Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
   
རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ།next

རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ།


MR27_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


MR27_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཆོས་སྐུ་རུ་ངོ་སྤྲོད་བླ་མ། །བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །རིག་གསང་ཆོས་ཉིད་ཀྱི་གནས་ཚུལ་བསམ་ནས། །ངོ་མཚར་དགའ་བའི་ཚིག་གསུམ་རེ་སྨྲའོ། །རིག་ཤེས་ནོར་བུ་དེ་ཡུན་རིང་སྟོར་བའི། །སེམས་ལྡན་དབུལ་ཕོང་ངས་ཅི་ཞིག་ལྟར་ཏེ། །རང་བྱུང་ལྷན་སྐྱེས་ཀྱི་ཆོས་སྐུའི་རང་ཞལ། །མཇལ་མ་མྱོང་བ་དེ་མཇལ་ལ་ཁད་སྣང་། །གང་ཤར་ཁྲེགས་ཆོད་ཀྱི་ཤེས་རབ་རལ་གྲི། །ཐད་ཀ་ཁོལ་བྱུང་གི་སེམས་ལ་བཏབ་པས། །དེ་ཡིན་འདི་མིན་གྱི་ངོས་བཟུང་བྲལ་ཙམ། །ངོ་བོ་སྐྱོང་


MR27_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དེ་ཨེ་ཡིན་སྙམ་མོ། །གཟུང་འཛིན་སྣ་ཚོགས་འདི་རིག་པའི་རང་རྩལ། །ཁམས་གསུམ་བདེ་སྡུག་འདི་རིག་པའི་རྦ་རླབས། །འཁྲུལ་མེད་རིག་པ་དེས་མ་སྐྱོབ་ལུས་པའི། །འཁྲུལ་སེམས་ཁོ་ན་རང་ཟད་པར་རེའོ། །རྣམ་པ་གཅིག་ཏུ་ན་རང་བྱུང་རིག་པ། །ཁོ་ནའི་དྲིན་གྱིས་ནི་གྲོལ་བར་རེ་སྟེ། །གཤིས་ངན་འཁྲུལ་སེམས་འདི་ཚུགས་ཐུབ་ཞིག་ན། །དུས་གསུམ་རྒྱལ་བས་ཀྱང་འདུལ་ཐབས་མི་འདུག །འགྱུར་བ་སྣ་ཚོགས་འདི་འགྱུར་མེད་རིག་པའི། །རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུ་འདུག་གོ། ཅིར་ཡང་མ་


MR27_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སེམས་ཉིད་འདི་ཀ །ཅིར་ཡང་འཆར་བ་ཡི་མངོན་སུམ་ཉམས་མྱོང་། །བཟུང་བས་ཟིན་མེད་ཀྱི་ཆུ་ནང་ཟླ་གཟུགས། །འདི་ཀ་ཙམ་ཞིག་ལ་གོ་རྒྱུ་འདུག་གོ། སྣ་ཚོགས་འགྱུ་དྲན་གྱི་སེམས་དེ་བཙལ་བས། །རྙེད་མེད་གཤིས་ལུགས་ཀྱི་བབས་སུ་ཤར་བ། །དྲི་མེད་རིག་ཁམས་ཁོ་ཡིན་པར་འདུག་པས། །འཁྲུལ་བྲལ་ཡེ་ཤེས་དེས་སྐྱོབ་པར་རེའོ། །རང་བྱུང་ཟག་མེད་ཀྱི་རིག་པའི་བཞིན་རས། །ཀུན་གཞི་དྭངས་བ་ཡི་མེ་ལོང་ངོས་ན། །ཟིན་པ་མེད་ཚུལ་གྱི་ཡོད་ཡོད་འདྲ་སྟེ། །སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས། །བརྒྱུད་གསུམ་བླ་མ་ཡི་ཞལ་ཆེམས་མཐར་ཐུག །རྡོ་རྗེ་སྙིང་པོ་ཡིས་བྱ་ཞིག་བཏང་བས། །ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །ལྷན་ཅིག་སྐྱེས་པ་ཡི་ཡེ་ཤེས་མཐོང་རེ། །ད་ལྟར་རང་རེ་ཡི་རྟོགས་ལྡན་འགའ་ཞིག །བསྒོམ་ཞེས་འཛིན་རྒྱུ་ཞིག་ཡོད་ལ་རེ་བས། །ཡོད་མིན་མེད་མིན་གྱི་ངོ་བོ་གཞི་གྲུབ། །ཨ་ཏིའི་དགོངས་དོན་ནི་ཡིན་པར་རློམས་ཀྱང་། །མཐའ་བཞི་རང་སང་གི་རྫོགས་པ་ཆེན་པོར། །ཕུང་གསུམ་ཚུགས་ཐུབ་ཅིག་ཡོད་སྐད་མི་འདུག །སྤྲོས་བྲལ་ཟང་ཐལ་གྱི་གནད་ལ་ཕིག་ན། །འདི་ཡིན་འདི་བསྒོམ་འདི་ཅི་འགྱུར་ཆ་མེད། །ཡོད་ན་ཡོད་རྒྱུ་དེ་དེ་ལྟར་བསྒོམ་མོད། །ཡོད་


MR27_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོད་ཚུལ་དེ་ནམ་ཡང་མ་མཐོང་། །མེད་ན་མེད་པ་ཞིག་ཕྱོགས་གཅིག་བསྒོམ་མོད། །མེད་པའི་ཁ་ཚོན་ནི་ནམ་ཡང་མ་ཆོད། །ཡོད་མེད་གཉིས་ཀ་ནི་ཡིན་པའི་དབྱེ་ཆོས། །སེམས་ཉིད་གཤིས་ལ་ནི་ནམ་ཡང་མི་གནས། །ཡོད་མེད་གཉིས་ཀ་ལས་བསྐལ་པའི་ཤེས་བྱ། །ཕུང་གསུམ་བདེན་གྲུབ་ཅིག་ནམ་ཡང་མ་དམིགས། །འདི་ཡིན་དེ་ཡིན་གྱི་ཡུལ་མ་རྙེད་ནས། །འདི་བསྒོམ་དེ་བསྒོམས་ཀྱི་འཛིན་སྟངས་ཞིག་མོད། །ད་དུང་ཚོལ་འདོད་ཀྱི་ངལ་དུབ་ཟད་དེ། །བག་ཡངས་བློ་བདེ་ཡི་ངང་ལ་གནས་སོ། །སྣ་ཚོགས་འགྱུ་དྲན་གྱི་རྦ་རླབས་འགག་མེད། །ཡོད་ཞིག་ཡོད་མོད་དེ་ད་ལྟའི་འདི་འདྲ། །ཧྲག་ཧྲག་རྩུབ་རྩུབ་ཅིག་ཡིན་ཚོད་མི་སྣང་། །འཁྱག་རོམས་ཆུ་བོ་ལ་ཞུ་བ་ཇི་བཞིན། །འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ་། །བྱེ་མདོ་རྣམ་རིག་དང་དབུ་མ་ཕལ་གྱིས། །རིག་ཁམས་དྲི་མེད་ཀྱི་ནོར་བུའི་གཟུགས་ལ། །ཕྱི་དོན་བདེན་གྲུབ་ཀྱི་ས་ཡི་གོང་བུ། །འཛིན་པ་བདེན་བཟུང་གི་ལྕགས་གོང་ངར་མ། །མཚན་ཉིད་ཚུགས་ཐུབ་ཀྱི་འོད་བཟང་མར་མེ། །མེད་དགག་སྟོང་རྐྱང་གི་འཇའ་ཡི་དུམ་བུ། །སྟོང་ཉིད་བདེན་ཞེན་གྱི་ནམ་མཁའི་འོད་མདངས། །བདེན་གཉིས་མངོན་ཞེན་གྱིས་ཤེལ་


MR27_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དྲི་མེད། །ཐ་སྙད་སྣ་ཚོགས་ཤིག་འདོགས་པར་བྱེད་ཀྱང་། །རིག་ཁམས་ནོར་བུ་དེ་སྟོར་ནས་འདུག་གོ། ས་དགེ་ཀར་འབྲུག་གི་མཁས་གྲུབ་མང་པོས། །གསལ་སྟོང་འཛིན་མེད་ཀྱི་གནས་ལུགས་དྭངས་མ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་བྲལ། །མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །ཡོད་མིན་མེད་མིན་གྱི་ཁས་བླང་བྲལ་སོགས། །སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོག་ཀྱང་། །ལུང་རིགས་མན་ངག་དང་མྱོང་བའི་སྟོབས་ཀྱིས། །སེམས་འདས་ཡེ་ཤེས་ཤིག་ཡིན་ན་ལེགས་ཏེ། །མཛུབ་མོ་འཛུགས་ས་དེ་ཅི་ཞིག་ཡིན་ཨང་། །ཕྱི་དོན་རྒྱང་ཆད་དུ་དགག་པ་མིན་པས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་བཞིན་སྟོང་ན་ཡང་མཁྱེན་ཆ་འཐད་པས། །རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག །སྤྲོས་དང་བྲལ་ན་ཡང་སྣང་ཚུལ་བཀྲ་བས། །ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །ཡོད་ཀྱང་བདེན་གྲུབ་ཀྱི་ཁས་ལེན་མེད་པས། །མེད་དགག་སྨྲ་བ་རྣམས་དགྱེས་དགྱེས་མཛོད་ཅིག །རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས། །སྟོང་ཉིད་རྟག་སྨྲ་ཀུན་དགྱེས་དགྱེས་མཛོད་ཅིག །བདེན་གཉིས་མི་འགལ་བར་བཟུང་ཡང་ཆོག་གིས། །བདེན་གཉིས་མངོན་ཞེན་ཀུན་


MR27_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་དགྱེས་མཛོད་ཅིག །གསལ་སྟོང་འཛིན་མེད་དེ་འདི་ལ་ཟེར་བས། །སློབ་བཤད་བརྒྱུད་འཛིན་རྣམས་དགྱེས་དགྱེས་མཛོད་ཅིག །སྤྲོས་བྲལ་ཕུ་ཐག་དེ་འདི་ནས་ཆོད་པས། །བཀའ་གདམས་གསར་མ་རྣམས་ངང་ཐུང་མ་བྱེད། །མ་བཅོས་ལྷན་སྐྱེས་དེ་འདི་ལ་ཟེར་བས། །རྟོགས་ལྡན་རྒན་པོ་རྣམས་གདར་ཤ་ཆོད་མཛོད། །ཡང་དག་རིགས་ལམ་དེ་འདི་ལ་མཛའ་བས། །བླུན་བསྒོམས་ཐོས་ཉུང་རྣམས་བཤད་ལ་མ་སྐྲག །འོན་ཀྱང་གནས་ལུགས་ལ་གོམས་པ་ཆུང་རྣམས། །ཟབ་མོའི་གནད་གསང་ཞིག་མ་རྟོགས་ཡིན་སྲིད། །ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག །ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཨ་ཏི། །ཁོ་བོས་ཇི་བཞིན་དུ་རྟོགས་པ་མིན་ཡང་། །ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ། །དད་བརྩོན་ཤེས་རབ་ཀྱིས་ཞོན་ཚུལ་མཁས་པས། །ཀུན་ཤེས་གཅིག་སྡུག་གི་འཕྲང་ལས་ཐར་ཏེ། །གཅིག་ཤེས་ཀུན་གྲོལ་གྱི་ཐང་ལ་སླེབས་སོ། །ཚོལ་དགོས་མི་འདུག་སྟེ་ཚོལ་མཁན་རང་ཡིན། །ཞེན་པས་མི་བསླུ་སྟེ་ཞེན་མེད་རང་གྲོལ། །སྣང་བ་མི་འགོག་སྟེ་གང་ཤར་གཉུག་མ། །རྟག་ཆད་མཐའ་བྲལ་གྱི་ཡོ་ལང་བསྐྱང་ངོ་། །ཡེ་ཤེས་


MR27_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ཡང་མིང་ཙམ་ཞིག་གིས། །རིག་པ་དྲིན་ཅན་དེ་ཡུན་རིང་སྟོར་བ། །འབྲལ་མེད་ལྷན་ཅིག་ཏུ་བཞུགས་པར་སྣང་གི། །བརྒྱུད་གསུམ་བླ་མ་དེ་བཀའ་དྲིན་ཆེའོ། །སེམས་ཉིད་ཆོས་སྐུ་རུ་འདུ་འབྲལ་མེད་པས། །བཀའ་དྲིན་གཟོ་ཐབས་སུ་གནས་ལུགས་བསྐྱང་ངོ་། །ཐ་སྙད་བློ་འདས་ཀྱི་རང་བྱུང་ཡེ་ཤེས། །རང་ཤར་རྩོལ་མེད་ཀྱི་མཁའ་ལ་འཕྱོ་བས། །བདེ་ཆེན་ཀུན་བཟང་གི་དགོངས་ཀློང་ཡངས་པར། །མ་རྒན་འགྲོ་བ་ཀུན་བདེ་བླག་འཁྲིད་དོ། །ཨེ་མའོ་ངོ་མཚར་རིག་པ། །ཨ་ཧོ་ཡ་དགྱེས་པའི་རང་རྩལ། །ཨ་ཛི་ཏའི་སྙིང་ལ་བསྒྱུར་ཚེ། །ཨ་ལ་ལ་གསང་ཚིག་སྨྲས་སོ། །ཞེས་པ་རིག་པ་ངོ་ཤེས་ཀྱི་གླུ་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་འདིའང་ཁྱབ་བདག་འཇམ་པའི་དབྱངས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་ལྕང་སྐྱའི་ལྟ་མགུར་གྱི་ཚིག་རིས་དང་ཅི་ནས་མཚུངས་པའི་རྙིང་མའི་ལྟ་མགུར་ཞིག་བྲིས་ཞེས་པའི་བཀའ་ལུང་སྤྱི་བོར་མཆོད་དེ་ཐེག་པ་མཆོག་ལ་ལྷག་པར་མོས་པའི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བས་རྫོང་སར་བཀྲ་ཤིས་ལྷ་རྩེར་སྦྱར་བ་མངྒ་ལཾ།། ༈ །།བླ་མ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །འདིར་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་དང་བདེ་གཤེགས་སྙིང་པོ་ལ་སོགས་པའི་མཚན་གྱི་རྣམ་གྲངས་དང་རྣམ་པར་བཞག་པ་དུ་མས་མདོ་སྡེ་


MR27_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་རྣམས་ལས་གསུངས་ཤིང་། ངེས་དོན་སྔགས་ཀྱི་ཐེག་པ་ཆེན་པོར་ནི་ཆོས་ཉིད་རྣལ་མ་ལ་རེག་པའི་ཐབས་ཀྱི་མན་ངག་ཟབ་མོ་རྣམས་བསྟན་ཅིང་། གཏན་ལ་དབབ་བྱའི་དོན་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའམ། ལྷན་ཅིག་སྐྱེས་པ། རང་བྱུང་གཞིར་གནས་ཀྱི་ཡེ་ཤེས། གཉུག་མ་སེམས་ཀྱི་རྡོ་རྗེ། བདེ་བ་ཆེན་པོ། ཀ་དག་ལྷུན་གྲུབ་རིག་སྟོང་ཐིག་ལེ་ཉག་གཅིག་ལ་སོགས་པའི་མཚན་གྱིས་བསྟན་པ་མཚོན་བྱ་དོན་གྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ནི་ཕར་ཕྱིན་ཐེག་པ་དང་། སྔགས་བླ་མེད་ཀྱི་ལམ་གང་ལ་བརྟེན་ནས་གཏན་ལ་ཕབས་ཀྱང་། མཐར་ཐུག་གི་ངོ་བོ་རྗེན་པ་ནི་རང་བྱུང་བསལ་བཞག་མེད་པའི་ཚུལ་གྱིས་ཁོང་དུ་ཆུད་པ་ལས་རྟོགས་ཐབས་གཞན་མེད་པས་ན། དཔལ་ལྡན་བླ་མ་རྣམས་ཀྱི་དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོས་ནས་རིག་པ་རྩལ་གྱི་དབང་ཐོབ་པ་ལས། རང་གི་སེམས་ཀྱི་ཆོས་ཉིད་རིག་སྟོང་ཟང་ཀ་མ་ཡེ་ནས་བཅོས་བསྒྱུར་སྤང་བླང་བྱ་རྩོལ་ལས་འདས་པ་འདི་ཉིད་ཐད་ཀར་རང་བབས་སུ་བཞག་པའི་གཤིས་ལུགས་ལ་ཁོ་ཐག་ཆོད་པ་དེ་ག་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཤིས་རྫོགས་པ་ཆེན་པོ་ཡིན་ནོ། །དེའི་ངང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་འུབ་ཆུབ་


MR27_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ནས་གྲོལ་འཁྲུལ་སྤང་བླང་ལས་འདས་ཀྱང་། དེ་ལྟར་མ་རྟོགས་པར་གཟུང་འཛིན་སེམས་ཀྱི་དབང་གིས་དོན་ལ་མེད་བཞིན། རང་ངོར་སྣང་བའི་འཁྲུལ་སྣང་འགྲོ་བ་དྲུག་གི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ལུ་གུ་རྒྱུད་དུ་འཁོར་བ་ཡིན་པས་ན། ཆོས་ཉིད་ཡེ་ནས་ཡོད་པས་མི་ཕན་དེ་ལྟར་ཤེས་དགོས། གོ་མྱོང་གིས་ཤེས་པ་ཙམ་གྱིས་མི་ཕན། ཡང་ནས་ཡང་དུ་གཤིས་བྱར་མེད་ཀྱི་ངང་དུ་གོམས་དགོས། གོམས་པ་ཙམ་གྱིས་མི་ཕན་ཏེ་གཤིས་ཐོག་ཏུ་ཕེབས་དགོས། གཤིས་ཀྱི་གནས་ལུགས་དེའི་སྟེང་དུ་སྒོམ་པས་ཕེབས་ན། སྒོམ་པའི་འཕྲང་ལས་ལྟ་བའི་རྫོང་ཟིན་པ་ཡིན་ཏེ། དེའི་ཚེ་གང་ཟག་རང་གི་རྒྱུད་ལ་བརྟག་ན་འབྲས་བུ་སྡུག་བསྔལ་དང་། རྒྱུ་ཉོན་མོངས་རྣམས་ཀྱིས་མི་གནོད་པར་མངོན་སུམ་མཐོང་དུས་རང་རྒྱུད་གྲོལ་བ་ཞེས་བྱ་བ་ཡིན་པས། ད་ལྟ་ན་ཚ་རྐྱེན་ངན་ཚིག་རྩུབ་ཙམ་དང་། ཆགས་སྡང་ཕྲ་མོ་ཡང་མ་ཞི་བཞིན་དུ་ཐམས་ཅད་བླང་དོར་མེད་ཅེས་གཤིས་ཀྱི་གོ་ཡུལ་ཙམ་ལ་གདིང་འཆའ་བ་དང་། གཤིས་མཉམ་པ་ཉིད་བླང་དོར་མེད་པའི་དོན་མ་ཤེས་པར་ཟབ་མོའི་དོན་ལ་མཐོ་མཐོ་ཟབ་ཟབ་མོས་མི་ཕན་སྙམ་དུ་བསམ་པར་མི་བྱ་བར། ངེས་དོན་གྱི་གནས་ཟབ་མོ་ལ་ཐེ་ཚོམ་བྲལ་བའི་ངེས་པ་བསྐྱེད་པར་བྱ། དེ་གོ་བ་ཙམ་གྱིས་


MR27_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་སོགས་ཕྲལ་ལ་མ་ལོག་ཀྱང་། གཤིས་དོན་མ་གོམས་པ་རང་གི་ཉེས་པར་བལྟས་ལ་ཅི་ནས་བཟོ་བཅོས་བསལ་བཞག་མེད་པར་རིག་པའི་ངང་བསྐྱང་བས་རིག་འཛིན་གྱི་གྲུབ་མཐའ་བསྙག་པར་བྱའོ། །བླ་མ་དཔལ་ལྡན་མཆོག་གི་གསུང་བསྐུལ་བཞིན། །ཟབ་དོན་རྩོལ་མེད་སྒོམ་པའི་རྣལ་འབྱོར་གནད། །རིག་འཛིན་གོང་མ་རྣམས་ཀྱི་མན་ངག་བཞིན། །དུག་ལྔའི་མེ་འབར་མི་ཕམ་ཞེས་པས་བྲིས། །ནམ་མཁའི་སྙིང་པོའི་མདོ་སྡེའི་ལུང་འབོགས་པ། །གང་གི་སྐབས་སུ་གྲུབ་པར་གྱུར་པ་འདིས། །ཐེག་མཆོག་ལམ་གྱི་སྣང་བ་རབ་གསལ་ནས། །མཁའ་ཁྱབ་འགྲོ་ཀུན་གདོད་མའི་སར་ཕྱིན་ཤོག །ལྕགས་སྟག་ཟླ་༥ཚེས་༡༠ལའོ། མངྒ་ལཾ།། ༈ །།རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་མུན་སེལ་སྒྲོན་མེ་བཞུགས་སོ། །བླ་མ་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོས་བསམ་སྦྱོང་བ་རྒྱ་ཆེན་མི་དགོས་པར། །མན་ངག་ལུགས་ཀྱིས་སེམས་ངོ་སྐྱོང་བ་ཡི། །གྲོང་སྔགས་ཕལ་མོ་ཆེ་ཞིག་ཚེགས་ཆུང་ངུས། །རིག་འཛིན་ས་ལ་གཤེགས་ཏེ་ལམ་ཟབ་མཐུ། །དེ་ཡང་རང་གི་སེམས་འདི་རང་བབས་སུ་ཅི་ཡང་མི་བསམ་པར་བཞག་ནས་དེ་ཡི་ངང་དུ་དྲན་པའི་རྒྱུན་བསྐྱང་བ་དེ་ཡི་ཚེ། བཏང་སྙོམས་


MR27_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་བསྟན་གྱི་ཤེས་པ་མུན་ནེ་ཐོམ་མེ་བ་ཞིག་འབྱུང་། དེ་ལ་འདི་ཤེས་དེ་ཤེས་ཀྱི་ལྷག་མཐོང་གང་ཡང་མ་སྐྱེས་པའི་ཚེ་ན། དེའི་ཆ་ནས་བླ་མ་དག་མ་རིག་པར་མིང་འདོགས་པར་འདུག དེ་ལ་འདི་འདྲ་འདི་ཡིན་གྱི་ངེས་བཟུང་སྨྲ་མ་ཤེས་པའི་ཆ་ནས་ལུང་མ་བསྟན་ཞེས་མིང་བཏགས། ཅི་ལ་གནས་དང་ཅི་བསམ་པ་སྨྲར་མེད་པས་ཐ་མལ་བཏང་སྙོམས་ཞེས་བཏགས་ཏེ། ཡིན་ནི་ཀུན་གཞིའི་ངང་དུ་ཐ་མལ་རང་གར་བསྡད་པ་ཡིན། བཞག་ཐབས་དེ་འདྲ་བ་ལ་བརྟེན་ནས་མི་རྟོག་ཡེ་ཤེས་བསྐྱེད་དགོས་ཀྱང་། རང་ངོ་རིག་པའི་ཡེ་ཤེས་མ་ཤར་བ་དེ་འདྲ་སྒོམ་གྱི་དངོས་གཞི་མ་ཡིན་ཏེ། ཀུན་སྨོན་ལས། ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔ ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཅི་ཡང་མ་དྲན་མ་འགྱུས་པའི་ཤེས་པ་ཐོམ་མེ་བ་དེ་འདྲ་སེམས་ཀྱིས་མྱོང་བས་ན། དེ་འདྲའི་དོན་ཤེས་མཁན་དང་མི་བསམ་པར་འདུག་མཁན་ཁོ་རང་ལ་བབ་ཀྱིས་བལྟས་པས། འགྱུ་དྲན་བྲལ་བའི་རིག་པ་ཕྱི་ནང་མེད་པར་ཟང་ཐལ་ལེ་བ་ནམ་མཁའ་དྭངས་པ་ལྟ་བུ། མྱང་བྱ་མྱོང་བྱེད་གཉིས་མེད་ཀྱང་རང་གི་རང་བཞིན་རང་གིས་ཁོ་ཐག་ཆོད་ནས་འདི་ལས་གཞན་ཅི་ཡང་མི་འདུག་སྙམ་པ་བྱུང་ན། དེ་ལ་བསམ་བརྗོད་ཀྱིས་འདི་འདྲ་ཞེས་སྨྲར་མེད་པས་མཐའ་


MR27_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དང་བརྗོད་བྲལ་དང་གཉུག་མའི་འོད་གསལ་དང་། རིག་པ་ཞེས་བཏགས་ཆོག་སྟེ། རང་ངོ་འཕྲོད་པའི་ཡེ་ཤེས་ཤར་བས་དམུ་ཐོམ་མེ་བའི་མུན་པ་དངས་ཏེ་ནམ་ལངས་བས་ཁྱིམ་ནང་མཐོང་བ་ལྟར་རང་གི་སེམས་ཀྱི་ཆོས་ཉིད་ལ་ངེས་ཤེས་སྐྱེས་པས་སོ། །འདི་ལ་མ་རིག་སྒོ་ངའི་སྦུབ་འབྱེད་པའི་མན་ངག་ཅེས་བྱའོ། །དེ་ལྟར་རྟོགས་ཚེ་ཆོས་ཉིད་དེ་ལྟ་བུ་ནི་རང་བཞིན་བབ་ཀྱིས་ཡེ་ནས་གནས་པས་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་། དུས་གསུམ་འཕོ་འགྱུར་མེད་པ་ཡིན་པར་ཤེས་ཤིང་། དེ་ལས་གཞན་དུ་གྱུར་པའི་སེམས་ཞེས་བྱ་བ་རྡུལ་ཙམ་ཡང་ཡོད་པར་མི་དམིགས་སོ། །སྔ་མ་མུན་ཐོམ་མེ་བ་དེ་ལ་བརྗོད་དུ་མེད་ཀྱང་། ཅི་ཡང་བརྗོད་མ་ཤེས་པས་ཁོ་ཐག་མ་ཆོད་པ་ཡིན་ལ། རིག་ངོ་ལ་བརྗོད་དུ་མེད་ཀྱང་བརྗོད་མེད་ཀྱི་དོན་ལ་ཐེ་ཚོམ་མེད་པའི་ཁོ་ཐག་ཆོད་པས། མིག་མེད་དང་མིག་ལྡན་ལྟར་འདི་གཉིས་ཀྱི་བརྗོད་དུ་མེད་ཚུལ་ཁྱད་ཆེ་བས། ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ཡང་འདིར་གནད་འདུས་སོ། །དེས་ན་ཐ་མལ་གྱི་ཤེས་པ་ཞེས་པ་དང་། ཡིད་ལ་མི་བྱེད་པ་དང་། བརྗོད་བྲལ་སོགས་ལ་ཡང་དག་ཡིན་མིན་གཉིས་ཡོད་པས་སྒྲ་མཐུན་དོན་འཕགས་ཀྱི་གནད་ངེས་པར་བྱས་ན་ཟབ་མོའི་ཆོས་ཀྱི་དགོངས་ཉམས་རྙེད་


MR27_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །སེམས་ངོའི་ངང་དུ་རང་བབ་བཞག་ཚེ་ཁ་ཅིག་གིས་གསལ་ཙམ་རིག་ཙམ་སྐྱོང་རྒྱུར་བྱས་ཏེ་ཡིད་ཤེས་ཀྱིས་གསལ་ལོ་སྙམ་པའི་ངང་དུ་འཇོག ཁ་ཅིག་གིས་སྟོང་ཆམ་མེ་བ་ཤེས་པ་སྟོང་སོང་བ་ལྟ་བུ་ལ་སེམས་འཛིན་ཀྱང་། འདི་གཉིས་ཀ་ཡིད་ཤེས་ཀྱི་ཆ་གཟུང་འཛིན་གྱི་ཉམས་ལ་ཞེན་པ་ཙམ་ཡིན་པས། དེའི་ཚེ་གསལ་བ་དང་གསལ་བར་འཛིན་མཁན། སྟོང་པ་དང་སྟོང་པར་འཛིན་མཁན་གྱི་ཤེས་པ་དྲན་འཛིན་གྱི་རྒྱུད་བྲེང་ངེ་བ་དེའི་བབ་ལ་བལྟས་པས། གཟུང་འཛིན་དུ་ཞེན་པའི་རྣམ་ཤེས་ཀྱི་རྟེན་ཕུར་ཕྱུང་སྟེ་རྗེན་ནེ་ཡེ་རེ་བ་གསལ་སྟོང་མཐའ་དབུས་དང་བྲལ་བའི་རང་བབ་ཁོ་ཐག་ཆོད་དེ་དྭངས་སེང་ངེ་བ་བྱུང་ན་དེ་ལ་རིག་ངོ་ཞེས་མིང་འདོགས་ཏེ། འཛིན་པ་ཅན་གྱི་ཉམས་ཀྱི་ཤུན་པ་དང་བྲལ་བའི་རིག་པ་ཡེ་ཤེས་རྗེན་པར་ཤར་བ་ཡིན་ནོ། །འདི་ལ་སྲིད་པའི་དྲྭ་བ་གཅོད་པའི་མན་ངག་ཅེས་བྱའོ། །དེ་བཞིན་དུ་ཡིད་དཔྱོད་ཉམས་ཀྱི་སྦུན་པ་སྣ་ཚོགས་དང་བྲལ་བའི་རིག་པ་འབྲས་སྣེའུ་ལྟ་བུ་ཆོས་ཉིད་ཀྱི་རང་བབ་རང་གསལ་གྱི་སྒོ་ནས་ངོས་ཟིན་པར་བྱའོ། །རིག་པའི་བབ་ངོ་ཤེས་པ་ཙམ་གྱིས་མི་ཆོག་པར་དེ་གའི་ངང་དུ་གོམས་པའི་གནས་ཆ་བརྟན་དགོས་པས། ཤེས་པ་རང་བབ་བཞག་པའི་དྲན་རྒྱུན་མ་ཡེངས་པར་སྐྱོང་བ་གལ་ཆེ།


MR27_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐྱོང་དུས་རེས་ཅི་ཡིན་མེད་པའི་མི་རྟོག་རྨུན་པོ། རེས་ལྷག་མཐོང་གི་དྭངས་ཆ་ཐོན་པའི་མི་རྟོག་ཟང་ཐལ། རེས་བདེ་ཉམས་ཞེན་པ་ཅན། རེས་བདེ་ཉམས་ཞེན་མེད། རེས་སྣ་ཚོགས་གསལ་ཉམས་འཛིན་པ་ཅན། རེས་དྭངས་གསལ་རྙོགས་མེད་འཛིན་བྲལ། རེས་རྩུབ་ཉམས་མི་སྡུག་པ། རེས་འཇམ་ཉམས་ཡིད་འོང་། རེས་རྣམ་རྟོག་ཆེས་འཚུབ་ཆེ་བའི་ཕྱིར་འབྲངས་ནས་སྒོམ་སྟོར་བ། རེས་འཐིབ་དྭངས་མི་ཕྱེད་པས་རྙོགས་པ་ཅན་སོགས། ཐོག་མེད་ནས་གོམས་པའི་རྣམ་རྟོག་དང་ལས་རླུང་གི་རྦ་རླབས་སྣ་ཚོགས་ངེས་པ་དང་ཚད་བཟུང་མེད་པར་འབྱུང་བ་ནི། ལམ་རིང་པོར་ཞུགས་པས་བདེ་གཟར་སྣ་ཚོགས་ཀྱི་གནས་མཐོང་བ་དང་འདྲ་བས་གང་ཤར་ཆེད་འཛིན་མེད་པར་རང་ལམ་བསྐྱང་། ལྷག་པར་མ་གོམས་པའི་དུས་ན་རྣམ་རྟོག་སྣ་ཚོགས་མེ་ལྟར་འབར་བ་གཡོ་བའི་ཉམས་ཀྱི་དུས་སུ་དེས་མ་སུན་པར་བྱས་ཏེ། སྒྲིམ་ལྷོད་རན་པོས་རྒྱུན་མ་བཏང་བར་བསྐྱང་བས་ཐོབ་པ་སོགས་ཉམས་ཕྱི་མ་དག་རིམ་བཞིན་འབྱུང་ངོ་། །འདི་དུས་སྤྱིར་རིག་པ་དང་མ་རིག་པ། ཀུན་གཞི་དང་ཆོས་སྐུ། རྣམ་ཤེས་དང་། ཡེ་ཤེས་ཀྱི་ཁྱད་པར་བླ་མའི་མན་ངག་གིས་ཉམས་མྱོང་གི་སྟེང་ནས་ངོ་འཕྲོད་པ་གདིང་དུ་བྱས་ནས། སྐྱོང་དུས་


MR27_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མ་བསྒུལ་ན་དྭངས་བ་ལྟར། རྣམ་ཤེས་རང་སར་བཞག་པས་དེའི་ཆོས་ཉིད་ཡེ་ཤེས་རང་བྱུང་དུ་གསལ་བའི་མན་ངག་གཙོ་བོར་བྱ་དགོས་ཀྱི། བདག་གི་སྒོམ་རྒྱུ་འདི་རྣམ་ཤེས་སམ་ཡེ་ཤེས་གང་ཡིན་ཞེས་སྤང་བླང་གི་དཔྱད་ར་དང་དཔེ་ཆའི་གོ་རྟོག་གི་འདུ་འཕྲོ་སྤེལ་བར་མི་བྱ་སྟེ། དེས་ཞི་ལྷག་གཉིས་ཀ་ཅུང་ཟད་སྒྲིབ་པར་འགྱུར་རོ། །རང་བབ་འཇོག་པའི་དྲན་པའི་རྒྱུན་བརྟན་པའི་ཞི་གནས་ཀྱི་གོམས་ཆ་དང་། རང་ངོ་རང་གསལ་དུ་ཤེས་པའི་ལྷག་མཐོང་རང་ཤུགས་ཀྱིས་འབྲེལ་བའི་ཚུལ་དུ་གོམས་པ་བརྟན་པོར་སོང་བ་ན། རང་བབ་ཡེ་གནས་དང་། རང་བཞིན་འོད་གསལ་གྱི་ཞི་ལྷག་ཡེ་ནས་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་དགོངས་པ་འཆར་བར་འགྱུར་རོ། །འདི་ནི་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་མན་ངག་གོ། དེ་ལྟར་ཡང་དཔལ་ས་ར་ཧས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །ཞེས་བཞག་ཐབས་དང་། བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ཞེས་རིག་པ་ངོ་སྤྲད་པའི་མན་ངག་དང་ལྡན་པར་བྱས་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གདོད་ནས་རང་གི་སེམས་དང་ལྷན་ཅིག་སྐྱེས་པ་སེམས་ཀྱི་ཆོས་ཉིད་རིག་པ་རང་བྱུང་གི་ཡེ་


MR27_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འབྱུང་སྟེ། དེ་ནི་ཆོས་ཀུན་གྱི་ཆོས་ཉིད་དང་ཐ་དད་མེད་པ་གཉུག་མ་དོན་གྱི་འོད་གསལ་ཡང་ཡིན་ནོ། །དེས་ན་རང་བབ་བཞག་པ་དང་། རང་ངོ་ཤེས་པའི་རིག་པའམ་སེམས་ཀྱི་ངོ་བོའམ་ཆོས་ཉིད་སྐྱོང་ཚུལ་འདི་གནད་བརྒྱ་གཅིག་འདུས་ཀྱི་མན་ངག་ཡིན། རྒྱུན་དུ་སྐྱོང་རྒྱུའང་དེ་ཡིན། གོམས་པའི་ཚད་ནི་མཚན་མོའི་འོད་གསལ་གྱིས་འཛིན། ཡང་དག་པའི་ལམ་ཡིན་པའི་རྟགས་ནི་དད་པ་དང་སྙིང་རྗེ་ཤེས་རབ་སོགས་རང་ཤུགས་ཀྱི་འཕེལ་བས་རྟོགས། བདེ་ཞིང་ཚེགས་ཆུང་བ་ནི་རང་གི་ཉམས་སུ་མྱོང་བས་ཤེས། ཟབ་ཅིང་མྱུར་བ་ནི་ཤིན་ཏུ་འབད་སྩོལ་ཆེན་པོས་བསྒྲུབ་པའི་ལམ་གཞན་ལ་ཞུགས་པ་རྣམས་དང་རྟོགས་ཚད་བསྟུན་པས་ངེས་པ་ཡིན་ནོ། །རང་སེམས་འོད་གསལ་བསྒོམ་པས་འབྲས་བུ་ཐོབ་རྒྱུའང་དེའི་སྟེང་གི་རྣམ་རྟོག་དང་དེའི་བག་ཆགས་ཀྱི་སྒྲིབ་པ་རང་སངས་ཚེ། མཁྱེན་གཉིས་རྩོལ་མེད་དུ་རྒྱས་ནས་གདོད་མའི་གཏན་སྲིད་ཟིན་ཏེ་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཟབ་པོ། གུ་ཧྱཿ ས་མ་ཡ༔ རབ་ཚེས་མེ་རྟ་ཟླ་༢ཚེས་༡༢ལ་ཐོས་བསམ་ལ་ཆེར་མི་བརྩོན་ཡང་སེམས་ངོའི་ཉམས་ལེན་འདོད་པའི་གྲོང་སྔགས་པ་སོགས་ཀྱི་ཆེད་དུ། རྟོགས་ལྡན་རྒན་པོ་ཕལ་གྱི་ཉམས་མྱོང་དམར་ཁྲིད་ཀྱི་ཆོས་སྐད་གོ་བདེ་དང་བསྟུན་པའི་གདམས་པ་ཟབ་མོ་མི་ཕམ་འཇམ་


MR27_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེས་བཀོད་པ་དགེའོ་མངྒ་ལཾ།། ༈ །།ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་བརྗོད་དུ་མ་མཆིས་ཀྱང་ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པར་འདོད་པའི་སྐལ་བཟང་རྣམས་ལ་རེ་ཞིག་ཚིག་གིས་མཚོན་ཏེ་བསྟན་ན། སེམས་ཀྱི་ངོ་བོ་ཞེས་བྱ་བ་ནི། རིག་པ་འདུས་མ་བྱས་པའི་རང་ངོ་རྗེན་པར་བླ་མའི་བྱིན་རླབས་ཞུགས་ཤིང་མན་ངག་གིས་ངོ་འཕྲོད་པ་ལ་བྱ་བ་ཡིན། དེའི་ངོ་བོ་ཅི་ལྟ་བུ་ཞེ་ན། ངོ་བོ་སྟོང་པ་དམིགས་སུ་མེད་པ། རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པ། ཐུགས་རྗེ་ཀུན་ཁྱབ་འགགས་པ་མེད་པ། སྐུ་གསུམ་དབྱེར་མེད་ཀྱི་རིག་པ་ཡིན་ཏེ། དེའི་ཕྱིར། ཡིན་པ་ཅིར་ཡང་མེད་པའི་རིག་པ་འདི། །རྣམ་པ་འཆར་ཚུལ་ཅིར་ཡང་མ་འགགས་པས། །ཞེས་རིག་འཛིན་དགའ་རབ་རྡོ་རྗེའི་འདས་རྗེས་ལས་གསུངས་སོ། །དེ་ཡང་ཚུར་བསྡུས་ན། སེམས་ཀྱི་ཆོས་ཉིད་ཡེ་ནས་རང་བབ་ཀྱི་ཡིན་ལུགས། གཉུག་མའི་རིག་པ་བཟོ་བཅོས་དང་བྲལ་བ་རྒྱ་ཡན་པ་འདི་ཡིན་ནོ། །འདི་ལ་དགག་ཕྱོགས་ནས་མཚོན་ཏེ་བརྗོད་ན། གཟུང་བྱར་ཡོད་པ་མིན། ཆད་པའི་མེད་པ་མིན། དེ་གཉིས་ཀ་ཚོགས་པ་མིན། གཉིས་མིན་གྱི་ཕུང་གསུམ་པའང་མིན་ཏེ། འདི་ཞེས་སྤྲོས་པ་


MR27_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིའང་ངོ་བོར་དམིགས་སུ་མེད་པའི། ཡིན་པ་ཅིར་ཡང་མེད་པའི་ལྟ་བ་ཞེས་སོ། །ཉམས་སུ་མྱོང་བའི་ངོ་བོ་སྒྲུབ་ཕྱོགས་ནས་བརྗོད་ན། སྟོང་ཧ་རེ་བ། གསལ་སལ་ལེ་བ། དྭངས་སོང་ངེ་བ། མཉམ་ཁད་དེ་བ། ཡངས་ཕྱལ་ལེ་བ། དཔེས་མཚོན་ན། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། གསལ་ལ་རྒྱ་མ་ཆད་པ་མཁའ་ལ་ཉི་མས་ཁྱབ་པ་ལྟ་བུ། ཕྱི་ནང་མེད་པ་ཤེལ་སྒོང་ལྟ་བུ། འཛིན་ཞེན་མེད་པ་བར་སྣང་གི་བྱ་རྗེས་ལྟ་བུ། སྐྱེ་འགག་མེད་པ་ནམ་མཁའ་ལྟ་བུ་སོགས་སོ། །གདམས་པ་འདི་ལ་ལོག་རྟོག་ལྡོག་པའི་སྒོ་ནས་བརྗོད་ན། རིས་སུ་མ་ཆད་པའི་གསལ་བ་ཆེན་པོ། དམིགས་སུ་མེད་པའི་སྟོང་པ་ཆེན་པོ། སོ་སོར་དབྱེ་བ་མེད་པའི་ཟུང་འཇུག་ཆེན་པོ་སོགས་སོ། །དོན་གྱི་ཚུལ་བརྗོད་ན། ཚིག་གི་མི་མཚོན་པས་བརྗོད་དུ་མེད་པ། རྣམ་ཤེས་ཀྱིས་མི་ཤེས་པས་བསམ་དུ་མེད་པ། མཐའ་ལ་མི་གནས་པས་སྤྲོས་བྲལ་ཆེན་པོ། ཐམས་ཅད་ཀུན་ཡིན། ཀུན་མིན། ཐམས་ཅད་དེའི་ངང་། དེ་ཡང་མིན་སོགས་མཐར་བརྗོད་པ་དང་བྲལ་ཏེ་སོ་སོ་རང་རིག་ལ་གནས་པའོ། །མཚོན་པའི་མིང་ནི། ཀ་དག་ལྷུན་གྲུབ། དེ་བསྡུས་ན་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག


MR27_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་ལྡན་ཆོས་ཀྱི་སྒོ་ནས་ཀུན་གྱི་རྩེར་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ། །བརྡས་བསྟན་ན། ཉི་མ། མེ་ཤེལ། ཤེལ་གང་། ནམ་མཁའ་མཛུབ་མོ་སོགས་ཀྱིས་ངོ་སྤྲད་པར་བྱའོ། །ནོར་བུ་རང་ལག་ཐོབ་པ་ལ། །གཞན་པས་འདོར་ཡང་ཁོང་ཁྲོ་ཅི། །ཆོས་ཀུན་རྩེ་མོའི་མན་ངག་ལ། །རང་སྐལ་མ་ཆད་སྐལ་བ་བཟང་། །གཞན་པ་གཤེ་ཡང་ཅི་ལ་ཁྲོ། །མི་ཕམ་པས་སོ།། ༈ །།རིག་ངོ་སྐྱོང་ཐབས་ཡེ་ཤེས་སྙིང་པོ་བཞུགས། དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །རིག་ངོ་སྐྱོང་བ་ལ། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ་རིམ་གྱིས་འོང་བས། དང་པོ་བླ་མའི་མན་ངག་གིས་རིག་པའི་རང་ཞལ་རྗེན་པ་ཡིད་དཔྱོད་དང་བྲལ་ཏེ་མཐོང་བའི་བར་དུ་ཞུན་ཐར་བཅད། ཐག་ཆོད་ནས་རང་གིས་དེའི་ངོ་བོ་སྐྱོང་བ་ཁོ་ན་གལ་ཆེ་སྟེ། ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ་རྩལ་རྫོགས་དགོས། དེ་ཡང་དང་པོར་རིག་ངོ་ཤེས་ཀྱང་དེ་ཐོག་མ་བཞག་ན་རྣམ་རྟོག་གིས་བར་བཅད་ནས་རིག་པ་རྗེན་པར་འཆར་དཀའ་འོང་སྟེ། དེ་དུས་རྣམ་རྟོག་ལ་དགག་སྒྲུབ་མེད་པར་བཞག་ནས་རིག་པ་མ་བཅོས་པའི་ངང་དུ་ཡང་ཡང་འཇོག་ཡུན་བསྲིང་བ་གལ་ཆེ། དེ་ལྟར་ཡང་ཡང་གོམས་ནས་


MR27_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་གི་རྦ་རླབས་ཤུགས་ཇེ་ཆུང་དང་རིག་ངོ་ཇེ་གསལ་སྐྱོང་བདེ་བྱུང་ན། མཉམ་བཞག་ཏུ་དེའི་ཐོག་ཏུ་ཅི་གནས་དང་། རྗེས་ཐོབ་རིག་ངོ་དྲན་པའི་དྲན་པ་བརྟེན། དེ་ལ་གོམས་ན་རིག་པའི་རྩལ་ཇེ་རྫོགས་སུ་འགྲོ་སྟེ། དང་པོར་རྣམ་རྟོག་ཤར་ཡང་དེ་འགོག་བྱེད་གཉེན་པོ་གཞན་བརྟེན་མི་དགོས་པར། རང་མལ་དུ་བཞག་པས་ཡུན་ཅིག་ན་རང་གྲོལ་བ་སྦྲུལ་གྱི་མདུད་པ་རང་གིས་རང་བཤིག་པ་ལྟ་བུ་འབྱུང་། སླར་ཡང་གོམས་པས་རྣམ་རྟོག་ཤར་བས་ཅུང་ཟད་རེ་རྙོགས་ཀྱང་དེ་མ་ཐག་རང་ཡལ་དུ་འགྲོ་བ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་འབྱུང་། དེ་རང་གོམས་པས་རྣམ་རྟོག་ཤར་བས་ཅི་ཡང་མི་གནོད་པས་ཤར་མ་ཤར་གྱི་རེ་དོགས་མེད་པ་ཁང་སྟོང་དུ་རྐུན་མ་ཕྱིན་པ་ལྟ་བུ་ཕན་གནོད་མེད་པའི་ཉམས་འཆར། དེ་ངང་གོམས་པས་རྩལ་རྫོགས་པ་མཐར་ཐུག་སྟེ་མཐར་རྣམ་རྟོག་དང་ཀུན་གཞི་འགྱུ་བྱེད་ཀྱི་རླུང་དང་བཅས་པ་མ་བཅོས་ཆོས་སྐུར་ཐིམ་ནས་རིག་པ་རང་སར་ཟིན། གསེར་གླིང་ན་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟར་སྣང་སྲིད་མ་ལུས་པ་ཆོས་སྐུའི་ཞིང་དུ་ཤར་ཏེ་དག་པ་རབ་འབྱམས་སུ་སོང་བའི་ཚེ་ན་བརྟན་པ་ཐོབ་པ་ཞེས་བྱ་སྟེ། འཁོར་འདས་དང་སྐྱེ་འཆིའི་རེ་དོགས་རྩད་ནས་ཞིག་པའོ། །དེ་ལྟར་


MR27_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་སྣང་རྣམ་རྟོག་རིག་པའི་དབང་དུ་འདུས་པའི་གོ་རིམ་བཞིན་མཚན་མོར་ཡང་གདམས་ངག་གཞན་བརྟེན་མི་དགོས་པར། རྨི་ལམ་དང་སྲབ་འཐུག་གི་འོད་གསལ་ཟིན་པ་སོགས་ཆ་མཚུངས་འོང་བ་ཤེས་པར་བྱས་ལ་ཅི་ནས་བརྟན་པ་མ་ཐོབ་བར་དུ་ཡེངས་མེད་ཀྱི་བརྩོན་པ་ཆུ་བོའི་རྒྱུན་ལྟར་མཐུད་དགོས་སོ། །མི་ཕམ་པས་གདམས་པ་དགེ་ལེགས་འཕེལ། དགེའོ།། ༈ །།ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་མན་ངག་ཨེ་རྫོང་བཞུགས། ཀུན་ཁྱབ་ཆོས་སྐུ་འགྱུར་མེད་ཨེ་ཡི་ཚུལ། །ཀ་དག་ལྷུན་གྲུབ་དབྱེར་མེད་ཐིག་ལེ་ཆེ། །ཆོས་ཀུན་དེ་ཡི་ངང་ལས་མ་གཡོས་བཞིན། །ལྷུན་གྲུབ་རོལ་པ་སྒྱུ་མའི་ཚུལ་དུ་སྣང་། །འཁོར་དང་མྱ་ངན་འདས་པའི་ཆོས་ཐམས་ཅད། །ཉག་གཅིག་དེ་ཡི་ངང་དུ་ལ་ཟླའོ། །ཨེ་ཡིག་གཅིག་གིས་སྣང་སྲིད་སྟོང་སྲོག་བཅད། །གཤིན་རྗེ་གཤེད་ཀྱི་དགོངས་དོན་དེ་ལ་རྫོགས། །དེ་ལ་ཨེ་ཡི་དོན་གསུམ་སྟེ། དབྱིབས་ཆོས་འབྱུང་ནམ་མཁའི་ངང་ན་སྣོད་བཅུད་ཀུན་སྣང་བ་ལྟར། ཆོས་ཀུན་གྱི་གནས་ལུགས་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་ལ་ཕྱོགས་རིས་དང་ང་བདག་གི་མཐའ་ལས་འདས་ཏེ། དཔེར་ན། ནམ་མཁའི་དཔེ་སྟེ། དངོས་པོ་ཐམས་ཅད་ནམ་མཁའི་ངང་དུ་ཚུད་ཀྱང་། ནམ་མཁའ་དེ་


MR27_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ཁོངས་སུ་མི་འདུས་ལ། དེར་ནམ་མཁའ་མེད་པའང་མ་ཡིན་པ་ལྟར། རིག་པ་དབྱིངས་ཡེ་གཉིས་མེད་རང་བཞིན་གྱི་དཀྱིལ་འཁོར་ནི་ནམ་མཁའ་དང་འདྲ་སྟེ་དེའི་ངང་དུ་ཀུན་སྣང་ངོ་། །ཇི་ལྟར་ན་ཡུལ་དུ་སྣང་བ་བེམ་པོ་རྣམས་དང་། ཡུལ་ཅན་དུ་སྣང་བ་ཤེས་པ་རྣམས་དང་། འདུས་མ་བྱས་སུ་སྣང་བ་ནམ་མཁའ་ལ་སོགས་པ་རྣམས་ཀྱང་གནས་ལུགས་ཆོས་སྐུའི་ངང་ན་སྣང་ངོ་། །དེས་ན་ཆོས་སྐུ་ནི་བེམ་པོའམ་ཤེས་པའམ་ནམ་མཁའ་ལྟ་བུ་མིན་ཏེ། དེ་ཀུན་གྱི་རང་བཞིན་དངོས་དངོས་མེད་ལས་འདས་པའོ། །དེ་ཡིད་དཔྱོད་བྲལ་བར་བཞག་པའི་གཤིས་རྒྱ་ཡན་གྱི་ངང་དུ་ངོ་འཕྲོད་ཚེ་གཉུག་མ་ལྷན་སྐྱེས་སམ་རང་རིག་ངོ་འཕྲོད་པ་ཞེས་བྱའོ།’།ཚིག་རྐང་དང་པོ་གཉིས་ཀྱི་དོན་ངོ་བོའི་བཞུགས་ཚུལ་ངོ་སྤྲོད་པའོ། །དེ་ལྟར་ཤེས་ན་ལས་རླུང་གི་ལྟ་བ་ངན་པས་མི་གཡོ་བའི་ཕྱིར་རི་བོ་ཅོག་བཞག་ཅེས་བྱའོ། །གཉིས་པ་ཨ་ཡི་གདངས་ཨེར་གྲུབ་པའི་སྒྲས་རོལ་པའི་འཆར་ཚུལ་ངོ་སྤྲད་དེ་གནས་ལུགས་བརྗོད་བྲལ་སོ་སོ་རང་གིས་རིག་བྱ་དེ་ཉིད་དུས་གསུམ་མཉམ་པ་ཉིད་དུ་གནས་པའི་ཕྱིར་བྲི་གང་འགྲོ་འོང་ཡོད་མེད་ལ་སོགས་པའི་སྤྲོས་པ་ལས་འདས་པའི་ངང་ན། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སྐྱེ་འགག་གནས་


MR27_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་སྣང་བ་ནི་རྟེན་ནས་འབྱུང་བའི་ཚུལ་གྱིས་བསླུ་བ་མེད་པར་སྣང་ཞིང་། སྣང་དུས་ཉིད་ནས་སྐྱེ་འགག་མེད་པའི་དབྱིངས་མཉམ་པ་ལས་ཅུང་ཟད་ཀྱང་གཞན་དུ་འགྱུར་བ་མེད་ཀྱང་སྣང་བ་མི་འགག་པར་དབྱིངས་ཀྱི་རོལ་པར་ཤར་བའོ། །དཔེར་ན་མིག་བཙིར་བའི་ནམ་མཁའ་ལ་སྟོང་གཟུགས་སྣང་བ་རྣམས་ནམ་མཁའ་ལས་གཞན་དུ་གྲུབ་པ་མེད་པ་ལྟར། ཡུལ་ཡུལ་ཅན་འདི་དག་བརྟག་ན་དབེན་ཡང་སྣང་བ་མི་འགག་པར་སྣང་བ་འདི་དགག་མི་དགོས་ལ་སྒྲུབ་ཏུ་མེད་པར་དབྱིངས་ཀྱི་ངང་ན་སྣང་བ་ཙམ་སྟེ་སྤང་བླང་མེད་པར་དེ་གར་བཞག་པས་ཆོག་པར་ཤེས་པ་ནི་ངོ་སྤྲོད་གཉིས་པ་སྟེ་སྣང་བ་ཅོག་བཞག་གོ། གསུམ་པ་ནི་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད། དེ་གཅིག་པུར་རྫོགས། དེ་གཅིག་པུ་ལས་མི་འདའ། དེ་ལས་གཞན་དུ་གྱུར་པ་རྡུལ་ཙམ་མེད་པར་ལ་ཟློ་བ་སྟེ། ཨེ་ནི་ཨེ་ཀ་ཞེས་གཅིག་གི་མིང་གི་དང་པོ་ཡིན་པས་བརྗོད་བྱས་མཚོན་པ་ཐག་གཅིག་ཐོག་ཏུ་བཅད་པ་སྟོན་ཏེ་ནམ་མཁའ་ལས་བརྒལ་བའི་ཞིང་ཞིག་རྙེད་དུ་མེད་པ་བཞིན་ནོ། །འདིས་ནི་རིག་པ་ཅོག་བཞག་བསྟན་ཏོ། །དེ་ལྟར་རང་གནས་ཀྱི་དོན་རང་སར་ངོ་འཕྲོད་པའི་ཚེ་བྱ་རྩོལ་དང་ཡིད་བྱེད་ཀྱི་བསྒོམ་པའི་རླབས་དང་བྲལ་བའི་སྒོམ་རང་གནས་ཀྱི་རྣལ་


MR27_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་འབྱུང་བས་རྒྱ་མཚོ་ཅོག་བཞག་བྱ་སྟེ། རྫོགས་ཆེན་ཀ་དག་གི་གནད་ཐམས་ཅད་ཨེ་གཅིག་གིས་ངང་དུ་འདུས་པར་ཤེས་པར་བྱའོ། །ཨེ་བུ། གནས་ལུགས་ངོ་བོའི་བཞུགས་ཚུལ་ངོ་འཕྲོད་པར་གྱིས་ཤིག་ཨེ། སྣང་ལུགས་རོལ་པའི་ཆོ་འཕྲུལ་རང་གྲོལ་བར་ལྟོས་ཤིག་ཨེ། ཉག་གཅིག་ཐིག་ལེ་ཡི་ཀློང་དུ་ཐག་ཆོད་པར་གྱིས་ཤིག་ཨེ། ཨེ་མ་ཧོ། རྒྱ་ཡན་བཞག་པས་གཤིས་དོན་མཐོང་ངོ་ཨེ། །རང་རིག་འོད་གསལ་རིས་མེད་ཀུན་ཏུ་ཁྱབ། །ཡེ་གདངས་ལྷུན་གྲུབ་ཟང་ཐལ་ངང་དུ་གསལ། །ངོ་བོ་ཀ་ནས་དག་ཕྱིར་འཕོ་འགྱུར་དང་། །མཚན་མའི་ཆོས་ཀྱིས་རྡུལ་ཙམ་གོས་པ་མེད། །མཁའ་དབྱིངས་དྭངས་བའི་ངོས་ནས་འཇའ་བཞིན་དུ། །ཡུལ་དང་ཚོགས་དྲུག་སྣང་བ་དེ་ངང་བཀྲ། །དེ་དག་སྣང་སྟོང་ཆུ་ཡི་ཟླ་བ་འདྲ། །དེ་ཡང་དབྱིངས་ལས་གཞན་དུ་མེད་མོད་ཀྱི། །དེ་ལས་དབྱིངས་གཞལ་ཉི་ཚེའི་རྟོག་བསླད་བཅོས། །རིག་པ་ཡེ་གདངས་འོད་གསལ་གཉུག་མ་སྟེ། །སུས་ཀྱང་བཅོས་བསྒྱུར་མེད་པར་ཆོས་ཉིད་གཤིས། །འགྱུར་བ་མེད་དོ་ཐམས་ཅད་ཀུན་ལ་ཁྱབ། །ཀུན་གྱི་རང་བཞིན་གང་ལ་དེ་མི་ལྟོས། །སེམས་ནི་དེ་ཡི་ངང་ན་རྩལ་དུ་ཤར། །འགྱུར་བཅས་ཉི་ཚེ་ང་བདག་རིས་སུ་འཛིན། །རྐྱེན་


MR27_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣང་བ་སྒྱུ་མའི་སྤྲུལ་པ་འདྲ། །གོ་བར་བྱོས་ཤིག་སེམས་ལ་ལམ་བྱེད་དང་། །རིག་པ་ལམ་བྱེད་འདྲའམ་རིགས་ཀྱི་བུ། །ནམ་མཁའ་སྨྲིག་རྒྱུ་འདྲ་བར་མ་འཛིན་ཞིག །ངང་ཉིད་ཡེ་ནས་གནས་ཀྱང་རོལ་པའི་རྩལ། །ཡུལ་དང་ཡུལ་ཅན་འགྱུར་བའི་དྲི་མས་བསླད། །གཉིས་ཆོས་ཞེན་པས་གཉིས་མེད་དོན་མི་མཐོང་། །ཆོས་ཉིད་གཤིས་ལ་གཉིས་ཆོས་ཡེ་ནས་བྲལ། །དེ་ཕྱིར་དངོས་དང་དངོས་མེད་ང་དང་གཞན། །ཡུལ་དང་ཡུལ་ཅན་དག་དང་མ་དག་སོགས། །གང་ལ་མི་གནས་གཉུག་མའི་གཤིས་དེ་ནི། །རང་བཞིན་འོད་གསལ་ཐིག་ལེ་ཉག་གཅིག་ཡིན། །ཡེ་གདངས་རང་འོད་གསལ་ཚེ་རིག་པ་ཞེས། །བཏགས་ཀྱང་ཡུལ་དང་ཡུལ་ཅན་གཉིས་སུ་མེད། །འཕོ་བའི་རླུང་དང་ཐིག་ལེའི་འགྱུར་བ་ཅན། །རིས་ཆད་སེམས་ཀྱི་དབྱིངས་ལ་སྒྲིབ་བྱས་ཤིང་། །ང་བདག་གཟུང་འཛིན་ཞེན་པས་ཀུན་ཏུ་འཁོར། །ལྷན་ཅིག་སྐྱེས་པའི་དེ་ཉིད་ཡུན་དུ་སྟོར། །ཐབས་ཀྱི་མཐུ་དང་བླ་མའི་མན་ངག་དང་། །དམ་པའི་བྱིན་རླབས་སྙིང་ལ་ཞུགས་པ་ལ། །རང་གི་དེ་ཉིད་རང་ལས་མངོན་སུམ་སྣང་། །དེ་ཚེ་རོལ་པ་ཐམས་ཅད་རང་གྲོལ་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་མ་རྙེད་པ། །དེ་སྲིད་རོལ་པ་ཀུན་ཀྱང་འཆིང་བའི་ལམ། །


MR27_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གང་རྙེད་ནས་ནི་ཀུན་ཀྱང་རོ་མཉམ་སྟེ། །འགྱུར་མེད་བདེ་བ་ཆེ་ལས་གཞན་མི་རྙེད། །ཨེ་མ་ཧོ། སེམས་ཉིད་འོད་གསལ་སྔགས་ཀྱི་དེ་ཁོ་ན། །གཤིས་ཀྱི་དོན་མཐོང་བཟོ་བཅོས་བྲལ་བར་སྐྱོང་། །ཐག་ཆོད་གདེང་ལྡན་ས་ལ་མྱུར་དུ་རིག །ཨེ་རྫོང་ཟིན་པའི་གཤིན་རྗེའི་མཁན་པོ་སྐྱིད། །ས་གླང་ཟླ་༡༢ཚེས་༤ལ་ཟིལ་གནོན་དགྱེས་པ་རྩལ་གྱིས་སོ། །དགེའོ།། ༈ །། འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་དྲིལ་བ་ཤིན་ཏུ་གཅེས་པའི་མན་ངག་བཞུགས་སོ། །དཔལ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་མན་ངག་སྡེའི་ཁྱད་ཆོས་འོད་གསལ་ཐོད་རྒལ་གྱི་ཁྲིད་རིམ་ཉམས་སུ་ལེན་པར་འདོད་པས་གནས་གཙང་ཞིང་དབེན་ལ་ཉམས་དགའ་བར་སྔོན་འགྲོའི་རིམ་པ་རྣམས་རྫོགས་ནས། དངོས་གཞིའི་རིམ་པ་ནི། དགུང་དང་འཆར་ཀ་གཉིས་ལ་ཟེར་སྟབས་བདེ་བའི་དུས་སུ་འདི་ལྟར་བསམ་སྟེ། ག་རེ་བདག་དེ་སྔ་ཕན་ཆོད་འཁོར་བར་དེ་ཙམ་འཁྱམས། ད་རེས་ནི་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པ་དང་། དེ་ལས་ཀྱང་མྱུར་བའི་མཐར་ཐུག་འོད་གསལ་རྡོ་རྗེ་རྩེ་མོའི་གསང་ལམ་ཁྱད་པར་ཅན་དང་འཕྲད་པའི་དུས་འདིར་དྲིན་ཅན་མ་རྒན་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པའི་སླད་དུ་མྱུར་


MR27_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བ་མྱུར་བར་ཚེ་འདི་ཉིད་ལ་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཆེད་དུ་འོད་གསལ་ཐོད་རྒལ་གྱི་གདམས་ངག་ཟབ་མོ་ཉམས་སུ་ལེན་པར་བགྱིད་དོ་སྙམ་པའི་སེམས་པ་དྲག་ཏུ་བསྐྱེད། དེ་ནས་དངོས་གཞི་ནམ་མཁའ་དྭངས་པར་ཉི་ཟེར་མིག་ལ་མི་གནོད་པར་ཁྲིད་ནས་བལྟས་པས་ཕྱིའི་ནམ་མཁའ་རྐྱེན་ལ་བྱས་པའི། དྭངས་གསལ་སྔོ་མཐིང་བའི་དབུས་སུ་འཇའ་ཟེར་ཁ་དོག་སྣ་ཚོགས་པའི་དབུས་ན་ཐིག་ལེ་ཟླུམ་པོ་ཀོ་མོག་ལ་རྡོ་བསྒྱུར་བ་ལྟ་བུ་ཕྱི་ནང་རིམ་པ་ཅན་དུ་མ་དང་། ཐིག་ལེ་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་འབྲེལ་ཆགས་པ་ཉིས་འཁྱོགས་སུ་འཆར་བ་འཕར་ཞིང་གཡོ་བ་མཐོང་ངོ་། །དེ་དག་ཀྱང་ཕྱི་རོལ་ན་ཡོད་པའམ། ནང་གི་དབང་པོ་འཁྲུལ་རྒྱུའི་བསླད་པའི་ལྟར་སྣང་ལྟ་བུ་མ་ཡིན་ཏེ། རང་གི་སྙིང་ཙིཏྟ་ཤ་ཡི་སྒྲོན་མེའི་དབུས་ན་གནས་ལུགས་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་དུ་བཞུགས་པའི་གདངས་རྩལ་དབང་པོས་མངོན་སུམ་དུ་མཐོང་བ་སྟེ། སྒྲོམ་གྱི་མར་མེའི་འོད་བུ་ག་ནས་ཕྱི་རོལ་ཏུ་སྣང་བ་ལྟ་བུའོ། །དེ་ཡང་ནང་གི་ཡེ་ཤེས་ཀྱི་རྩལ་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཞེས་བྱ་བ་མིག་ལ་ཟུག་པ་ལས་བརྒྱུད་དེ་མིག་རྒྱངས་ཞག་ཆུའི་སྒྲོན་མས་མཐོང་བའི་རྐྱེན་བྱས་པའོ། །དེ་ལ་སྐབས་འདིར་འོ་ན་འདི་ལྟར་སྙིང་


MR27_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནང་ན་རང་བྱུང་གི་ཡེ་ཤེས་འཇའ་དང་འོད་ཀྱི་རྣམ་པ་རྟག་བརྟན་མི་ཤིག་པའི་དངོས་པོ་ཨ་འཐས་ཀྱི་རྣམ་པར་ཡོད་པར་ཡིན་ནམ་སྙམ་ན། ཤིན་ཏུ་མི་རུང་སྟེ་མུ་སྟེགས་ཀྱི་བདག་བསྒོམས་པ་དང་ཁྱད་པར་མེད་པས་སོ། །འོ་ན་དེའི་རྩལ་དབང་པོའི་ཡུལ་དུ་ཇི་ལྟར་འཆར་སྙམ་ན་དྭངས་ཤེལ་ཕྱི་རྐྱེན་དང་མ་འཕྲད་པའི་སྐབས་སུ། འཇའ་འདི་ན་ཡོད་པ་དང་འདི་ཙམ་གྱི་ཚད་མི་དཔོག་ཀྱང་། ཉི་ཟེར་ལ་འཕྲད་ན་མངོན་སུམ་དུ་སྣང་ལ། འཇའ་དེ་ཡང་ཤེལ་གྱི་ཕྱི་ནང་གང་ལ་ཡང་མི་གསལ་འཇའ་ཡོད་པ་དང་མེད་པའི་ཤེལ་གྱི་གནས་སྐབས་ལ་ངོ་བོ་འགྱུར་བ་མེད་པ་ལྟར། རང་གི་སེམས་ཉིད་གདོད་ནས་སྟོང་པ་དངོས་པོའི་ཆོས་སུ་བདེན་པར་གྲུབ་པ་དུས་གསུམ་རྒྱལ་བས་ཀྱང་མི་གཟིགས་པའི་དབྱིངས་ལས་ལྷུན་གྲུབ་སྣང་ཆ་རོལ་པའི་གདངས་རྩལ་མི་འགགས་པ་དབང་པོས་མངོན་སུམ་དུ་མཐོང་ཡང་གཞི་དབྱིངས་ལས་ཅུང་ཟད་ཀྱང་གཡོ་བ་མེད་པ། སྣང་བ་དང་སྟོང་པ་རང་གི་ངང་གིས་ཟུང་དུ་འཇུག་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་མངོན་སུམ་གཏན་ལ་ཕེབས་པས་ཤེས་ཉམས་ཡིད་དཔྱོད་ཀྱི་གྲུབ་མཐའ་བསྣུབས་ནས། ཟུང་འཇུག་སྣང་བའི་ཡེ་ཤེས་བརྗོད་དུ་མེད་པ་ལ་ཡིད་ཆེས་ཁྱད་པར་ཐོན་པ་འདི་པའི་ལུགས་ཀྱི་རྣལ་


MR27_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པར་བགྲང་གི་གཞན་དུ་འཇའ་ཐིག་ཙམ་ཡེ་ཤེས་ཀྱི་རྩལ་ཡིན་ཡང་དེ་ལྟར་ངོ་མ་ཤེས་པ་ལ་སྣང་བ་ཙམ་གྱིས་མི་ཕན་ཏེ་བྱིས་པས་འཇའ་ཚོན་བལྟ་བ་དང་འདྲའོ། །དེས་ན་སྙིང་དབུས་མི་ཤིག་པའི་ཐིག་ལེ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མ་སྔགས་ཀྱི་རྒྱུད་སྡེ་སོ་སོ་ནས་གསུངས་པ་ཐམས་ཅད། རིག་པའི་ཡེ་ཤེས་གསལ་སྟོང་ཟུང་དུ་འཇུག་པ་དངོས་མཚན་སྤྲོས་པ་ཐམས་ཅད་ཀྱིས་གཞོམ་དུ་མེད་ཅིང་མི་ཕྱེད་པ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས་པའི་དབྱིངས་བསམ་བརྗོད་དང་བྲལ་བ་རྣལ་འབྱོར་དབང་པོ་རབ་རང་གི་རྟོགས་པར་བྱ་བ་ལ་ཟེར་གྱི་ཚུར་མཐོང་བྱིས་པའི་བློས་སྒྲ་ཐད་སོར་བརྟགས་ན། གསང་བའི་དོན་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་སྒྲོམ་དུ་ཚུད་པར་འགྱུར་རོ། །དེ་ལྟར་མཐར་ཐུག་གི་ཡེ་ཤེས་ལ་རྒྱུད་སྡེའི་དགོངས་པ་མཐུན་ཀྱང་ཡེ་ཤེས་ལ་སྦྱོར་བའི་ཐབས་ཀྱི་རིམ་པ་སྣ་ཚོགས་གདུལ་བྱའི་དབང་པོ་དང་སྐལ་བ་དང་མཚམས་པར་གསུངས་པ་ལས། རྫོགས་པ་ཆེན་པོ་འདི་ནི་གསེར་སྦྱངས་པ་ལྷད་དང་བྲལ་བ་ལྟར་ཡེ་ཤེས་ཁོ་ན་ལམ་དུ་བྱེད་པ་ཐེག་པའི་རྩེ་མོར་རིགས་པས་གྲུབ་པའོ། །དེ་ལྟ་བུའི་ལམ་ཉམས་སུ་ལེན་པ་ལ། དང་པོ་གཞི་གནས་ཟུང་འཇུག་སྤྲོས་པ་དང་བྲལ་བའི་གནད་ངོ་འཕྲོད་པའི་གང་


MR27_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གིས་རྟོགས་ལྡན་བླ་མའི་མན་ངག་སྔར་བཤད་པའི་ཕྱི་དབྱིངས་སྔོ་ཐིང་ངེ་བ་དེ། ནང་དུ་རང་སྣང་སྟོང་པ་ཉིད་ཀྱི་གདངས་མངོན་སུམ་དུ་མཐོང་བ་དག་པ་དབྱིངས་ཀྱི་སྒྲོན་མ་ཞེས་བྱ་བ་ངོ་ཤེས་པར་བྱ། འདི་ལ་འོད་ལྔའི་མུ་ཁྱུད་ཀྱི་དབུས་ན་གནས་པའི་སྔོན་པོ་དང་། ཡི་གེ་ན་རོ་ལྟ་བུ་ལ་སོགས་པ་གསུངས་ཏེ། གོམས་པ་རྣམས་ལ་འོད་ལྔའི་ཐིག་ཟླུམ་གྱི་དབུས་ན། མཐིང་ཀ་ཤིན་ཏུ་དྭངས་པ་དང་། འགའ་ཞིག་ལ་རྫི་མ་གཉིས་ཀྱིས་རྐྱེན་བྱས་པའི་མཐའ་འཇས་འཁྱུད་པའི་མཐིང་ག་ན་རོ་ལྟ་བུ་འཆར་བ་དང་། རྒྱ་ཆེ་བར་སྣང་བའི་མཐིང་ག་ཁྱབ་པ་ཆེན་པོ་རྣམས་སུ་སྣང་ཚུལ་གྱི་རྒྱུད་རྣམས་ལས་དུ་མར་གསུངས་ཡང་ངོ་བོ་གཅིག་གོ། དེ་ལ་དང་པོ་ཕྱིའི་ནམ་མཁའི་རྐྱེན་ལས་སྔོ་རིབ་ཙམ་ལས་མི་འཆར། གོམས་ནས་རིམ་པར་འོད་ལྔས་འཁྱུད་པའི་མཐིང་ཀ་ཕྱིའི་དབྱིངས་ནམ་མཁའ་གཡའ་དག་པ་ལས་ཀྱང་ཤིན་ཏུ་སྔོ་བའི་རྣམ་པ། རིག་པའི་ཐིག་ལེ་སྟོང་སྒྲོན་གྱི་གནས་རས་གཞི་ལྟ་བུ་ཡིན་ལ། དེའི་ནང་དུ་ཐིག་ལེ་ཀོ་མོག་ལ་རྡོ་བསྒྱུར་བ་ལྟ་བུ་དེ་ནི་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱའོ། །ཤེལ་དཀར་གྱི་ཕྲེང་བ་ནམ་མཁའ་ལ་བསྒྱུར་བ་ལྟ་བུ་དེ་ནི་ནང་གི་རིག་པ་ཡེ་ཤེས་ཀྱི་རྩལ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་


MR27_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ཡང་རྩ་བརྟེན་པའི་འཁྱོགས་རླུང་ལ་བརྟེན་པས་གཡོ་བ་སོགས་ཀྱི་མཚན་ཉིད་དུ་སྣང་ལ། འདི་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་ཡང་ཡིན་ནོ། །དེ་ལྟར་གསལ་བ་དེ་དག་མི་སྡོད་པར་གཡོ་ཡང་དེའི་རྗེས་སུ་མིག་མི་འབྲང་བར་ཐད་ཀར་བཞག་པས་སླར་དེ་ཀ་ཤར་འོང་བའི་དབྱིངས་ཀྱི་རྭ་བར་རིག་པའི་གཟེར་བུ་བཅུག་སྟེ། རླུང་ཁ་ནས་འབྱིན་རྔུབ་དལ་བར་བྱ་ཞིང་བརྗོད་དུ་མེད་པའི་ཉམས་སྔར་ལྟར་ཡིད་ཆེས་ཁྱད་པར་བ་དང་ལྡན་པ་དེ་ཀའི་ངང་ལ་བཞག་པས་རྣལ་འབྱོར་པ་སོ་སོ་རང་གིས་རྟོགས་པར་བྱ་བའི་སྟོང་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་མཐའ་དབུས་མེད་པར་ཤར་བ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ། དེ་ལྟར་མ་ཤར་ཀྱང་སྒྲོན་མའི་དབྱེ་བ་སོ་སོར་ངེས་ཤིང་ལྷག་མཐོང་གི་རྩལ་འདྲ་མི་འདྲ་སྣ་ཚོགས་འཆར་བ་ཡང་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ནོ། །དེ་ལྟར་གོམས་པས་ཡེ་ཤེས་ཀྱི་རྩལ་རྫོགས་ནས་མ་དག་པའི་ཟག་ཕུང་གི་དྲི་མ་ཆོས་ཀྱི་དབྱིངས་སུ་སྦྱོངས་པས་འཇམ་དཔལ་དང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་སོ། །དེ་ལ་དང་པོར་གོམས་པ་


MR27_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ་ཞིག་འཇའ་ཐིག་གི་འཕེལ་ཆ་ཇེ་བཟང་དུ་འགྲོ། རིག་པ་ཇེ་བརྟན་ལ་འགྲོ་ཞིང་དབྱིངས་རིག་སྨིན་ཕྲག་ནས་བྲལ་བ་ཞེས་ད་ལྟ་སྨིན་མའི་ཉེ་སྐོར་ལས་མི་འདའ་རྫི་མ་གང་དུ་བསྐྱོད་པའི་ལྟ་ཕྱོགས་དང་འབྲེལ་ཏེ་གཡོ་བ་ཁོ་ན་ལ་ནམ་ཞིག་དེ་ལས་འདས་ཏེ་དབྱིངས་རིག་རྒྱ་ཆེ་ཞིང་བརྟན་པས་གར་གཏད་པར་དལ་གྱིས་འདུག་པ་དང་། རྐྱེན་ཡང་དང་པོ་ཉི་མ་སྤྲིན་བྲལ་གོམས་ནས་ཟླ་འོད་དང་། མར་མེ་སོགས་ལ་བརྟེན་དུ་རུང་། བར་སྐབས་རྐྱེན་མེད་པ་དང་མ་བསྒོམ་པར་ཡང་འཆར་རོ། །རིག་པ་སྐུ་རུ་སྨིན་ནས་དང་པོ་གདན་ཙམ་ནས་མཐར་སྐུ་ཡོངས་རྫོགས་ཀྱི་བར་དུ་དང་། དེ་ནས་སྣང་ཚད་སྐུ་དང་ཡེ་ཤེས་སུ་འཆར་ཏེ། མ་བསྒོམས་ཀྱང་ངང་གིས་སངས་རྒྱས་ཏེ། ས་བརྒྱད་པ་བ་རྣམས་འབད་མེད་དུ་མྱང་འདས་སུ་འཇུག་པ་མི་ཆུས་ཁྱེར་བའི་དཔེ་ལྟར་གསུངས་པ་དང་གནད་གཅིག་གོ། མདོར་ན་ཟུང་འཇུག་གི་ཡེ་ཤེས་ལ་ཡིད་དཔྱོད་མིན་པར་མངོན་སུམ་ཡིད་ཆེས་མི་ཕྱེད་པའི་བདེན་པ་མཐོང་བའི་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྫོགས་ན། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། མདོ་ལུགས་པ་དང་པོ་དང་འདྲ་བ་ལས་ཀྱང་སངས་རྒྱས་པ་ལ་ཉེ་བ་ཡིན་ཏེ། རྨིང་ལྟ་བུ་འདི་འབྱོང་ན་གོལ་འཕྱུགས་མེད་པར་སྣང་བ་ཕྱི་མ་


MR27_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིམ་གྱིས་རྫོགས་པས་ན། འདི་མ་འབྱོང་བར་དུ་གེགས་སེལ་བོགས་འདོན་གྱི་རིམ་པ་དཔལ་ལྡན་བླ་མའི་ཞལ་ལས་ཤེས་པར་བྱའོ། །མངོན་སུམ་གྱི་ཡིད་ཆེས་ཁྱད་པར་འཕགས་པས་ཡིད་དཔྱོད་ཀྱི་ལྟ་བ་བསྣུབས་པའི་གདེང་ཁེལ་བ་ཕར་ཞོག ཟུང་འཇུག་ལ་གོ་བ་བཟང་པོ་མ་ཆགས་བཞིན་དུ་འཇའ་ཐིག་མང་པོ་ངོ་འཕྲོད་ནས་བལྟ་བ་ཙམ་ལ་ཆོས་ཉིད་མངོན་སུམ་དུ་རློམ་པ་ནི་ཁྲོན་པའི་རུ་སྦལ་གྱི་དཔེ་དང་འདྲའོ། །དེས་ན་ལམ་གནད་དུ་སོང་བའི་རྟགས་རྗེས་ཐོབ་ཏུ་འཁོར་བར་འཆིང་བའི་རྩ་བ་ཉོན་མོངས་པ་རྣམས་ལམ་གྱི་སྤང་བྱ་ཡིན་པས་དེ་དག་རང་མཚན་པ་ཆུང་ངུར་སོང་བ་དང་། ལམ་གྱི་གྲོགས་དད་པ་སྙིང་རྗེ་ཤེས་རབ་རྣམས་ཆེས་ཆེར་འཕེལ་བ་དང་། འོད་གསལ་བསྒོམ་པའི་མཉམ་བཞག་ཏུ་འཇའ་ཐིག་རྣམས་རང་སྣང་དུ་ངོ་ཤེས་ཤིང་། དེ་ཡང་ཀ་དག་ལྷུན་གྲུབ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་སུ་ངེས་ཤེས་ཁྱད་པར་ཅན་འདྲོངས་པས་འཁོར་འདས་གདར་ཤ་ནང་ནས་ཆོད་པས། ཇི་སྐད་དུ། དོན་ལ་ངེས་པའི་གདེང་ཐོབ་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་རྡོལ། །ཞེས་པ་ལྟར་རྒྱལ་བསྟན་རིན་པོ་ཆེ་ལ་ངེས་ཤེས་ཁྱད་པར་ཅན་རང་རྡོལ་ནས་འཆད་རྩོད་རྩོམ་པས་མཚོན་ཏེ། རང་གི་ཉམས་དང་མདོ་


MR27_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་དགོངས་པ་ཞུ་དག་ཕེར་ནས་རང་གི་ཡིད་ཆེས་པ་བདུད་ལས་རིང་དུ་འདས་པས་རྒྱལ་བའི་སྲས་ཀྱི་སྤྱོད་པ་བཟང་པོ་ཡར་ངོའི་ཟླ་བ་ལྟར་འཕེལ་བས་གཞན་ཡིད་ཆེས་པ་སྟེ། ཡིད་ཆེས་གཉིས་དང་ཚད་མ་གསུམ་གྱིས་གྲུབ་ཅིང་། གཞུང་ལས་སྣང་བཞིའི་རྟགས་ཇི་སྐད་བཤད་པ་ལྟར་མངོན་ན། འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་ལ་སླེབས་པ་འཇིག་རྟེན་ལྷ་དང་བཅས་པའི་ཅོད་པན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྒྱུ་འཕྲུལ་ཏེ། དེ་དག་གི་ཞབས་ཀྱི་རྡུལ་ཕྲ་རབ་ཀྱང་སྲིད་པ་གསུམ་ན་ཆེ་བའི་མཆོད་སྡོང་དུ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟར་མདོ་རྒྱུད་ཀྱི་དགོངས་པ་དང་མི་མཐུན་པར་མངོན་ཤེས་དང་རྫུ་འཕྲུལ་ཕྲན་བུ་རེ་ཐོབ་ཀྱང་ཐར་འདོད་རྣམས་ཀྱིས་དཔྱད་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པ་མཐར་སོན་པས་འཁྲུལ་སྣང་གི་རྐྱེན་ཟད་པར་སྤངས་ནས། གཡོ་བྱེད་ཀྱི་ང་ཡང་འགགས་ཏེ། ཡུལ་དང་ཡུལ་ཅན་དུ་སྣང་བ་མ་ལུས་པ་ཟད་དེ། ནང་དབྱིངས་གཞོན་ནུ་བུམ་པ་སྐུར་གཞི་ལས་འཕགས་པའི་གཞི་སྣང་ཟུང་འཇུག་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་སྟེ། ཆོས་ཉིད་ཀྱི་དབྱིངས་སུ་ཆོས་ཅན་མཐའ་དག་ཟད་པ་ལ་ཆོས་ཉིད་ཟད་པར་ཞེས་པའི་བར་གྱི་ཐ་ཚིག་མི་མངོན་པའམ།


MR27_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཟད་པ་ཞེས་རྫོགས་པ་མཐའ་དག་སྟེ། ཆོས་ཉིད་ཀྱི་དབྱིངས་འབའ་ཞིག་ཏུ་རྩལ་རྫོགས་པ་ལ་ཆོས་ཉིད་ཟད་པ་ཞེས་བྱའོ། །དེའི་ཚེ་གདོས་བཅས་ཀྱང་འོད་དུ་དེངས་ནས་ཟག་མེད་ཡེ་ཤེས་ཀྱི་སྐུ་མི་སློབ་པའི་ཟུང་འཇུག་ཆེན་པོ་བརྙེས་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། དཔག་བསམ་གྱི་ཤིང་ལྟར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ཡིན་ནོ། །རྗེས་དང་ཐུན་མཚམས་ཐམས་ཅད་དུ་ཡང་ཟུང་འཇུག་ཡེ་ཤེས་ཀྱི་རོལ་མོར་འཛོམ་པའི་ངང་ནས་དད་དང་སྙིང་རྗེ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་། བོགས་འདོན་མུན་པའི་རྣལ་འབྱོར་སོགས་པས་ལམ་མཆོག་གོལ་མེད་དུ་མཐར་དབྱུང་བའི་བརྩོན་འགྲུས་བརྩམ་པར་བྱའོ། །ཨེ་མ། གྲངས་མེད་རྒྱལ་བའི་ཆོས་ཚུལ་ཆུ་ཀླུང་འབུམ། །གཞོལ་ཞིང་འབབ་པའི་ཐེག་མཆོག་རིན་ཆེན་མཚོ། །རིག་འཛིན་ཀླུ་དབང་དུ་མས་ཉེར་བརྟེན་པ། །སྲིད་པའི་དབུལ་འཕོང་སེལ་བའི་བསྟི་གནས་ཡིན། །གང་ཞིག་ཆོས་ཚུལ་འདི་ལ་དད་པ་ཡང་། །བསྐལ་པ་བྱེ་བ་བརྒྱ་ཡི་གྲངས་སྙེད་ཀྱི། །ལེགས་བྱས་འབྲས་བཟང་སྨིན་པ་ཉིད་ཀྱི་ཕྱིར། །ཚུལ་བཞིན་སྤྱོད་པའི་བསོད་ནམས་ཇི་ལྟར་གཞལ། །དེ་ཕྱིར་འདི་དོན་ཅུང་ཟད་བརྗོད་པ་ཡང་། །ཟབ་མོའི་ཆོས་ལ་བག་ཆགས་


MR27_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཕྱིར་ཏེ། །བླ་མའི་དྲིན་གྱིས་སྤོབས་པ་འདི་སྐྱེས་པ། །མི་གཙང་འདམ་གྱི་ཁྲོད་ན་གསེར་བཟང་བཞིན། །དུས་གསུམ་རྒྱལ་བའི་དགོངས་པ་མ་ནོར་བ། །མཁའ་འགྲོའི་སྙིང་ལ་བཞག་པ་དྭངས་མའི་ཁྲག །དད་མེད་སྐལ་བ་དམན་པའི་རིགས་རྣམས་ལ། །སྙིང་གིས་ཀྱང་ནི་བསླུས་ཏེ་སྦ་བར་རིགས། །འདི་ནས་དགེ་བའི་དངོས་པོ་གང་མཆིས་པ། །དེ་ཡིས་འགྲོ་འདི་ཇི་སྲིད་འགྲོ་བ་ལ། །ཐེག་པའི་རྩེ་མོ་ཤིན་ཏུ་རྣལ་འབྱོར་གྱི། །ལམ་བཟང་མཚུངས་པ་མེད་པ་གསལ་གྱུར་ཅིག །ཅེས་དད་དམ་མི་འགྱུར་བ་ཀུན་བཟང་ནས་བླ་མའི་གསུང་རྒྱུན་གཙོར་བཟུང་བ་ཐོད་རྒལ་གྱི་ཉམས་ལེན་ཉུང་ངུར་བྲིས་ཞེས་བསྐུལ་ངོར་ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་པ་མ་ཏིས་བྲིས་པ་དགེའོ། །དགེའོ། །དགེའོ། །མངྒ་ལཾ།། ༈ །།སྦྱོར་རྫོགས་ཀྱི་གནད་ངེས་པ་གཉུག་མའི་སྒྲ་དབྱངས་བཞུགས། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། གཉུག་མ་རྡོ་རྗེའི་སྐུ་ཉིད་ལས། །སྣང་སྲིད་བརྟན་དང་གཡོ་བ་ཀུན། །མ་འདས་མི་འདའ་འདར་མེད་ཀྱང་། །ལས་རླུང་གཡོ་བའི་ཀུན་རྟོག་གིས། །འཁྲུལ་སྣང་འཁོར་བ་རྒྱུན་མི་འཆད། །དེ་ཉིད་གཞི་རུ་བཟློག་པའི་ཕྱིར། །ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱ། །མི་གཡོ་གསུམ་


MR27_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡིས། །ནམ་མཁའ་མཐིལ་དུ་ལྟ་སྟང་གཏད། །དབང་ཡུལ་འདྲེས་པའི་སེམས་བསྡུས་པས། །དབུ་མར་རླུང་བཅུ་འཇུག་པའི་རྟགས། །དུ་བ་ལ་སོགས་མངོན་དུ་སྣང་། །སོ་སོར་སྡུད་པའི་རྣལ་འབྱོར་རོ། །སྟོང་གཟུགས་དེ་ལ་དམིགས་བྱས་ཏེ། །རང་སྣང་སྟོང་པའི་གཟུགས་སུ་ཤེས། །གནས་པ་བརྟན་པའི་རྟོག་དཔྱོད་དང་། །དགའ་བདེ་སེམས་པའི་ཡན་ལག་ལྔ། །རབ་ལྡན་བསམ་གཏན་ཡན་ལག་འགྲུབ། །རང་སྣང་སྟོང་པའི་གཟུགས་ལ་ནི། །སེམས་བརྟན་པ་ཡི་རྣལ་འབྱོར་དེས། །གཡོ་བྱེད་རླུང་ལས་རྒྱལ་བའི་ཕྱིར། །རྡོ་རྗེའི་བཟླས་པས་ལམ་སྦྱང་ནས། །དབུ་མའི་ལམ་དུ་བུམ་ཅན་བཟུང་། །ནང་དུ་སྟོང་གཟུགས་མཐོང་བ་དང་། །ཇི་འདོད་བུམ་ཅན་འབྱོར་བར་བྱ། །དེ་ནི་སྲོག་རྩོལ་རྣལ་འབྱོར་རོ། །དེ་གོམས་ཉིད་ཀྱི་མཐུ་ལས་ནི། །སྲོག་ཉིད་མི་ཤེས་ཐིག་ལེ་ལ། །ཞུགས་པས་གཏུམ་མོའི་འབར་སྣང་དང་། །དེ་ཡི་སྤྱི་བོའི་ཧཾ་ཞུ་བས། །བདེ་བའི་ཡེ་ཤེས་རྒྱུན་ཆད་མེད། །བོག་འདོན་ཞུ་བདེའི་དམིགས་པ་ནི། །བྱའམ་རང་ཤུགས་འབྱུང་བའང་ཡོད། །ཐིག་ལེ་རིམ་བབ་ནོར་བུའི་རྩེར། །འཛག་མེད་འཆིང་བའི་སྟོབས་ཀྱིས་ནི། །རིམ་གྱིས་མི་འགྱུར་བདེ་བ་འདྲེན། །འོད་གསལ་རྟགས་སྣང་ཆད་


MR27_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཕེལ། །རླུང་དང་སེམས་ལ་དབང་ཆུང་ཐོབ། །འདི་ནི་འཛིན་པའི་རྣལ་འབྱོར་རོ། །བདེ་རླུང་སེམས་ལ་འཛིན་པའོ། །དེ་ནས་ཕྱག་རྒྱའི་རྐྱེན་ལ་བརྟེན། །ཞུ་བདེ་ཁྱད་པར་འཕགས་པ་བསྒྲུབ། །ཡས་བབ་དགའ་བཞི་མྱོང་བའི་མཐར། །མས་བརྟན་དགའ་བཞི་ཅི་རིགས་མྱོང་། །ཡང་ཡང་སྦྱང་བས་བདེ་བ་དང་། །རླུང་སེམས་ལས་རུང་ཇེ་ཆེར་འཕགས། །འདི་ནི་རྗེས་དྲན་རྣལ་འབྱོར་རོ། །དེ་ལྟར་རྗེས་དྲན་མཐར་ཕྱིན་ནས། །རླུང་སེམས་དབང་དུ་གྱུར་པ་དེས། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ། །མཉམ་སྦྱོར་འཛག་མེད་བདེ་ཆེན་གྱིས། །འཕོ་ཞིང་གཡོ་བའི་རླུང་ཐིག་རྣམས། །དབབ་ཅིང་འཁོར་ལོ་རྣམས་སུ་བཟུང་། །ཐ་མ་རྡོ་རྗེ་ནོར་བུའི་རྩེར། །འཕོ་མེད་ཉིད་དུ་བཅིངས་བྱས་པས། །དུ་སྦྱོར་བཅུ་གཉིས་དག་གི་ནི། །རླུང་གཅིག་དབུ་མར་གཏན་དུ་འགག །རྩི་ཡི་བཅུ་ཆད་དབུ་མར་ཐིམ། །དཀར་དམར་ཁམས་གཅིག་དེར་བརྟན་པས། །ཏིང་འཛིན་ས་ནི་དང་པོ་ཐོབ། །དེ་ནས་ལྷག་མའི་རླུང་ཁམས་རྣམས། །ཡང་ཡང་ཞུ་བདེ་སྟོང་གཟུགས་དང་། །སྦྱང་བས་འཕོ་རླུང་བཅུ་གཉིས་ཀྱི། །ཆ་གཞན་རིམ་པར་ཡོངས་འགག་ནས། །ཐ་མ་གཙུག་ཏོར་ནོར་བུའི་


MR27_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར། །བཅུ་གཉིས་ཆ་ཡི་ཐ་མ་འགག །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །སླར་མི་འབྱུང་བར་དབུ་མར་དགག །ཁམས་བརྟན་རྩ་ཀུན་དབུ་མར་ཐིམ། །འཕོ་མེད་དོན་གྱི་ལྷན་སྐྱེས་མྱོང་། །འདི་ནི་བདེན་དོན་མངོན་མཐོང་བའི། །ཐེག་ཆེན་རིག་འཛིན་སེམས་དཔའ་ཡིན། །དེ་ནས་སྒོམ་པའི་ལམ་རྣམས་ཀུན། །ནང་གི་ས་ཡིས་མྱུར་བགྲོད་ནས། །ཟུང་འཇུག་བདེ་ཆེན་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ། །འདི་འདྲའི་རྣལ་འབྱོར་ལམ་ལྡན་ལས། །དཔེ་དང་དོན་གྱི་ལྷན་སྐྱེས་རྣམས། །ཐབས་ཀྱིས་རང་ལ་མངོན་གྱུར་པ། །མཆོག་ཏུ་མི་འགྱུར་བདེ་བ་དང་། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཟུང་འཇུག་དོན་གྱི་ལྷན་སྐྱེས་ཉིད། །པྲ་ཕབ་ལྟ་བུར་མངོན་སུམ་ལ། །གཅིག་དང་དུ་བྲལ་ལ་སོགས་པའི། །རྗེས་དཔག་དཔྱད་པ་ག་ལ་དགོས། །མེ་ནི་མངོན་སུམ་གྱུར་པ་ལ། །དུ་བས་མེ་ཡོད་སྒྲུབ་པས་ཅི། །བརྒྱུད་པའི་མན་ངག་མི་ལྡན་ཅིང་། །ཉམས་མྱོང་བྲལ་བའི་རྟོག་གེ་པས། །གསང་སྔགས་ཐེག་པའི་ཐབས་ཆེན་པོས། །གཏན་ལ་ཕེབ་པའི་ཡེ་ཤེས་ཀྱི། །མངོན་སུམ་ཡུལ་ལ་རྒྱུས་མེད་པར། །དབུ་མའི་དཔྱད་པ་དགོས་ཞེས་སྨྲ། །སོར་ཆུད་ཡིད་བྱེད་སྤང་བའི་


MR27_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ། །འོད་གསལ་འདྲེན་པའི་མཆོག་ཡིན་ཀྱང་། །དེ་ནི་སུས་ཀྱང་མ་བསྟན་པའི། །དབུ་མ་དམིགས་པས་སྒོམ་དགོས་སོགས། །ལུགས་འདིའི་འོག་མའི་ཐེག་པ་པས། །དམིགས་བསྒོམ་བསྐྱེད་རིམ་ཆར་གཏོགས་རྣམས། །གོམས་པས་རྫོགས་རིམ་འདྲེན་པའི་ཕྱིར། །རྫོགས་རིམ་མིང་དུ་བཏགས་ན་ཡང་། །ལམ་འདིའི་རྫོགས་རིམ་མཚན་ཉིད་པའི། །ཕྱོགས་སུའང་ཕྱིན་པ་མེད་པའི་ཕྱིར། །ཕྱོགས་རེའི་མཐོང་བས་འོག་མ་དང་། །སྦྱར་བའི་བློ་བཟོ་སྣ་ཚོགས་པས། །ཉམས་སུ་ལེན་པ་ལྟ་ཅི་སྨོས། །ཐོས་ཀྱང་རྣ་བ་དགབ་དགོས་ཅིང་། །ཐེག་ཆེན་དཀྲུགས་པའི་བདུད་ཀྱི་ཕྱོགས། །དེ་ལ་ཡ་མཚན་འཛིན་པ་ནི། །ཟས་མཆོག་རྙེད་ནས་ཟས་ངན་དག །ཚོལ་བར་གསུངས་པའི་དཔེ་བཞིན་ནོ། །རྒྱལ་བས་བྱིན་གྱིས་རླབས་པ་དང་། །རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་པའི། །མཚན་ལྡན་སློབ་མ་མཆོག་རྣམས་ཀྱིས། །ཁོ་བོའི་ཚིག་འདི་གཅེས་པར་ཟུང་། །རྩོལ་བཅས་ཐེག་པ་ཐམས་ཅད་ཀྱི། །ནང་ན་འདི་ལས་ཟབ་པ་མེད། །འདི་ལ་ངེས་ཤེས་རྙེད་གྱུར་ན། །རྩོལ་མེད་རྫོགས་པ་ཆེན་པོ་ཡིན། །དགོངས་པའི་དོན་ལ་ངེས་ཤེས་སྐྱེ། །རང་བྱུང་ཡེ་


MR27_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐུ་ཉིད་དུ། །མཐར་ཕྱིན་འགྱུར་བར་གདོན་མི་ཟ། །མི་ཕམ་པས་སོ།། ༈ །།རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པའི་ཕྱིར། ཤེས་རབ་ཀྱིས་དཔྱད་ན་སྟོང་པར་གོ་བ་སྐྱེད་པ་དབུ་མའི་གཞུང་སོགས་ཡོད་ཀྱང་། སོ་སོ་རང་རིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ན་དཔྱད་ཅི་དགོས། དེས་ན་རྣམ་པར་མི་རྟོག་པ་ལ་རྟོག་པའི་སླད་འཇུག་པ་ནི་བདུད་ཀྱི་ལས་སོ། །རྩོལ་བས་ཕྲ་ཐིག་སོགས་སྒོམ་པ་ལ་རྩོལ་མེད་ལྷན་སྐྱེས་འདྲེན་པ་ཡོད་ཀྱང་། འདིར་དེ་མིན་ཏེ་སེམས་ཉིད་རང་བབས་སུ་རྟོག་པའི་འཕྲོ་འདུ་བཅད་དེ་ཆོས་ཉིད་ལ་གཟིར་པས་འོད་གསལ་མངོན་དུ་བྱེད་པ་ཡིན་ན། འདི་ལ་དམིགས་པའི་རྣམ་རྟོག་ནི་དུག་ཡིན་པས་བདུད་ཀྱི་ལས་ཀྱིས་མི་འབྱེད་པར་བྱའོ། །བདག་གི་སྟོབས་ཀྱིས་ཆོས་ལྟར་བཅོས་པ་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་ཤོག །ཧ་ཧཿ ༈ །།ཀྱེ་ཧོཿ མི་གཙང་འཁྲུལ་འཁོར་སྡུག་བསྔལ་འཛིན་པའི་སྣོད། །སྐད་ཅིག་མི་སྡོད་གཡོ་བའི་ལུས་ཀྱི་སྦུབས། །རྣམ་ཤེས་གློག་གི་ཟློས་གར་ཡང་ཡང་བསྒྱུར། །རྣམ་རྟོག་དབང་སོང་རྟག་ཏུ་རང་དབང་མེད། །ལས་སྣང་བདེ་བ་ལྟར་སྣང་འཁོར་བའི་རྒྱུན། །ཡིད་བརྟན་མེད་ཅིང་མ་འོངས་སྡུག་བསྔལ་འཕེན། །


MR27_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་གསུམ་དང་ལྷ་དང་མིའི་གནས་ན། །སྐྱེ་རྒ་ན་འཆི་འཕོ་ལྟུང་ཡོངས་ཚོལ་སོགས། །སྡུག་བསྔལ་རྣམ་པ་མང་པོའི་ཡོ་ལང་འཁྲུག །སེམས་ཉིད་རང་དབང་ངལ་བསོ་མེད་པར་འཁྱམས། །བདེ་ལ་ཆགས་ཤིང་ངོམས་པ་མེད་པར་འཕྱན། །མ་འོངས་བདེ་རྒྱུ་དགེ་ལ་བརྩོན་པ་ཉུང་། །སྡུག་བསྔལ་གནས་ལ་ཞུམ་འཇིགས་ཡ་ང་བས། །དགེ་བའི་བསམ་པ་དག་ཀྱང་སྐྱེ་བ་དཀོན། །ཇི་ལྟར་བསམ་ཀྱང་འཁོར་བའི་ཁམས་འདི་ནི། །སྡུག་བསྔལ་གསུམ་གྱི་རྦ་རླབས་ཆེས་འཁྲུག་པས། །མེ་ཡི་འོབས་དང་ངེས་པར་མཚུངས་མོད་ཀྱི། །དགེ་བའི་བཤེས་དང་དམ་པའི་ཆོས་འཕྲད་ནས། །ཚུལ་བཞིན་སེམས་པ་བྲལ་རྣམས་དེ་མི་ཤེས། །ད་ནི་སྲིད་ལ་ཆགས་པའི་སེམས་སྤོངས་ལ། །ཆོས་ཀྱི་དེ་ཉིད་ཡོངས་སུ་བཙལ་བྱས་ན། །དོན་དམ་དམིགས་པ་མེད་པའི་མཉམ་ཉིད་དང་། །ཀུན་རྫོབ་སྒྱུ་མ་ལྟ་བུར་རྟོགས་བྱོས་ལ། །རྣམ་རྟོག་འཁྲུལ་པའི་དབང་དུ་མ་སོང་བར། །རང་སེམས་ནང་དུ་ཡང་དག་འཇོག་པ་དང་། །སྲིད་པའི་རང་བཞིན་ལྷག་མཐོང་མིག་གིས་ལྟོས། །རང་སེམས་རང་དབང་ཅུང་ཟད་མ་ཐོབ་པར། །ཞི་ལྷག་རྣལ་འབྱོར་འདོར་བར་མ་བྱེད་དང་། །དེ་ནས་


MR27_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་སྔོན་མེད་དགའ་དང་བདེས། །མདུན་ནས་བསུ་ཞིང་བདེ་བའི་གྲོང་དུ་འགྲོ། །རབ་ཚེས་ལྕགས་ཕག་ཟླ་༡༡ཚེས་༡༧ལ་མི་ཕམ་པས་སོ།། ༈ །།ཀྱེ་ཧོ་རང་གི་ལས་སྣང་རྟོག་བསླངས་པས། །རེ་ཤིག་ལུས་ན་སེམས་ཀྱི་ཀུན་རྟོག་འཁྲུག །སྡུག་བསྔལ་རྦ་རླབས་འཁྲུལ་པའི་རྒྱ་མཚོ་བརྒལ། །ཟླ་བ་ཕྱེད་དང་དྲུག་གིས་མཚོ་མཐར་བརྒལ། །ད་ཤི་ད་སྨྱོ་ལན་གྲངས་མྱོང་མྱོང་མཐར། །པདྨ་འཇམ་དཔལ་སྒྲོལ་མ་ལ་སོགས་པའི། །ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེའི་འོད་ཟེར་གྱིས། །བདེ་བར་བསུས་ཏེ་འཇིགས་མེད་ཐང་ལ་སླེབས། །ན་སྙམ་དྲག་པོའི་དུས་སུ་ནད་ཀྱང་ཞི། །སྨྱོ་སྙམ་དྲག་པོའི་དུས་སུ་སྨྱོ་ཡང་ཞི། །ཀུན་འཁྲུགས་དྲག་པོའི་དུས་སུ་འཁྲུགས་མེད་འགྱུར། །སླར་ཡང་རིག་གདངས་བཞད་པ་བརྒྱད་སྒྲོགས་ཤིང་། །འཇིགས་མེད་ནམ་མཁའི་བདེ་ཐབས་རིམ་བཞིན་འཆར། །རྨི་ཉམས་དངོས་ལ་བདེ་ལྟས་མང་དུ་འཆར། །གེ་སར་རྒྱལ་པོ་དགྲ་བླ་ཝེར་མ་ཡི། །དགྱེས་འཛུམ་བཞད་པའི་གད་རྒྱངས་ཕྱོགས་བརྒྱར་སྒྲོག །ད་ནི་མ་འཇིགས་རྩ་གསུམ་དྲན་པར་གྱིས། །སྣང་བ་བག་ཡང་ནུས་ན་ཅི་མི་གནོད། །རང་སྣང་རྟོགས་ན་གང་ཤར་རྫུན་པ་འཆར། །ད་ཤི་དངོས་ནི་རླུང་སེམས་རྩེད་མོ་འདྲ། །ལས་སྣང་དབང་གིས་རེ་ཞིག་


MR27_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཆ་མེད། །སླད་ནས་ཉམས་འབར་བདེ་གསལ་རྩེ་མོ་རྩེ། །དེ་ནས་པདྨ་དབང་གི་དངོས་གྲུབ་ཐོབ། །ཧ་ཧཿ ཆུ་བྱི་ཟླ་༢ཚེས་༡༤ལའོ། །དགེ།། ༈ །།ལུས་ནི་ཚད་མེད་སྔར་དོར་ཕྱིས་ཀྱང་དོར། །འདི་ཡང་རྒ་བའི་ཚད་ཕྱིན་ནད་ཀྱིས་བཟུང་། །གདོས་བཅས་ཟུག་རྔུའི་གཟེབ་འདི་ཅིས་ཀྱང་ནི། །འདོར་ངེས་པ་ལ་དམ་འཛིན་བླུན་པོ་འཁྲུལ། །སེམས་ནི་མི་རྟག་གློག་འདྲས་མ་ཆགས་སྡུད། །རང་ངོ་ཤེས་པར་ནམ་མཁའ་གཡའ་དག་འདྲ། །ནམ་མཁའི་ངང་ནས་འགག་མེད་སྔགས་ཀྱི་སྒྲ། །རྒྱུན་མར་བྱུང་ལ་དམིགས་ནས་བཟླ་འཚལ་ལོ། །རྒོས་གཅོད་བྱུང་ན་ཚུལ་བཞིན་བཅད་པར་བྱ། འཇིགས་པ་བྱུང་ན་འཇིགས་མེད་དཔའ་གདིང་བཟུང་། །ཅི་ཡིན་ཡིན་ཆུག་ཅི་བྱུང་བྱུང་དུ་ཆུག །རེ་དོགས་མེད་པར་གང་ཤར་རང་བབ་སྐྱོང་། །ལྕགས་ཕག་ཟླ་༡ཚེས་༦ལ་དགེ་བར་བྲིས་དོན་ཆེཿ རང་ཁོ་ན་ལའོ།། ༈ །།འདྲེ་ཕུག་དེ་དོན་རྣམ་པར་རྟོག་ལ་གཏུགས། །རྣམ་རྟོག་ཕུག་དེ་རང་སེམས་འདི་ལ་གཏུགས། །རང་སེམས་ཕུག་དེད་གཉུག་མ་ཆོས་སྐུར་གཏུགས། །ཆོས་སྐུའི་ངང་དུ་འདྲེ་གཅོད་གཅོད་པ་ཡིན། །རང་གི་རྣམ་རྟོག་ཆོ་འཕྲུལ་མ་ཤེས་པར། །གང་སྣང་འདྲེར་མཐོང་ཕཊ་ཀྱིས་འདྲེ་


MR27_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཀར་ཞིང་། །ལག་པས་འདྲེ་བརྡུང་ཀུན་ལ་འདྲེར་འཛིན་སྐྱེད། །དེ་འདྲ་གཅོད་པ་མ་ཡིན་འདྲེས་ཁྱེར་ཡིན། །ཡང་དག་དོན་ལ་ལྷ་དང་འདྲེ་མེད་ཅིང་། །རྣམ་རྟོག་ཅན་ལ་ལྷ་དང་འདྲེ་རུ་སྣང་། །རྣམ་རྟོག་མི་རྟོག་ལྷུམས་སུ་གཞུག་ནས་ཀྱང་། །རྟོག་ཅན་རྟོག་འདུལ་ཨ་མའི་ཆོས་ལུགས་ཏེ། །ང་མེད་བདག་མེད་ལྷ་མེད་འདྲེ་མེད་ཀྱི། །དོན་ཤེས་ནས་ནི་དེ་དོན་མ་རྟོགས་གཞན། །རང་ལུས་མཆོད་སྦྱིན་དངོས་པོས་ཚིམ་བྱས་ནས། །གཉིས་མེད་དོན་ལ་འཛུད་པའི་གཅོད་པ་བཟང་། །སྟོང་ཉིད་སྙིང་རྗེའི་སེམས་ཀྱིས་མ་ཆོད་ན། །བདེན་འཛིན་ཁྲོ་བོའི་སེམས་ཀྱིས་ཇི་ལྟར་ཆོད། །རྣམ་རྟོག་མ་ཆོད་གཅོད་བྱ་གཞན་གཅོད་པ། །ཡང་དག་གཅོད་ཀྱི་ལུགས་དང་ཆེས་ཆེར་འགལ། །སྟོང་ཉིད་སྙིང་རྗེའི་རང་རྩལ་དྲག་པོ་ཡི། །འདུལ་ཐབས་སྣ་ཚོགས་ཤར་བས་ཐབས་མཁས་ལ། །གཅོད་འདུལ་ཞེས་གྲགས་དྲག་ལས་སྤྱི་དང་མཚུངས། །གནད་མ་ཤེས་ན་གཅོད་ལོག་སྒྲོལ་ལོག་འགྱུར། །ཅེས་ཀྱང་མི་ཕམ་པས་སྨྲས་སོ།། ༈ །།རང་རིག་དོགས་གཅོད་རྡོ་རྗེའི་མེ་ལོང་ཞེས་བྱ་བ་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། ཐོས་ཆུང་མྱོང་བ་མེད་པ་རྣམས། །རྫོགས་ཆེན་རང་རིག་ཅེས་པ་འདི། །དབུ་མའི་མཉམ་


MR27_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཡེ་ཤེས་ལས། །ས་མཚམས་དམན་པ་ཞིག་ཏུ་འཛིན། །ཀ་ཡེ་དབུ་མར་རློམས་ཁྱོད་ཀྱི། །ཆོས་ཀྱི་དབྱིངས་ལ་མཉམ་གཞག་ཚེ། །བློ་རྒྱུན་ཆད་དམ་མ་ཆད་འདོད། །རྒྱུན་ཆད་འདུ་ཤེས་མེད་པའི་བསྒོམ། །ཕྱི་མ་ལྟར་ན་བློས་ཆོས་ཉིད། །ཉམས་སུ་མྱོང་བ་ཡོད་དམ་མེད། །མེད་ན་ཆོས་ཉིད་ཇི་ལྟར་རྟོགས། །ཡོད་ན་དེ་འདྲའི་ཆོས་ཉིད་དེ། །ཆོས་ཀུན་དེ་ཉིད་ཡིན་ཕྱིར་ན། །ཡུལ་ཅན་དེའི་ངོར་ཆོས་ཅན་རྣམས། །མ་འགག་སྣང་བ་ཡོད་དམ་མེད། །ཡོད་ན་གཉིས་སྣང་ཇི་ལྟར་ནུབ། །མེད་ན་ཡུལ་དང་བྲལ་བ་ཡི། །བློ་ཡིས་ཉམས་སུ་མྱོང་ཞེས་པ། །ཇི་འདྲ་ཞིག་ལ་མཛུབ་མོ་འཛུག །ཡུལ་དང་ཡུལ་ཅན་བྲལ་བ་ཡི། །སོ་སོ་རང་རིག་ཡེ་ཤེས་ཙམ། །ཡིན་ཟེར་ན་ནི་དེ་དག་ལ། །རང་རིག་ཅེས་སུ་མིང་འདོགས་པ། །ཡིན་ཕྱིར་རང་རིག་ཅེས་པ་འདི། །སེམས་ཙམ་ལུགས་ཀྱི་གསལ་རིག་དང་། །ཕྱི་དོན་མེད་པར་མ་ཤེས་པའི། །ཤེས་པ་ཉི་ཚེའི་སྟོང་ཉིད་དུ། །གོ་བ་གནས་ལུགས་མྱོང་མེད་གཏམས། །ཆོས་དབྱིངས་བསམ་མི་ཁྱབ་པའི་དོན། །སོ་སོ་རང་གིས་ཉམས་མྱོང་བ། །མཉམ་བཞག་ནམ་མཁའ་ལྟ་བུ་སྟེ། །ཉི་ཚེའི་ཆོས་ཉིད་ག་ལ་ཡིན། །སེམས་ཙམ་


MR27_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་བདེན་གྲུབ་འདོད། །འདིར་ནི་རང་རིག་སྟོང་པ་ཆེ། །མངོན་སུམ་མྱོང་བས་གྲུབ་པ་ཡིས། །མཚན་མའི་དམིགས་གཏད་ཞིག་པ་ཡིན། །ཟུང་འཇུག་དབྱིངས་ལ་སུས་རེག་པ། །དེས་ནི་ཆོས་ཀུན་དེ་ཉིད་མཐོང་། །ཆོས་ཅན་རེ་རེའི་ཆོས་ཉིད་དག །སོ་སོར་ཡོད་ན་ཐུག་པ་མེད། །དེ་ཕྱིར་མྱོང་བའི་ཚུལ་གྱིས་ནི། །ཟུང་འཇུག་དབྱིངས་ལ་མཉམ་བཞག་པས། །ཡིད་དཔྱོད་གྲུབ་མཐས་བསྐལ་མང་དུ། །གྲུབ་འབྲས་འདི་ན་མངོན་དུ་གྱུར། །ཅེས་པའང་མི་ཕམ་རྣམ་པར་རྒྱལ་བས་དཀར་མོ་སྟག་ཚང་རི་ཁྲོད་དུ་ཐུན་གསིང་ཞིག་ལ་ཤར་མར་བྲིས་པའོ།། ༈ །།ཨོཾ་སྭ་སྟི། དག་དང་མ་དག་ཟླས་ཕྱེ་བའི། །དག་པ་ཁོ་ནར་མི་གྲུབ་ཀྱང་། །དག་དང་མ་དག་པ་གཉིས་ཀ །གློ་བུར་ཡིན་ཏེ་ཆོས་ཉིད་ནི། །རང་བཞིན་རྣམ་དག་ཆེན་པོར་གནས། །དེ་ནི་དག་པ་ཆེན་པོ་སྟེ། །དེ་ཉིད་ཁོ་ནར་རྟག་ཏུ་གནས། །དེ་བཞིན་རྟག་དང་མི་རྟག་དང་། །འདུས་བྱས་འདུས་མ་བྱས་པ་དང་། །ཀུན་རྫོབ་དང་ནི་དོན་དམ་དང་། །ཆོས་ཅན་དང་ནི་ཆོས་ཉིད་ལའང་། །གཉིས་སུ་ཕྱེ་བའི་ཕྱི་མ་ནི། །སྔ་མ་དང་ནི་སྟོབས་མཉམ་སྟེ། །སྣང་ཚུལ་ལ་ནི་དང་པོ་བཙན། །གནས་ཚུལ་ལ་ནི་གཉིས་པ་བཙན། །མཐར་ཐུག་དོན་ལ་གཉིས་ཀ་རྫུན། །གཉིས་ཀ་མགོ་


MR27_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་དག་པའི། །དབྱིངས་ནི་སོ་སོར་མ་གྲུབ་པ། །རྟག་ཆེན་འདུས་མ་བྱས་པ་ཆེ། །དོན་དམ་ཆེན་པོ་ཆོས་ཉིད་ཆེ། །ཆེན་པོའི་སྒྲ་ཡིས་གང་བསྔགས་པ། །གཞི་དབྱིངས་ཡིན་ཏེ་ཐིག་ལེ་གཅིག །རང་གི་ངོ་བོ་བློ་ལས་འདས། །རྗེས་ཐོབ་རྟོགས་པས་རྟག་སོགས་གདགས། །འདི་ཁྱད་ཕྱེད་པ་ཤིན་ཏུ་གལ། །འདི་ནི་མཉམ་པ་ཉིད་ཀྱི་ཕྱིར། །དུས་གསུམ་ཀུན་ཀྱང་དེ་ཡི་ངང་། །དངོས་དང་དངོས་མེད་དེ་ཡི་ངང་། །དེ་ཡི་ངང་དུ་མ་གྱུར་ཆོས། །མེད་ཕྱིར་སྣང་ཚུལ་ཇི་ལྟ་བུས། །གཞལ་ཀྱང་དེ་ཉིད་གཞན་དུ་ནི། །མི་འགྱུར་ཕྱོགས་དུས་མཉམ་པ་ཉིད། །དངོས་དང་དངོས་མེད་མཉམ་པའི་ཕྱིར། །དངོས་པོར་སྣང་ཡང་མི་རྟག་མིན། །དངོས་མེད་ན་ཡང་བྱེད་མེད་མིན། །དེ་བཞིན་སྲིད་ཞིར་མི་གནས་སོ། །མྱང་འདས་ཉིད་ཀྱང་རྣམ་དག་ན། །འཁོར་བ་དག་པ་སྨོས་ཅི་དགོས། །དེ་ཕྱིར་ཤིན་ཏུ་རྣམ་དག་པ། །དེ་ལ་མ་དག་སུ་ཞིག་འཛེར། །དངོས་མེད་ཉིད་ཀྱང་མ་ཡིན་ན། །དངོས་པོར་གྱུར་པ་ག་ལ་ཞིག །དེ་ཕྱིར་ཕྱོགས་སུ་མ་ལྷུང་བ། །དེ་ལ་ཕྱོགས་སུ་སུ་ཡིས་གཅོད། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཆོས་ཀྱི་དབྱིངས་ནི་འདུས་མ་བྱས། །རྟག་དང་མི་རྟག་འགྱུར་བ་ཡིན། །ཆོས་ཀྱི་


MR27_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ནི་འགྱུར་བ་མེད། །སྣང་ཚུལ་ལ་ནི་ཕྱོགས་གཉིས་རུང་། །གནས་ཚུལ་ལ་ནི་གང་ལ་གྲུབ། །དབྱེར་མེད་རྫོགས་པ་ཆེན་པོ་སྟེ། །འཇམ་དཔལ་རྡོ་རྗེས་ངེད་ལ་བསྟན། །དགེ་ལེགས་བཀྲ་ཤིས་རྣམ་པར་རྒྱལ།། ༈ །།སྐྱོ་གླུ་བཞུགས། ཀྱེ་མ་ཀྱི་ཧུད་རྩ་གསུམ་རྒྱལ་བ་ཡི་ལྷ་ཚོགས། །སྙིགས་མའི་འགྲོ་ལ་ཡེ་ཤེས་ཐུགས་རྗེ་ཡིས་གཟིགས་དང་། །རང་དང་གཞན་གྱི་སྤྱོད་ཚུལ་སྣ་ཚོགས་ལ་བསམ་ན། །གདུང་བའི་སྨྲེ་སྔགས་མི་འདོན་རང་དབང་ནི་མི་འདུག །ཐོབ་དཀའི་དལ་རྟེན་དོན་མེད་ཆུད་ཟོས་ལ་གཏོང་ཞིང་། །ངེས་མེད་འཆི་བའི་བག་ཟོན་གྱི་ན་རུ་བོར་ནས། །རྒྱུ་འབྲས་ཞིབ་པར་མི་བསམ་ལས་ངན་གྱི་བཙུན་གཟུགས། །ང་དང་ང་འདྲ་ཡོད་ན་ཐུགས་རྗེ་ཡིས་གཟིགས་ཤིག །མེ་སྟག་ཕྲ་མོ་མི་བཟོད་གཅེས་དགུ་ཡི་རང་ལུས། །ལྕགས་སྲེག་ས་གཞིར་ཉལ་བ་སུ་ཞིག་གིས་བཟོད་ནུས། །སང་ཙམ་འཆི་བ་བྱུང་ནས་ངན་སོང་གི་སྡུག་བསྔལ། །མི་མྱོང་རང་དབང་མི་འདུག་བླ་མ་རྗེ་མཁྱེན་ནོ། །ཐོག་མེད་གོམས་པའི་དབང་གིས་བློས་བྱས་ཀྱི་ལྟ་བ། །ཕག་ལ་མི་གཙང་བཞིན་ཏུ་རང་སེམས་དང་མཛའ་བས། །ཞེན་མེད་མཐའ་བྲལ་ཟེར་ཡང་བློ་འདས་ཀྱི་ངང་ནས། །ཡིན་ལུགས་གནད་


MR27_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁེལ་བའི་ལྟ་བ་ཞིག་དཀའ་ཚོད། །ལྟོ་འགྲང་སོས་དལ་སྡོད་པའི་ཡད་ཡུད་ཀྱི་བསྒོམ་ལ། །ཨ་འཐས་ཉམས་ཀྱི་ངང་ན་ཡིན་མདོག་ཅིག་སྟོན་ཡང་། །རྐྱེན་ངན་ཐོག་ཏུ་བབ་ཚེ་གཞན་ལས་ཀྱང་ལོད་པས། །བསྒོམ་པ་གོ་མི་ཆོད་འདིས་ཅི་ཞིག་རང་བྱེད་དོ། །སྐྱབས་གསུམ་དཔང་བཞག་ཁས་བླང་དམ་ཚིག་དང་སྡོམ་པ། །ཕོར་གང་ཆང་དང་ཡུད་ཙམ་འཁྲིག་པ་ཡི་བདེ་བར། །བརྗེ་ལ་ཁད་ཀྱི་རང་སེམས་ཁྲེལ་མེད་འདིར་ལྟོས་དང་། །ད་རུང་དམ་པའི་གྲལ་ལ་སྙེགས་འདོད་ཅིག་གདའ་ན། །འཁོར་བའི་སྣང་ཚུལ་མཐའ་དག་གཡོ་བ་ཡི་རང་བཞིན། །ལྷག་པར་གློག་འདྲའི་ཚེ་ལ་ཡིད་བརྟན་ཞིག་མེད་མོད། །འོན་ཀྱང་བློ་སུན་ཙམ་ཞིག་རང་རྒྱུད་ལ་མེད་པས། །མ་འོངས་བྱ་བྱེད་མང་པོའི་ཤོམ་ར་འདི་ཡ་མཚན། །འགྲོ་ཀུན་ཕ་མར་ཁས་འཆེ་བྱང་སེམས་ཀྱི་སྡོམ་ལྡན། །བདག་གནོད་དང་དུ་ལེན་དང་གཞན་ཕན་གྱི་བྱ་བ། །ལག་ཏུ་ལེན་ཚེ་འགལ་བའི་རང་རྟགས་ཤིག་བྱུང་ཡང་། །ཞེ་ཁྲེལ་བདའ་རྒྱུ་མེད་པར་ཡིན་མདོག་ཅིག་བྱེད་མཚར། །སྣང་སྲིད་དག་པ་རབ་འབྱམས་རྒྱལ་བ་ཡི་དཀྱིལ་འཁོར། །བཅོས་དང་བཅོས་མིན་ལམ་གྱིས་མཐོང་བ་ཞིག་དགོས་ཀྱང་། །ཡིན་པའི་ངེས་ཤེས་ཙམ་


MR27_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྐྱེ་བ་ཡང་དཀའ་མཐོང་། །དེ་འདྲ་སྔགས་པ་ཡིན་ན་སྔགས་མིན་དེ་སུ་ཞིག །ཏིང་འཛིན་རྫས་སྔགས་ཆོ་གའི་གནད་དོན་ལ་མཁས་ཤིང་། །དད་བརྩོན་བསམ་གཏན་བརྟན་པའི་ཡན་ལག་དང་ལྡན་པས། །ལྷ་སྔགས་དབྱེར་མེད་བསྒྲུབ་པའི་གྲུབ་འབྲས་ལ་རོལ་པ། །ཉིན་མོའི་སྐར་མ་བཞིན་དུ་ཉུང་བ་འདི་ཅི་ཞིག །ཐབས་གྲོལ་མན་ངག་ཟབ་མོའི་བབ་གནད་ལ་རེག་པས། །གཉིས་མེད་ཡེ་ཤེས་སྐྱེས་པས་གཉིས་སྣང་གི་རྟོག་པ། །ཟིལ་གྱིས་ནོན་པའི་འབྲས་རྟགས་ཆགས་སྡང་གི་རྦ་རླབས། །རང་ཞིག་སོང་བ་དགོས་ཏེ་སོང་མཁན་ནི་ཨེ་འདུག །བདེ་ན་བསོད་ཉམས་ངང་ནས་འཆི་ཆོས་ཀྱང་མི་དྲན། །སྡུག་ན་ལས་སུ་མི་བསམ་ཆོས་མིན་ལ་སྤྱོད་པ། །རྟག་ཏུ་བདེ་སྡུག་འདོར་ལེན་རང་སེམས་ཀྱི་ངང་ཚུལ། །སྤོས་རྒྱའི་རི་མོ་བཞིན་ཏུ་ཟད་མཐའ་ཞིག་མི་སྣང་། །རྙེད་ན་འབྱོར་དགུ་ཇེ་བས་ཇེ་ཆེ་རུ་བསགས་ཤིང་། །མ་རྙེད་སྒོ་གསུམ་ཤ་ཐང་ཆད་ཆད་དུ་འབད་དེ། །གཞན་དོན་བྱེད་མདོག་ངང་ནས་དད་འབུལ་གྱི་ནོར་རྫས། །བསགས་བསགས་འཆི་ཁའི་དྲན་པ་གཏད་ས་རུ་བཞག་འདུག །བསྟོད་ན་རང་སྙེམ་རྒྱགས་པའི་མེ་ཆེན་དེ་འབར་ཞིང། །སྨད་ན་མི་དགའ་སྐྱོ་གདུང་ཁྲོ་ཚིག་གིས་མནར་བ། །གང་ལྟར་བྱས་ཀྱང་མི་བདེ་


MR27_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་གི་རྦ་རླབས། །ཐ་མལ་བག་ཡངས་གནས་ལ་རེག་དུས་ནི་མི་འདུག །ཐོག་མེད་གོམས་པའི་གཟུང་འཛིན་ཨ་འཐས་སུ་ཤར་བའི། །ཞེན་མེད་སྒྱུ་མའི་བློ་སྣ་འབྱོངས་བར་ཡང་དཀའ་ཕྱིར། །ཇི་བྱས་ཇི་འབད་བཟང་བཟང་ལེགས་ལེགས་ལྟར་སྣང་ཡང་། །ཆོས་བརྒྱད་སྙེམས་ཐག་ཆོད་པ་འོང་ཚོད་ནི་མི་འདུག །ལྟར་སྣང་ལུས་ཚུགས་བསྒྲིམས་ནས་ཞི་དུལ་ལ་གནས་ཀྱང་། །ཁྱོར་བར་ཆུ་བཞིན་ཟག་པ་ཀུན་རྟོག་གི་ང་སེམས། །ཚུལ་མིན་ཡིད་བྱེད་ཀྱིས་ཁྲིད་གཏོལ་མེད་དུ་འཁྱམས་སོང་། །ཐ་མལ་གཡེང་བའི་རྣམ་རྟོག་རྒྱ་འབྱམས་འདི་ཅི་འདྲ། །སེམས་རྒྱུད་སྔར་ལས་གྱོང་ཞིང་ཞེན་འཛིན་གྱི་རྟོད་ཕུར། །ཆེས་ཆེར་དམ་དུ་སོང་བ་དུག་ལྔ་ཡི་གཟེབ་ཧྲུལ། །ལེགས་ལེགས་གོས་ཀྱིས་དཀྲིས་ནས་བཟང་བཟང་གི་སྙན་མིང་། །བཏགས་པས་འགྲོ་ཀུན་འདྲེན་པའི་མཆོད་སྡོང་དུ་བརྩིས་ནས། །ལྷང་ལྷང་ཚིག་གི་གསོལ་འདེབས་གུས་གུས་ཀྱི་ཕྱག་འཚལ། །དུང་དུང་ཡིད་ཀྱིས་མོས་ནས་ཡོད་ཡོད་ཀྱི་ནོར་རྫས། །ཕྲལ་ཕྲལ་རྩལ་སྤྲུགས་ཚུལ་གྱིས་ཇི་ནུས་སུ་ཕུལ་ཡང་། །དེ་ཚུལ་ཡིན་མདོག་ཁ་པོའི་མགོ་སྐོར་འདིས་སྐྱོའོ། །ཕར་ལ་ཕྱི་ནང་བལྟས་ཚེ་གཡོ་འགྱུར་གྱི་རང་


MR27_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཚུར་ལ་རང་སེམས་བལྟས་ན་ཆགས་སྡང་གི་ཀློང་འཁོར། །མཚོ་གླིང་གྲུ་ཞིག་བཞིན་དུ་གང་གང་ལ་བསམས་ཀྱང་། །སྐྱོ་བ་ཁོ་ནར་འདུག་གོ་ཤེས་ལྡན་གྱི་གྲོགས་པོ། །ལྡོག་མེད་འཆི་བའི་དུས་ན་བློ་ཁེལ་གྱི་དམ་ཆོས། །ཅང་མེད་གར་འགྲོ་གཏོལ་མེད་བསམ་བརླག་གི་སྨྱོན་པ། །གང་དགའ་ཇི་དགར་རང་འདོད་བག་ཡངས་སུ་གནས་པ། །ཀྱེ་མ་སྙིང་མེད་ང་ཚོ་སུ་ཞིག་གིས་བསླུས་སོང་། །ཕྱི་མཚུངས་ནང་མཚུངས་འདི་མཉམ་ཕྱི་མཉམ་དུ་སོང་བའི། །གཞན་ལ་བཅབ་རྒྱུའི་སྐྱོན་མེད་རྣམ་དག་གི་རང་སེམས། །དྲི་མེད་ཤེལ་གོང་ལྟ་བུའི་འོད་གསལ་ཞིག་ཐོབ་ན། །དེ་དུས་སྐྱིད་པོ་རང་སྟེ་གཟུང་འཛིན་གྱི་རྦ་རླབས། །ཆེས་ཆེར་གཡོ་བའི་སྐབས་འདིར་བླ་མ་རྗེའི་གདམས་ངག །གནད་དུ་མ་ཕབ་ངེད་འདྲའི་སྒོ་གསུམ་གྱི་བྱ་བྱེད། །ཇི་བྱས་གང་ལྟར་བྱས་ཀྱང་སྐྱོ་བ་རུ་འདུག་པས། །རྩ་གསུམ་རྒྱལ་བ་མཁྱེན་ནོ་ཐུགས་རྗེ་ཡིས་གཟིགས་ཤིག །ཅེས་པའང་ལྕགས་འབྲུག་ལོར་མི་ཕམ་པས་སྣང་ཚུལ་ལ་ཅུང་ཟད་སྐྱོ་སྟེ་བྲིས་པའོ།། ༈ །།སྐྱིད་གླུ་བཞུགས་སོ། །སངས་རྒྱས་ཀུན་དངོས་བརྒྱུད་གསུམ་བླ་མ་ཡི་དགོངས་བཅུད། །བསྟན་པའི་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི་ཟབ་གནད། །མ་ནོར་ལེགས་པར་འཛིན་མཛད་མཆོག་ཚོགས་


MR27_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུས་པ། །ཕན་བདེའི་འབྱུང་གནས་ཡིད་བཞིན་དབང་མཆོག་གི་རྒྱལ་པོ། །གཙུག་ཏུ་བཀོད་ནས་སྐལ་ལྡན་བདག་ཉིད་དང་བདག་འདྲའི། །ལེགས་སྨོན་དུས་སུ་སྨིན་པའི་བློ་ལྡན་གྱི་ཚོགས་སུ། །རང་སྙེམས་ཞེན་པ་མེད་པའི་བདེན་གཏམ་གྱི་རང་བཞིན། །ཉམས་དབྱངས་སྐྱིད་གླུ་ལེན་ནོ་ཤེས་ལྡན་གྱི་གྲོགས་པོ། །སྙིགས་མ་ལྔ་པོ་བདོ་བ་དེང་སང་གི་དུས་ན། །བསྒྲིམ་བསྒྲིམ་ཇི་ལྟར་འབད་ཀྱང་རྩོལ་བཅས་ཀྱི་ཐེག་པས། །ཤིན་ཏུ་གདུལ་བར་དཀའ་ཡང་རྩོལ་མེད་ཀྱི་ཉམས་ལེན། །ཆོས་ཕུང་བརྒྱད་ཁྲིའི་འགགས་མདུད་རང་གྲོལ་དུ་གཏོང་བ། །སྙིང་དབུས་མི་ཟད་ཆོས་ཀྱི་གཏེར་སྒོ་དེ་འབྱེད་པའི། །ལམ་མཆོག་འདི་དང་ལྡན་ན་ནགས་ཚལ་ལ་མེ་བཞིན། །སྙིགས་མའི་རྐྱེན་ངན་སྣ་ཚོགས་ལམ་ཁྱེར་དུ་ནུས་པའི། །རྣལ་འབྱོར་སྐལ་ལྡན་དེ་ཚོ་སྐྱིད་པ་ཡི་རབ་མཆོག །ཕ་མེས་རིག་འཛིན་བརྒྱུད་པའི་ཕ་འབབ་ལ་བརྟེན་ཏེ། །གཞན་གྱིས་བསྐལ་མང་འབད་པས་བསྒྲུབ་ནའང་དཀའ་བའི། །སྲིད་གསུམ་འཁོར་བའི་གཡང་ས་རིག་རྩལ་གྱིས་གཅོད་ཅིང་། །གྲུབ་མཆོག་རིག་འཛིན་དཔའ་བོའི་དགའ་ཚལ་ལ་ཡུད་ཀྱིས། །མཁའ་ལ་ཁྱུང་ལྡིང་བཞིན་དུ་གཅིག་རྗེས་གཅིག་སླེབ་པའི། །གྲུབ་བརྙེས་བརྒྱུད་


MR27_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མའི་གྲལ་རིམ་ལ་བསམ་ན། །གྲལ་མཐའི་བཙུན་ཆུང་བདག་ཀྱང་ཉམས་དགའ་ཡི་ངང་ནས། །སྐྱིད་པའི་གླུ་ཆུང་ལེན་སྙིང་འདོད་པ་ཞིག་བྱུང་ངོ་། །གཟུང་འཛིན་ཚ་དབལ་འཁྲུགས་པའི་ཀུན་རྟོག་གི་སེམས་ལ། །ཅིར་བྱས་ཅིར་མི་ལོ་བའི་རང་གཤིས་སུ་ཤོར་བས། །མང་ཐོས་མང་སྨྲ་མང་དུ་བསམ་པ་ཡི་སྐྱེ་བོ། །མང་ཞིག་ཚོགས་ཀྱང་དམུས་ལོང་རྣམས་ཀྱིས་ནི་ཉི་ཟླ། །ཇི་བཞིན་ཕྱོགས་ཙམ་མི་ཤེས་ཆོ་ངེ་རང་སྒྲོག་མོད། །བརྒྱུད་ལྡན་བླ་མའི་མན་ངག་ཡིད་གཏིང་དུ་ཁེལ་བས། །བློ་འདས་ཡེ་ཤེས་རྩི་སྨན་ཅུང་ཟད་ཅིག་ཐེབས་པས། །མ་གོམས་དེ་གར་ལུས་ཀྱང་སྐྱིད་པོ་རང་འདུག་གོ། རིགས་གསུམ་རྒྱལ་བ་འདུས་པའི་ངོ་བོ་ཡི་བླ་མ། །མཚན་ཙམ་དྲན་པས་བྱིན་རླབས་ཆར་སྤྲིན་ལྟར་གཡོ་བ། །བོད་ལ་བཀའ་དྲིན་མཚུངས་མེད་རིག་འཛིན་གྱི་སློབ་དཔོན། །མཚོ་སྐྱེས་རྡོ་རྗེའི་ཞབས་པད་འདོད་འབྱུང་གི་ནོར་བུ། །སྤྱི་བོའི་གཙུག་ཏུ་བསྒོམ་པའི་སྐལ་བཟང་འདི་ཐོབ་པ། །ལྷ་སྐལ་ཆད་པའི་དད་མེད་འགའ་ཞིག་ལ་བསམ་ན། །དད་པའི་གནས་ལ་དད་པ་རྙེད་པ་འདི་རྙེད་པའི། །མཆོག་ཏུ་ཡིད་ཆེས་དེ་ཕྱིར་སྐྱིད་པོ་རང་འདུག་གོ། སྔ་འགྱུར་གསང་སྔགས་གདམས་པ་བདུད་རྩི་ཡི་བཅུད་བཟང་། །རྣ་ལམ་འལ་འོལ་བྱུང་


MR27_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྙིང་ག་རུ་མ་སོན། །ཟབ་མོའི་གནས་ལས་ཕྱིར་ཕྱོགས་རིག་འཛིན་གྱི་བགོ་སྐལ། །ཆད་པའི་སྐྱེ་བོ་མང་ཞིག་སྙིང་རྗེ་ཡི་འོས་ཀྱང་། །བླ་མ་ལྷ་དང་དཀྱིལ་འཁོར་དམ་ཚིག་གི་གྲོགས་པོ། །རང་སྣང་དག་པའི་ངོས་ན་དབྱེར་མེད་ཀྱི་ཚོམ་བུ། །རྔ་ཡབ་དཔལ་རིར་འགྲོགས་པའི་དགའ་སྟོན་ལ་བསམ་ན། །ཉམས་དགའི་སྐྱིད་བྲོ་མི་འཁྲབ་རང་དབང་ནི་མི་འདུག །མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ངོ་བོ། །ཁྱབ་བདག་འཇམ་དཔལ་རྡོ་རྗེའི་བདག་ཉིད་དུ་བཞུགས་ལ། །ཡིད་ཆེས་དད་པས་གསོལ་འདེབས་ཉུང་ཤས་ཤིག་བགྱིས་ཀྱང་། །སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒོ་འཕར་དེ་འབྱེད་ལ། །སྐྱེས་བུའི་མིག་འཛུམ་ཙམ་ཀྱི་དཀའ་བ་ནི་མེད་ཚོད། །དུས་ངན་ལྟ་བའི་སྙིགས་མ་བདོ་བར་ནི་ལྷུང་ཕྱིར། །རང་དབང་ཟབ་དོན་རྟོགས་པ་དཀའ་ཚོད་དུ་འདུག་ཀྱང་། །མོས་ལྡན་རེ་ཟུང་ཡོད་ན་སྐྱིད་པོ་རུ་འདུག་གོ། རིག་སྟོང་གཉུག་མ་ཆོས་སྐུ་ཆེན་པོ་ཡི་རང་ཞལ། །གྲངས་མེད་དཀའ་བ་སྤྱད་པའི་ཐ་མ་ལས་གཞན་དུ། །མཐོང་བའི་རེ་བ་བྲལ་ཡང་ཟབ་དོན་གྱི་མན་ངག །གནད་དུ་འབྱོར་ན་མི་ཚེ་འདི་ཉིད་ཀྱི་ཕྱེད་ལ། །མཐོང་ལ་ལ་ཐང་མེད་ཕྱིར་བླ་མ་ཡི་གདམས་ངག །དཀོན་ལ་དཀོན་པར་མཐོང་ནས་ཡིད་ཆེས་ཀྱི་དད་པ། །


MR27_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ལ་མེ་བཞིན་འཕེལ་བས་གཞན་ཟེར་གྱི་ཚང་ཚིང་། །ཐེ་ཚོམ་དྲྭ་བ་ཆོད་པ་དེ་ཕྱིར་དེང་སྐྱིད་དོ། །དེང་དུས་ལེགས་ལེགས་ཚིག་སྐམ་ཆོ་ག་ཡི་ལྗོན་ཤིང་། །དོན་བརྒྱུད་བྱིན་རླབས་རླན་བྲལ་འབྲས་མེད་ཀྱི་བསྟི་གནས། །སྐལ་མེད་བྱ་ཚོགས་མང་པོས་བསྟེན་པ་རུ་མཐོང་ཚེ། །བླ་མའི་བྱིན་རླབས་སྤྲིན་ལས་གདམས་ངག་གི་ཆར་རྒྱུན། །གང་དུ་ཕེབ་པར་རྩ་གསུམ་སྲུང་མ་ཡི་དགྱེས་ཞལ། །ལྷག་ལྷག་ངོམས་པས་དོན་གཉིས་འབྲས་བཟང་དུ་སྨིན་ནས། །ཚར་གཅོད་རྗེས་འཛིན་མཐུ་སྟོབས་ནུས་པ་ཡི་མངའ་དབང་། །མི་འབྱོར་རང་དབང་མེད་འདི་སྐྱིད་པོ་རུ་གདའོ། །ཟབ་དོན་མཁའ་འགྲོའི་གསང་མཛོད་བཀའ་གཏེར་གྱི་མཛོད་ཁང་། །ཕ་ཕོག་བུ་ལ་གདམས་ལྟར་གུ་རུ་ཡི་ཐུགས་རྗེས། །སྔ་འགྱུར་རིང་ལུགས་འཛིན་ལ་བགོ་སྐལ་དུ་གནས་པས། །བློ་ལྡན་མོས་ལྡན་སྐལ་ལྡན་ཀུན་ཚང་ཞིག་སྲིད་ན། །ནོར་བུའི་གླིང་ནས་ས་རྡོ་ཕལ་པ་ཡི་གླིང་དུ། །མ་བགྲོད་འདིར་འདུས་འདིར་ལྟོས་འདི་ཉིད་ལ་ཞུགས་དང་། །དོན་གཉིས་འགྲུབ་ལ་ལ་ཐང་མེད་པ་འདྲ་འདུག་པས། །དོན་གྲུབ་བཟང་པོས་སྨྲས་འདི་དོན་ལྡན་དུ་མཛོད་ཅིག །དེ་སྐད་སྨྲས་པ་དེ་ལ་དེ་བཞིན་དུ་དད་པའི། །སྐལ་ལྡན་དེ་ལ་རྩ་གསུམ་སྲུང་མ་ཡི་དགྱེས་ཞལ། །མངོན་


MR27_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་བཞིན་དགེ་མཚན་དབུགས་དབྱུང་གི་གསུང་གདངས། །འབྲུག་སྒྲ་སྟོང་ལྟར་སྒྲོག་ཅིང་དགེ་ལེགས་ཀྱི་མེ་ཏོག །སིལ་སིལ་ཆར་དུ་བསྙིལ་ནས་མི་མཐུན་པའི་ཕྱོགས་ལས། །རྟག་ཏུ་རྣམ་པར་རྒྱལ་བའི་གྲགས་སྙན་གྱི་བ་དན། །སྲིད་པ་གསུམ་ན་མཚུངས་མེད་མངོན་པར་ནི་མཐོ་བའི། །བཀྲ་ཤིས་སྣང་བ་མཆོག་གིས་མངའ་གསོལ་དུ་མཛོད་ཅིག །ཅེས་པའང་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་ལེགས་འཕེལ་ལོ། །མངྒ་ལཾ།། ༈ །།རྡོ་རྗེའི་རྟོགས་པ་གསང་བའི་དོ་ཧ། དབྱངས་ཅན་སྒྱུ་མའི་རྒྱལ་མོའི་སྒྱུ་ཐབས་འཕྲུལ། །ནམ་མཁའ་ལས་བྱས་མེ་ལོང་གཅིག་གི་ངང་། །མ་ལུས་སྲིད་ཞིའི་གཟུགས་བརྙན་ཀུན་སྣང་བ། །རྟག་ཏུ་བལྟ་བའི་གཟིགས་མོ་ལ་གཡེང་བ། །དཔྲལ་བའི་དཀྱིལ་ན་གནས་པའི་མིག་པོ་ཆེ། །མཐོང་མེད་ནམ་མཁའི་ཁམས་སུ་ཐལ་གྱིས་བགྲད། །མ་ལུས་མཐོང་བཞིན་མཐོང་མེད་ནམ་མཁའ་བཞིན། །ཐམས་ཅད་ནམ་མཁའི་ངང་དུ་མཐོང་ནས་དེར། །ནམ་མཁའ་ལས་འཁྲུངས་མེ་ཏོག་དགའ་ཚལ་དུ། །སྟོང་པ་ཅི་ཡང་མེད་པའི་མོ་གཤམ་ལས། །སྣང་བ་ཅིར་ཡང་འཆར་བའི་མཛེས་ལྡན་མ། །སྐྱེས་ནས་རྒྱལ་རྣམས་ཆགས་པའི་མཛེས་སྡུག་གིས། །ངེད་ཀྱང་སྦྲང་རྩིས་སྦྲང་རྩི་སྤྱོད་བཞིན་དྲང་། །


MR27_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་རྩེ་དགའི་དགའ་སྟོན་ཉིན་མཚན་དུ། །མྱོང་ཡང་ད་དུང་ཚིམ་པར་མ་གྱུར་ལ། །མ་ལུས་གཟིགས་མོས་གཡེངས་ཀྱང་ལྟ་བ་ཡི། །བྱ་བ་མཐའ་དག་རྫོགས་པར་མ་གྱུར་ཀྱང་། །ནམ་ཞིག་དེ་དང་ང་ཡང་ལྷན་ཅིག་ཏུ། །འདྲེས་པའི་མོད་ལ་དེ་མཐོང་བཞིན་དུ་བདག །དེ་དང་འདྲ་བ་ཁོ་ནར་མཐོང་བའི་མོད། །བྱར་མེད་ངང་ལ་སིམ་པའི་མཆོག་ཐོབ་ནས། །མ་ལུས་མཐོང་བ་ཀུན་ཀྱང་དེ་ན་རྫོགས། །ནམ་མཁའི་མེ་ཏོག་སྨིན་པའི་སྦྲང་རྩིའི་རོ། །ཟ་ཞིང་མོ་གཤམ་བུ་མོའི་རེག་བྱའི་བཅུད། །མྱོང་བའི་བློ་ལྡན་ནམ་མཁའི་ཁྱེའུ་ཆུང་། །སྒྱུ་མའི་རྒྱལ་ཐབས་བཙན་པའི་གྲོང་ཁྱེར་ན། །སྲིད་པའི་བཙོན་ཁང་སྲུང་བའི་དགྲ་ཡི་དཔུང་། །འཇོམས་པ་རྡོ་རྗེ་རྣོན་པོའི་རལ་གྲི་ཡིས། །མ་ལུས་ཐམས་ཅད་བཅད་ཀྱང་བདག་གིས་བདག །མ་བཅད་དེ་སྲིད་ད་རུང་གཅོད་ལ་དགྱེས། །ནམ་ཞིག་རང་ཡང་བཅད་ཚེ་གཅད་བྱ་གཞན། །ཤེས་བྱའི་ཁོང་ན་མེད་པར་ཤེས་ནས་ཀྱང་། །མི་ཤིག་རྡོ་རྗེ་ནམ་མཁའི་རྒྱལ་ཐབས་ལ། །མཐའ་དབུས་མེད་པར་མཉམ་པའི་རྒྱལ་སྲིད་ཐོབ། །བྱར་མེད་བྱ་བ་ཟིན་པའི་ཐིག་ལེ་ནི། །གནས་མེད་ནམ་མཁའི་དཀྱིལ་ན་གནས་ནས་ཀྱང་། །སྣང་མེད་སྣང་བ་ཆེན་པོས་འོད་བཀྱེ་ནས། །སྐྱེ་མེད་སྐྱེ་རྒུའི་སྨག་ཆེན་རྟག་ཏུ་


MR27_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཞེས་ཟླ་༧ཚེས་༡༦ལ་མི་ཕམ་པས་བྲིས་སོ།། ༈ །།ཡུངས་འབྲུའི་ནང་གི་ནམ་མཁའ་ནི། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས། །བགྲོད་ཀྱང་ཕ་མཐའ་མི་རྙེད་པར། །དེ་ཡི་དཀྱིལ་དུ་མདའ་ཞིག་རྒྱོབ། །གཏད་མེད་མདའ་དེ་མིག་དང་འདྲ། །འབེམ་མེད་འབེམ་དེ་ཐལ་གྱིས་ཕུག །ཐ་གྲུ་མེད་པའི་ཐ་གྲུའི་ཁྱོན། །རིལ་པོ་གཅིག་ཏུ་བཞག་པ་སྟེ། །དག་པའི་ཤེལ་སྒོང་ཇི་བཞིན་དུ། །ཀུན་ནས་རང་བཞིན་ཡོང་དག་ལ། །མ་རིག་རང་སངས་ཡེ་ཤེས་རྒྱས། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཚེས་༡༨ལ་མི་ཕམ་པས་སོ།། ༈ །།སེམས་ཀྱི་རང་བཞིན་སྟོང་གསལ་དབྱེར་མེད་པ། །བརྗོད་མེད་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །མཐོང་ཞིང་མཐོང་མཁན་ཉིད་ཀྱང་དེ་ཉིད་ལས། །གཞན་ན་མེད་པར་ཐིག་ལེ་ཉག་གཅིག་ཀློང་། །བལྟ་བྱ་ལྟ་བྱེད་བྲལ་ཡང་རང་གིས་རང་། །ལྷག་མ་མེད་པར་དུས་གཅིག་མཐོང་བ་ལྟའི། །མཐའ་དབུས་མེད་པའི་ཉམས་མྱོང་ཁྱད་པར་ཅན། །བྱར་མེད་བྱ་བ་ཟིན་པའི་འབྲས་ཅན་དེར། །མཐོང་བ་ཅི་ཡང་མེད་ཀྱང་མཐོང་འདོད་ཀྱི། །ལྟ་བ་ཚོལ་བའི་ཞེ་འདོད་གཏིང་ནས་ནི། །ངང་གིས་ཞིག་པའི་བློ་བདེ་ཁོང་སྙོམ་ལ། །རེག་པ་འཇམ་དཔལ་དཔའ་བོའི་འོད་བཟང་ཡིན། །མེ་བྱི་ཟླ་༧ཚེས་༡༧ལ་


MR27_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕམ་པས་བྲིས་པ་མངྒ་ལཾ།། ༈ །།མ་ཚོགས་ཌཱ་ཀིའི་སྙིང་གི་དྭངས་མ་འགུགས་པའི་གླུ་དབྱངས། ཨ་ཧོ། མ་དག་ཐ་མལ་སྣང་བའི་ཆོས་ཀུན་ཀྱི་རང་བཞིན། །གདོད་ནས་སྣང་སྟོང་ཆོས་སྐུའི་ཡེ་ཤེས་སུ་ཤར་བའི། །རང་སྣང་རྣམ་དག་ཡེ་ཤེས་ཌཱ་ཀི་ཡི་གྲོང་ཁྱེར། །ངོ་མཚར་མཆོག་ཏུ་དགའ་བའི་ཕོ་བྲང་གི་དབུས་ན། །པདྨའི་རྒྱལ་པོ་བདེ་ཆེན་ཐོད་པ་རྩལ་བཞུགས་ཏེ། །བརྒྱུད་གསུམ་རིག་འཛིན་བླ་མའི་སྤྲིན་ཕུང་དེ་འཁྲིགས་ལས། །ཐུགས་རྒྱུད་དགོངས་པའི་རང་རྩལ་བདེ་སྟོང་དུ་ཤར་བ། །འཇའ་འོད་མེ་ཏོག་ཐིག་ལེས་བྱིན་བཀྲག་ཅིག་ཕོབ་ཤོག །བརྒྱུད་གསུམ་ཌཱ་ཀིའི་སྙིང་ཁྲག་དྭངས་མ་ཡི་བཅུད་བཟང་། །ཡིད་ལ་སིམ་སིམ་ཐིམ་པའི་སྐལ་བཟང་གི་ལང་ཚོའི། །མཚུངས་མེད་མཛེས་པ་ངོམས་པས་མ་ཚོགས་ཀྱི་མཁའ་འགྲོ། །དབང་མེད་སྤྲིན་ལྟར་འདུ་བའི་གླུ་དབྱངས་འདི་ལེན་ནོ། །སྣ་ཚོགས་གདུལ་བྱའི་དོན་བྱེད་ཐེག་པ་ཡི་ཆོས་ཚུལ། །མང་མང་མཚོ་ལྟར་བསྐྱིལ་བའི་གདམས་ངག་གི་སྙིང་པོ། །འོད་གསལ་རྡོ་རྗེ་སྙིང་པོའི་ཡིད་བཞིན་གྱི་དབང་རྒྱལ། །མཐོང་དང་རྟོགས་པ་སྐལ་ལྡན་རེ་ཟུང་ཙམ་ཡིན་ནོ། །འདི་ན་ཆོས་ཀུན་ཆོས་ཉིད་བདེན་སྟོང་དུ་ངེས་པས། །སྣང་བ་རྟེན་འབྲེལ་སྒྱུ་མའི་ཡོ་ལང་དུ་ཤར་ཏེ། །


MR27_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྣང་ཕྱམ་ཕྱམ་སྣང་སྟོང་རོལ་མོ་རུ་མཐོང་བས། །སྒྱུ་མའི་རྣལ་འབྱོར་སྐྱིད་པའི་བྲོ་གཞེས་ཤིག་བྱེད་དོ། །སྙིང་དབུས་དྭངས་མ་ལྔ་ལྡན་འོད་ཟེར་གྱི་གུར་ཁང་། །སྦས་པའི་སྒོ་མོ་ཐབས་མཆོག་ལྡེ་མིག་གིས་ཕྱེས་པས། །ཀ་དག་ལྷུན་གྲུབ་ཆོས་སྐུ་ཡེ་ཤེས་ཀྱི་སེམས་དཔའ། །འཇམ་དཔལ་དཔའ་བོའི་རང་ཞལ་རྗེན་པ་རུ་མཐོང་སོང་། །དུས་གསུམ་རྒྱལ་བའི་ཞལ་རས་མ་ལུས་ཀྱང་རྫོགས་པ། །རིག་འཛིན་དཔའ་བོ་དུ་མའི་ཞེ་ཕུགས་ཀྱི་སྐྱེལ་སོ། །མ་རྒྱུད་མཁའ་འགྲོ་འབུམ་གྱི་སྙིང་ཁྲག་གི་དྭངས་མ། །རྒྱུད་ཆེན་རྒྱ་མཚོས་བསྟན་པའི་སྙིང་པོ་དེ་འདི་ག །གཤེགས་དང་འབྱོན་འགྱུར་བཞུགས་པ་སྲས་བཅས་ཀྱི་རྒྱལ་བ། །བརྒྱུད་གསུམ་བླ་མ་ཌཱ་ཀི་ཆོས་སྐྱོང་གི་འདུ་ཚོགས། །མཁའ་ལས་སྤྲིན་ལྟར་གཡོ་བ་བསླུ་མེད་ཀྱི་ཆོས་ཉིད། །ཀུན་ཀྱང་སྙིང་པོ་འདི་ཡི་དམ་ཚིག་ལས་མི་འདའ། །དེ་རིང་འདི་ན་ཚོགས་པ་རྡོ་རྗེ་ཡི་མཆེད་གྲོགས། །སྣང་སྟོང་ཡེ་ཤེས་ཐིག་ལེའི་སྲོག་གཅིག་ཏུ་བཟླུམས་པས། །ཀུན་ཀྱང་ཀུན་སྣང་སྒྱུ་མའི་འཇའ་རིས་སུ་ཡལ་ཏེ། །ཟུང་འཇུག་འོད་སྐུ་འགྲུབ་པའི་རྟེན་འབྲེལ་རང་འགྲིགས་སོང་། །དམ་ཅན་ལྷ་མི་རྣལ་འབྱོར་ཕྱི་ནང་གི་འདུ་བ། །མཐོང་ཐོས་དྲན་རེག་གིས་


MR27_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་འཁོར་འདས་ཀྱི་སྣང་ཆ། །ཀུན་ཀྱང་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཀློང་ནས། །རོ་གཅིག་འདུ་འབྲལ་མེད་པའི་བདེ་ཆེན་ལ་གནས་སོང་། །རིག་དབྱིངས་ཡེ་ཤེས་སྐུ་མཆོག་ངེས་ཤེས་ཀྱི་མིག་གིས། །གཉིས་སུ་མེད་པའི་ཚུལ་གྱིས་མཐོང་བ་ཡི་མོད་ལ། །གང་ཤར་དབྱངས་སུ་བླང་བ་ཆོས་ཉིད་ཀྱི་རང་སྒྲས། །ཀུན་ལ་སྣང་སྟོང་མཉམ་པའི་ཡེ་ཤེས་དེ་ཕོབས་ཤིག །ཀུན་ཀྱང་རོ་མཉམ་ཡེ་ཤེས་ཆེན་པོ་ཡི་ཐིག་ལེ། །ཀུན་སྣང་མི་འགགས་དགའ་ཆེན་བདེ་མཆོག་གི་རོལ་མོ། །ཀུན་ཁྱབ་རྟག་པ་དམ་པའི་དགེ་ལེགས་ཀྱི་སྣང་བས། །ཀུན་ཏུ་ཕུན་སུམ་ཚོགས་པའི་ཤིས་པ་དེ་སྩོལ་ཅིག །ཅེས་མ་ཚོགས་མཁའ་འགྲོ་མ་རྒྱ་མཚོའི་སྙིང་གི་དྭངས་མ་འགུགས་པའི་གླུ་དབྱངས་འདི་ཤིང་ཁྱི་ཟླ་༡༢ཚེས་༩ལ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བཀའ་ལུང་གིས་ཟིལ་གནོན་དགྱེས་པ་རྩལ་དུ་འབོད་པས་གང་ཤར་བཅས་བཅོས་མེད་པར་ཤར་མར་བྲིས་པ་མངྒ་ལཾ།། ༈ །།ཆགས་པའི་རྒྱལ་མོ་རྗེས་དྲན་གྱི་གླུ་དབྱངས་དགའ་བཞིའི་བྱ་མ་རྟ་བཞུགས་སོ། །ཨེ་མ་ཧོ། དུས་གསུམ་བྱོན་པ་རྒྱལ་བ་རྒྱལ་སྲས་ཀྱི། །རྣམ་ཐར་རྒྱ་མཚོའི་རྦ་རླབས་ཇི་སྙེད་པ། །ཡེ་ཤེས་རྒྱ་མཚོ་རྡོ་རྗེ་རྣལ་འབྱོར་མ། །གཅིག་པུའི་རོལ་པར་ངེས་པ་རྙེད་ནས་སུ། །ལྷན་སྐྱེས་མཁའ་འགྲོའི་རང་བཞིན་བཙལ་པའི་ཚེ། །གཟུགས་མིན་


MR27_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མིན་སེམས་ཀྱང་མ་ཡིན་ལ། །དངོས་མིན་དངོས་མེད་མ་ཡིན་ཅི་ཡང་མིན། །མ་སྐྱེས་མ་འགག་མཁའ་ལྟར་མཉམ་པར་ཤེས། །དེ་ལྟ་ན་ཡང་འགྲོ་བ་སྣ་ཚོགས་སུ། །བསམ་པའི་དབང་བཞིན་སྐྱེ་བའི་ཆོ་འཕྲུལ་ནི། །ལྷ་སྔགས་ཏིང་འཛིན་འདུ་བྱེད་སྣ་ཚོགས་པ། །སྒྱུ་མ་ཆུ་ཟླའི་ཚུལ་སྟོན་ངོ་མཚར་གནས། །ཁྱད་པར་སྲིད་པ་ཆགས་པས་བསླུས་མཁྱེན་ནས། །བུད་མེད་སྒྱུ་མའི་ཚུལ་འཆང་ཡིད་འོང་གཟུགས། །མྱོས་བྱེད་སྟོང་ལས་ལྷག་པའི་ཆགས་མཆོག་མ། །སྲིད་པ་གསུམ་ན་མཚུངས་མེད་མཛེས་པར་སྟོན། །ཆོས་དབྱིངས་མཉམ་པ་ཉིད་གྱུར་ཀུན་བཟང་མོ། །དབྱིངས་ཀྱི་ཡུམ་ཆེན་རིགས་ལྔའི་རྣལ་འབྱོར་མ། །ཉེར་བཞིའི་ཡུལ་གྱི་གཙོ་མོ་འཁོར་དང་བཅས། །ས་སྟེང་ཀུན་ཏུ་ལས་ཀྱི་ཕྱག་རྒྱར་སྣང་། །ཆགས་པས་འཆིང་ཞིང་ཆགས་པས་གྲོལ་མཁྱེན་ནས། །ཆགས་པའི་མཚོན་གྱིས་གྲོལ་ལས་རྣམ་རྒྱལ་བའི། །བདུད་ལ་འཕྱ་ཞིང་སྲིད་ལ་རྗེས་བརྩེ་བའི། །བཞད་པ་བརྒྱད་ལྡན་གསུང་གིས་ས་གསུམ་གཡོ། །དགྱེས་ཞལ་པདྨ་བཞད་པའི་རྣམ་འགྱུར་ལས། །འཛུམ་པའི་ཚེམ་ཕྲེང་གེ་སར་འོད་བཟང་ཅན། །འཇམ་མཉེན་ཕྱག་གིས་དྲངས་ནས་ཡངས་པའི་བྲང་། །ནུ་འབུར་ཟུང་གིས་


MR27_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་འགྲོ་ལ་སྟོབ། །བ་སྤུའི་འཁྲི་ཤིང་བསླང་བས་བསྐོར་བ་ཡི། །འཇམ་མཉེན་པདྨ་དམར་པོ་ཟེའུ་འབྲུ། །ཆགས་པ་སྦྲང་རྩིའི་རྡུལ་དམར་འཛག་པ་ཅན། །བདེ་བའི་དཔལ་དུ་མདུན་ནས་ཉེ་བར་ངོམས། །སྙིང་རྗེའི་ཐུགས་ལྡན་སྲས་བཅས་རྒྱལ་བ་ཡི། །ཆོས་དང་ཟང་ཟིང་སྦྱིན་པ་མི་ཟད་པ། །ཀུན་གྱི་ཕུལ་ཕྱིན་བདེ་བ་ཆེན་པོ་ཡི། །སྦྱིན་པ་རབ་མཆོག་ཁྱོད་ཀྱིས་འགྲོ་ལ་བསྩལ། །འདི་ན་ཐོག་མཐའ་མེད་པའི་སྲིད་པར་ནི། །རང་གི་སེམས་ཀྱི་དབང་གིས་སྲེད་པའི་རྒྱར། །རྨི་ལམ་བཞིན་དུ་འཐུམ་པ་བདག་གིས་ཀྱང་། །དེ་རིང་བདེ་ཆེན་དཔལ་མོ་རྗེས་དྲན་ཏེ། །རྡོ་རྗེ་བཙུན་མོའི་གསང་བའི་ཆུ་སྐྱེས་མཁའ། །རྣམ་ཐར་གསུམ་ལྡན་བགྲོད་པ་གཅིག་པུའི་ལམ། །དཀྱིལ་འཁོར་ཀུན་གྱི་དམ་པ་དེ་ཁོ་ན། །བྱིན་རླབས་དངོས་གྲུབ་ཀུན་གྱི་འབྱུང་གནས་ལ། །ཆགས་པའི་ཡིད་ཀྱིས་རྩེ་གཅིག་མངོན་ཕྱོགས་ཏེ། །སྐུ་དང་སྔགས་ནི་ཡང་དག་རྗེས་དྲན་ན། །ཆགས་མེད་ཆགས་པའི་ཚུལ་སྟོན་མཁའ་འགྲོ་མའི། །རྗེས་ཆགས་རྡོ་རྗེའི་དམ་བཅའ་བསྐུལ་གྱུར་ཅིག །ལྷ་དང་སྔགས་ནི་ཐབས་མཁས་བཀོད་པ་སྟེ། །བསོད་ནམས་རྒྱ་མཚོའི་གཟུགས་བརྙན་མཛོད་སྤུ་སོགས། །དྲན་པ་ཡིས་ཀྱང་བྱིན་རླབས་འབྱུང་འགྱུར་བ། །


MR27_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞིའི་འབྱུང་གནས་རྡོ་རྗེ་བཙུན་མོའི་མཁའ། །བདེ་བ་ཆེན་པོའི་དཀྱིལ་འཁོར་རྨད་བྱུང་བ། །རྩེ་གཅིག་ཆགས་པའི་ཡིད་ཀྱིས་སྒོམ་བྱེད་པ། །ཐབས་མཁས་ལས་ཀྱང་རྨད་བྱུང་ཐབས་ཡིན་པས། །བདེ་མཆོག་ཕོ་ཉའི་ལམ་གྱིས་གྲུབ་པར་མཛོད། །ཆགས་པའི་སེམས་ལ་ནན་ཏན་མཆོག་ཡོད་ཅིང་། །ཆགས་པའི་ཡུལ་གྱི་ཕུལ་ཕྱིན་པདྨའི་ཚལ། །ཡིད་ཀྱི་བུང་བ་གཞོན་ནུས་མངོན་བལྟས་ཏེ། །རུ་ལུ་མྱོས་པའི་དབྱངས་ཀྱིས་སྐུལ་བྱེད་ན། །སྔོན་གྱི་དམ་ཚིག་ཆེན་པོ་ཉེར་དགོངས་ནས། །མཁའ་ཁྱབ་ཞིང་གི་རྩ་གསུམ་ལྷ་ཡི་ཚོགས། །དགྱེས་པའི་གར་དང་བཅས་པས་འདིར་བྱོན་ཏེ། །ལྷན་སྐྱེས་བདེ་བའི་གཟི་བྱིན་བསྐྱེད་དུ་གསོལ། །མཁའ་འགྲོའི་ཚོགས་ཀྱི་དབུས་ན་གར་མཛད་པའི། །ཧེ་རུ་ཀ་དཔལ་དེ་ཡི་དམ་ཚིག་ནི། །ཆགས་པ་འདི་ཡིན་ཆགས་བྲལ་མ་ལགས་པས། །ཆགས་ལྡན་བདག་ལ་རྗེས་སུ་ཆགས་པར་མཛོད། །རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ལས་བྱུང་བ། །རབ་དམར་ཉི་མ་འཆར་ཁའི་འོད་ཟེར་གྱིས། །མཁའ་ཁྱབ་བརྟན་དང་གཡོ་བའི་སྣང་བ་ཀུན། །བདེ་བ་ཆེན་པོའི་ངང་དུ་བཞུ་ཞིང་བསྐྱོད། །བདེ་བའི་སྒྲ་ཡིས་སྲས་བཅས་རྒྱལ་བ་ཀུན། །ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས། །བདུད་རྩི་


MR27_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོས་གཙུག་ནས་དབང་བསྐུར་ཞིང་། །བྱིན་གྱིས་བརླབས་པས་བདག་རྒྱུད་ཡོངས་སུ་དག །གང་ལ་རེག་པས་བདེ་ཆེན་རྩོལ་མེད་དུ། །འདྲེན་པའི་དཀྱིལ་འཁོར་དེ་ཡང་ལེགས་བརྟགས་ན། །གང་དུ་མི་གནས་མཁའ་ལྟར་རྣམ་པར་དག །དེས་མཚོན་ཕྱི་དང་ནང་དང་རང་གི་སེམས། །ཆོས་ཀུན་མི་དམིགས་མི་གནས་མི་འཕོ་ལ། །ཡེ་ནས་རང་བཞིན་རྣམ་བྲལ་སྒྱུ་མའི་ཚུལ། །མ་སྐྱེས་མ་འགག་མཁའ་ལྟར་མཉམ་པ་ཉིད། །གཉིས་མེད་བདེ་བ་ཆེན་པོའི་དེ་ཉིད་མཐོང་། །བདེ་བའི་ལམ་གྱིས་བདེ་བར་གྲོལ་མཛད་པ། །རྡོ་རྗེ་བཙུན་མོ་བདེ་བ་ཆེན་པོའི་གཏེར། །ཁྱོད་ནི་ནམ་མཁའ་ལྟ་བུའི་ཆོས་ཉིད་དེ། །གང་ལ་ཉེ་དང་རིང་བ་མ་མཆིས་བཞིན། །བཟོད་དཀའ་རྟོག་པའི་སྲིན་པོས་བཟུང་བཞིན་དུ། །འཁོར་བའི་རྒྱར་ཚུད་སྡུག་བསྔལ་མྱོང་བ་བདག །བརྩེ་ཆེན་ཕྱག་གིས་འཁྱུད་པར་མཛད་ནས་སུ། །རྟོག་པའི་རྦ་རླབས་ཞི་བར་ཅིས་མི་མཛད། །སྒྱུ་འཕྲུལ་དྲྭ་བའི་གཟུགས་ཅན་མཁའ་འགྲོ་མ། །སྙིང་རྗེ་ཆེན་པོའི་དབང་ཕྱུག་དབང་དང་ལྡན། །བདེ་བ་ཆེན་པོའི་འབྱུང་གནས་བདེ་བའི་སྐུ། །དེ་རིང་བདག་ལ་མངོན་དུ་གྱུར་པར་མཛོད། །གསང་བའི་ཆུ་སྐྱེས་ཟེའུ་འབྲུའི་རེག་བྱ་ཡིས། །གཞོམ་དཀའ་འཕོ་བའི་བག་ཆགས་རྒྱུན་བཅད་ནས། །སུས་ཀྱང་


MR27_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལ་སྟེར་དུ་མེད་པ་ཡི། །རང་བྱུང་གཉུག་མའི་དེ་ཉིད་མངོན་གྱུར་མཛོད། །དེ་ནས་བདག་གི་ནམ་མཁའི་མཐར་ཐུག་པའི། །སེམས་ཅན་སྲེད་པས་བཅིངས་རྣམས་སྲེད་པ་ཡིས། །གྲོལ་བ་ཐབས་མཁས་ཟབ་མོའི་སྒྱུ་ཐབས་འདི། །ཆོས་ཀྱི་དབྱིངས་དང་མཉམ་པར་བཀོད་པར་བགྱི། །དུས་གསུམ་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཆགས་པའི་རྒྱལ་མོ་བདག་ལ་རྗེས་ཆགས་མཛོད། །བདེ་ཆེན་དཔལ་མོའི་ཞལ་རས་ཉི་མ་ཡིས། །རིང་ནས་ཞུགས་པ་སྙིང་གི་མུན་པ་སོལ། །མཆོག་ཏུ་འོད་གསལ་བདེ་བའི་དེ་ཉིད་ནི། །ནམ་མཁའ་བཞིན་དུ་སྤྱོད་ཡུལ་ཀུན་དང་བྲལ། །གཉིས་མེད་མཉམ་པ་སོ་སོ་རང་རིག་པ། །རང་བྱུང་ཡེ་ཤེས་གནས་མེད་ཀུན་ཏུ་སྣང་། །སྔགས་སྐྱེས་ཌཱ་ཀིའི་རེག་བྱ་ལ་བརྟེན་ནས། །ཞིང་སྐྱེས་ཌཱ་ཀིའི་འདུ་བ་མངོན་དུ་ཐོབ། །ལྷན་སྐྱེས་མཁའ་འགྲོ་དེ་ཉིད་མཐོང་གྱུར་ནས། །མཁའ་འགྲོའི་ཚོགས་ཀྱི་དབང་ཕྱུག་ཉིད་གྱུར་ཅིག །འཇིགས་དང་དོགས་པ་མྱ་ངན་སྣ་ཚོགས་ཀྱི། །རྟོག་པའི་རྦ་རླབས་དགག་པར་དཀའ་བ་ཡང་། །གང་དུ་ཉེ་བའི་མོད་ལ་འཇོམས་བྱེད་པའི། །བདེ་མཆོག་ཕོ་ཉའི་འདུ་བ་འཕེལ་གྱུར་ཅིག །ཆགས་པའི་འདམ་ལས་ཡེ་ཤེས་པདྨའི་ཚལ། །རབ་རྒྱས་གྲུབ་གཉིས་སྦྲང་རྩིའི་དྲི་


MR27_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གིས། །སྲིད་གསུམ་བརྟན་པ་འཕྲོག་བཞིན་དགེ་ལེགས་ཀྱི། །དགའ་སྟོན་ཆེན་པོ་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་ཆུ་འབྲུག་ཟླ་༩ཚེས་༢༨ལ་པདྨ་བདེ་ལྡན་གླིང་དུ་མི་ཕམ་རྣམ་པར་རྒྱལ་བའི་རིག་ཁམས་གཞོན་ནུ་ཆོས་དབྱིངས་ཤེས་རབ་དཔལ་མོའི་གྲོགས་དང་ལྷན་ཅིག་པས་གླུ་བླངས་པ་མངྒ་ལཾ།། ༈ །།ཌཱ་ཀི་སྙིང་བརྒུལ་གྱི་གླུ་གར་བདེ་ཆེན་དགའ་བ་འཁྱིལ་བ་བཞུགས་སོ། །རྣལ་འབྱོར་ཕོ་མོ་གར་གྱི་ཆས་སུ་ཞུགས་ནས་ལྷའི་ང་རྒྱལ་གྱི་ངང་ནས་གང་སྣང་བདེ་བ་ཆེན་པོའི་རྡོ་རྗེའི་གླུ་གར་གྱིས་མཁའ་འགྲོ་མཉེས་པར་བྱས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་བཞིན་འགུགས་པའི་ཕྱིར་འདི་ལྟར་འབད་པར་བྱ་སྟེ། ཧོ། ཉི་མ་བརྒྱ་བའི་གཟི་ལྡན་ཧེ་རུ་ཀཿ །ཡིད་འོང་ཟླ་བ་སྟོང་གི་མཛེས་འཕེལ་བ། །མཆོག་དགའི་ལྷ་མོ་རྣམས་དང་ལྷན་ཅིག་ཏུ། །བདེ་ཆེན་གར་གྱི་ཆོ་གས་དགྱེས་པར་གྱུར། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོཿ པདྨའི་བཞིན་ལ་གནས་པའི་ཨུཏྤལ་མིག །དཀྱུས་རིང་ཟླུམ་བུའི་ཟུར་མིག་ཕན་ཚུན་དུ། །གཟིགས་པའི་བདེ་བསྐྱིད་གར་གྱི་འདུ་བ་ལ། །རབ་དགྱེས་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། པདྨའི་ཚལ་ལ་འདུ་བའི་བུང་བ་བཞིན། །བདེ་ཆེན་དཔའ་བོ་མཆོག་དང་མཁའ་འགྲོའི་ཚོགས། །མཁའ་ལ་ངང་བའི་འགྲོས་ཀྱིས་འདིར་གཤེགས་ནས། །སྐལ་ལྡན་སྙིང་ལ་ཞུགས་ཤིང་


MR27_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གར་མཛོད་ཅིག །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། རྗེས་ཆགས་དགའ་བས་ཀུན་རྟོག་གངས་ཀྱི་རི། །བཞུས་པ་བདེ་ཆེན་རྒྱ་མཚོ་འཁྱིལ་བའི་རླབས། །བཞད་པའི་སྒྲ་དབྱངས་གླུ་ཡི་རོལ་མོ་ཡིས། །དཔལ་ལྡན་མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། རབ་དགའི་དྲི་བསུང་འཐུལ་བའི་ལུས་མཆོག་གི། །ལག་པའི་པདྨོ་ཕན་ཚུན་འབྲེལ་བ་ལས། །རེག་པའི་དགའ་བ་སྙིང་ལ་བདུད་རྩིའི་དཔྱིད། །འཐུང་བའི་གར་གྱིས་ལྷག་པར་རྩེན་པར་མཛོད། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། ལས་རླུང་ཀུན་རྟོག་གཡོ་བ་སྲིད་པའི་དཔུང་། །ཅིག་ཅར་འཇོམས་པའི་ཐབས་མཆོག་མེ་བོ་ཆེ། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཉིད། །སྦྱོར་བའི་བརྡའ་ཡིས་སྦར་ཞིང་གར་མཛོད་ཅིག །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། རབ་དཀར་སོ་ཡི་ཀུ་མུད་ཕྲེང་བའི་ཚོགས། །ཡིད་འོང་སོར་མོའི་མེ་ཏོག་དོག་པ་དང་། །ལྷན་ཅིག་རབ་ཡངས་ཟླ་བའི་འཁྲི་ཤིང་གི། །ལུས་ཀྱི་གནས་སུ་རྣམ་པར་རྩེན་པས་བྲེལ། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། མཆུ་སྒྲོས་པདྨ་གཞོན་ནུའི་དབུས་གནས་པ། །འཇམ་མཉེན་ལྗགས་ཀྱི་ཟེའུ་འབྲུ་གསར་བའི་བཅུད། །འཐུང་ཞིང་མྱོས་པའི་གར་གྱིས་སྐྱོད་པ་ཡི། །དཔལ་ལྡན་བུང་བའི་རྒྱལ་པོ་རྣམ་པར་མཛེས། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། རབ་ཡངས་ཟླ་བའི་བྲང་གིས་ཕན་ཚུན་དུ། །འོ་བྱེད་ལག་


MR27_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁྲི་ཤིང་དམ་བཅིང་བཞིན། །བདེ་བའི་ཟིལ་མངར་འཐུང་བའི་ཧ་སྲིད་དབྱངས། །གསང་ཆེན་སྔགས་ཀྱི་རོལ་མོའི་དགྱེས་བར་བརྡུང་། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། དཀའ་ཐུབ་ལ་སོགས་ཟུག་རྔུའི་མདུད་བཀྲོལ་ནས། །འདམ་སྐྱེས་བཞིན་དུ་འཆིང་ལས་རྣམ་གྲོལ་བ། །པདྨའི་རེག་བྱར་ཞུགས་པའི་བདེ་བ་ཆེ། །རྣལ་འབྱོར་སྙིང་གི་ཉི་མ་འཆར་བར་མཛོད། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། འཕོ་ཞིང་གཡོ་བ་ཉི་མ་ཟླ་བའི་འགྲོས། །སྒྲ་གཅན་ལམ་དུ་སོན་པའི་ཐབས་མཁས་ཀྱིས། །དཀར་དམར་རྒྱུ་བའི་ཕྲེང་བ་གཡོ་མེད་དུ། །རིན་ཆེན་ཟ་མ་ཏོག་ཏུ་ཚུད་པར་མཛོད། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། ཀུན་རྟོག་མུན་པ་ཀུན་ནས་དེངས་བ་ཡི། །སྒྲིབ་བྲལ་སྟོན་གནམ་ལྟ་བུའི་འོད་གསལ་ངང་། །མཁྱེན་གདངས་སྒྱུ་མར་ཤར་བ་འོད་ལྔའི་མདངས། །དྭངས་མའི་དཀྱིལ་འཁོར་དབྱིངས་སུ་སྤྲོ་བར་མཛོད། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། དེར་ནི་དཔའ་བོའི་ཚོགས་བཅས་མཁའ་འགྲོ་མ། །དབྱེར་མེད་བདེ་ཆེན་གསང་བའི་ཚོགས་འཁོར་ལ། །དགྱེས་མཉམ་དག་པ་ཆེན་པོ་རོལ་ནས་ཀྱང་། །སྤྲུལ་པའི་སྒྱུ་འཕྲུལ་འཇིག་རྟེན་ཀུན་ཏུ་སྟོན། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། སྲིད་དང་ཞི་བའི་རང་བཞིན་ཉིད་ཀྱིས་མཉམ། །ལྷན་སྐྱེས་བདེ་ཆེན་རོལ་པས་སྣང་སྲིད་ཀུན། །བདེ་ཆེན་སྒྱུ་མར་ཤར་བའི་


MR27_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཆོད་སྤྲིན། །རབ་འབྱམས་མུ་མཐའ་མེད་པ་རང་ཤར་བའོ། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། མི་ཤིགས་རྡོ་རྗེའི་ལམ་ནས་རྡོ་རྗེའི་སྐུར། །ཡོངས་སྨིན་བདེ་ཆེན་རྡོ་རྗེ་བྱང་ཆུབ་སེམས། །རང་བྱུང་ཡེ་ཤེས་ཆེན་པོ་གཅིག་གི་ངང་། །ཕྱོགས་དུས་ཀུན་བཟང་མཉམ་ཉིད་གནས་པའོ། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། མི་ཡི་སེང་གེས་སྲིད་འདིར་དམན་པའི་ངོར། །འདོད་ཡོན་སྤང་བའི་དཀའ་ཐུབ་ཚུལ་མཛད་ཀྱང་། །རབ་སྨིན་འཁོར་གྱི་དབུས་ན་མ་སྦས་སྐུ། །ཁ་སྦྱོར་བདེ་བའི་བདག་ཉིད་ཆེན་པོར་བཞུགས། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། ཐབས་ཆེན་འདི་དང་བྲལ་ན་སྲིད་པའི་རྒྱུན། །མི་གཅོད་སྲིད་པར་ཉམས་ངའི་འགྲོ་ཚོགས་ལ། །འདོད་རྒུ་ཡིད་བཞིན་རྟག་སྩོལ་བདེ་ཆེན་གྱི། །སྙིང་རྗེ་སྒྱུ་མའི་གར་གྱིས་གར་མཛོད་ཅིག །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། རབ་འབྱམས་ཞིང་གི་རྡུལ་སྙེད་དཔའ་བོ་དང་། །མཁའ་འགྲོའི་ཚོགས་ཀྱི་གསང་ལམ་རྡོ་རྗེ་ཡི། །ཐེག་མཆོག་སྙིང་པོ་འདི་ལ་བདག་འདུད་དེ། །རྩ་གསུམ་སྲུང་མའི་ཚོགས་ཀྱང་མཁྱེན་པར་གསོལ། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། ཟབ་གསང་མཁའ་འགྲོའི་གསང་མཛོད་སྔགས་ཀྱི་ཆོས། །བློ་མཆོག་སྙིང་ལ་གསལ་ཕྱིར་རིག་འཛིན་དང་། །ཡི་དམ་མཁའ་འགྲོ་སྲུང་མའི་སྐབས་ཕྱེ་ནས། །དགེ་མཚན་ཤིས་པའི་དབྱངས་བཅས་གར་མཛོད་


MR27_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨ་ར་ལླི་ཨཱ་ལ་ལ་ཧོ། ཞེས་པ་འདིའང་རབ་ཚེས་ལྕགས་སྦྲུལ་ཟླ་༡ཚེས་༢༥མཁའ་འགྲོའི་ཚོགས་ཀྱི་དུས་སུ་མི་ཕམ་པས་རྫོགས་པར་བྲིས་པ་མངྒ་ལཾ།། ༈ །།ས་གསུམ་དག་ན་ཡིད་འོང་སྐུ་གཅིག་པུ། །སྙིང་རྗེའི་གཞོན་ནུ་མ་ནི་ཁྱོད་ལ་འདུན། །བདེ་བའི་དེ་ཉིད་སྤངས་བའི་ཐབས་གཞན་གྱིས། །སངས་རྒྱས་ཉིད་དུ་འགྲུབ་པ་མ་ཡིན་ནོ། །དངོས་ཀུན་གདོད་ནས་བདེ་བ་ཆེན་པོའི་དོན། །སྙིང་ལ་མངོན་སུམ་ཉིད་དུ་གསལ་བྱེད་པ། །ཐབས་ཀྱི་བདེ་བའི་འབྱུང་གནས་ཆུ་སྐྱེས་ཀྱི། །གེ་སར་རྒྱས་པའི་སྦྲང་རྩི་འཐུང་བར་མཛོད། །བདེ་བར་གཤེགས་པའི་ཡུལ་ནི་འདི་ལགས་ཏེ། །བདེ་བའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་གྱིས། །བདེ་ཆེན་གཅིག་པུའི་ངོ་བོར་ཐམས་ཅད་མཐོང་། །བདེ་མཆོག་རྟག་པའི་བདག་ཉིད་གྲུབ་པར་མཛོད། །རྡོར་གླུ་འདི་ལྕགས་ཡོས་ཟླ་༡༢ཚེས་༡༣ལ་འདོད་རྒྱལ་སྒྲུབ་དུས་མི་ཕམ་པས་བྲིས་པའོ།། ༈ །།བདེ་ཆེན་རྟག་པ་དམ་པའི་ཡེ་ཤེས་སྐུ། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །བདེ་མཆོག་པདྨའི་གེ་སར་མཛེས་པ་ཡི། །རྗེས་ཆགས་ལྷ་མོའི་ཚོགས་ཀྱིས་མཆོད་པར་བགྱི། །ཟླ་༡༢ཚེས་༡༧ལའོ། །དགེའོ།། ༈ །།དཔལ་ཆོས་ཀྱི་གྲགས་པའི་བླ་མའི་རྣལ་འབྱོར་བཞུགས་སོ། །ཨ། མདུན་མཁར་པདྨ་དཀར་སེར་དབུས། །རབ་


MR27_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཟླ་བའི་དཀྱིལ་འཁོར་སྟེང་། །སྐྱེ་མེད་ཨ་ཡིག་དཀར་པོ་ལ། །དམར་སེར་དྷིཿཡིག་ཞུན་མས་མཛེས། །འོད་དུ་ཞུ་ཞིང་སྐད་ཅིག་གིས། །དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། །འཇིགས་མེད་སེང་གེའི་ང་རོ་ཅན། །ཆོས་གོས་གསུམ་གསོལ་ཕྱེད་སྐྱིལ་བཞུགས། །ཕྱག་གཡས་མཁའ་ལ་སྡིག་མཛུབ་གདེངས། །གཡོན་པས་གླེགས་བམ་རྣམ་པར་འཛིན། །ཐུགས་དབུས་དཀར་སེར་པདྨའི་སྦུབས། །གཞོན་ནུ་འཇམ་པའི་རྡོ་རྗེ་ནི། །ཤིན་ཏུ་ཞི་བས་སྐྱབ་སྦྱིན་གཡས། །ཨུཏྤལ་སྔོན་པོ་གཡོན་ན་བསྣམས། །ཤེས་རབ་འོད་ཟེར་ཀུན་དུ་འཕྲོ། །ཐུགས་ཀར་ཟླ་བ་དྲི་མེད་ལ། །འབར་བའི་སྔགས་ཀྱི་ཕྲེང་བ་ནི། །མར་མེ་ལྟ་བུའི་འོད་ཟེར་གྱིས། །ཡེ་ཤེས་སྣང་བ་རྒྱས་པར་བསམ། །ཨོཾ་མ་ཧཱ་གུ་རུ་དྷརྨ་ཀིརྟི་བཛྲ་ཏཱིཀྵྞ་ས་ར་ད་མུ་སྭཱ་ཧཱ། བདུན་གྱི་ཞག་ལ་བརྩོན་པ་ན། །ཟབ་མོའི་ཤེས་རབ་རང་གྲོལ་ན། །རྒྱལ་གསུང་རང་དབང་གིས་འབྱེད་པའི། །ཚད་མའི་བློ་གྲོས་འཕེལ་བར་འགྱུར། །ཐུན་མཐར་གསོལ་བ་གདབ་པ་ནི། ཨེ་མ། དཔལ་ལྡན་ཀུན་ཏུ་བཟང་པོའི་འོད་ཟེར་ལས། །ཀུན་ཏུ་ཕན་བདེའི་འཇིག་རྟེན་དགེ་མཛད་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ། །དཔལ་ལྡན་ཆོས་ཀྱི་གྲགས་པར་གསོལ་བ་འདེབས། །འཇམ་དཔལ་རྡོ་རྗེ་རྣོན་པོའི་ཡེ་ཤེས་སྐུ། །ཐུགས་ཀར་དཔལ་གྱི་བེའུར་རབ་བཞུགས་ནས། །དྲི་མེད་


MR27_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལམ་རིག་པའི་མེ་པོ་ཆེ། །རྨོངས་པའི་ཚང་ཚིང་འཐུག་པོ་རྣམ་པར་སྲེག །འདི་ན་ཟབ་མོའི་ཆོས་ཀྱི་གནས་ལུགས་ལ། །བློ་གྲོས་ཇི་བཞིན་འཇུག་པའི་མཐུ་མེད་པས། །མགོན་པོ་ཁྱེད་ལ་གུས་པས་གསོལ་འདེབས་ན། །བདག་རྒྱུད་བྱིན་གྱིས་རློབས་ཤིག་ཆོས་ཀྱི་གྲགས། །རིག་པའི་རང་བཞིན་སྟོང་གསལ་སྒྱུ་མའི་ཁམས། །ཉིད་ཀྱི་ཐུགས་དང་དབྱེར་མེད་རོ་གཅིག་ཏུ། །ཆུ་ལ་ཆུ་བཞག་ལྟ་བུར་གྱུར་པ་ཡིས། །འདུག་ས་འདི་རུ་བྱིན་གྱིས་བརླབས་ནས་ཀྱང་། །མི་འཕྲོག་ཤིན་ཏུ་ཟབ་པའི་ཤེས་རབ་ནི། །དྲི་མེད་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་། །གཟུངས་སྤོབས་ཏིང་འཛིན་བྱེ་བའི་འོད་བཟང་གིས། །རྒྱལ་བསྟན་ཀུ་མུད་མཛེས་པར་བྱེད་གྱུར་ཅིག །མི་ཕམ་པས་སོ།། ༈ །།དོན་རྒྱུད་གཙོར་འཛིན་གསང་སྔགས་རྙིང་མ་པ། །ལྟ་བ་མཐོ་སྙེགས་སྤྱོད་པ་བརླིང་ལ་དགྱེས། །ཕལ་ཆེར་རིག་འཛིན་སར་བསྙེགས་གྲུབ་པ་ཐོབ། །སྔགས་པ་མང་ཞིང་ནུས་པ་གཞན་ལས་ཆེ། །མོས་གུས་གཙོར་འཛིན་འགྲོ་མགོན་བཀའ་རྒྱུད་པ། །བརྒྱུད་པའི་བྱིན་རླབས་ཞུགས་པས་གོ་ཆོད་མང་། །སྒོམ་སྲན་ཆེ་བ་ཕལ་ཆེར་གྲུབ་པ་ཐོབ། །རྙིང་མ་པ་དང་འདྲ་མ་འདྲེས་ཀྱང་ཡིན། །མཁས་ཚུལ་གཙོར་འཛིན་རི་བོ་དགེ་ལྡན་པ། །དཔྱད་སྒོམ་ལ་དགའ་རྩོད་པའི་ཕྱོགས་ལ་དགྱེས། །སྤྱོད་པ་མིག་ལྟོས་མཛེས་


MR27_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ཡིད་འཕྲོག །འདུ་མང་འབྱོར་ལྡན་དཔེ་ཆའི་སྦྱང་རྩོལ་མང་། །བསྙེན་སྒྲུབ་གཙོར་བྱེད་དཔལ་ལྡན་ས་སྐྱ་པ། །བཟླས་སྒོམ་སྟོབས་ཀྱིས་བྱིན་རླབས་ཞུགས་པ་མང་། །རང་ཕྱོགས་ཆེ་འཛིན་རྒྱུན་གྱི་ཐུགས་དམ་བཟང་། །སུ་ལ་འགྲན་ཡང་ཀུན་གྱི་ཆ་ཤས་ཡོད། །ཨེ་མ་བོད་ཡུལ་ཆོས་ལུགས་རྣམ་པ་བཞི། །དོན་གྱི་ཁུངས་གཅིག་མོས་སྣང་སོ་སོར་ཤར། །སུ་ལ་ཞུགས་ཀྱང་ཚུལ་བཞིན་ཉམས་བླང་ན། །མཁས་དང་གྲུབ་པའི་ཡོན་ཏན་འབྱུང་བའི་ཕྱིར། །ཕ་གཅིག་མ་གཅིག་བུ་ཚ་ཇི་བཞིན་དུ། །ཕན་ཚུན་ཐུགས་མཐུན་མོས་གུས་དག་སྣང་སྒོམས། །རང་ལུགས་གཙོར་བཟུང་གཞན་ལ་གཤེ་བ་སྤོང་། །དེ་ལྟར་མཛད་ན་བསྟན་ཞབས་འདིར་ཡང་ལེགས། །མེ་སྤྲེལ་ཟླ་གཅིག་པའི་ཚེས་སུམ་ཅུ་ལ་མི་ཕམ་པས་བྲིས་པ་མངྒ་ལཾ།། ༈ །།འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད། །ཁྲེགས་ཆོད་གནད་ཀྱི་གདམས་པ་བཤད། །ཤེས་པ་མ་བཅོས་རང་སོར་བཞག །དེ་ཡི་གཤིས་ལ་བབ་ཀྱིས་བལྟ། །འདི་ཡིན་དེ་ཡིན་དམིགས་གནད་ཀྱི། །རྣམ་པ་གང་ཡང་མེད་པ་ལ། །བརྗོད་བྲལ་དེ་ཉིད་མྱོང་བ་ཡིན། །རང་གདངས་འགགས་པ་མེད་པ་འདི། །རྣལ་མ་གཤིས་ཀྱི་བབ་ཡིན་པས། །བསམ་གྱིས་མི་ཁྱབ་ཆོས་ཉིད་དོན། །རང་བཞིན་འོད་གསལ་ལྷག་མཐོང་སྟེ། །ལྟ་བ་རི་བོ་ཅོག་བཞག་ཡིན། །དེ་ཡི་བབ་


MR27_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་བཞིན་དུ། །བསྒོམ་དུ་མེད་ལ་ཡེངས་བ་མེད། །དགག་སྒྲུབ་རྟོག་དཔྱོད་མི་གཞུག་པར། །རྣལ་མ་རང་བབ་ལྷུག་པར་བཞག །བྱ་རྩོལ་འཆིང་བས་མ་བསླད་པའི། །ཆོས་ཉིད་བབ་ཀྱི་བསམ་གཏན་ཏེ། །རྣལ་འབྱོར་ནམ་མཁའི་རྒྱལ་པོར་གནས། །སྒོམ་པ་རྒྱ་མཚོ་ཅོག་བཞག་ཡིན། །དེ་ལྟར་བཞག་ཚེ་ནང་དུ་ནི། །སྣ་ཚོགས་རྣམ་རྟོག་རྒྱུ་བ་དང་། །ཕྱི་རོལ་སྣང་བ་ཅི་ཤར་ཡང་། །དགག་སྒྲུབ་མེད་པར་རང་སར་བོར། །གཤིས་ཀྱི་རང་བབ་མ་བརྗེད་ན། །གང་ཤར་ཕན་གནོད་བྲལ་བར་སྣང་། །བཟང་ངན་བླང་དོར་རྩིས་གདབ་མེད། །སྤྱོད་པ་སྣང་བ་ཅོག་བཞག་ཡིན། །གོམས་ནས་སྣང་སྲིད་ཆོས་ཐམས་ཅད། །རིག་སྟོང་ཐིག་ལེ་ཉག་གཅིག་པོ། །དེ་ཡི་ངང་དུ་འུབ་ཀྱིས་རྫོགས། །དེ་ནི་རྩོལ་མེད་ལྷུན་གྱིས་གྲུབ། །རྩོལ་བས་སྤང་དང་བླང་བྱ་ཟད། །འཁོར་འདས་རེ་དང་དོགས་པ་མེད། །གདོད་མའི་རང་བཞིན་མངོན་གྱུར་པ། །འབྲས་བུ་རིག་པ་ཅོག་བཞག་ཡིན། །ཅོག་བཞག་བཞི་ལྡན་མན་ངག་འདི། །ཁྲེགས་ཆོད་དགོངས་པ་མཐར་ཐུག་སྟེ། །གནད་དང་ལྡན་ན་ཡུད་ཀྱིས་གྲོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཆུ་སྦྲུལ་ཟླ་ཚེས་ལ་མི་ཕམ་འཇམ་དཔལ་དགྱེས་པའི་བློ་མཚོ་ལས་བྱུང་བའོ།། ༈ །།འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །སྙིང་ལ་གནས་པ་དེར་བཏུད་དེ། །རྫོགས་ཆེན་མཐར་ཐུག་མན་ངག་སྡེའི། །དགོངས་


MR27_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོད་རྒལ་ཉམས་ལེན་བཤད། །རིག་པ་འོད་གསལ་ཆེན་པོའི་སྦུབས། །མངོན་སུམ་ཉིད་དུ་བྱ་བའི་སླད། །ལུས་གནད་བཞུགས་སྟངས་གསུམ་ལྡན་པས། །རླུང་གནད་དལ་བུ་ཁ་ནས་འདོན། །ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །གནད་བཞི་བཅུན་པས་དེ་མ་ཐག །སྐུ་གསུམ་ལྷུན་གྲུབ་རིག་པའི་གདངས། །མཐིང་དབྱིངས་ཁྱབ་ཆེན་འོད་ལྔ་ལྡན། །ཟླུམ་སྒོར་ཐིག་ལེ་མུ་ཁྱུད་ཅན། །རིག་གདངས་ལུག་རྒྱུད་ཤེལ་ཕྲེང་ལྟར། །སྣང་བའི་གནད་དང་མ་བྲལ་ན། །དབྱིངས་ཀྱི་རྭ་བར་ལུག་རྒྱུད་ཚུད། །སེམས་གནད་ཁྲེགས་ཆོད་ཅོག་བཞག་དང་། །འོད་གསལ་མཐོང་བ་མངོན་སུམ་པའི། །ཤེས་རབ་རང་བྱུང་སྒྲོན་མ་དེས། །སྐུ་གསུམ་རང་གི་རྫོགས་པར་ནུས། །དང་པོ་ཉི་ཟླ་མར་མེ་ལ། །རྟེན་བྱས་རྟེན་མེད་རང་ཤར་ནས། །ཡིད་དཔྱོད་ཤེས་ཉམས་མི་དགོས་པར། །མཐོང་བའི་ལམ་ཀྱིས་ཚོད་ཟིན་ཅིང་། །ནང་གི་རིག་པ་སྐུ་རུ་སྨིན། །གདོས་བཅས་ཟང་ཐལ་ནང་དབྱིངས་སུ། །མཐར་ཐུག་དོན་གྱི་སངས་རྒྱས་འགྲུབ། །ཀུན་རྟོག་གཞོན་པ་རླུང་བཅས་ལ། །རྩིས་གདབ་མེད་པར་གྱི་ནར་བོར། །མི་འགུལ་གསུམ་ལ་གཞི་བཅས་ཏེ། །སྡོད་པ་གསུམ་གྱི་ཚད་ཀྱིས་བཟུང་། །རྟགས་ནི་ལུས་ངག་ཡིད་ལ་འབྱུང་། །ཐོབ་པ་གསུམ་གྱི་གཟེར་ཐེབས་སོ། །ཨ་ཛི་ཏས་སོ།། །།


previousརྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ།next