། །རྣམ་རྟོག་ཅུང་ཟད་


MR27_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་དེ། །འཕེལ་བས་རྣམ་རྟོག་རྒྱས་པའི་གནས། །ཉེ་ཉོན་རྣམས་ཀྱང་སྔར་བཞིན་དུ། །ཆུ་རྙོག་རིམ་གྱིས་དྭངས་པ་བཞིན། །ཉེ་བར་ཞི་ཞིང་གཡེང་བ་སྤོང་། །གཡེང་བའི་སྐྱོན་རྣམས་ཐག་བསྲིང་བས། །ཞི་དང་ཉེར་ཞི་འདི་ཡི་ཚེ། །གོམས་པ་ཡི་ནི་ཉམས་སྐྱེ་བ། །ཆུ་ཀླུང་དལ་གྱིས་འབབ་པ་བཞིན། །གཡོ་མེད་གནས་པ་ལྟར་སྣང་ཡང་། །ཞིབ་ཏུ་གཡོ་བ་ཕྲ་མོ་མང་། །དེ་ཚེ་བརྩོན་པས་གོང་དུ་སྤེལ། །བླན་འཇོག་ནས་བརྩམ་འདི་ཡི་བར། །བྱིང་དང་རྒོང་པས་བར་བཅད་ནས། །སླར་ཡང་འཇུག་པའི་སྐབས་ཡིན་པས། །ཤེས་བཞིན་སེམས་པ་བཏང་སྙོམས་གྱིས། །ཅི་རིགས་འདུལ་བ་གནད་དུ་ཆེ། །བརྩོན་པའི་སྟོབས་ཀྱིས་དེའི་ཐ་མར། །རྟོག་པས་བར་མི་ཆོད་པ་ཡི། །བརྟན་པ་རྒྱ་མཚོ་དྭང་བ་ནི། །རླབས་དང་བྲལ་བ་ལྟ་བུའི་ཉམས། །རྩོལ་བ་ཅན་གྱི་རྣམ་པར་སྐྱེ། །འདི་ཚེ་བཏང་སྙོམས་གནས་པར་བྱ། །ཡུན་རིང་དུ་ནི་རྩེ་གཅིག་ཏུ། །ཆད་པ་མེད་པར་འཇུག་ནུས་པའི། །འདུ་བྱེད་དང་བཅས་སྐབས་དེ་དག །འཕེལ་བས་རྩོལ་བ་མེད་པར་ཡང་། །འཇུག་བའི་སྐབས་ཀྱི་མཉམ་གཞག་ནི། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ཐོབ། །འདི་ཚེ་གང་གིས་གནས་པ་ཡི། །འདོད་པའི་སེམས་ནི་རྩེ་གཅིག་པ། །གྲུབ་པ་ཉིད་དུ་གྱུར་པ་སྟེ། །རི་དབང་བཞིན་དུ་མི་གཡོ་བ། །མཐར་ཕྱིན་ཉམས་ཀྱི་ཐོག་མའོ། །དེ་ངང་གོམས་པས་ལུས་དང་སེམས། །ལས་སུ་རུང་བ་ཤིན་སྦྱངས་ཏེ། །


MR27_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དང་པོར་རགས་པ་དང་། །དེ་ནས་དེ་ཟད་ཕྲ་བ་ཡི། །དྭངས་མའི་ཤིན་ཏུ་སྦྱང་བ་ཐོབ། །དེ་ལྟར་ཉེས་བ་ལྔ་སྤོང་བའི། །འདུ་བྱེད་བརྒྱད་པོ་བརྟེན་སྒོ་ནས། །སྟོབས་དྲུག་དག་གིས་ཡིད་བྱེད་བཞིའི། །གནས་སྐབས་ཅན་གྱི་སེམས་གནས་པའི། །ཐབས་དགུ་རིམ་བཞིན་གོམས་པ་ལས། །བསམ་གཏན་ཉམས་ལྔ་རིམ་སྐྱེས་ནས། །ཤིན་ཏུ་སྦྱང་བ་དང་ལྡན་པའི། །ཞི་གནས་ཉིད་ནི་གྲུབ་པར་འགྱུར། །དེ་དག་རྒྱས་པའི་ཚུལ་ཉིད་དོ། །སྤྲོ་བས་བཞག་ཅིང་རྩོལ་བ་བསྐྱེད། །དྲན་བཞིན་གནས་ལ་གཡེང་བ་སྤང་། །ཞི་ཚེ་བཏང་སྙོམས་ངང་དུ་བསྡད། །ངང་གིས་གནས་ཚེ་གྲུབ་པ་སྟེ། །སྤྲོ་རྩོལ་དྲན་དང་ཤེས་བཞིན་དང་། །བཏང་སྙོམས་དང་ནི་ལེགས་བར་གནས། །འབྲིང་པོར་དྲུག་པོ་འདི་དག་གོ། སྤྲོ་བས་བཞག་ལ་རྩོལ་བ་བསྐྱེད། །ཤེས་བཞིན་བཏང་སྙོམས་གནས་པར་བྱ། །ཡང་ན་བཞི་པོ་འདིས་ཀྱང་འགྲུབ། །སྤྲོ་བས་གནས་གཉིས་པོའམ། །བསྡུ་ན་གནས་པ་ཁོ་ནར་སྦྱང་། །འདི་ནི་ཏིང་འཛིན་གདམས་ངག་སྟེ། །མི་ཕམ་རྣམ་པར་རྒྱལ་བས་བྲིས། །འགྲོ་ཀུན་ཏིང་འཛིན་མཆོག་ཐོབ་ཤོག །ཅེས་པའང་ཆུ་རྟ་ཟླ་༡༡ཚེས་༢༢ལ་ཕུར་པའི་བསྙེན་ཐུན་སྐབས་ཞིག་ཏུ་བྲིས་པ་དགེའོ།། ༈ །།འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སེམས་ལ་དམིགས་ན་ཞི་གནས་འགྲུབ། །རིམ་གྱིས་གནས་ལུགས་ལྷག་མཐོང་སྐྱེ། །དེ་ལ་རང་སྙིང་སྟོང་པའི་ངང་། །གསལ་


MR27_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་སང་ངེ་བ་ལེ་ནི། །ཤེས་པ་ནང་དུ་བཀུག་ནས་བཞག །སེམས་ཀྱིས་སེམས་ལ་དམིགས་ཞེས་བྱ། །སེམས་ལ་དམིགས་ན་སེམས་ནི་འདི། །ཞེས་པའི་གཏད་སོ་མི་དམིགས་ཀྱང་། །སེམས་ཞིག་ཡོད་ན་ལུས་ཀྱི་ནང་། །སྙིང་དབུས་མིན་པ་གར་ཡང་མེད། །མི་དྲན་དགུ་དྲན་འགྱུ་རྟོག་གི། །བྱུང་ཁུང་དེ་རུ་བལྟ་བཞིན་གནས། །སེམས་བཙལ་མི་བྱ་ལྷན་ནེར་བཞག །བཞག་ས་ཡོད་མེད་བྱ་མི་དགོས། །བཞག་རྒྱུའི་སེམས་ཡོད་དེ་གས་ཆོག །ཁོང་ནང་སེམས་དེ་ཉལ་མལ་དུ། །ན་ནོར་ཞོག་དང་དེ་ག་རང་། །བཞག་ཐབས་ཡིན་གྱི་གཞན་མི་དགོས། །ཆུ་ལ་ཉི་འོད་ཕོག་པ་ཡི། །ཟེར་མ་ལྷམ་ལྷམ་གཡོ་བ་ལྟར། །སེམས་རྟོག་འགྱུ་བ་མྱུར་མྱུར་པོ། །ཐད་ཀར་བཀག་པས་མི་ཁེགས་ཏེ། །ཆུ་དེ་མ་བསྒུལ་རང་བཞག་ན། །ཟེར་སྣང་དེ་ཡང་ལྷན་ནེར་ལྷོད། །དེ་བཞིན་འགྱུ་བ་ཀྱང་མེད་པོའི། །འབྱུང་ཁུངས་ཤེས་པ་ལྷན་ནེར་ཞོག །དེ་ངང་མ་བརྗོད་དྲན་པའི་རྒྱུན། །བར་མེད་ལུ་གུ་རྒྱུད་དུ་བརྟེན། །སྟོང་སང་འདྲ་ཡང་དེ་གར་ཞོག །གསལ་གསལ་འདྲ་ཡང་དེ་གར་ཞོག །འགྱུ་འགྱུ་འདྲ་ཡང་དེ་གར་སྡོད། །ཙེན་ནེ་ཀ་རེ་རྗེན་ནེ་བ། །ཅི་འདྲ་བྱུང་ཡང་དེ་གར་ཞོག །སྟོང་ངོ་གསལ་ལོ་འགྱུའོ་ཞེས། །ཤེས་ཀྱང་དེ་གའི་རྗེས་དེད་སྤོང་། །ཤེས་པ་རང་མལ་རང་སོར་ཞོག །དེ་ལ་གོམས་འདྲིས་ཡུན་རིང་བྱ། །འདྲ་དཔྱད་རྟོག་ཆེན་རང་སར་བསྐྱུར། །རེས་འགའ་མི་འགྱུ་རྨུགས་པ་ན། །བྱིང་བ་


MR27_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསེང་ལ་རང་གར་ཞོག །རེས་འགའ་འགྱུ་དྲན་དྲག་སྐྱེ་ན། །འགྱུ་འགྱུ་པོ་དེ་སེམས་ཡིན་པས། །དེ་ཡི་སྟེང་དུ་ལྟོས་ལ་ཞོག །འགྱུ་རྗེས་མ་མཐུད་རང་ས་ཟུང་། །དེ་ནས་འགྱུ་བ་རང་འགག་འགྱུར། །འགྱུས་དང་མ་འགྱུས་ཐམས་ཅད་ཀུན། །ཚོར་ཙམ་བྱུང་ཡང་སེམས་ཀྱི་སྟོང་། །སེམས་ནི་རང་བཞག་ཅེས་བྱའོ། །སེམས་དེ་སྙིང་དབུས་མལ་བཞག་གམ། །རང་སེམས་རང་བབ་ལྷོད་དེ་ནི། །འགྱུ་དྲན་འཇུར་མདུད་རང་ཁྲོལ་བཞག །རྣམ་རྟོག་འགྱུ་བ་ཟད་མེད་པོ། །རང་གར་ཡར་བའི་དུས་མེད་ལ། །ཇི་ཙམ་འགྱུས་ཀྱང་འབྲས་བུ་མེད། །ངན་རྟོག་སྡུག་བསྔལ་ཟད་མི་ཤེས། །དེ་བས་འདི་ཡི་མཚངས་རིག་ནས། །ཐོག་མེད་དུས་ནས་འདི་དབང་སོང་། །དེ་ཕྱིར་ཡོན་ཏན་ཅང་མ་ཐོབ། །ད་ནི་འདི་ལ་ཞེན་ལོག་ནས། །ཅི་ནས་སེམས་གནས་བསྒྲུབ་བྱས་ན། །ཏིང་འཛིན་མངོན་ཤེས་ལ་སོགས་པའི། །ཡོན་ཏན་རྣམ་མང་ཐོབ་འགྱུར་ཞིང་། །རྣལ་གནས་རང་དབང་བདེ་མཆོག་རྙེད། །དེ་ལྟར་སྐྱོན་ཡོན་ཤེས་པའི་བློའི། །ཅི་ནས་སེམས་ལ་དབང་བསྒྱུར་ནས། །ཇི་སྲིད་ཞི་གནས་མ་ཐོབ་བར། །བརྩོན་པ་ལྷོད་པ་མེད་པར་བྱ། །དེ་ལྟར་ཡང་ཡང་གོམས་པ་ལས། །སྙིང་དབུས་རླུང་འདུ་དབུ་མར་འཇུག །རྣམ་རྟོག་མགོ་རྒོད་ཇེ་ཞི་དང་། །རང་སེམས་ལས་རུང་ཇེ་བཟང་འགྱུར། །བླ་མའི་ངོ་སྤྲོད་གཞན་མེད་ཀྱང་། །མན་ངག་གནད་ཀྱི་བཞག་ཐབས་


MR27_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སེམས་གནས་སླ་ལ་རླུང་གེགས་མེད། །སེམས་ལ་དམིགས་པ་འདི་ལྟ་བུས། །ནང་དུ་ཡང་དག་བཞག་པ་ན། །ཏིང་འཛིན་ལས་སུ་རུང་བ་ནི། །དཀའ་ཚེགས་མེད་པར་མྱུར་དུ་རྙེད། །སྙིང་གའི་ཕྲ་ཐིག་འདིར་མི་དགོས། །ཁ་དོག་ཡི་གེ་རླུང་འཛིན་མེད། །རང་སེམས་ཡོད་པ་དེ་ཉིད་ལ། །ལྟ་བཞིན་དྲན་རྒྱུན་བསྐྱང་བ་ཡིན། །འདི་བས་ཟབ་པའི་ཞི་གནས་ཀྱི། །གདམས་པ་བྱ་སླ་དོན་ཆེ་མེད། །དང་བོར་སེམས་གནས་གྱུར་ནས་ནི། །སེམས་ཀྱིས་སེམས་ལ་བལྟས་པ་ན། །ནམ་མཁར་བལྟས་ཤིང་བལྟས་པ་ན། །མཐོང་བའི་དངོས་པོར་མི་དམིགས་ལྟར། །ལྟ་ངན་ཀུན་ལས་རང་གྲོལ་ནས། །སྟོང་གསལ་ཟུང་འཇུག་སེམས་ཀྱི་གསང་། །ཆོས་ཉིད་གནད་ལ་འཆར་བ་ཡིན། །དེ་ནས་རིག་སྟོང་གཉུག་མ་ཆེ། །ལྷན་སྐྱེས་ཡེ་ཤེས་རང་བྱུང་བ། །འོད་གསལ་རྫོགས་པ་ཆེན་པོའི་དོན། །བརྒྱུད་པའི་བྱིན་རླབས་ལས་མཐོང་འགྱུར། །མེ་རྟ་ཟླ་༢ཚེས་༦གུང་ཐུན་ལ་མི་ཕམ་པས་བྲིས་པ་དགེ།། ༈ །།གཟུང་འཛིན་གཉིས་སུ་མེད་པ་ཡི། །ཆོས་ཉིད་མཐོང་བ་གང་ཡིན་པ། །རང་སེམས་འདི་ཡི་སྟེང་ལས་ནི། །གཞན་དུ་མྱོང་བ་ཇི་ལྟར་སྲིད། །སྟོང་དང་དབྱེར་མེད་མ་མྱོང་བའི། །ཤེས་པ་རང་བྱུང་ཡེ་ཤེས་མིན། །གང་དུ་དབྱེར་མེད་མྱོང་བའི་ཚེ། །སྟོང་ཕྱིར་མི་སྐྱེ་མི་འགག་ལ། །གནས་མེད་གཟུང་དུ་མེད་པ་ཡི། །རང་བཞིན་འོད་གསལ་གཉུག་མའི་དོན། །རང་བྱུང་ཡེ་


MR27_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གང་ཡིན་པ། །བདེན་གཉིས་དབྱེར་མེད་ཆོས་ཉིད་དེ། །དབུ་མ་ཆེན་པོའི་རང་བཞིན་ཡིན། །ཆོས་དབྱིངས་ཞེས་པ་ཡུལ་དང་ནི། །ཡེ་ཤེས་ཞེས་པ་ཡུལ་ཅན་དང་། །ཡུལ་ཅན་མི་རྟག་ཡུལ་རྟག་པར། །ཇི་སྲིད་སོ་སོར་སྣང་དེའི་རིགས། །དབྱིངས་རིག་དབྱེར་མེད་རང་བྱུང་གི། །ཡེ་ཤེས་རྗེན་པར་མྱོང་བ་མིན། །ཡེ་ཤེས་རྗེན་པར་ངོས་ཟིན་ཚེ། །ཆོས་དབྱིངས་བྱས་ཀྱང་དེ་ག་རང་། །ཡེ་ཤེས་བྱས་ཀྱང་དེ་ག་རང་། །དབྱེར་མེད་བྱས་ཀྱང་དེ་ག་རང་། །དེ་ཉིད་དོན་མ་གཉུག་མ་དང་། །ལྷན་སྐྱེས་བདེ་ཆེན་ཆོས་ཀུན་གྱི། །ཆོས་ཉིད་ནམ་ཡང་འགྱུར་བ་མེད། །དོན་ལ་སྐྱེ་དང་སྐྱེ་མེད་གཉིས། །སོ་སོར་དབྱེ་བ་ཡོད་ན་འདི། །དབྱིངས་རིག་དབྱེར་མེད་ཆོས་ཉིད་ནི། །ནམ་ཡང་སྲིད་པ་མ་ཡིན་ཏེ། །དེ་ཕྱིར་ལྡོག་པས་ཕྱེས་ན་ཡང་། །དོན་ལ་དབྱེར་མེད་ངོ་བོ་དེ། །གཉིས་སྣང་ཅན་གྱི་བློའི་སྤྱོད་ཡུལ། །ཀུན་ལས་རབ་ཏུ་འདས་ནས་སུ། །སོ་སོ་རང་རིག་གིས་མྱོང་ན། །བརྗོད་མེད་མཉམ་པའི་དོན་ལ་རེག །དེ་ལ་སྣང་སྟོང་གཉིས་སུ་མེད། །ཆོས་དང་ཆོས་ཉིད་དབྱེར་མེད་ལ། །ཡུལ་དང་ཡུལ་ཅན་འབྱེད་དུ་མེད། །ཐིག་ལེ་ཉག་གཅིག་ཆོས་ཀྱི་དབྱིངས། །ཐ་སྙད་ཚིག་གིས་མི་མཚོན་ཀྱང་། །སོ་སོ་རང་རིག་འོད་གསལ་བ། །ཡེ་ནས་བབས་ཀྱི་གནས་པ་ཡི། །གནས་ལུགས་དོན་ལ་སོམ་ཉི་བྲལ། །དེར་ནི་འཁོར་འདས་ཆོས་ཀུན་ཀྱང་། །མཉམ་ཞིང་དག་ལ་འཕེལ་དབྲི་མེད། །


MR27_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཐེག་ཆེན་ལམ་ཀུན་དེ་ལ་ཐུག །དོན་གྱི་རྣམ་པ་རྣམ་དག་དཔལ། །ངེས་པ་དོན་གྱི་འཇམ་དཔལ་ཡིན། །ཆུ་འབྲུག་ཟླ་༡༡ཚེས་༢༢ལ་མི་ཕམ་པས་བྲིས། གནད་ཆེའོ།། ༈ །།ཡུལ་གྱི་སྣང་བ་མེ་ལོང་གཟུགས་བརྙན་འདྲ། །རིག་པའི་རྒྱན་དུ་བཀོད་པ་རྣམ་པར་བཀྲ། །དགག་སྒྲུབ་ཅི་ཡང་མེད་དོ་དེ་གར་ཞོག །སེམས་ཀྱི་འཛིན་པ་ནམ་མཁའི་སྨིག་རྒྱུ་འདྲ། །རིག་པའི་རྩལ་ལས་ཤར་བ་ཝ་ལེར་གསལ། །རྩིས་གདབ་ཅི་ཡང་མེད་དོ་དེ་གར་ཞོག །ཡུལ་དང་ཡུལ་ཅན་སེམས་ཀྱི་སྣང་བ་ཀུན། །རྐྱེན་ལས་སྐྱེ་ཞིང་འཕོ་འགྱུར་རིས་སུ་ཆད། །མེད་སྣང་སྟོང་པའི་གཟུགས་བརྙན་སྣ་ཚོགས་སྣང་། །འདི་ཀུན་རང་བཞིན་དབྱིངས་དང་དབྱེར་མེད་ཀྱང་། །འདི་ཀའི་རྗེས་སྙེགས་འགྱུར་བཅས་ཀུན་རྟོག་གིས། །སྒྲིབ་བྲལ་འགྱུར་བ་མེད་པའི་གཤིས་ལུགས་དོན། །ཐད་ཀར་ཅར་ཕོག་རྟོགས་པར་དཀའ་བས་ན། །སྣང་བས་མ་བསླུས་འཛིན་པས་མ་བསླད་པར། །གང་སྣང་དགག་སྒྲུབ་མེད་པར་བཞག་པའི་ཚེ། །ཡུལ་དང་ཡུལ་ཅན་ཁོལ་བུའི་སྣང་ཞེན་ཀུན། །མ་འགགས་མ་བཅིངས་ཕན་གནོད་ཀུན་དང་བྲལ། །ཀུན་ཁྱབ་རིག་པའི་དབྱིངས་ནི་ཕྱོགས་རིས་མེད། །ངོ་བོ་ཀ་དག་དམིགས་པའི་རྟེན་དང་བྲལ། །རང་བཞིན་ལྷུན་གྲུབ་གསལ་གདང་རྙོགས་པ་མེད། །ཐུགས་ཇེ་ཀུན་ཁྱབ་སྲིད་ཞིའི་ཆོས་ཀུན་རྫོགས། །ཀ་དག་ནམ་མཁར་ཀུན་གཞིའི་སྨག་ཆད་ཅིང་། །


MR27_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་འོད་གསལ་གཟུང་འཛིན་སྦུབས་ལས་གྲོལ། །སྲིད་ཞི་ཀུན་ཁྱབ་རྩོལ་མེད་ཐུགས་རྗེའི་གཏེར། །ཨེ་མ་ཡེ་སངས་རྒྱས་པ་སྙིང་པོའི་དོན། །བླ་མའི་མན་ངག་ལམ་གྱིས་གང་མཐོང་བ། །སྒྲུབ་མེད་རིག་པའི་མཐའ་ལ་རྩོལ་མེད་གནས། །དེ་ཚེ་ཡུལ་རྣམས་རྒྱ་མཚོར་གཟའ་སྐར་བཞིན། །ཚོགས་དྲུག་ཤེས་པ་ནམ་མཁར་སྨིག་རྒྱུ་བཞིན། །གང་ཤར་ཕན་གནོད་བྲལ་བར་རྒྱན་དུ་བཀོད། །རིག་པའི་ངང་དུ་ཐ་དད་མེད་པར་རོལ། །ང་བདག་སེམས་ཀྱི་འཛིན་ཕུར་དབྱིངས་སུ་ཞིག །སྲིད་ཞིའི་གདར་ཤ་ཆོས་ཉིད་ཀློང་དུ་བཅད། །སྣང་སྲིད་མ་ལུས་རིག་པའི་ངང་དུ་རྫོགས། །སྐྱོན་དང་སྒྲིབ་པ་ཡེ་ནས་ཡོངས་ཟད་ལ། །ཡོན་ཏན་ལྷུན་རྫོགས་སྙིང་པོ་བྱང་ཆུབ་སེམས། །སྣང་སྲིད་ཀུན་བཟླུམ་བདེ་ཆེན་གདོད་མའི་གནས། །མཁའ་ཁྱབ་གཉུག་མ་སེམས་ཀྱི་རྡོ་རྗེའི་སྐུ། །ཀུན་བཟང་འཇམ་པའི་དབྱངས་དེ་འདི་ཉིད་དོ། །ས་གླང་ཟླ་༡༡ཚེས་༢༥ལའོ། །མངྒ་ལཾ།། ༈ །།འོད་གསལ་གཉུག་མ་སེམས་ཀྱི་རྡོ་རྗེའི་དོན་སྒོམ་ཚུལ་གནད་ཟབ་སྙིང་པོར་དྲིལ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །གཉུག་མ་སེམས་ཀྱི་རྡོ་རྗེ་ནི། །འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད། །སེམས་དོན་ཉམས་ལེན་འདོད་རྣམས་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་པར། །ཐད་ཀར་ཁོ་ཐག་ཆོད་པའི་ཚེ། །


MR27_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་འོད་གསལ་ཡེ་ཤེས་ཀྱི། །གནས་ལུགས་ཐེ་ཚོམ་མེད་པར་ཤེས། །དེ་ཚེ་བཞག་ཐབས་མན་ངག་ནི། །མ་བཅོས་དེ་ངང་ཅོག་གེར་བཞག །མ་ཡེངས་དྲན་པའི་རྒྱུན་བསྐྱང་བྱ། །འོན་ཀྱང་རྣམ་རྟོག་དཔྱད་ར་དང་། །སྒོམ་དོན་གསལ་དང་མི་གསལ་དང་། །ཀུན་རྟོག་སྣ་ཚོགས་འགྱུ་བ་ན། །རང་གཤིས་མ་ཤོར་དེ་ངང་བཞག །རྣམ་རྟོག་དགག་སྒྲུབ་མེད་པར་བོར། །དེ་ཚེ་སྟོང་སང་འདྲ་བ་ཡི། །ཕྱི་རོལ་འབེམ་ལ་གཏོད་འདྲ་ན། །གཏོད་མཁན་སྙིང་གི་ནང་ན་ནི། །སྒོམ་བྱེད་ཀེ་རེ་བ་དེ་ལ། །བལྟས་ནས་མ་བཅོས་རང་བབ་ཞོག །མཚན་བཅས་སེམས་འཛིན་མ་བྱེད་པར། །སེམས་དེའི་རང་བབ་བརྗོད་བྲལ་ལ། །མཉམ་པར་འཇོག་པ་གནད་དུ་ཆེ། །དེ་ལྟར་རྒྱུན་དུ་མ་ཡེངས་བསྐྱངས། །རླུང་སེམས་འཇུག་པ་གཅིག་པའི་ཕྱིར། །ལུས་གནད་ཆོས་བདུན་ལྡན་པའམ། །སྐྱིལ་ཀྲུང་བཅས་ལ་དྲང་པོར་བསྲང་། །རང་བབ་ལྷོད་ཆགས་དལ་བར་བྱ། །ནང་དུ་སེམས་ལ་སེམས་བཞག་པས། །སེམས་ཀྱི་ཆོས་ཉིད་མངོན་དུ་མཐོང་། །ལས་རླུང་དབུ་མའི་དབྱིངས་སུ་སྡུད། །མཐར་འཛིན་ཀུན་རྟོགས་རང་སར་གྲོལ། །ཆོས་ཉིད་ཕྱི་ནང་ཁྱད་མེད་ཀྱང་། །རླུང་སེམས་དབང་དུ་སྡུད་པའི་ཕྱིར། །བསྒོམ་བྱ་སྒོམ་བྱེད་ལྟ་བུ་ཡི། །ཏིང་ངེ་འཛིན་དུ་མི་བྱ་བར། །སྒོམ་བྱེད་སེམས་ལ་དམིགས་ནས་སུ། །མ་བཅོས་རང་བབ་འཇོག་པར་བྱ། །ཚུལ་འདིས་ཞི་གནས་སྒྲུབ་སླ་ཞིང་། །རླུང་སེམས་དབུ་མར་མྱུར་དུ་འཛུད། །


MR27_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་འོད་གསལ་ལྷག་མཐོང་འཆར། །ཉམས་མྱོང་གནད་ཀྱི་གདམས་པ་ཡིན། །གོམས་ནས་འཇུར་བུས་བཅིངས་པའི་སེམས། །གཉུག་མའི་ངང་དུ་གྲོལ་བ་ན། །ཕྱི་ནང་གཏད་འཛིན་ཁྱད་པར་མེད། །འོད་གསལ་གཉུག་མའི་ནམ་མཁར་འཕྱོ། །འདི་ལྟར་མཛོད་དང་ཕྱི་རབས་རྣམས། །སྒོམ་གྱི་ཡོན་ཏན་མྱུར་དུ་སྐྱེ། །འདི་བརྗོད་དགེ་བའི་འགྲོ་ཀུན་གྱས། །གཉུག་མའི་གཏན་སྲིད་ཟིན་པར་ཤོག །རབ་ཚེས་ལྕགས་ཕག་ཟླ་༡༡ཚེས་༢༤ལ། འཇམ་པའི་རྡོ་རྗེའི་བྱིན་རླབས་ལས། །ངྷཱི་མིང་ཅན་གྱིས་ལེགས་པར་སྤེལ། །དུས་གསུམ་དགེ་ཞིང་ཤིས་གྱུར་ཅིག །འདི་སྒོམ་གནད་གལ་པོ་ཆེ་ཞིག་ཡིན་ནོ།། ༈ །།སྣང་སྲིད་མ་ལུས་ཀུན་ཏུ་བཟང་པོའི་ཞིང་། །གདོད་ནས་ཡེ་སངས་རྒྱས་པ་འཇམ་པའི་དཔལ། །ཉིད་ལས་གཞན་དུ་གྱུར་པའི་ཆོས་མེད་པས། །མཉམ་ཉིད་ངང་དུ་གཉིས་སུ་མེད་བར་འདུད། །ཐ་མལ་ཤེས་པ་བཟོ་བཅོས་བྲལ་བར་ཞོག །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །བསྒོམས་ནས་གསལ་བ་གསར་དུ་འཚོལ་མི་དགོས། །གསལ་ལེ་ཡེ་རེ་བ་འདི་རང་གི་བབས། །གསལ་བའི་ངོ་བོ་ཕྱི་ནང་གང་དུ་ཡང་། །མ་གྲུབ་ནམ་མཁའི་དབྱིངས་བཞིན་མཐའ་དབུས་བྲལ། །གསལ་ཙམ་དེ་ཉིད་སྟོང་པར་ངང་གིས་གནས། །བློས་བྱས་སྟོང་པ་རང་མགོ་མ་བསྐོར་ཅིག །རང་སེམས་གསལ་བ་རང་གི་ཉམས་མྱོང་ལ། །གསལ་བཞིན་མ་སྐྱེས་སྟོང་


MR27_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་གིས་མྱོང་། །གསལ་སྟོང་དབྱེར་མེད་བརྗོད་བྲལ་མཉམ་པ་ཉིད། །གཞན་གྱིས་བསྟན་མི་ནུས་ཏེ་རང་གིས་རྟོགས། །བརྟགས་ཤིང་བཅོས་པའི་ཡིད་དཔྱོད་རྟོག་པའི་དྲིས། །མ་བཅོས་རྣལ་མར་བཞག་ནས་སོ་ཟིན་ཚེ། །གཉུག་མ་རྒྱལ་པོའི་རང་ཞལ་རང་ལ་མངོན། །ཐེ་ཚོམ་དྲྭ་བ་ཤིན་ཏུ་ཆོད་པར་འགྱུར། །ཡེ་ནས་འདི་ལྟར་ཡིན་མོད་ཐོག་མེད་ནས། །གོམས་པ་རྟོག་པའི་རྙོག་མ་བསླང་བའི་ཕྱིར། །བཞག་ཀྱང་འདི་ཞེས་ངེས་པ་མི་རྙེད་ལ། །དཔྱད་ཀྱང་རྣལ་མ་མཐོང་བར་དཀའ་བས་ན། །དང་པོ་རྟོག་པའི་རྦ་རླབས་ཞི་བའི་ཕྱིར། །མ་བསྒུལ་རྙོག་མ་དྭངས་པའི་ཆུ་ལྟོས་ལ། །དཔེ་དེས་རང་སེམས་རང་བབས་ལྷོད་མཁས་པའི། །བཞག་ཐབས་མན་ངག་གོམས་པ་གནད་དུ་ཆེ། །མ་བཅོས་བཞག་པས་བཅོས་མེད་གཤིས་ཀྱི་དོན། །ངང་གིས་གསལ་ན་དེ་ཉིད་རྫོགས་པ་ཆེ། །སྣང་སྲིད་གདར་ཤ་དེ་ཉིད་གཅིག་པུས་ཆོད། །བྱ་སླ་དོན་ཆེ་ཐེག་པའི་རྩེ་མོར་བགྲོད། །བརྗོད་མེད་རིག་པ་མངོན་དུ་གྱུར་པའི་ཚེ། །གསལ་འཛིན་སྟོང་འཛིན་སྟངས་དབྱིངས་སུ་ཡལ། །ཇི་ལྟར་སྣང་ཡང་གཉུག་མའི་ངང་དུ་གནས། །དེ་འདྲ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལགས། །ས་གླང་ཟླ་༡༡ཚེས་༨ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གང་ཤར་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།ཨེ་མ་ཧོ། གཉུག་མ་བདེ་བ་ཆེན་པོའི་མགོན་པོ་ནི། །ཀུན་ལ་ཡེ་ནས་ཁྱབ་སྟེ་འཕོ་འགྱུར་མེད། །སྤྲོས་


MR27_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཉེར་ཞི་འཇམ་པའི་ངང་ཉིད་ལས། །འགག་མེད་རོལ་པའི་དཔལ་དང་ལྡན་པར་བཞུགས། ༡ །གཉུག་མའི་གཤིས་འདི་བཟོ་བཅོས་ཡུལ་ལས་འདས། །སྟོང་གསལ་འཛིན་མེད་ཟང་ཀ་རྒྱ་ཡན་ཆེ། །ཐམས་ཅད་ཐམས་ཅད་དེ་ན་རོ་གཅིག་ལ། །སྐྱེ་འགག་བྲལ་བས་དུས་གསུམ་གཟོད་ནས་དག ༢ །མཐའ་དབུས་བྲལ་བས་ཕྱོགས་ཀྱི་ཆ་ཤས་སྤངས། །གཉིས་ཆོས་ཀུན་བྲལ་གཉིས་མེད་མཉམ་པ་ཉིད། །དུས་གསུམ་རྒྱལ་བའི་ཐུགས་སུ་ཆུད་པའི་ཆོས། །ཟབ་མོ་བློ་ལས་འདས་པ་རྫོགས་པ་ཆེ། ༣ །ཚིག་དང་ཡིད་དཔྱོད་ལྟ་བས་མཚོན་དུ་མེད། །རང་བཞིན་འོད་གསལ་རང་མདངས་རང་ཤར་བ། །མ་བཅོས་འཛིན་མེད་བཞག་ན་འདི་ག་རང་། །རང་སེམས་དྭངས་སུ་ཆུག་ཅིག་རྣལ་འབྱོར་པ། ༤ །བླ་མའི་མན་ངག་གནད་དང་མི་ལྡན་ན། །སྒོམ་ལོ་སྒྲུབ་ལོ་ཀུན་རྟོག་བསྣོན་མར་ཟད། །རྟོག་པའི་འཆིང་བ་ཆད་པ་མི་གདའ་བས། །གནད་མེད་ཙབ་ཙུབ་ཅན་ཚོ་འོ་རེ་བརྒྱལ། ༥ །རང་བཞིན་མཐའ་བྲལ་གཉུག་མའི་ནམ་མཁའ་ལ། །བེམ་སྟོང་ནམ་མཁའ་དག་ཀྱང་ཐིམ་འགྱུར་བས། །དངོས་དང་དངོས་མེད་གང་གི་ངང་ཉིད་དུ། །འཇིག་པའི་དབྱིངས་དེ་རང་གི་སེམས་ལ་གནས། ༦ །འཛིན་མེད་ལྷུག་པར་ཞོག་དང་འདི་ག་རང་། །ལྡོག་མེད་ངེས་ཤེས་ཇེ་བས་ཇེ་གསལ་འགྲོ། །ཆོས་ཉིད་བདེན་བའི་རླབས་ཀྱིས་དྲངས་པ་ལ། །ལྡོག་པའི་ས་གཅིག་


MR27_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་ཡེ་ཡོད་མ་ཡིན། ༧ །མ་བཅོས་དྲན་པའི་རྒྱུན་འདི་ཆུ་བོ་དང་། །མར་མེའི་རྩེ་མོ་བཞིན་དུ་མུ་མཐུད་ལ། །རྟག་ཏུ་བསྐྱང་བས་ཤེས་བཞིན་ཆེན་པོ་ཡི། །ནམ་མཁའི་ཀློང་ན་སྣང་བའི་སྨིག་རྒྱུ་ཀུན། ༨ །འལ་འོལ་ཡད་ཡུད་རྗེས་མེད་སང་སེང་བོ། །ཕན་གནོད་དགག་སྒྲུབ་བྲལ་བའི་ཉམས་མྱོང་གིས། །རྟོག་པའི་འཆིང་བ་ལྷོད་པའི་བདེ་ཆེན་གཏེར། །རང་ལས་རང་གིས་རྙེད་པར་བྱོས་ཤིག་ཨང་། ༩ །སྡུག་བཙིར་སྒོམ་པ་སྙིང་རླུང་ལངས་པའི་རྒྱུ། །ཡིད་དཔྱོད་ལྟ་བ་མཁའ་ལ་ཚོན་རིས་འབྲི། །ཐམས་ཅད་རང་སྡུག་རང་མགོ་བསྐོར་བའི་ཆོས། །ཤེས་ནས་ཡུག་གཅིག་སྤོངས་ལ་བློ་བདེར་མཛོད། ༡ །སྙིགས་མ་ཉོན་མོངས་རགས་པའི་དུས་འདི་ན། །རླུང་གསེབ་མར་མེ་བཞིན་དུ་གཉེན་པོ་གཞན། །བསྐྱེད་ཀྱང་སྟོབས་དང་ལྡན་པར་འབྱོངས་དཀའ་བས། །བླ་མའི་ཐུགས་རྗེའི་རང་བྱུང་ཡེ་ཤེས་ཀྱི། ༡༡ །སྣང་བ་ཁོང་ནས་སད་པས་སྲིད་པ་ཡི། །ཚེར་མའི་ཚང་ཚིང་མུ་དང་བྲལ་བ་རྣམས། །ཡུག་གཅིག་རྡོ་རྗེ་རྣོན་པོའི་མེ་ལྕེ་ལ། །བསྲེགས་ནས་སུས་ཀྱང་བརྗི་བ་མེད་པའི་སྟོབས། ༡༢ །ནམ་མཁའ་རྡོ་རྗེ་སེང་གེའི་ངང་ཚུལ་གྱིས། །རྡོ་རྗེ་སྙིང་པོའི་རྒྱལ་ཐབས་ལེགས་ཟུངས་ལ། །སྙིང་པོའི་དོན་ལ་མོས་པའི་སྐལ་ལྡན་རྣམས། །གདོད་མའི་རྒྱལ་ཐབས་ཆེན་པོར་འགོད་པར་མཛོད། ༡༣ །ལྕགས་སྟག་ཟླ་༢ཚེས་༨ལའོ།། ༈ །།རིག་པ་ཡེ་ནས་དུས་གསུམ་འཕོ་འགྱུར་མེད། །རང་བཞིན་


MR27_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དྲན་ཚེ་དེ་ག་རང་། །རང་རྩལ་རྟོག་པའི་འགྱུ་བ་དངོས་མེད་ཀྱི། །རྗེས་སུ་འབྲང་ན་དེ་ལ་འཁྲུལ་པའི་དངོས། །ལས་དང་པོ་ལ་རྟོག་པ་ལ་ལྟོས་པའི། །སེམས་ཉིད་བབ་དེ་དྲན་དང་མ་དྲན་ཡོད། །དངོས་པོའི་གཤིས་ལ་དྲན་དང་མ་དྲན་མེད། །འགྱུར་མེད་འདུས་མ་བྱས་དེ་ཡེ་ནས་ནི། །དྲན་དང་མ་དྲན་འཁྲུལ་གྲོལ་ས་ལས་འདས། །གཞི་དབྱིངས་ཕན་གནོད་བྲལ་ལ་ཆེད་རྩོལ་མེད། །རྩལ་གྱི་རྟོག་པ་གང་ཤར་སྟོང་གཟུགས་ཏེ། །མཁའ་ལ་སྨིག་རྒྱུ་བཞིན་དུ་ཕན་གནོད་བྲལ། །དེ་ལྟར་ཤེས་བཞིན་གནས་ན་རྣལ་འབྱོར་ལམ། །རྟོག་པའི་རྗེས་སུ་འབྲང་ན་ཕན་གནོད་སྣང་། །སྣང་ཡང་རང་གི་རྟོག་པས་རང་བསླུས་ལས། །ཅི་ཡང་མེད་པའི་གཞི་རྩ་ཆོད་མཛོད་ལ། །བྱར་མེད་གཤིས་ལ་འཛིན་མེད་བཞག་པའི་ལམ། །ཁོ་ནས་དུས་ཀུན་འདའ་བར་གྱུར་པ་ན། །རྟོག་པའི་མཚང་ཞིག་རྟོག་མེད་ཆོས་སྐུར་གྲོལ། །ལས་དང་ཉོན་མོངས་བདོ་ཡང་ཡ་མི་ང་། །ཞེས་དགའ་བ་ཟླ་༡ཚེས་༢༥ལ་རིན་པོ་ཆེ་དྲན་པའི་རྐྱེན་གྱིས་སོ།། ༈ །།རིག་པ་འཕོ་འགྱུར་མེད་པ་ནམ་མཁའ་འདྲ། །དགེ་སྔིག་བདེ་སྡུག་ཅིས་ཀྱང་ཕན་གནོད་བྲལ། །དེ་ལ་གནས་ནས་རྟོག་པའི་རྦ་རླབས་རྣམས། །དགག་སྒྲུབ་མེད་པར་ཞིག་ན་རྣལ་འབྱོར་ལམ། །འགྱུ་བ་དངོས་མེད་མཁའ་ལ་སྨིག་རྒྱུ་འདྲ། །ངོ་བོ་སྟོང་ཡང་བྱིས་པའི་སྐྱེ་བོ་བསླུ། །དེ་རྗེས་འབྲང་ན་རང་གིས་རང་བཅིངས་


MR27_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཁྲུལ་སྣང་སྲིད་བའི་འཁོར་ལོ་རྒྱུན་མི་འཆད། །ཨ་ཧོ། རིག་པའི་དབང་དུ་རྣམ་རྟོག་འདུ་བྱོས་ལ། །རང་རྩལ་སེམས་ཀྱི་རྫུན་ཕུག་དབྱིངས་སུ་ཤིག །སེམས་ཉིད་གདོད་མའི་རྒྱལ་ས་ཟིན་པ་ན། །སངས་རྒྱས་བྱ་བ་དེ་ལས་གཞན་དུ་མེད། །གནད་ཀྱི་ཚིག་གསུམ་པ་ཆུ་འབྲུག་ཟླ་༡ཚེས་༢༥ལའོ།། ༈ །།རིགས་ཀུན་ཁྱབ་བདག་སེམས་ཀྱི་རྡོ་རྗེ་ལ། །དབྱེར་མེད་རང་ངོ་ཤེས་པའི་ཕྱག་གིས་འདུད། །འཁོར་འདས་ཆོས་ཀུན་སེམས་ཀྱི་ཆོ་འཕྲུལ་ཏེ། །གཞི་རྩ་དབྱིངས་སུ་ཆོད་ན་མཐར་ཐུག་དོན། །དྲན་རིག་སྣ་ཚོགས་འགག་མེད་གསལ་ས་ལེ། །ངོ་བོ་ངོས་བཟུང་བྲལ་བ་སྟོང་སང་ངེ་། །བརྗོད་མེད་རང་གིས་རིག་པ་རྗེན་ནེ་བ། །མ་བཅོས་གཉུག་མར་གནས་པས་ལྷན་ནེ་བ། །འདི་ག་མི་བརྗེད་དྲན་པས་བསྐྱང་བའི་ཚེ། །དྲན་ཤེས་རྒྱུན་ཆགས་ཧྲིག་གེ་པ་ཡི་ངང་། །སྣང་སེམས་དབྱེར་མེད་པ་རེ་ཝ་ལེ་བ། །གཡོ་རླུང་འཆིང་བས་ཟིམ་མེ་ཡོལ་མེ་བ། །དམིགས་གཏད་མེད་པ་ཧ་རེ་ཐ་ལེ་བ། །དེ་ངང་ལྷོད་ཅིང་ལྷོད་ཅིང་མཉམ་པར་བཞག །གོམས་པ་ཆགས་ནས་ཕྱི་ནང་སྣང་གྲགས་ཀུན། །སྒྱུ་མ་རྨི་འདྲ་སྟོང་གཟུགས་ཧྲལ་མ་ཧྲོལ། །ཞེན་ཆགས་འཛིན་ཕུར་ཞིག་པས་བན་མ་བུན། །གར་ཡང་གཟའ་གཏད་མེད་པས་འོལ་མ་འོལ། །ཤུགས་འབྱུང་རང་གྲོལ་བདེ་ཆེན་རྒྱུན་ཆད་མེད། །མཁའ་ལ་བྱ་བཞིན་རྣལ་འབྱོར་གནས་པས་གནས། །གཡོ་བའི་རླུང་གིས་


MR27_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་ནས་འཛིན་པའི་སེམས། །གཅིག་པུའི་ཆོ་འཕྲུལ་ཁམས་གསུམ་སྣང་བ་ཀུན། །རྫུན་ཕུག་དབྱིངས་སུ་གཏིབ་ཚེ་སེམས་ཀྱི་གཤིས། །སྐྱེ་འགག་གནས་བྲལ་དམིགས་སུ་མེད་པ་ཡི། །རང་བྱུང་ཡེ་ཤེས་ཀུན་ཁྱབ་བྲི་གང་བྲལ། །འགྱུར་མེད་མཉམ་པ་ཆེན་པོ་རྩོལ་མེད་དོན། །ཆོས་སྐུ་ཐིག་ལེ་ཉག་གཅིག་རྫོགས་པ་ཆེ། །ཐེག་པའི་སྐྱེལ་སོ་འབྲས་བུའི་མཐར་ཐུག་མཐོང་། །འདི་ནི་གཞི་ཡིད་དཔལ་ལྡན་ཧེ་རུ་ཀ །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རིགས་རྣམས་ཀུན། །སྤྲོ་དང་བསྡུ་བའི་བྱེད་པོ་གཅིག་པུ་སྟེ། །མ་བྱས་བཞིན་དུ་ཕྱོགས་དུས་ཀུན་ན་སྣང་། །རོལ་པ་འགག་མེད་མཁའ་འགྲོ་རབ་འབྱམས་ཀྱི། །དྲྭ་བ་བདེ་ཆེན་དབྱིངས་སུ་སྡོམ་བྱེད་པ། །བདེ་མཆོག་སྒྱུ་མ་བདེ་བའི་རྣལ་འབྱོར་ནི། །བདེ་ཆེན་རྟག་པའི་འཁོར་ལོ་རྟག་ཏུ་བསྐོར། །ཨེ་མའོ། ཡེ་ནས་གསང་བ་བདེ་བ་ཆེན་པོའི་དོན། །སེམས་ཀྱི་གསང་ལས་ཚོལ་བ་མ་ཤེས་པར། །གསང་སྔགས་ལམ་གྱིས་དེ་ཉིད་ཚོལ་བ་རྣམས། །རྣམ་རྟོག་སྲིད་པའི་མྱ་ངན་ཐང་དུ་རྒྱུ། །འདི་ན་འཆི་མེད་བདུད་རྩིའི་མཚོ་ཡོད་ཀྱང་། །བྱིས་པའི་བློ་ཅན་འཇུག་པར་ཡོང་མ་ནུས། །ད་ནི་རིག་འཛིན་བརྒྱུད་པའི་མན་ངག་ལ། །རྟོན་རྣམས་མཆོག་གི་གོ་འཕང་འཛེགས་པར་གྱིས། །ལྕགས་ཡོས་ཟླ་༡༢ཆེས་༡༧ལའོ།། ༈ །།བདེ་དང་སྡུག་བསྔལ་རང་བཞིན་ཉིད་ཀྱིས་མཉམ། །ཆོས་དང་ཆོས་མིན་ངོ་བོ་ཉིད་


MR27_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་། །རྣམ་པར་རྟོག་པའི་གཡོ་བ་མ་བསྐྱེད་ན། །ཐམས་ཅད་ནམ་མཁའ་འདྲ་སྟེ་ཕན་གནོད་བྲལ། །ཅེས་ཆུ་འབྲུག་ཟླ་༡ཚེས་༢༣ལ་སྤྲུལ་སྐུ་རིན་པོ་ཆེ་དྲན་བཞིན་དེའི་རྐྱེན་གྱིས་ཡིད་ལ་ཤར་བའོ།། ༈ །།གདམས་ངག་ཡིད་བཞིན་རིན་པོ་ཆེའི་གཏེར་ཞེས་བྱ་བ། ཀ་དག་ཟང་ཐལ་དབྱིངས་ཀྱི་བཙུན་མོ་ལ། །ལྷུན་གྲུབ་རིག་པའི་གཞོན་ནུས་རྟག་འཁྱུད་སྲས། །ཤིན་ཏུ་དྲི་མེད་སྙིང་དབུས་ཡེ་ཤེས་སྐུ། །འཇམ་དཔལ་པདྨ་སྐྱེས་དེར་གུས་བཏུད་ནས། །རྒྱལ་མཆོག་སྟོན་པ་དེ་ཡིས་བསྟན་པའི་ལམ། །མ་ལུས་རྫོགས་པའི་ཡེ་ཤེས་གངས་ཅན་མཚོ། །སྙིང་དབུས་རིག་པའི་གསང་ནས་ལེགས་འདོམས་པའི། །རྨད་བྱུང་ཐུགས་ཀྱི་གཏེར་འདི་ཁྱོད་ལ་གདམས། །སྣང་འདིའི་རང་བཞིན་རྙེད་པ་མ་ཡིན་ན། །སྣང་དེ་ཡོད་པར་བློ་ལྡན་སུ་ཡིས་རྟོགས། །རང་བཞིན་རྙེད་པ་སྤངས་ཏེ་སྟོང་ཉིད་ཕྱིར། །འདི་ལས་སྟོང་པ་གཞན་དུ་ཡོད་པ་མིན། །སྟོང་དེ་མི་སྟོང་དངོས་པོར་གྱུར་མིན་ཡང་། །སྟོང་པའི་རང་བཞིན་གཅིག་ལས་མ་གཡོས་བཞིན། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་འདི། །སྟོང་དེ་ཉིད་ན་སྟོང་པའི་དགག་བྱ་སུ། །སྟོང་པ་དེ་འདི་སྣང་བ་འདི་ཡིན་ཞེས། །མ་འདྲེས་དབྱེ་བ་རྟག་ཏུ་ཡོད་མིན་ན། །ཡོད་དང་མེད་ཅེས་ཀུན་ཏུ་བཏགས་པའི་ཆོས། །གནས་ལུགས་དྲི་མ་མེད་ལ་ཡོངས་སུ་ཟད། །དེ་ལྟའི་གཤིས་ཏེ་ཡོད་དང་མེད་པ་ཞེས། །ཐ་སྙད་གཉིས་ཀྱི་ཆ་ལས་


MR27_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འདས་ཏེ། །གང་ཕྱིར་དབྱེར་མེད་དེ་བཞིན་ཉིད་ཡིན་པས། །དེ་ལ་ཞེན་ཅིང་རྟོག་པ་སེམས་ཀྱི་ལམ། །གཉིས་ཆོས་སྤང་བའི་ཡེ་ཤེས་དེ་ཁོ་ན། །ཡོད་དང་མེད་པའི་མཐར་འཛིན་རང་ཞིག་ནས། །སྲིད་ཞི་མཉམ་པར་བརྡལ་བའི་ཡེ་ཀློང་ནི། །འཁོར་དང་འདས་པའི་ཞེན་རྟོག་གདོད་ནས་དག །དེ་ཉིད་ཐབས་དང་ཤེས་རབ་འབྲེལ་བའི་ལམ། །བརྟེན་པའི་རྒྱུ་ཚོགས་ཉིད་ལས་ནམ་ཞིག་ཏུ། །སྙིང་ལ་གནས་པའི་ཡེ་ཤེས་དེ་མཐོང་ན། །ཐབས་ཤེས་འདུ་འབྲལ་མེད་པར་རང་བྱུང་ཉིད། །དེར་ནི་རྩོལ་བཅས་འཁྲུལ་པ་ཀུན་དག་ནས། །རྩོལ་མེད་དེ་བཞིན་ཉིད་ལ་ཉིད་གཤེགས་པའི། །རྒྱལ་བའི་བསྟན་པའི་ལམ་ཀུན་རྫོགས་པའི་འབྲས། །གཉིས་མེད་ཨ་ཏི་ཡོ་གར་ཡོངས་སུ་གྲགས། །སེམས་ལས་འདས་པའི་ཡེ་ཤེས་དེ་ཐོབ་སླད། །སེམས་ཀྱི་རྦུན་སེལ་ཤེས་རབ་དྲི་མ་མེད། །ཐར་ལམ་སྣང་བྱེད་ཡིད་བཞིན་རིན་པོ་ཆེ། །ཐོས་བསམ་སྒོམ་པས་འབད་དེ་སྙིང་ལ་བཅང་། །ཆོས་ཀུན་རྒྱུ་མའི་དཔེར་ནི་མཚུངས་ཤེས་ནས། །ཉེ་བར་གོམས་པའི་དངོས་རྟོགས་རིམ་སྦྱངས་ཏེ། །སྒྱུ་སོགས་ཉིད་དང་མགོ་མཉམ་དུ་མཐོང་ན། །དངོས་མཚན་སྟོང་པར་ཟད་པའི་དེ་ཉིད་མཐོང་། །དེ་ཚེ་སྟོང་དང་སྣང་ཞེས་ཐ་དད་དུ། །ཞེན་པའི་དྲི་མ་སྟོབས་མེད་ཉིད་བྱས་ནས། །དབྱེར་མེད་དེ་བཞིན་ཉིད་ལ་གདེང་གྱུར་ཚེ། །ཨ་ཏི་ཡོ་གའི་རྒྱུད་དོན་ཡིད་ལ་འཆར། །ཡང་ན་ཉེ་བའི་ལམ་མཆོག་སེམས་ཀྱི་གསང་། །


MR27_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས་ཆོས་ཀྱི་དེ་ཉིད་ལྐོག་གྱུར་ལ། །དཔྱད་པས་རི་མོར་བགྱིས་པའི་བརྙན་སྤངས་ནས། །མྱོང་སྟོབས་དངོས་བཟུང་སྙིང་ལ་བདུད་རྩིར་བྱེད། །གཞན་ཡང་ཆོས་ཀྱི་དབྱིངས་ལ་སྒྲིབ་པའི་སྨག །སེལ་བའི་གཉེན་མཆོག་སྣང་བའི་ལམ་བཟང་དང་། །ཡེ་ཤེས་མེ་སྟོབས་སྦར་བའི་གྲོགས་གྱུར་པའི། །ཐབས་མཆོག་ཅི་རིགས་ཉམས་དང་བསྟུན་ཏེ་བཟུང་། །དེས་ནི་འཇིགས་ཆེན་འཁོར་བའི་གཡང་ས་ལ། །ལུས་ངན་སྒོ་ངའི་སྦུབས་གནས་རིག་ཁམས་ཁྱུང་། །དོགས་མེད་བག་བརྐྱང་ཚུལ་གྱིས་འཕྱོ་བ་ཡི། །ཐབས་ཤེས་གཤོག་དྲུག་རྫོགས་པར་འགྱུར་བ་ཡིན། །ཚུལ་དེ་གདམས་པའི་དོན་པོ་ཡེ་ཤེས་ལ། །དམིགས་པའི་གདམས་པ་དེ་དང་ལྡན་པས་ནི། །ཡེ་ཤེས་ལག་བཅངས་ཚུལ་དུ་བྱེད་པས་ན། །བརྗོད་པ་དེ་ནི་དོན་རབ་ཉིད་དང་ལྡན། །དེ་ཕྱིར་དེ་ཡི་དགེ་བ་དྲི་མ་མེད། །རྟག་ཏུ་ཁྱབ་པར་བརྡལ་བའི་ཡེ་ཤེས་འོད། །གཅེས་རྒུའི་མ་རྣམས་སྙིང་ལ་རེག་པའི་མོད། །རང་བྱུང་རྒྱལ་བའི་ཞལ་བཟང་མཐོང་གྱུར་ཅིག །ཅེས་མང་དུ་ཐོས་པ་ལས་བྱུང་བའི་སྟོབས་ཀྱིས་གནད་གསང་ཅུང་ཟད་རང་ཉིད་ཀྱིས་རྟོགས་པ་བཞིན་དུ་མདོ་ཙམ་བཀོད་པ་འདི་ནི་བནྡེ་བློ་གྲོས་དྲི་མེད་ཅེས་བྱ་བས་བགྱིས་པ་མངྒ་ལཾ།། ༈ །།ལས་ཀྱི་རྣམ་པར་སྨིན་པ་གདོན་མི་ཟ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་བསྒོམ་སྟེ། །རང་བཞིན་ལྷུན་གྲུབ་རྡོ་རྗེའི་དཀྱིལ་འཁོར་ཆེ། །ཐེག་


MR27_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འོད་གསལ་རྫོགས་པ་ཆེན་པོར་བསྒོམ། །རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །དེ་མིན་དམིགས་པའི་དངོས་གཞན་ཡོད་མིན་ན། །བསལ་བཞག་མེད་པ་བྱར་མེད་ལྷུག་པའི་གཤིས། །རང་བྱུང་ཡེ་ཤེས་འཇམ་དཔལ་རྣོན་པོར་བསྒོམ། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་སྐུ་རྡོ་རྗེ། །གསལ་སྟོང་མ་ཆགས་རོལ་པ་གསུང་རྡོ་རྗེ། །རིག་སྟོང་ཟང་ཐལ་ལུག་རྒྱུད་ཐུགས་རྡོ་རྗེ། །ཡེ་ནས་དབྱེར་མེད་རྡོ་རྗེའི་དཀྱིལ་འཁོར་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །མ་འདས་མི་འདའ་འདའ་བར་མི་འགྱུར་བའི། །དྲན་པའི་མེ་ཆེན་རྒྱུན་ཆད་མེད་པར་སྦོར། །ཡུལ་དྲུག་བུད་ཤིང་ངེས་པར་འཚིག་པར་འགྱུར། །རྡུལ་བྲལ་ཤིན་ཏུ་དྲི་མེད་རྒྱལ་བའི་ཐུགས། །སྐད་ཅིག་ཆོས་སྐུའི་རྒྱལ་སར་མངའ་གསོལ་བའི། །རྒྱལ་བའི་ལམ་མཆོག་འདི་ལ་བརྟེན་པ་རྣམས། །རིགས་མཆོག་འཇམ་དཔལ་ཐུགས་ལས་འཁྲུངས་པའི་སྲས། །འདི་ནི་རྗེ་བཙུན་ཙོང་ཁ་པ་ལ་འཇམ་པའི་དབྱངས་ཀྱིས་གདམས་པའི་རྫོགས་ཆེན་ཀ་དག་གི་དོན་དང་མཚུངས་པར་སྙིང་གི་ཐིག་ལེར་རྡོལ་བ་ཨྠྀི།། ༈ །།སྦྱོར་རྫོགས་ཀྱི་གནད་ངེ་སང་གཉུག་མའི་སྒྲ་དབྱངས་བཞུགས། ན་མོ་གུ་རུ་བཛྲ་ངྷཱ་ར་ཡ། གཉུག་མ་རྡོ་རྗེ་སྐུ་ཉིད་ལས། །སྣང་སྲིད་བརྟན་དང་གཡོ་བ་ཀུན། །མ་འདས་མི་འདའ་འདར་མེད་ཀྱང་། །ལས་རླུང་གཡོ་བའི་ཀུན་རྟོག་གིས། །


MR27_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་སྣང་འཁོར་བ་རྒྱུན་མི་འཆད། །དེ་ཉིད་གཞི་རུ་བཟློག་པའི་ཕྱིར། །ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱ། །མི་གཡོ་གསུམ་དང་ལྡན་པ་ཡིས། །ནམ་མཁའི་མཐིལ་དུ་ལྟ་སྟངས་གཏད། །དབང་ཡུལ་འདྲེས་པའི་སེམས་བསྡུས་པས། །དབུ་མར་རླུང་བཅུ་འཇུག་པའི་རྟགས། །དུ་བ་ལ་སོགས་མངོན་དུ་སྣང་། །སོ་སོར་སྡུད་པའི་རྣལ་འབྱོར་རོ། །སྟོང་གཟུགས་དེ་ལ་དམིགས་བྱས་ཏེ། །རང་སྣང་སྟོང་པའི་གཟུགས་སུ་ཤེས། །གནས་པ་བརྟན་པའི་རྟོག་དཔྱོད་དང་། །དགའ་བདེ་སེམས་པའི་ཡན་ལག་ལྔ། །རབ་ལྡན་བསམ་གཏན་ཡན་ལག་འགྲུབ། །རང་སྣང་སྟོང་པའི་གཟུགས་ལ་ནི། །སེམས་བརྟན་པ་ཡི་རྣལ་འབྱོར་དེས། །གཡོ་བྱེད་རླུང་ལས་རྒྱལ་བའི་ཕྱིར། །རྡོ་རྗེའི་བཟླས་པས་ལམ་སྦྱངས་ནས། །དབུ་མའི་ལམ་དུ་བུམ་ཅན་བཟུང་། །ནང་དུ་སྟོང་གཟུགས་མཐོང་བ་དང་། །ཇི་འདོད་བུམ་ཅན་འབྱོང་བར་བྱ། །དེ་ནི་སྲོག་རྩོལ་རྣལ་འབྱོར་རོ། །དེ་གོམས་ཉིད་ཀྱི་མཐུ་ལས་ནི། །སྲོག་ཉིད་མི་ཤིགས་ཐིག་ལེ་ལ། །ཞུགས་པས་གཏུམ་མོའི་འབར་སྣང་དང་། །དེ་ཡིས་སྤྱི་བོའི་ཧཾ་བཞུ་བས། །བདེ་བའི་ཡེ་ཤེས་རྒྱུན་ཆད་མེད། །བོགས་འདོན་ཞུ་བདེའི་དམིགས་པ་ནི། །བྱའམ་རང་ཤུགས་འབྱུང་བའང་ཡོད། །ཐིག་ལེ་རིམ་བབ་ནོར་བུའི་རྩེར། །འཛག་མེད་འཆིང་བའི་སྟོབས་ཀྱིས་ནི། །རིམ་གྱིས་མི་འགྱུར་བདེ་བ་འདྲེན། །འོད་གསལ་


MR27_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྣང་ཚད་མེད་འཕེལ། །རླུང་དང་སེམས་ལ་དབང་ཆུང་ཐོབ། །འདི་ནི་འཛིན་པའི་རྣལ་འབྱོར་རམ། །བདེ་རླུང་སེམས་ལ་འཛིན་པའོ། །དེ་ནས་ཕྱག་རྒྱའི་རྐྱེན་ལ་བརྟེན། །ཞུ་བདེ་ཁྱད་པར་འཕགས་པ་བསྒྲུབ། །ཡས་བབ་དགའ་བཞི་མྱོང་བའི་མཐར། །མས་བརྟན་དགའ་བཞི་ཅི་རིགས་མྱོང་། །ཡང་ཡང་སྦྱང་བས་བདེ་བ་དང་། །རླུང་སེམས་ལས་རུང་ཇེ་ཆེར་འཕགས། །འདི་ནི་རྗེས་དྲན་རྣལ་འབྱོར་རོ། །དེ་ལྟར་རྗེས་དྲན་མཐར་ཕྱིན་ནས། །རླུང་སེམས་དབང་དུ་གྱུར་པ་དེས། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ། །མཉམ་སྦྱོར་འཛག་མེད་བདེ་ཆེན་གྱིས། །འཕོ་ཞིང་གཡོ་བའི་རླུང་ཐིག་རྣམས། །དབབ་ཅིང་འཁོར་ལོ་རྣམས་སུ་བཟུང་། །ཐ་མ་རྡོ་རྗེ་ནོར་བུའི་རྩེར། །འཕོ་མེད་ཉིད་དུ་བཅིངས་བྱས་པས། །དུས་སྦྱོར་བཅུ་གཉིས་དག་གི་ནི། །རླུང་གཅིག་དབུ་མར་གཏན་དུ་འགག །རྩ་ཡི་བཅུ་ཆ་དབུ་མར་ཐིམ། །དཀར་དམར་ཁམས་གཅིག་དེར་བརྟན་པས། །ཏིང་འཛིན་ས་ནི་དང་པོ་ཐོབ། །དེ་ནས་ལྷག་མའི་རླུང་ཁམས་རྣམས། །ཡང་ཡང་ཞུ་བདེ་སྟོང་གཟུགས་ངང་། །སྦྱང་བས་འཕོ་རླུང་བཅུ་གཉིས་ཀྱི། །ཆ་གཞན་རིམ་པར་ཡོངས་འགགས་ནས། །ཐ་མ་གཙུག་ཏོར་ནོར་བུའི་རྩེར། །བཅུ་གཉིས་ཆ་ཡི་ཐ་མ་འགག །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །སླར་མི་འབྱུང་བར་དབུ་མར་འགག །ཁམས་བརྟན་རྩ་ཀུན་དབུ་མར་


MR27_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །འཕོ་མེད་དོན་གྱི་ལྷན་སྐྱེས་མྱོང་། །འདི་ནི་བདེན་དོན་མངོན་མཐོང་བའི། །ཐེག་ཆེན་རིག་འཛིན་སེམས་དཔའ་ཡིན། །དེ་ནས་སྒོམ་པའི་ལམ་རྣམས་ཀུན། ནང་གི་ས་ཡིས་མྱུར་བགྲོད་ནས། །ཟུང་འཇུག་བདེ་ཆེན་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ། །འདི་འདྲའི་རྣལ་འབྱོར་ལམ་ལྡན་ལ། །དཔེ་དང་དོན་གྱི་ལྷན་སྐྱེས་རྣམས། །ཐབས་ཀྱིས་རང་ལ་མངོན་གྱུར་པ། །མཆོག་ཏུ་མི་འགྱུར་བདེ་བ་དང་། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཟུང་འཇུག་དོན་གྱི་ལྷན་སྐྱེས་ཉིད། །པྲ་ཕབ་ལྟ་བུར་མངོན་སུམ་ལ། །གཅིག་དང་དུ་བྲལ་ལ་སོགས་པའི། །རྗེས་དཔག་དཔྱད་པ་ག་ལ་དགོས། །མེ་ནི་མངོན་སུམ་གྱུར་པ་ལ། །དུ་བས་མེ་ཡོད་སྒྲུབས་པས་ཅི། །བརྒྱུད་པའི་མན་ངག་མི་ལྡན་ཅིང་། །ཉམས་མྱོང་བྲལ་བའི་རྟོག་གེ་པས། །གསང་སྔགས་ཐེག་པའི་ཐབས་ཆེན་པོས། །གཏན་ལ་ཕེབས་པའི་ཡེ་ཤེས་ཀྱི། །མངོན་སུམ་ཡུལ་ལ་རྒྱུས་མེད་པར། །དབུ་ཚད་དཔྱད་པ་དགོས་ཞེས་སྨྲ། །སོར་སྡུད་ཡིད་བྱེད་སྤང་བའི་སྒོ། །འོད་གསལ་འདྲེན་པའི་མཆོག་ཡིན་ཀྱང་། །དེ་རྒྱུ་སུས་ཀྱང་མ་བསྟན་བའི། །དབུ་མ་དམིགས་པས་སྒོམ་དགོས་སོགས། །ལུགས་འདིའི་འོག་མའི་ཐེག་པ་པས། །དམིགས་བསྒོམ་བསྐྱེད་རིམ་ཆར་གཏོགས་རྣམས། །གོམས་པས་རྫོགས་རིམ་འདྲེན་བའི་ཕྱིར། །རྫོགས་རིམ་མིང་དུ་བཏགས་ན་ཡང་། །ལམ་འདིའི་རྫོགས་རིམ་མཚན་ཉིད་


MR27_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཕྱོགས་སུའང་ཕྱིན་པ་མེད་པའི་ཕྱིར། །ཕྱོགས་རེའི་མཐོང་བས་གོལ་ས་དང་། །སྦྱར་བའི་བློ་བཟོ་སྣ་ཚོགས་པ། །ཉམས་སུ་ལེན་པ་ལྟ་ཅི་སྨོས། །ཐོས་ཀྱང་རྣ་བ་དགབ་དགོས་ཤིང་། །ཐེག་ཆེན་དཀྲུགས་པའི་བདུད་ཀྱི་ཕྱོགས། །དེ་ལ་ཡ་མཚན་འཛིན་པ་ནི། །ཟས་མཆོག་རྙེད་ནས་ཟས་ངན་དག །ཚོལ་བར་གསུངས་པའི་དཔེ་བཞིན་ནོ། །རྒྱལ་བས་བྱིན་གྱིས་བརླབས་པ་དང་། །རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་པའི། །མཚན་ལྡན་སློབ་མ་མཆོག་རྣམས་ཀྱིས། །ཁོ་བོའི་ཚིག་འདི་གཅེས་པར་ཟུངས། །རྩོལ་བཅས་ཐེག་པ་ཐམས་ཅད་ཀྱི། །ནང་ན་འདི་ལས་ཟབ་པ་མེད། །འདི་ལ་ངེས་ཤེས་རྙེད་གྱུར་ན། །རྩོལ་མེད་རྫོགས་པ་ཆེན་པོ་ཡི། །དགོངས་པའི་དོན་ལ་ངེས་ཤེས་སྐྱེ། །རང་བྱུང་ཡེ་ཤེས་སྐུ་ཉིད་དུ། །མཐར་ཕྱིན་འགྱུར་བར་གདོན་མི་ཟ། །མི་ཕམ་པས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པའི་ཕྱིར། ཤེས་རབ་ཀྱིས་དཔྱད་ནས་སྟོང་པར་གོ་བ་བསྐྱེད་པ་དབུ་མའི་གཞུང་སོགས་ཡོད་ཀྱང་། སོ་སོ་རང་རིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོན་ན་དཔྱད་ཅི་དགོས། དེས་ན་རྣམ་པར་མི་རྟོག་པ་ལ་རྟོག་པའི་བསླད་འཇུག་པ་ནི་བདུད་ཀྱི་ལས་སོ། །རྩོལ་བས་ཕྲ་ཐིག་སོགས་བསྒོམ་པ་ལ་རྩོལ་མེད་ལྷན་སྐྱེས་འདྲེན་པ་ཡོད་ཀྱང་། འདིར་དེ་མིན་ཏེ། སེམས་ཉིད་རང་བབས་སུ་རྟོག་པའི་འཕྲོ་འདུ་བཅད་དེ་ཆོས་ཉིད་ལ་གཟིར་བས་འོད་གསལ་མངོན་


MR27_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་པ་ཡིན་ན། འདི་ལ་དམིགས་པའི་རྣམ་རྟོག་ནི་དུག་ཡིན་པས་བདུད་ཀྱི་ལས་ཀྱིས་མི་འབྱེད་པར་བྱའོ། །བདག་གི་སྟོབས་ཀྱིས་ཆོས་ལྟར་བཅོས་པ་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་ཤོག །ཧ་ཧ།། ༈ །།རྣལ་འབྱོར་རྟོགས་པའི་དོ་ཧ་ཚིག་ལྔ་པ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། བླ་མའི་མན་ངག་བདུད་རྩིའི་བཅུད་འཐུང་ཞིང་། །བརྒྱུད་པའི་གདམས་པ་ཟབ་མོའི་ལམ་བསྟེན་པས། །སེམས་ཉིད་རྒྱལ་པོ་མ་བཅོས་རང་བཞག་གི། །དགོངས་པའི་དོན་ལ་རྣལ་དུ་འབྱོར་པས་ན། །སེམས་ནི་ནམ་མཁའ་མཉམ་པར་དྭངས་ཤིང་དྭངས། །རྣམ་པར་རྟོག་པའི་རྦ་རླབས་ངང་གིས་མེད། །གཉུག་མ་ཆོས་སྐུ་ལྷན་སྐྱེས་བདེ་བ་ཆེ། །དངོས་ཀུན་རོ་མཉམ་དེ་ཉིད་མངོན་དུ་གྱུར། །ནམ་མཁའ་འདི་ལ་བདེ་སྡུག་ཡེ་ནས་མེད། །དེ་བཞིན་རིག་པ་གདོད་ནས་སྐྱེ་མེད་ལ། །བདེ་སྡུག་འཕོ་འགྱུར་མཚན་མ་ཡོང་ཡེ་བྲལ། །རང་རིག་འོད་གསལ་དོན་མཐོང་རྣལ་འབྱོར་མཆོག །ནམ་མཁའི་ངང་ན་སྣང་བའི་ཆོས་ཀུན་བཀྲ། །རིག་པའི་ངང་ན་འཁོར་འདས་སྒྱུ་མར་སྣང་། །སྣང་ཡང་རང་གྲོལ་ཤོར་ཐོབ་སྤང་བླང་མེད། །དུ་མ་རོ་མཉམ་ནམ་མཁའི་རྣལ་འབྱོར་བདེ། །དམིགས་གཏད་མཚན་མ་གང་ཡང་མེད་མོད་ཀྱི། །སྙིང་རྗེ་ཆེན་པོ་ཕྱོགས་དུས་མུ་མཐར་ཁྱབ། །རྩོལ་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཁམས་རྒྱ་མཚོ་སྒྲོལ་གྱུར་ཅིག །རབ་


MR27_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ས་བྱ་ཟླ་༧ཚེས་༡༣ལ་འཕྲལ་ཤར་དྷཱིས་བྲིས་དགེ།། ༈ །།ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་གནད་ཀྱི་མེ་ལོང་བཞུགས། དུས་གསུམ་རྒྱལ་བའི་ཐུགས་ལ་བཞུགས་པ་ཡི། །ཡེ་ཤེས་སེམས་དཔའ་ཀུན་བཟང་འཇམ་པའི་དབྱངས། །འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཀྱི་སྐུ། །ཐིག་ལེ་ཉག་གཅིག་དེ་ལ་ཕྱག་འཚལ་ལོ། །འདི་ན་ཟབ་དོན་ཉམས་སུ་ལེན་རྣམས་ཀྱིས། །འདུས་མ་བྱས་དབྱིངས་འབའ་ཞིག་བསྒོམ་བྱས་ནས། །འདུས་བྱས་དགེ་བ་ཁྱད་དུ་གསོད་པ་དང་། །དམིགས་བཅས་ཀུན་རྟོག་འཐས་པོའི་དགེ་རྩ་ལ། །ཞེན་ནས་དམིགས་མེད་ཕྱལ་བའི་དོན་བོར་ཏེ། །དེ་གཉིས་ཟུང་འཇུག་ཉམས་ལེན་མི་ཤེས་པར། །མཐའ་གཅིག་ཞེན་པའི་འཆིང་བ་ཧྲལ་ཧྲལ་པོ། །རྫོགས་ཆེན་ཟབ་དོན་མ་རྟོགས་དབང་ལས་བྱུང་། །ཡང་དག་དོན་ལ་དམིགས་སུ་མེད་ན་ཡང་། །ཇི་ལྟར་སྣང་བ་རོལ་པའི་རྒྱན་ཡིན་པས། །གཅིག་གིས་གཅིག་ལ་སྒྲིབ་པར་མི་འགྱུར་བར། །རང་བཞིན་མཉམ་རྫོགས་ངང་ན་ཅི་ཡང་བདེ། །དེ་ལྟ་མོད་ཀྱི་དང་པོའི་ལས་ཅན་གྱིས། །མཆོད་བཟླས་ཀློག་སོགས་རྣམ་རྟོག་འཕེལ་བའི་རྒྱུན། །རེ་ཞིག་བཞག་ནས་གཉུག་མར་ངལ་བསོས་ཏེ། །རང་བབ་རང་དྭང་གོམས་པ་ཆགས་པར་འབད། །དེ་ཕྱིར་ཀློག་དང་མཆོད་སོགས་བཞག་ནས་སུ། །ཟབ་དོན་མན་ངག་བསྒོམ་པར་རྒྱུད་ལས་གསུངས། །གཉུག་མ་ཁད་ཡངས་རིག་


MR27_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདངས་ཐོན་ཚེ། །ཆུ་ཟླ་བཞིན་དུ་སྣང་བས་དེ་མི་འགོག །དེ་ཚེ་གང་སྣང་རོལ་པའི་རྒྱན་ཉིད་དུ། །དགེ་ཚོགས་རྒྱ་མཚོ་ཆེད་འབད་མེད་པར་རྫོགས། །དེ་ཕྱིར་མཆོད་ཀློག་ལ་སོགས་ཅི་བརྩོན་ཀྱང་། །ཟབ་དོན་བསྒོམ་པའི་གནད་ལ་ཇེ་ཕན་འབྱུང་། །གང་སྣང་བཟང་ངན་བླང་དོར་མེད་པར་ནི། །ཆོས་ཉིད་རོལ་པའི་རྒྱན་ལ་ཁྱད་མེད་ཀྱང་། །མ་དག་འཁྲུལ་པ་ལས་བྱུང་སྡིག་སྡུག་གི། །མུན་པ་ཞེས་བྱ་བཙལ་ཀྱང་རྙེད་པར་དཀའ། །མ་འཁྲུལ་རིག་པའི་ངང་ནས་འགག་མེད་རྒྱན། །གང་སྣང་ཅི་སྤྱོད་བདེ་དང་དགེ་བའི་ལམ། །འདི་ནི་འབད་པ་མེད་པར་ངང་གིས་འབྱུང་། །བརྩོན་པ་མེ་ལྟར་འབར་ཀྱང་བསྒོམ་པ་འཕེལ། །བསྒོམ་པ་རི་ལྟར་བརྟན་ཀྱང་བརྩོན་རྒྱུན་འཕེལ། །གཉིས་ཀ་དོན་གཅིག་གནད་ལ་མཐུན་འཇུག་པ། །འདི་འདྲ་རྫོགས་ཆེན་ལམ་གྱི་ལག་རྗེས་ཡིན། །ནམ་ཞིག་འཁོར་འདས་ཆོས་ཀུན་རང་རིག་གི། །ངང་དུ་འུབ་ཆུབ་གདིང་ཆེན་ཐོབ་པ་ན། །ཕྱི་ཚུལ་མེ་ཏོག་གཅིག་ཀྱང་མ་བཤམས་མོད། །སྣང་སྲིད་ཡེ་རྫོགས་མཆོད་པ་ལྷུན་གྱིས་གྲུབ། །དེ་བཞིན་བསྐྱེད་བཟླས་ཕྱག་རྒྱ་ཕྲིན་ལས་སོགས། །མ་བཙལ་ཡེ་རྫོགས་མཉམ་པའི་རྒྱལ་པོ་ཡི། །གདིང་ཆེན་ཐོབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །གང་ཟག་ཕལ་པའི་ལྟར་སྣང་ཡུལ་ལས་འདས། །གལ་ཏེ་དེ་འདྲའི་ཚད་དུ་མ་ཕྱིན་པའི། །རྣལ་འབྱོར་ལམ་ལ་སློབ་པའི་སྐྱེས་


MR27_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྣམས། །སྤྲོས་བཅས་སྤྲོས་མེད་བསྐྱེད་རྫོགས་ཚོགས་གཉིས་ལམ། །རེས་འཇོག་ཚུལ་གྱིས་བསྒོམ་པར་བྱེད་རྣམས་ཀྱིས། །དམིགས་བཅས་ལམ་ལ་འབད་པ་བརྟེན་ན་ཡང་། །གཤིས་ལ་བྱར་མེད་རང་གྲོལ་དོན་ཤེས་པའི། །ངེས་ཤེས་ངང་ནས་དགེ་བའི་བརྩོན་པ་རྣམས། །མི་འདོར་རང་ནུས་བསྒྲིམ་སྟེ་འཇུག་པར་བྱ། །མཉམ་པའི་རྒྱལ་པོའི་དོན་ལ་རྩེ་གཅིག་ཏུ། །བསྒོམ་པའི་དུས་གང་སྣང་ཅོག་བཞག་གིས། །དབྱིངས་ལ་མི་སྒྲིབ་རོལ་པའི་རྒྱན་ཤེས་ནས། །མི་དགག་མི་སྒྲུབ་རང་སར་རང་བཞག་བྱ། །དེ་ཕྱིར་བདེན་གཉིས་དབྱེར་མེད་གཞི་ཡི་དོན། །རིག་པའི་རྣལ་འབྱོར་འདི་ཡི་རང་ཉམས་དང་། །བསྟུན་ཏེ་རེས་འཇོག་ཚུལ་གྱིས་ཚོགས་གཉིས་ལ། །བསླབ་ཀྱང་འགལ་བ་མེད་པའི་གནད་ཤེས་བྱ། །བདེན་པ་གཉིས་ཀྱིས་བསྡུས་པའི་ལམ་ཇི་སྙེད། །མི་འགལ་ཡོངས་རྫོགས་མངོན་པར་འུབ་ཆུབ་པའི། །ཇི་ལྟར་བྱས་ཀྱང་གུ་ཡངས་བློ་བདེ་བའི། །རྫོགས་ཆེན་ནམ་མཁའི་ལམ་ཡངས་ཐེག་པའི་མཆོག །ཅེས་འདི་ལ་གཞི་བྱས། འདུས་བྱས་ཀྱི་དགེ་རྩ་ཁྱད་དུ་མི་གསོད་པ་དང་། གཞི་བདེན་གཉིས། ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས་ཟུང་འཇུག་གི་ཚུལ་ལེགས་པར་བཤད་པ། རྫོགས་ཆེན་སྐོར་ཁ་བསྐང་དགོས་སོ། །མངྒ་ལཾ། རབ་ཚེས་མེ་རྟ་ཟླ་༡ཚེས་༡༥སྲོད་སྒྲོན་འོད་ལ་བྲིས་པ་དགེ།། ༈ །།རྫོགས་ཆེན་ལམ་ལ་


MR27_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་གདམས་པ་བཞུགས་སོ། །འཇམ་དཔལ་གཞོན་ནུའི་ཞབས་ལ་ཕྱག་བགྱིས་ནས། །གནད་ཀྱི་གལ་མདོ་ངེས་པའི་གཏམ་ཞིག་བརྗོད། །ཆོས་ལམ་ཞུགས་ནས་ཆོས་ཀྱི་བྱ་བ་ལ། །འབད་པ་བྱེད་པའི་རྣལ་འབྱོར་ཕོ་མོ་གསོན། །ལུས་སེམས་མི་རྟག་ལ་ཁའི་ན་བུན་འདྲ། །འཇིགས་ཆེན་འཆི་བ་ནམ་འབྱུང་ཆ་མེད་དེར། །ཕན་པའི་ཉེར་བསྡོགས་བྱ་བ་མང་མོད་ཀྱི། །རང་སེམས་འོད་གསལ་གོམས་ལས་མཆོག་གཞན་མེད། །སེམས་ཉིད་རིག་སྟོང་གཉུག་མ་རྒྱ་ཡན་བབ། །ཐག་ཆོད་གནད་འདི་གསང་སྔགས་ལམ་ཀུན་གྱི། །སྐྱེལ་སོ་མཐར་ཐུག་རྣལ་འབྱོར་དགོངས་པའི་མཐིལ། །ཡང་དག་ཉམས་ལེན་བྱེད་ན་འདི་བཞིན་གྱིས། །རང་རིག་གཉུག་མའི་བབ་ལ་གནས་བཞིན་དུ། །མངོན་སུམ་འོད་གསལ་རང་གནད་གོམས་བྱས་ན། །སྐྱེ་ཤི་བར་དོའི་འཕྲང་ཆེན་གཅིག་ཅར་ཆོད། །འཆི་བའི་གྲབ་མ་བྱེད་ན་འདི་སྒོམས་ཤིག །ཞག་བདུན་བསྒོམ་ཀྱང་ལས་རླུང་འཁྲུལ་འཁོར་ལྟོད། །ལོ་ཟླར་མཐུད་ན་མི་འགྱུར་གཏན་སྲིད་ཟིན། །ལྷ་སྔགས་ཚོགས་གཉིད་ཀུན་ཀྱང་ངང་གིས་རྫོགས། །འདི་ཤེས་ལམ་གཞན་འབད་པ་དེས་ཅི་བྱ། །སྣང་སེམས་གཞི་ཡི་རྩལ་དུ་ལམ་སློང་ན། །སྲིད་གསུམ་འཇིགས་པ་མཐའ་དག་དེ་ཡིས་ཆོམས། །རྨི་ལམ་དགྲ་ལས་གཡུལ་འགྱེད་གྲབ་མས་ཅི། །རང་སྣང་འཇིགས་པ་སེལ་བའི་ཐབས་གཞན་དམན། །རྒྱུ་འབྲས་རྟེན་འབྲེལ་ཆོས་འདི་མི་བསླུ་


MR27_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །རྟེན་འབྱུང་སྣ་ཚོགས་བྱེད་པོ་སེམས་ཉིད་ཡིན། །སེམས་ཀྱི་རྒྱལ་པོ་རང་སར་རང་གྲོལ་ན། །བྱ་བྱེད་གཞན་ལ་རེ་ལྟོས་ཅི་ཞིག་དགོས། །གང་གི་ཡང་དག་ཆོས་ཀྱི་དོན་རྟོགས་ཚེ། །ཐེག་པའི་རྣམ་གྲངས་རྒྱ་མཚོའི་གྲུབ་མཐའ་ཀུན། །མཁྱེན་པའི་བློ་དང་གཞན་ཕན་བརྩེ་བའི་ཤུགས། །རྩོལ་བ་མེད་པར་ལྷུན་གྱི་གྲུབ་པར་འགྱུར། །ལམ་འདིས་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འབད་མེད་འགྲུབ་པ་རྒྱལ་པོ་ཆེ་བཞིན་ཏེ། །འབད་པ་བརྒྱ་ཕྲག་བརྟེན་པའི་ལམ་གཞན་གྱི། །དེ་དག་ལག་མཐུས་བསྒྲུབ་པ་བཞིན་དུ་ཆུང་། །དེ་བས་བདེ་ཞིང་མྱུར་ལ་ཆོད་ཆེ་བའི། །ལམ་གྱི་ནང་ན་རྨད་བྱུང་མཐར་ཐུག་པ། །རྒྱལ་བ་རིག་འཛིན་བརྒྱུད་པའི་བཀའ་དྲིན་ལས། །ཉིན་མོར་བྱེད་པ་བཞིན་དུ་གསལ་མོད་ཀྱི། །ཡང་དག་ཚོགས་བསགས་ཟབ་མོའི་བློ་གྲོས་ཅན། །མཆོག་གི་སྐལ་བ་ཆེ་དང་ལྡན་གྱུར་པ། །འགའ་དང་འགའ་ཡི་སྤྱོད་ཡུལ་ཙམ་ཞིག་ལས། །སྐལ་དམན་ཕལ་ཆེར་འདི་ལས་ཕྱིར་ཕྱོགས་འགྱུར། །དེ་ལྟ་བས་ན་ལམ་གྱི་སྙིང་པོ་ཡི། །ཁྱད་པར་ཤེས་ནས་ནན་ཏན་བསྒྲུབ་པའི་འབྲས། །རང་རྒྱུད་རྨད་བྱུང་ཆོས་ཀྱི་འབྱོར་བ་ཡིས། །འབྱོར་འགྱུར་སླད་དུ་མི་འབད་བློ་ལྡན་སུ། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་རྒྱ་མཚོའི་རླབས། །མཐོང་བས་སྐྱོ་ན་རང་སེམས་གཉུག་མ་རུ། །ངལ་བསོས་དོན་གྱི་དེ་ཉིད་མཐོང་བྱོས་དང་། །བདེ་བ་ཆེན་པོས་དབུགས་ཆེན་ངེས་པར་


MR27_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན། །སྣ་ཚོགས་ཕན་དང་བདེ་བའི་དངོས་གྲུབ་སྒོ། །ཇི་སྙེད་བསྒྲུབ་པར་འདོད་བའི་སེམས་སྐྱེས་ན། །འཕྲལ་དང་ཡུན་གྱི་བདེ་བའི་དངོས་གྲུབ་ཆར། །སེམས་ཉིད་དབྱིངས་སུ་རྩོལ་མེད་འབེབས་འདིར་ཞུགས། །འཁྲུལ་སྣང་ལུ་གུ་རྒྱུད་འདིས་འགྲོ་ཀུན་བསླུས། །མ་འཁྲུལ་རང་རིག་དབྱིངས་སུ་གང་གོམས་པ། །རྣམ་གྲོལ་མཐར་ཐུག་མཆོག་གི་གོ་འཕང་རྙེད། །དེ་བས་སེམས་ཉིད་དབྱིངས་སུ་གཏན་སྲིད་ཟུངས། །མ་ཡེངས་བྱར་མེད་རིག་པའི་རང་བབ་ལ། །དྲན་པ་རྒྱུན་ཆགས་འཇུག་པ་འདི་ཙམ་གྱིས། །དགྲ་གསུམ་གསོད་དང་བདུད་བཞི་འཇོམས་པ་དང་། །འགྲོ་དྲུག་འཁོར་བའི་གཡང་ས་ལེགས་ཆོད་ཀྱང་། །རྣམ་རྟོག་བར་སྣང་སེར་བུ་ལང་ལོང་པོས། །དོན་མེད་རྨི་ལམ་ཐང་དུ་ཁྲིད་པའི་འཕྲུལ། །ཤེས་ནས་རང་དབང་རང་སོ་མ་ཟིན་པར། །འབད་པ་ཁོ་ན་གདམས་པའི་དོན་པོ་ལགས། །དེ་ལྟར་ཤེས་ནས་ལེགས་པར་སྐྱོང་མཛོད་དང་། །ཞག་དང་ཟླ་བའི་ཆ་ཡིས་ཁྱོད་འཕེལ་ལ། །ངེས་པ་དོན་གྱི་རྩ་གསུམ་དགྱེས་པའི་བྱིན། །སྙིང་ལ་ལེགས་ཞུགས་འཇིགས་མེད་བདེ་ཆེན་འཐོབ། །ཅེས་ཤིང་འབྲུག་ཟླ་༨ཚེས་༣ལ་མི་ཕམ་འཇམ་དཔལ་དགྱེས་པས་འཕྲལ་བྲིས་མངྒ་ལཾ།། ༈ །།འཇམ་དཔལ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་ཞེས་བྱ་བ་བཞུགས། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་


MR27_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི། །ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱང་ང། །བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག ༡ །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག ༢ །ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་། །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག ༣ །སྤྲོས་ཤིང་དཔྱད་པ་ཀུན་རྟོག་བསྣོན་མ་སྟེ། །བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །དམིགས་ཤིང་བསྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ། །ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག ༤ །བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་། །མ་མཐོང་ལྷག་མར་གྱུར་པ་གང་ཡང་མེད། །རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན། །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག ༥ །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སྤངས། །རིག་གདངས་ལྷུན་གྱིས་གྲུབ་པས་མེད་མཐའ་བྲལ། །གཉིས་སུ་བརྗོད་ཀྱང་རྟོག་པས་འཇུག་ཚུལ་ཙམ། །དབྱེར་མེད་བརྗོད་བྲལ་མཉམ་པའི་དོན་མཐོང་ཤོག ༦ །འདི་ན་མཛུབ་མོས་ཟླ་བ་ཇི་བཞིན་དུ། །དང་པོར་ཡིད་དཔྱོད་ཚིག་གིས་མཚོན་བྱས་ཀྱང་། །ཆོས་ཉིད་རང་བབ་ཡིད་དཔྱོད་ཡུལ་ལས་


MR27_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །རང་གིས་རང་ལ་བླན་ཏེ་མཐོང་བར་ཤོག ༧ །འདི་ལ་བསལ་བར་བྱ་བ་མ་མཐོང་ཞིང་། །བཞག་སྟེ་བསྒྲུབ་པར་བྱ་བ་མ་དམིགས་པས། །དགག་སྒྲུབ་རྩོལ་བས་མ་བསླད་ཆོས་ཉིད་ངང་། །ལྷུན་གྱིས་གནས་པའི་དོན་ལ་འཇུག་པར་ཤོག ༨ །ཤེས་བྱའི་གཞི་དང་བགྲོད་པར་བྱེད་པའི་ལམ། །ཐོབ་བྱ་འབྲས་བུའི་ཆོས་སུ་བཏགས་པ་ཡང་། །རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་འདྲ། །བྱར་མེད་དོན་ལ་ལྷུན་གྱིས་གནས་པར་ཤོག ༩ །འཁྲུལ་པ་སྒྲོ་བཏགས་མ་དག་འཁོར་བའི་ཆོས། །དེ་ལས་ལོག་པ་དག་པའི་སྣང་བ་ཡང་། །ལྟོས་ནས་བཏགས་པ་རྣམ་པར་སྤྲོས་པའི་ཆོས། །སྤྲོས་མེད་གཤིས་ལ་མི་གནས་མཐོང་གྱུར་ཅིག ༡༠ །བློ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ། །ལྟ་དང་སྒོམ་པས་བསླད་ཀྱིན་རྟོག་པས་བསྒྲིབ། །ཐ་མལ་གཤིས་སུ་སོན་ལ་ལྟ་སྒོམ་བྲལ། །རྣལ་མའི་དོན་ལ་བབ་ཀྱིས་གནས་གྱུར་ཅིག ༡༡ །གང་ལ་དམིགས་པར་བྱས་པ་ལྟ་བའི་དུག །གང་ཞིག་རྩོལ་བས་ཟིན་པ་སྒོམ་པའི་སྐྱོན། །གང་ལ་བླང་དོར་བྱ་བ་སྤྱོད་པའི་འཕྲང་། །ཟུག་རྔུ་ཀུན་བྲལ་ཆོས་ཉིད་མཐོང་བར་ཤོག ༡༢ །སྤྲོས་པའི་གཟེབ་ཏུ་མ་ཚུད་རིག་པའི་གདངས། །བློ་བྲལ་མངོན་སུམ་མཐོང་ལ་ཡིད་དཔྱོད་ཀྱི། །ཞགས་པས་མཁའ་ལ་མདུད་པ་མི་འདོར་བར། །རང་བཞག་རྣལ་མའི་དོན་ལ་མཁས་གྱུར་ཅིག ༡༣ །དེ་ཚེ་རང་རིག་གཞོན་ནུ་བུམ་པ་སྐུའི། །མཁྱེན་


MR27_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རང་འོད་གསལ་བ་འཇམ་པའི་དབྱངས། །ཤེས་རབ་རང་བྱུང་སྒྲོན་མེའི་སྣང་བ་ཡིས། །སྒྲིབ་པའི་མུན་པ་འཐིབ་པོ་འཇོམས་གྱུར་ཅིག ༡༤ །མ་བཅོས་འདུས་མ་བྱས་པའི་ཆོས་ཉིད་ལ། །བཅོས་མའི་ལམ་གྱིས་གསར་དུ་བསྒྲུབ་མེད་བས། །རྒྱུ་ལས་མ་བྱུང་མཐར་ཐུག་འབྲས་བུའི་དོན། །རང་ལ་ཡེ་ནས་གནས་པ་མཐོང་བར་ཤོག ༡༥ །ཡིད་དཔྱོད་ཚིག་གི་སྦུན་པ་འཁྲུལ་པའི་ལམ། །ཇི་ལྟར་བརྗོད་ཀྱང་རྟོག་པའི་དྲྭ་བ་སྟེ། །ལུང་ལས་མ་བྱུང་རང་གིས་རིག་བྱ་བའི། །མན་ངག་ཟབ་མོ་སྙིང་ལ་སྒོམ་པར་ཤོག ༡༦ །གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ། །གང་ལྟར་དམིགས་པ་དེ་བཞིན་ཉིད་དུ་མིན། །སེམས་ལས་མ་བྱུང་རང་བྱུང་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ་བར་ཤོག ༡༧ །རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད། །མཉམ་པ་ཉིད་གྱུར་ཐིག་ལེ་ཉག་གཅིག་ལ། །འཁོར་འདས་རེ་དོགས་ཞིག་པའི་ངང་ཚུལ་དུ། །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག ༡༨ །འདི་ལྟར་ལུས་དང་ཡུལ་དུ་སྣང་བ་ཡང་། །རབ་རིབ་བཞིན་དུ་རྟོག་པའི་དབང་གིས་སྣང་། །མི་རྟོག་ཡེ་ཤེས་ཆེན་པོའི་རང་མདངས་ཀྱིས། །ཆོས་ཟད་གདོད་མའི་དབྱིངས་སུ་སྦྱངས་གྱུར་ཅིག ༡༩ །དེ་ཚེ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་སྲིད་དུ་འགྲོ་ཀུན་གྱི། །ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར། །


MR27_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་ཤོག ༢༠ །ཅེས་པ་འདི་ནི་ཛྙཱ་ན་ཌཱ་ཀི་ནཱི་ཝཱ་ར་ཧཱིའི་རྣམ་པར་འཕྲུལ་པར་ཡོངས་སུ་གྲགས་པ་རྗེ་བཙུན་མ་བདེ་སྐྱོང་ཡེ་ཤེས་དབང་མོས་རབ་ཚེས་མེ་ཁྱི་ཟླ་༣ཚེས་༤ཀྱི་དུས་དགེ་བར་བཀྲ་ཤིས་པའི་ལྷ་རེག་དང་། ཤེལ་དཀར་ཕྲེང་བ་རིན་པོ་ཆེའི་རྒྱན་ལྡན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་བྱས་ནས། ཚེས་དེ་ཉིད་ལ་མི་ཕམ་འཇམ་དཔལ་དགྱེས་པའམ་འོད་གསལ་རྡོ་རྗེ་ཞེས་བྱ་བས་རྫོགས་པར་བྲིས་པ་སྟེ། རྫོགས་པ་ཆེན་པོའི་གྲུབ་མཐའི་རང་སྐད་ཐུན་མིན་རང་རྐང་ཚུགས་པ་གང་ཤར་དུ་སྨྲས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོ་འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག ཐོས་པ་ཙམ་གྱིས་ངེས་པར་གྲོལ་འབྱུང་ཞེས། །རྡོ་རྗེ་འཆང་གིས་བསྔགས་པ་ལམ་གྱི་མཆོག །འདི་ཚུལ་སེམས་པར་བྱེད་པ་སྨོས་ཅི་འཚལ། །ཆོས་ཉིད་བདེན་པས་མྱུར་དུ་གྲོལ་བར་འགྱུར། །རྩོལ་བཅས་ཐེག་པས་གདུལ་བར་དཀའ་བའི་ཚེ། །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ཞེས་སུ། །བསྔགས་པའི་ལུང་བཞིན་སྙིང་པོའི་བསྟན་པ་ཡིས། །འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྒྱས་གྱུར་ཅིག །ཅེས་ཀྱང་སྨྲས་སོ།། ༈ །།ཨོཾ་སྭ་སྟི། དུས་གསུམ་རྒྱལ་བ་རྒྱ་མཚོ་གཤེགས་པའི་ལམ། །བརྒྱད་གསུམ་རིག་འཛིན་རྒྱ་མཚོའི་ཐུགས་ཀྱི་བཅུད། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་སྦས་པའི་དོན། །འོད་གསལ་ཡེ་ཤེས་རྒྱ་མཚོའི་སྙིང་པོ་ནི། ༡ །བཅུ་བདུན་རྒྱུད་ཞེས་


MR27_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ཏོག་ལྟར་མཐོ། །གསང་བའི་བདག་པོ་དགའ་རབ་དཔའ་བོ་ལ། །སྟོན་པ་རྡོ་རྗེ་སེམས་དཔས་ཐུགས་མཛོད་བྱིན། །དེ་ལས་རིམ་བརྒྱུད་རྫོགས་ཆེན་སྡེ་གསུམ་ལས། ༢ །སྙིང་ཁྲག་དྭངས་མ་ལྟ་བུའི་མན་ངག་སྡེ། །ཐེག་ཀུན་མཐར་ཐུག་ལྷུན་པོའི་རྩེ་མོ་བཞིན། །གང་དེར་ཤིང་རྟའི་བཀ་སྲོལ་རྣམ་གཉིས་ཀྱི། །མན་ངག་སྙན་ནས་སྙན་དང་ཐུགས་བརྒྱུད་ནས། ༣ །དེང་དུས་ཀུན་མཁྱེན་བླ་མར་བཀའ་བབས་པ། །རྗེས་འཇུག་རྣམས་ལ་ཐུགས་བརྩེས་གདམ་པའི་གཏེར། །ཚེ་འདི་ཉིད་ལ་མངོན་སུམ་གྲོལ་བའི་ཆོས། །ཀུན་ཏུ་བཟང་པོའི་གསང་མཛོད་འདི་རྨད་བྱུང་། ༤ །ཐེག་མཆོག་རྒྱལ་པོའི་རིགས་ཅན་སྣོད་ལྡན་ལ། །ཕན་པར་འགྱུར་སྙམས་སྤར་གྱི་འཕྲུལ་ཆེན་འདི། །འོད་གསལ་སྙིང་པོའི་བསྟན་པའི་བཙས་སུ་བསྐྲུན། །དགེ་འདིས་བདག་གཞན་སྐུ་གསུམ་རང་གྲོལ་ཤོག ༥ །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།


previousཐུན་མིན་རྫོགས་ཆེན་སྐོར་གྱི་གདམས་པ་ཕྱོགས་བསྡུས་ཟབ་དོན་སྙིང་པོ་སངས་རྒྱས་ལག་སྟེར།next