Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
བདུད་རྩི་སྨན་སྒྲུབ་ཀྱི་སྦྱོར་སྡེ་རབ་གསལ་འཆི་མེད་སྨན་མཆོག་གྲུབ་པ།
   
   
   
   
   
   
   
   
   


 
previousབདུད་རྩི་སྨན་སྒྲུབ་ཀྱི་སྦྱོར་སྡེ་རབ་གསལ་འཆི་མེད་སྨན་མཆོག་གྲུབ་པ།next

བདུད་རྩི་སྨན་སྒྲུབ་ཀྱི་སྦྱོར་སྡེ་རབ་གསལ་འཆི་མེད་སྨན་མཆོག་གྲུབ་པ།


MR27_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་སྒྲུབ་ཀྱི་སྦྱོར་སྡེ་རབ་གསལ་འཆི་མེད་སྨན་མཆོག་གྲུབ་པ་བཞུགས་སོ། །


MR27_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འཆི་མེད་མཆོག་གྲུབ་རང་བཞིན་རྣམ་དག་པ། །སྲིད་གསུམ་དུག་སེལ་ཡེ་ཤེས་སྨན་གྱི་མཆོག །སྣང་སྲིད་བདུད་རྩི་བདེ་བ་ཆེན་པོ་ཡི། །དཀྱིལ་འཁོར་མཆོག་ལ་གུས་པས་ཕྱག་འཚལ་ལོ། །འདིར་སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་བདུད་རྩི་ཡོན་ཏན་གྱི་སྒྲུབ་པའི་ལས་སྦྱོར་རྩ་བརྒྱད་སྟོང་སྦྱར་སྨན་ཆེན་པོའི་སྦྱོར་བའི་ལག་ལེན་རྒྱས་བསྡུས་དང་སྦྱོར་བ་སྣ་ཚོགས་གཞུང་དང་མན་ངག་རྣམས་ནས་འབྱུང་བའི་དོན་ཕྱོགས་གཅིག་གསལ་པོར་དགོད་པ་ལ། བདུད་རྩི་སྨན་གྱི་རྩ་བ་ནི་རང་བྱུང་ལུས་ཀྱི་བདུད་རྩི་ལྔ་ལྕགས་ཀྱུ་ལྔ་སྟེ་ཡིན་ཏེ། བླ་མ་ཡབ་ཡུམ་སོགས་མཚན་ལྡན་གྱི་དྲི་ཆེན་ནི་དབུས་སུ་བཀོད་པའི་རྫས་སོ། །


MR27_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དྲི་ཆེན་དེའི་འཕྲོད་ཀྱི་རྣམ་གྲངས་སུ་རྩ་བ་བརྒྱད་གསུང་སྟེ། སྦས་པ་ནང་གི་བཞི་ནི། གྲུབ་པ་ཐོབ་པའི་བླ་མའི་དྲི་ཆེན། དྲང་སྲོང་བདེན་ཚིག་གྲུབ་པའི་བདེན་པར་གནས་པའི་དྲི་ཆེན་རྣམ་ནི་དངོས་སམ་མ་རྙེད་ན་རྡོ་དྲེག་ནག་པོས་རུང་། ཡང་ན་ཡུམ་མཚན་ལྡན་མའི་དྲི་ཆེན། འབྲས་བུ་ལྔ་བསྒྲལ་བའི་དྲི་ཆེན། གཅིག་ཐུབ་ཕག་གི་དྲི་ཆེན་བཞིའོ། །མངོན་པ་ཕྱིའི་བཞི་ནི། ཀུ་ཀུ་རཱ་ཙའི་དྲི་ཆེན་གྱི་དུག་ཐུབ། རང་ཤི་བམ་གྱི་དྲི་ཆེན་གྱིས་རྟོག་པ་འཇོམས། བྱ་ཕུག་རོན་གྱི་དྲི་ཆེན་གྱིས་དབང་པོ་གསལ། ཉའི་དྲི་ཆེན་གྱིས་མིག་རྣོ་བ་སྟེ་བཞིའོ། །གཞན་ཡང་། ཕོ་བ། སུལ་མང་ཕོ་སུལ། རྫི་ཤ གྲོད་པ། རྒྱུ་མ། གཉེ་


MR27_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྟེ་ནང་ཁྲོལ་དྲུག་དང་། ཡང་མྱིད་པ་དཀར་ནག་གཉིས་ཏེ་བརྒྱད་ཀྱང་དེའི་རྣམ་གྲངས་སུ་བརྩིའོ། །ཤར་དུ་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའམ་གཞོན་ནུ་མཚན་ལྡན་གྱི་བྱང་སེམས་ཀྱི་འཕྲོད་ཀྱི་རྩ་བ་བརྒྱད་གསུང་པ་ལས། ནང་གི་བཞི་ནི། བྱང་སེམས་ཀྱི་ཕོ་བྲང་གོ་རོ་ཙ་ན། ཀླད་པ། རྒྱུ་ལམ་གཞུང་པ། གཤེགས་ཤུལ་རྡོ་རྗེའི་ཤ་རི་ར་མའང་ཆུ་བ། བཞུགས་ས་བེ་ར་ལིག་བསམ་སེའུ་ཡིན་ནམ་སྙམ་དང་བཞི། ཕྱིའི་མངོན་པ་བཞི་ནི། མིག་གི་མཐར་ཕྱིན་པ་འབྲས་བུ་སེམས་ཀྱི་མཐར་དབྱུང་བ་མིན་ཡང་དཀར་པོ། རུས་པའི་མཐར་ཕྱིན་པ་སྭོ། རྩ་རྒྱུས་ཀྱི་མཐར་ཕྱིན་པ་སེན་མོ། ཁྲག་ཆུ་སེར་དབུགས་ཀྱིའང་མཐར་ཕྱིན་པ་བ་སྤུ་དང་སྐྲའོ། །འདི་དག་མཚན་ལྡན་བམ་གྱི་ལུས་ཀྱི་ཆ་ལས་བྱུང་ན་ལེགས་སོ། །ཡང་རྣམ་གྲངས་གཞན། བྱང་སེམས་དངོས་དང་། བམ་གྱི་གོ་རོ་ཙ་ན། མི་འོ། །རྟ་འོ། །འབྲི་འོ། །ཁྱི་འོ་བཅས་བརྒྱད་ལ་ཡང་བཤད་དོ། ལྷོའི་བྷནྡྷར་ཤ་ཆེན་ཏེ། དེའི་རྩ་བ་བརྒྱད་ནི། བྱིས་པ་ཞག་གཅིག་སོས་ནས་ཤི་བ། སྐྱེས་བུ་རབ་སྐྱེ་བདུན་མཚན་ལྡན། སྐྱེས་བུ་གློ་བུར་ཤི་བ། འབྲས་བུ་ལྔ་བསྒྲལ་བ་བཞིའི་ཤའམ། ཡང་རྣམ་གྲངས་སུ་དེ་དག་གི་བྱིན་པ་གཉིས་ལག་ངར་གཉིས་ཀྱི་ཤ་བཞི་ནི་མངོན་པ་ཕྱིའི་བཞིའོ། །ནང་ནི་རྟ་ཁྱི་བ་གླང་གླང་ཆེན་བཞིའི་ཤ་སྟེ། ཡང་ན། སྙིང་ལྕེ་མཁལ་མ་གཞུང་བ་བཞི་ཡང་ངོ་། །


MR27_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཡུམ་མམ་རྡོ་རྗེས་མདའ་མ་ཕོག་པའི་བུད་མེད་མཚན་ལྡན་གྱི་རཀྟ་བཞག དེའི་རྩ་བ་བརྒྱད་ནི། ནང་གི་བཞི། འབྲས་བུ་ལྔ་བསྒྲལ་བའི་སྙིང་ཁྲག་ཙིཏྟ་རཀྟ། ཡབ་ཀྱི་སྣ་གཡོན་ནས་བྱུང་བ་ན་སའི་རཀྟ། རྡོ་རྗེས་མདའ་མ་ཕོག་པའི་རཀྟ་བབ་པ་སུ་ལ་རཀྟ། ཡུམ་མཚན་ལྡན་གྱི་པདྨ་རཀྟ་བཞིའོ། །ཕྱིའི་བཞི་ནི། ལོང་རྩ། ཨ་སོ། རྩི་ཆུང་། སྲོག་རྩའི་ནང་གི་ཁྲག་བཞིའོ། །བྱང་གི་ཕྱོགས་སུ་བླ་མ་དང་དགེ་སློང་སྔགས་པ་ལོ་བརྒྱད་གང་རུང་ངམ་གསུམ་ཀའི་དྲི་ཆུ་བཞག་སྟེ། དེའི་རྩ་བ་བརྒྱད་ནི། སྦས་པ་ནང་གི་བཞི། བླ་མ་དག་པའི་དྲི་ཆུ། ཡུམ་མཚན་ལྡན་གྱི་དྲི་ཆུ། རྒྱུ་ལྔ་བསྒྲལ་པའི་བམ་གྱི་མཁྲིས་པ། འབྲས་བུ་ལྔ་བསྒྲལ་པའི་དྲི་ཆུའོ། །ཕྱིའི་བཞི་ནི། བྲག་ཞུན་རྡོའི་ཆུ། ཅོང་ཞི་བདུད་རྩིའི་ཆུ། ཁ་བ་གངས་ཀྱི་ཆུ། རྒྱ་མཚོའི་ཆུ་བཞིའོ། །དེ་ལྟར་རྩ་བ་བརྒྱད་ལ་འཕྲོད་དང་སྐྱོབ་ཀྱི་ཡན་ལག་སྦྱར་ནས་སྟོང་ཕྲག་སོགས་སུའང་འགྱུར་ཏེ། དེའི་གཙོ་བོ་སྨྲོས་ན། སྨན་ལ་དབར་པོའི་རྒྱལ་པོ་ལྔ། མིག་རྣ་སྣ་ལྕེ་ཙིཏྟ་ལྔ། དེའི་བློན་པོ། དབུགས་རྒྱལ་གློ་བ། ཁྲག་མཆིན་པ། དྲོད་ཤན་ཤན་རྨེན། སྐྱེ་བའི་རྒྱུ་མཚན་མ། ཁྲག་རྒྱུ་མཚེར་པ་ལྔའོ། །སྨན་གྱི་རྒྱལ་པོ་ཨ་རུ་ར། གསེར་འདྲ། ཧ་ས་དེ་བ། ཨ་འབྲས། བྱ་ཀྲྀ་ལྔ། དེའི་བློན་པོ། བོང་དཀར། ལི་ག་


MR27_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དུར། ཀ་ཀོ་ལ། ཤུ་དག སེ་འབྲུ་ལྔའོ། །དྲི་ཡི་རྒྱལ་པོ། ཛཱ་ཏི་ཕ་ལ། ག་བུར། གླ་རྩི། ཙནྡན། ལི་ཤི་ལྔའོ། །དེའི་བློན་པོ། ནཱ་ག་གེ་སར། ཤིང་ཚྭ། སུག་སྨེལ། གྷནྡྷ་བྷ་དྲ། ཤུ་སྐྱུར་ལྔའོ། །སྤོས་ཀྱི་རྒྱལ་པོ། རྒྱ་སྤོས། དུ་རུ་ཀ གླ་རྩི། ཙནྡན། སྤོས་ཀྱི་ལོ་མ་ལྔ། དེའི་བློན་པོ། བྲག་སྤོས། སྤང་སྤོས། གཡའ་སྤོས། ས་སྤོས། བ་ལུའི་ལོ་མ་ལྔའོ། །ཚྭ་ལྔ། ས་ལས་བྱས་པའི་བྱའི་ཚྭ། སྒ་ཚྭ། བྲག་ལས་བྱས་པའི་ལྗ་ལྗ་བྲག་ཚྭ། ཆུ་ལས་བྱས་པའི་ལན་ཚྭ། རཱ་ལས་བྱས་པའི་རཱ་ཚྭ། ཤིང་ལས་བྱས་པའི་ཤིང་ཚྭ་ལྔའོ། །འབྲུ་ལྔ་ནི། ནས། ཏིལ། ཇུ་ཚེ། འབྲས། ཁྲེའོ། །རིན་ཆེན་ལྔ་གསེར་དངུལ་ཟངས་ལྕགས་གཡུའོ། །ཆུ་ལྔ། ཅོང་ཞི་གྲུབ་པའི་ཆུ། བྲག་ཞུན་བྲག་གི་ཆུ། དག་པ་གངས་ཀྱི་ཆུ། མས་འཛག་རྒྱ་མཚོའི་ཆུ། འདམ་བུ་ནགས་ཀྱི་ཟར་ཆུ་སྟེ་ནགས་གསེབ་ནས་བྱུང་བའི་ཆུའོ། །མངར་ལྔ། ཀ་ར། བུ་རམ། སྦྲང་རྩི། རྒུན་འབྲུམ། ཤིང་མངར་རོ། །ཞོ་ལྔ། སྙིང་ཞོ་ཤ མཁལ་ཞོ། གླ་གོར་ཞོ་ཤ མཆིན་པ་ཞོ་ཤ མཚེར་པ་ཞོ་ཤ ཕབ་ལྔ། སྔ་རྟགས་ཕྱིན་པའི་ཕབ། བོད་ཕབ། མོན་ཕབ། བྱང་ཕབ། རྒྱ་ཕབ་ལྔའོ། །དེ་ཡང་དབུས་ཀྱི་བནྡྷར་རྩ་བ་ལྔ་ལས་དྲི་ཆེན་འཕྲོད་བཅས་བཞག དེའི་སྐྱོབ་ཏུ། དབང་པོ་ལྔ་ལས་ཙིཏྟ། བློན་ལྔ་ལས་གློ་བ། སྨན་ལས་ཨ་


MR27_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ར། བློན་ལས་ལི་ག་དུར། དྲི་ལས་ཛཱ་ཏི། བློན་ནཱ་ག་གེ་སར། སྤོས་ལས་རྒྱ་སྤོས། བློན་པོ་བྲག་སྤོས། འབྲུ་ཇུ་ཙེ། རིན་ཆེན་གསེར། ཆུ་ལས་བྲག་ཆུ། མངར་ལས་བུ་རམ། ཞོ་ཤ་ལས་སྙིང་ཞོ་ཤ ཚྭ་ལས་ར་ཚྭ། ཕབ་ལྔ་ལས་རྟགས་ཕྱིན་གླ་རྩི་འདོན་ཆར་ཡོད་པའི་ཕབ་བཞག གཞན་ཡང་། ཨ་ཀ་རུ་དཀར་པོ། དུ་རུ་ཀ་ནག་པོ། གླ་རྩི། རྒྱུ་ལྔའི་ཙིཏྟ། གློ་བ། གླང་ཆེན་ཤ རྒྱུ་ལྔའི་མིག སྐྱོ་བ་ཡིག་བུ་མིག ལུག་མིག་ཀྱང་གསུང་འདུག དེ་བཞིན། ཤར་གྱི་བནྡར་བྱང་སེམས་འཕྲོད་བཅས་བཞག དེའི་སྐྱོབ་ཏུ་གོང་ལྟར་དབང་པོ་སོགས་ལ་རེ་རེ་བླང་པ། མིག མཆིན་པ། གསེར་འདྲ། བོང་དཀར། ག་བུར་ཤེལ། ཤིང་ཚྭ། བལ་བུ་དཀར་པོ། གཡའ་སྤོས། འབྲས་དངུལ། འདམ་བུ་ཀ་ར། ཅོང་ཞི། གླ་གོར་ཞོ་ཤ ལན་ཚྭ། ལོ་མ་སྣ་ཚོགས། བོད་ཕབས་སོ། །གདུང་ཤ་རི་རམ། ཉ་རི་རམ། ཅུ་གང་། ཐལ་རྡོར་སོགས་སོ། །ལྷོ་ཡི་བནྡར། རྩ་བ་ཤ་ཆེན་བཞག་ལ། དེའི་སྐྱོབ་ཏུ། སྣ་སྐྱོབ་སྣམ་སྲིན་ཤིང་འབྲས་བུ་མཚེར་པ། ཧ་ས་དེ་བ། ཀ་ཀོ་ལ། མང་ག་བུར། གླ་རྩི། རྟ་ཤའང་། སུག་སྨེལ། ལྕེ་པོག དཀར་པོ། ཨུག་ཆོས། ས་སྤོས་འདྲ། གཡུ། གཡའ་དང་ལུང་པ་སོགས་དཔྱད། ཏིལ། འདམ་བུ་ནགས་ཀྱི་ཆུ། རྒུན་འབྲུམ། མཁལ་ཞོ། ཙིཏྟ་ཀཀླ་གོར་སྙིང་ཞོ་ཞེས་འདོན་ཆར་ཡོད། སྒ་ཚྭ། མོན་ཕབ་རྣམས་བཞག གཞན་ཡང་ཤ་ཆེན་གྱི་འཕྲོད་དུ། འབྲས་


MR27_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྔའི་ཤས་གཞི་བཟུང་ལ། ཆུ་གནས་ཀྱི་ཤ་སྟོང་། ནགས་ན་གནས་པའི་ཤ་སྟོང་། ས་ལ་གནས་པའི་ཤ མཁའ་ལ་ལྡིང་བའི་ཤ་སྟོང་ཞེས་པ་ལྟར་ཤ་སྣ་ཚོགས་ཚད་དེ། ནུབ་ཀྱི་བནྡར་རཀྟ་བཞག་ལ། དེའི་སྐྱོབ་ཏུ། ལྕེ། ཉ་བ་གླང་། ཤན་ཤན་རྨེན་བུ། ཧ་ས་དེ་བ། ཨ་འབྲས། ཤུ་དག ཙན་དན། སྨུག་པོ་འདོན་ཆར། གནྡྷ་བྷ་དྲ། གླ་རྩི། སྤང་སྤོས། ནས། སྦྲང་རྩི། ཟངས། བྱེ་རུ་སོགས། རྒྱ་མཚོའི་ལྦུ་ཆུ། རྨ་བྱའི་ཤ ལྗ་ལྗ་བྲག་ཚྭ། མཆིན་ཞོ། སུ་བརྞ། རྒྱ་ཕབ་རྣམས་དང་། དེ་རྣམས་ཀྱི་འཕྲོད་དུ་རཀྟ་ཉེར་ལྔ་སྟེ། དེ་ལ་སྲོག་མ་བཅད་པའི་རཀྟ་ཉི་ཤུ། སྲོག་ཆགས་ལས་བྱུང་བ་ལྔ་ལས། དང་པོ་ས་ཡི་རཀྟ་ལྔ་ནི། བཙག ལི་ཁྲི། ལྡོང་རོས། མཚལ། རྡོ་དྲེག་དམར་པོའོ། །རྩའི་རཀྟ་ལྔ་ནི། རམ་བུ། བྱེ་རུག་པ། འབྲི་མོག གུར་གུམ། རྡོ་དྲེག་དམར་པོའོ། །མེ་ཏོག་གི་རཀྟ་ལྔ་ནི། སེ་བའི་མེ་ཏོག སྨུག་པོའི། ཁུག་ཆོས་དམར་པོ། ཧ་ལོ་དམར་པོ། སྲན་མའི་མེ་ཏོག ལུག་རུ་དམར་པོའོ། །ཤིང་གི་རཀྟ་ལྔ་ནི། སྲིན་ཤིང་། སྣ་མང་ལྡང་མའང་། སྐྱུ་རུ་ར། འདོན་ཆར་ཡོད། སྟར་བུ། སྐྱེར་བུ། གླ་ག་བའི་འབྲས་བུ་བཟང་། རྒུན་འབྲུམ་མོ། །སྲོག་ལས་བྱུང་བའི་རཀྟ་ལྔ་ནི། ཡུམ་གྱི་པདྨ། ཡབ་ཀྱི་ན་སའི་རཀྟ། བྱེའུ་ཁ་འབར་མའི་རཀྟ། རྨ་བྱའི་རཀྟ། རྒྱུ་བསྒྲལ་བའི་རཀྟའོ། །གཞན་ཡང་སྲོག་ཆགས་


MR27_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་ཁུག་སྣ་ཅི་རྙེད་སྟོང་གི་བར་དུ་བསག་པར་བྱའོ། །ཁ་དོག་གི་དབང་དུ་བྱས་ན་དམར་པོ་ཐམས་ཅད་ནུབ་ཏུ་བསགས་པར་བྱའོ། །བྱང་གི་བནྡར་རྩ་བ་དྲི་ཆུ་བཞག དེའི་སྐྱོབ་ཏུ་གླང་པོ་ཆེའི་ཤ་དབང་པོ་ལྔ་ལས་རྣ་བ། བློན་པོ་ལྔ་ལས་མཚན་མ། སྨན་ལྔ་ལས་བྱ་ཀྲྀ། བློན་པོ་ཤུ་སྐྱུར། དྲི་ལྔ་ལས་ལི་ཤི། བློན་ལྔ་ལས་ལྕེ་བགས་དཀར་པོ་འདོན་ཆར་ཡོད་ལི་ག་དུར། སྤོས་ལྔ་ལས་དུ་རུ་ཀ བློན་ལྔ་ལས་བལ་བུའི་ལོ་མ། འབྲུ་ལྔ་ལས་ཁྲེ། རིན་ཆེན་ལྔ་ལས་ལྕགས། ཆུ་ལྔ་ལས་གངས་ཀྱི་ཆུ། ཚྭ་ལྔ་ལས་ཤིང་ཚྭ། མངར་ལས་ཤིང་མངར། ཞོ་ལྔ་ལས་མཚེར་ཞོ། ཕབས་ལྔ་ལས་བྱང་ཕབས་འཇོག ཆུ་ལྔ་ནི་ཁ་བ་གངས་ཀྱི་ཆུ། རྒྱ་མཚོ་སེར་བའི་ཆུ། སེར་བ་བདུད་ཀྱི་ཆུ། ཤམ་བུ་ནགས་ཀྱི་ཆུ། སྐྱིན་ཐང་ངན་པའི་ཆུ་ཡི་རིགས་དང་ཁ་དོག་དབང་དུ་བྱས་ན་ལྗང་གུའི་རིགས་རྣམས་བྱང་དུ་བསག་པར་བྱའོ། །ཡང་། ཨ་རུ་ར། པ་ན་སེ། ཨ་འབྲས། རྒུན་འབྲུ། གེ་རྒྱལ་རྣམས་དབུས་དང་ཕྱོགས་བཞིར་བཀོད། ཤིང་ཐོག་རྒུན་འབྲུ་ཀ་ཀོ་ལ༔ ཨ་འབྲས་པ་ན་བུམ་ཤ་ལྔ༔ འགོ་རྩི་ཧྭ་དང་ལེང་ལོང་ཧྭ༔ གྷི་ཝྃ་ཅུ་ཧྭ་ར་ས་ཡ༔ ག་བུར་མུ་ཏིག་ལན་ཚ་རྣམས༔ འདི་དག་རྩ་བ་བརྒྱད་དང་སྦྱར༔ ཞེས་བཱི་མ་ལའི་


MR27_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྒྲུབ་པ་ལས་འབྱུང་ཞིང་། གཞན་ཡང་ཛི་བུ་བྲི་ཀྵ། ལྗོན་པའི་ཤིང་། ཙ་ཏྲའི་ཤིང་། གལ་པའི་ཤིང་། ཀ་ཤོ་ཀ་དྷ་རྣམས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ཨ་རུ་ར་ནི་རྣམ་པ་བདུན། །རྣམ་པར་རྒྱལ་དང་གསུམ་གྱིས་སྦྲེལ། །གསོད་བྱེད་དང་ནི་བདུད་རྩི་དང་། །འཇིགས་བྱེད་དང་ནི་འཕེལ་བྱེད་དང་། །སྐེམ་བྱེད་དང་ནི་བདུན་ཡིན་ནོ། །ཞེས་རིགས་བདུན་པོ་སྨན་རྒྱུད་ལྟར་བརྟགས་པ་དང་། བྲག་ཞུན། གསེར་ཞུན། དངུལ་ཞུན། གཡུ་ཞུན། ཟངས་ཞུན། ལྕགས་ཞུན་ལྔ་པོས་ཀྱང་རིགས་ལྔར་མཚོན། ཛཾ་བུ་གསེར་གྱི་ཤིང་། སྟར་བུ། ར་མོ་ཤག ཉེ་ཤིང་། ལུག་མིག ར་སྤེན་པ། ལ་ཕུག་དམར་པོ། ཐ་སྐར་རྡོ་རྗེ། ཕྱི་ཚེ་ལག དབང་ལག བ་སྤུ། བྲེ་ག གླ་གོར། དུང་། མགྲོན་བུ། འབྲུག་རུས། སེམས་ཅན་སྣ་ཚོགས་པའི་རུས་པ། རྒྱ་མཚོའི་ལྦུ་བ་ལ་སོགས་པ་ཀུན་ཁྲོལ་བུ་དབྱེ་བ་མེད་པ་དང་། འབྲས་ཆང་། གྲོ་ཆང་། ཏིལ་དཀར་ནག་དང་ཟི་ར་གསུམ་གྱི་ཆང་། སྦྲང་ཆང་། ནས་ཆང་སོགས་ཆང་སྣ་དང་། དེ་ལྟར་སྨན་ཐམས་ཅད་ཁ་དོག་གི་དབང་དུ་བྱས་ན། དབུས་སུ། དེ་བཞིན་གཤེགས་པའི་རིགས། ཤ་ཆེན་གྱི་འཁོར་དུ་སྨན་ལ་ཨ་རུ་ཤིང་མངར་སོགས་མདོག་སེར་ཤས་ཅན་རྣམས་དང་། རིན་


MR27_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ལས་གསེར་དངུལ་སྦུར་ལེན་སོགས་སེར་པོ་སྲོག་ཆགས་དམར་སེར་གྱི་ཤ་ཁྲག ཤིང་ཐོག་སོགས་སེར་པོའི་རིགས་རྣམས་དང་། རོའི་དབང་དུ་བྱས་ན་ནིམ་པ་ཏིཀྟ་སོགས་ཁ་བའི་རིགས་བསགས། ཤར་དུ་རྡོ་རྗེའི་རིགས་བྱང་སེམས་ཀྱི་འཁོར་དུ། ག་བུར་རིང་སྲེལ། དེའི་སྐྱོབ་ཐར་རྡོ་སོགས། ཅུ་གང་ཙན་དན་དཀར་པོ། དུང་མུ་ཏིག་དཀར་པོ། འབྲས་སོགས་འབྲུ་དཀར་ཀ་ར་དཀར་གསུམ་དཀར་པོའི་རིགས་དང་། རོ་ཡི་དབང་དུ་བྱས་ན་ཨ་རུ་སོགས་སྐ་བ་རྣམས་བསགས། ལྷོར་རིན་ཆེན་རིགས་སམ་སའི་འཁོར་དུ། ཞོ་ཤ་གསུམ་སོགས་དང་མདོག་སྔོ་བའི་རིགས། སྟར་བུ་སྐྱུ་རུ་སོགས་རོ་སྐྱུར་ཚད་བསགས། ནུབ་པདྨའི་རིགས་རཀྟའི་འཁོར་དུ། ཁྲག་སྣ་ལི་ཤི་ཙན་དན་དམར་པོ་སྐྱུ་རུ། སིནྡྷུ་ར། བྱེ་རུ་སོགས་དམར་པོའི་རིགས་དང་། བུ་རམ་སོགས་རོ་མངར་བ་དང་ལན་ཚྭ་བ་ཐམས་ཅད་བསགས། བྱང་ལས་ཀྱི་རིགས་དྲི་ཆུའི་འཁོར་དུ། བྲག་ཞུན་ཅོང་ཞི་སོགས་ཆུའི་འཕྲོད་དང་། གཡུ་མར་གད་སོགས་སྨན་དང་རིན་ཆེན་སོགས་མདོག་ལྗང་གུ། རོ་ཚ་བ་པི་ལིང་སོགས་དང་། གཞན་ཡང་རོ་འདྲེས་པ་སྣ་ཚོགས་བཞག་གསུང་། དེ་ལྟར་རོ་དྲུག་དང་སྨན་སྣ་སྟོང་དང་། མེ་ཏོག་སྣ་ཚོགས་རྩ་བར་གཏོགས་པ་རྣམས་གང་


MR27_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་བསགས་པར་བྱ་སྟེ་རྫས་ཀྱི་གཙོ་བོའོ། །གཞན་ཡང་རྡོ་རྗེའི་རིགས་གཙོ་བོར་སྒྲུབ་ན་བྱང་སེམས་དབུས་སུ་བཞག ཤ་ཆེན་ཤར་དུ་བཞག་པ་སོགས་རིགས་ལྔར་འགྲེའོ། །གཞན་ཡང་རྣམ་གྲངས་སུ་གཙོ་བོ་ལྔ། དྲི་ཆེན། དྲི་ཆུ། བྱང་སེམས། རཀྟ། ཤ་ཆེན་གྱི་དང་མ་ལྔའོ། །སྙིང་པོ་ལྔའམ་གཙང་མའི་དབང་པོ་ལྔའོ། །མིག་རྣ་སྣ་ལྕེ་སྙིང་ལྔའོ། །འབྲས་བུ་ལྔ། དུད་འགྲོ་རྨིག་རྟ་ཟླུམ། རྨིག་ལེབ་སྤྲེའུ་སོགས། རྨིག་པ་ཁ་གླང་། དབྲག །འདབ་ཆགས་བྱ། ས་འོག་གནས་པ་བྱི་བ་སོགས་མཆེ་བ་ཅན་གྱི་ཤ་ལྔའོ། །ཡང་མི་སྤྲེ་སོགས་རྐང་ལེབ། སེང་གེ་སོགས་མཆེ་སྡེར་ཅན། གླང་སོགས་རྨིག་པ་ཁ་དབྲག །རྟ་སོགས་རྨིག་ཟླུམ། འདབ་ཆགས་གཤོགས་ཅན་བྱ་རྣམས་ཀྱི་ལྔར་ཡང་བཞེད། ཡོན་ཏན་ལྔ་ཞེས་པར་འགའ་ཞིག་གིས་འབྲས་གསུམ་དང་ཅུ་གང་། ལི་ཤི་ལྔ་ལ་བཞེད་ཀྱང་། ཅུ་གང་། སིནྡྷུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར་ལྔ་ནི། རིམ་པ་ལྟར་རྫས་ཀྱི་བྱང་སེམས་དཀར་དམར། ཤ་ཆེན། དྲི་ཆེན་དྲི་ཆུ་རྣམས་སུ་བཤད་པ་དོན་ལ་གནས་ཞེས་དཔེ་འགར་གསུངས་སོ། །སྡུད་པ་ལྔ་ནི་བཞི་མཉམ་སྟེང་དུ་བདུད་རྩི་ཕབ་རྒྱུན་དང་། ཡང་ག་བུར། གུ་གུལ། ཛཱ་ཏི། གླ་རྩི། ཙན་དན་ལྔའོ། །ཁ་ཅིག་ཏུ་གླ་རྩིའི་ཚབ་ཏུ་ཕབ་བྱེད་པ་སྣང་། གཞི་ལྔ་ནི་ཀ་ར་


MR27_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རམ་སྦྲང་རྩི། འོ་མ་མར་ལྔ་ལ་སོགས་པ་རྣམ་གྲངས་མང་པ་ཡོད་དོ། །དུལ་བ་ལྔ་ནི་ཨ་གར་ནག་པོ། དུ་རུ་ཀ ལི་ག་དུར། དབང་ལག །སུག་སྨེལ་ལྔ་སྟེ། དེ་རྣམས་ལ་སྨན་གཞན་དུལ་བའི་ནུས་པ་ལྡན་པས་དེ་ལྟར་བཏགས་སོ་གསུངས་དེ་ལྟར་ལྔ་ཚན་བརྒྱད་པོ་འདི་ལའང་རྩ་བ་བརྒྱད་ཀྱི་ཐ་སྙད་བྱེད་པ་དང་ལྔ་ཚན་དེ་དག་རེ་རེ་ལ་ནང་གསེས་རིགས་བརྒྱར་སྦྱར་བས་སྟོང་སོགས་སུ་འགྱུར་ཏེ་འདབ་ཆགས་སོགས་རིགས་བརྒྱ་རེར་ཕྱེའོ། །ཞར་བྱུང་དུ་དགོས་དོན་ལྔ། རྒྱལ་པོ། རྒྱལ་ཐེབ། ཀརྨ་གིང་གཟུངས་མ་ལྔ་དང་། དགོས་ཆེད་ལྔ་དར་དང་ཚོན། ཚོན་སྐུད་དང་ཐིག་སྐུད། ཀ་པཱ་ལ་ལྔའོ་ཞེས་བཤད་དོ། །དེ་ཡང་། དང་པོར་སྨན་ཁྲོལ་བུ་རྣམས་ཞེས་དང་། ཀླ་ཀླི་ཞེས་པ་ངོས་འཛིན་ཚུལ་སྣ་ཚོགས་ཡོད་ཀྱང་འབྲས་བུ་ལྔའི་ཙིཏྟར་བཞེད་ཅེས་དང་། ཡང་ན་འབྲས་བུ་ལྔའི་ཐོད་པ་སྟེ། མི་གླང་ཆེན། རྟའམ་བོང་བུ། རྨ་བྱའམ་ཤང་ཤང་། ཀུ་ཀུ་ལྔ་གང་རུང་ཁ་ཁ་དོག་གི་ཐོད་པར་བཤད་ཅེས་དང་། སྤྱིར་རྒྱུ་ལྔ་དང་འབྲས་བུ་ལྔ་ཞེས་མི་རྟ་གླང་ཁྱི་བྱ་ལྟ་བུ་ཤ་ལྔའི་རྒྱུ་དེ་ལ་ངོས་འཛིན་པ་ཡིན་ནོ། །དོག་དང་། རོ་ནུས་དང་ངོ་བོའི་ཡོན་ཏན་གང་རུང་གི་སྒོ་ནས་སྡེ་ཚན་ཕྱེ་ལ་བནྡ་སོ་སོར་ཕྱོགས་མཚམས་སུ་བཀོད་ཏེ་རིགས་བརྒྱ་དང་རིགས་ལྔ་སོགས་ཀྱི་རྣལ་འབྱོར་སྒྲུབ་དགོས་སོ། །དེ་ལ་


MR27_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་འདི་དག་བཞག་པའི་སྣོད་ནི་གཙོ་བོར་ཀ་པཱ་ལ་སྟེ། དེ་ཡང་སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་པཱ་སེང་གེའི་ཐོད་པའང་ཟེར། ལ་ཞེས་པ་མཚན་ལྡན་སྲུབ་མེད་ཚངས་སྐུད་ཅན་དུ་ཤ་ཆེན་སོགས་བཞག དེའི་ནང་ལོག་ཏུ། མི་འགྱུར་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ། ཞེས་པ་རུས་སྦལ་ཐོད་པ་སྟེ་མ་འབྱོར་ན་རུས་སྦལ་ཁོག་པས་རུང་། དེའི་ནང་དུ་གི་ཝྃ་གིས་ཧྲཱིཿབྲིས་སོ། །ལྐོག་པ་ཆེན་ཐོད་པའི་ཞབས་སུ་བཞག་པས་ཆོག་གོ། མི་འགྱུར་སྲ་གཡུང་དྲུང་ཀྱང་། མཁྲེགས་རྡོ་རྗེ་ཀ་པཱ་ལ། ཞེས་པ་དཀར་ཟླུམ་སྲུབ་མེད་ཤར་དུ་བཞག ཡིད་བཞིན་གཏེར་ལྡན་ཞེས་གསེར་མདོག་སུལ་མང་འབུར་བཞི་པ། དཔག་བསམ་ཤིང་ལོ་སོགས་ཀྱི་རི་མོ་ཅན་ལྷོ་རུ་བཞག ཁམས་གསུམ་དབང་སྡུད་ཅེས་ཟླ་གམ་ཤོད་བུ་གཉིས་གཉིས་གསུམ་པ། པའམ། དམར་མདངས་ཆགས་པ་པདྨའི་རི་མོ་ཅན་ནུབ་ཏུ་བཀོད། ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ་ཞེས་པ། དབྱིབས་གྲུ་གསུམ་གྱི་སྔོ་ལྗང་གི་མདངས་ཆགས་པ། རྣམ་ཅན་གཤོང་བུ་གསུམ་པ། རྡོ་རྗེ་རྒྱ་གྲམ་སོགས་ཀྱི་མཚན་པ་བྱང་དུ་བཀོད། ཐོད་པ་འདི་དག་མདོག་དབྱིབས་རི་མོ་མ་འཆོལ་བ་ཚད་ལྡན་བྱུང་ན་རབ། དེ་མིན་ཅི་རིགས་ཚང་བ་ལ་ངོས་འཛིན་དགོས་སོ། །གཞན་ཡང་སྨན་རྣམས་བཞག་པའི་སྣོད་ཀྱི་རྣམ་གྲངས། དབུས་སུ་རུས་སྦལ་ཁོག་པ་གོང་བཤད་


MR27_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དང་། ཤར་ལྷོར་སེང་གེའི་ཐོད་པ། མ་ལོན་ན་ཚབ་ཁྱི་དཀར་ཐོད་པ། ལྷོ་ནུབ་གླང་ཆེན་གྱི་ཐོད་པ། མ་རྙེད་ན་ཡུལ་གླང་གི་ཐོད་པས་ཚབ་རུང་། ནུབ་བྱང་སྟག་གི་ཐོད་པ། བྱང་ཤར་མི་ཆེན་ལྷ་ཆེན་གྱི། གླང་གི་ཐོད་པ་ཕྱག་ཚང་ཀུ་བའོ། །འདི་བཞིར་མི་ཤིག་མཛོད་ལྡན་སོགས་ཀྱི་ཀ་པཱ་ལའི་མིང་འདོགས་མཛད་དོ། །ཡང་ཤར་གྱི་གྲུ་ཆད་ལ་ལྕུག་ཕྲན་མ་སྟེ་ཕ་མིང་མང་པོ་ཅན་གྱི་བུ་སྲིང་གི་ཐོད་པ། ལྷོ་ནུབ་ཀྱི་གྲུ་ཆད་ལ་ཁྱབ་ཆུ་མ་ཟག་པ་སྟེ་བུ་ཚ་མི་ཟག་པའི་ཐོད་པ། ནུབ་བྱང་སྨ་མ་ཕབ་པ་ཞེས་རྡོ་རྗེས་མདའ་མ་ཕོག་པའི་ཐོད་པ། བྱང་གི་གྲུ་ཆད་ལ་དབང་དང་ལྡན་པ་ཞེས་ཕ་མིང་དབང་ཆེན་ཁ་དྲག་ཡོད་པའི་ཐོད་པ་བཞག སྒོ་བཞིར་ཤར་དུ་བནྡ་ཟླ་གམ། ལྷོར་སོགས་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞི་སྟེ་གླིང་བཞིའི་དབྱིབས་ཅན་བཀོད། དེ་ལྟར་ཐོད་པ་རྣམས་ཚང་བའོ། །ཐོད་པ་གྲངས་ཀྱང་བཅུ་དྲུག་གམ། ཉུང་ཡང་ལྔ་ནས་བདུན་གྱི་བར་ཙམ་མེད་དུ་མི་རུང་བར་བཤད། གཞན་ཡང་དབྱིབས་ཀྱི་དབང་དུ་བྱས་ན། འཁོར་ལོ་དང་རྡོ་རྗེ་སོགས་ཀྱི་དབྱིབས་ཅན། རྫས་རྣམས་སོ་སོའི་ཕྱོགས་སུ་བསགས། མདོག་གི་དབང་དུ་བྱས་ན། གོང་བཤད་ལྟར་རམ། ཡང་ན་དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་


MR27_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་བསགས། ཡང་རྩ་བའི་རིགས་དབུས། ཡལ་ག་ཤར། ལོ་མ་ལྷོ། མེ་ཏོག་ནུབ། འབྲས་བུ་བྱང་ལྟ་བུ་དང་། གཞན་ཡང་ཤར་དུ་མི་རྟ་ཁྱི་བ་དམར་འབྲི་བྱ་ཞུར་མ་སོགས་ཀྱི་འོ་མ་དང་། ཤིང་སུ་ཏའི་འོ་མ་སོགས་དང་ཤེལ་གྱི་སྣོད་དུ་བཞག ལྷོར་ལྕགས་ཕོར་དུ་འབྲུ་ལྔ་རིན་ཆེན་སོགས་འབྲུ་ཡི་རིགས་ཐམས་ཅད་བཞག ནུབ་ཏུ་མཆོང་ཕོར་དུ་རིན་པོ་ཆེ་སྣ་ཚོགས་སུ་བཞག བྱང་དུ་གསེར་ཕོར་དུ་མཁྲིས་པ་སྣ་ཚོགས་དང་། དྲི་ཆུ་སྣ་ཚོགས་བཀོད། ཡང་། བན་ས་ཞེས་པ་སྟག་སེང་དོམ་དྲེད་ཁྱི་སོགས་སྡེར་ཆགས་མཆེ་བ་ཅན་གྱི་ཤ་ཐམས་ཅད་དབུས་སུ་བཞག ཨ་རུ་ཞེས་གླང་པོ་ཆེ་དང་བ་ལང་དང་གནག་དང་ལུག་སོགས་རྨིག་པ་ཁ་དབྲག་ཅན་གྱི་ཤ་ཐམས་ཅད་ཤར་དུ་བསགས། རྨིག་ལེབ་ཨ་འབྲས་ཞེས། མི་དང་ཤང་ཤང་སྤྲེའུ་འཕྱི་པ་མི་རྒོད་སོགས་རྐང་ལེབ་གདོང་ཅན་གྱི་ཤ་རྣམས་ལྷོར་བཀོད། རྒུན་འབྲུམ་ཞེས་པ་རྟ་བོང་རྐྱང་སོགས་རྨིག་ཟླུམ་གྱི་ཤ་ཐམས་ཅད་ནུབ་ཏུ་བཀོད། ན་ལི་ཀེ་ར་ཞེས་རྨ་བྱ་བྱ་རྒོད་ནེའུ་ལེ་ཁྲ་གླག་ཁྱུང་སོགས་འདབ་ཆགས་སྡེར་ཅན་རིགས་ཀྱི་ཤ་ཐམས་ཅད་བྱང་དུ་བསགས། དེ་ཡང་ཨ་རུ་དང་རྒུན་འབྲུམ་སོགས་ཀྱི་མིང་གི་བརྡའ་འདི་དག་ཤ་ལྔའི་བརྡ་ཡིན་ཏེ། འདི་རང་བདུད་རྩིའི་རྒྱུད་ན་གསལ་བ་བཞིན་


MR27_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ལ། གཞན་དུ་འདྲ་མིན་བཞེད་ཚུལ་ཡོད་དེ། རྒུན་འབྲུམ་གླང་པོ་ཆེའི། ཨ་རུ་རའམ་ཨ་ག་རུ་རྟ་ཤ གེ་ལེ་གེ་རྒྱལ་ཁྱི་སོགས་ཤ ཨ་མྲ་མི་སོགས་ཤ ན་ལེ་བ་ལང་གི་ཤ་ལ་བརྗོད་པ་སོགས་དང་། ཕྱོགས་སུ་འགོད་ཚུལ་ཡང་འདྲ་མིན་ཡོད་དེ་མི་འགལ་ཡང་འདིར་ནི་འདི་བཞིན་བྱའོ། །དེར་མ་ཟད་ཕུག་ན་ཉལ་བ་སྟོང་། དེ་བཞིན་ཁུང་འཛུལ། མཁའ་ལ་རྒྱུ་བ། ཤ་ཟན་མཆུ་ཕོ་རོག་སོགས། ཀུག འདབ་ཆགས་ངང་ངུར་སོགས། མཆུ་ལེབ། མཆུ་བྱིའུ་སོགས། སྐྱུང་སྒུམ་ཐུ་སོགས་ཀྱི་ཤའང་སྟོང་ངམ་གང་ལོན་བསགས་ཏེ་སེམས་ཅན་ཐམས་ཅད་ལ་བདུད་རྩིའི་རྒྱུ་ཡོད་པའི་ཕྱིར་རོ་ཞེས་གསུངས་པ་ལྟར། ཤ་སྣ་སྟོང་ཕྲག་དུ་མའི་བར་དུ་ཅི་འབྱོར་བསགས་ཀྱང་ལེགས་པ་ཤེས་དགོས་ལ། ཅིས་ཀྱང་མང་པོ་དེ་ཙམ་མ་འབྱོར་ན་ཆད་སྐྱོན་ཡིན་པར་མི་འགྱུར་ཏེ། ཤ་ལྔའི་གཙོ་བོ་རྣམས་ལ་དོན་འདུས་སོ། །འོན་ཀྱང་གོང་བཤད་ལྟར་མ་འབྱོར་ན། སྐུའི་ཐུགས་དམ་སྐོང་ཕྱིར་གླང་པོ་ཆེའི་ཤ་མེད་དུ་མི་རུང་ལ། ཅིས་ཀྱང་མ་འབྱོར་ན་གཡག་ཞོལ་བོའི་འབྲས་བུ་དགོས། དེ་བཞིན་གསུང་གི་དམ་སྐོང་རྨ་བྱའི་ཤ མེད་ན་ཕ་ཝང་གི་ཤ ཐུགས་ཀྱི་དམ་སྐོང་སེང་གེའི་ཤ མ་རྙེད་ན་ཁྱི་དཀར་པོའི་ཤ ཡོན་ཏན་དམ་སྐོང་ཀྱི་ལིང་གི་ཤ མེད་ན་རྟ་སྔོན་


MR27_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཤ ཕྲིན་ལས་དམ་སྐོང་ཤང་ཤང་གི་ཤ མེད་ན་ཕ་ཝང་གི་ཤ་དགོས་སོ་ཞེས་གསུངས། གཞན་ཡང་ཉེ་བའི་རིགས། བྲམ་ཟེ་ལ་ཆད་པ་སྤྲེའུ། རྗེ་རིགས་ལ་མཆིལ་པ། དམངས་ལ་སྦལ་པ། ས་ལ་གནས་པ་མི། གནམ་ལ་གནས་པ་ཤང་ཤང་། ས་འོག་ཕྱི་བ། ནགས་ལ་གནས་པ་གླ་བ། ཆུར་གནས་ཉ་སྲམ་གྱི་ཤ་སོགས་ཁགས་ཆེ་ཞེས་ཀྱང་བཤད་དོ། །མདོར་ན་སོ་བ་མོན་སྲན་གྲོ་སོགས་འབྲུ་རིགས། ཤིང་ཐོག་གི་རིགས། སྨན་གྱི་རིགས། ཤ་སྣ་ཁྲག་སྣའི་རིགས། སྙིང་སྣ་ཚོགས། ནང་ཁྲོལ་དབང་པོ་ཀླད་མཁྲིས་སོགས་སྣ་ཚོགས། ཆུ་སྣའི་རིགས་དང་ཆང་སྣ་ཚོགས་དང་། རིན་པོ་ཆེའི་རིགས་སོགས་ཐམས་ཅད་མི་འགྲོ་བ་མེད་པས་རྒྱས་པར་འབུམ་ཕྲག་ཡངས་པའི་བཅུད་ཅེས་བྱ་ཞིང་། སྤྱིར་དབྱེ་བ་མེད་པར་ཀུན་ཅི་ཚོགས་སུ་བསགས་པར་བྱ་སྟེ། སྣང་སྲིད་ཡེ་ནས་བདུད་རྩིར་གནས་པས་དུག་ལྔ་ཉིད་སྨན་དུ་འགྱུར་བ་ལགས་ན་གཞན་ལྟ་ཅི་སྨོས་ཞེས་གསུངས་པ་ལྟར། སྤྱིར་ཤེས་པར་བྱ་ཞིང་། སྦྱང་བསྒྱུར་གྱི་ནུས་པ་ཐོབ་ན་མི་རུང་བའི་རྫས་གང་ཡང་མེད་དེ་ཐམས་ཅད་བདུད་རྩི་ཉིད་དོ། །འོན་ཀྱང་ཐུན་མོང་གི་ཆོས་སྨན་སྒྲུབ་ཚེ་དམིགས་བསལ་ཏེ་གསུངས་པ། དེ་ཡང་ཤ་ལ་མི་དགོས་པ་མེད་


MR27_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་པུ་ཤུད་མནོལ་བའི་ཤ་མི་འཚལ་ཞེས་གསུངས། འདི་དྲི་ང་ཞིང་རྫས་གང་དུ་ཡང་མི་འགྲོ་བ་སོགས་ཀྱི་ཕྱིར་རོ། །དེ་བཞིན་ཁྲག་སྣའི་ནང་དམེ་ཁྲག་མཛེ་ཁྲག་ཡུགས་ཁྲག་སོགས་དང་དེ་དག་གི་ཤ་སྣ་སོགས་མི་གཏོང་ངོ་། །དེ་བཞིན་དྲི་ཡི་སྦྱང་གུར་གྱུར་པའི་ཕྱིར། སྨན་ལ་མི་དགོས་པ་མེད་ན་ཡང་། རྩི་བོ་ཆེ་སྟེ་ཤིང་ཀུན་མི་དགོས། སྤོས་ལ་མི་དགོས་པ་མེད་ན་ཡང་གླ་རྩི་མི་འཚལ་ཞེས་གསུངས་པ་འདི་གཉིས་སྨན་སྦྱོར་དུ་བསྲེ་མི་རུང་བ་མིན་ཏེ། ནུས་པའི་ཡོན་ཏན་ཆེ་བས་གླ་རྩི་ནི་གོང་གི་སྐབས་སུ་ཡང་དགོས་པར་གསུངས་པ་བཞིན་ནོ། །འོན་ཀྱང་འདི་དག་མང་ན་འདི་དག་གི་དྲིས་སྨན་གཞན་གྱི་དྲི་འགོག་པའི་ཕྱིར་དེ་ལྟར་གསུང་པ་སྟེ། དེ་དག་ཐང་ལ་ཕྱེ་ནས་དྲི་ལྡོག་ན་འགལ་བ་མེད་གསུངས། རྩི་ལ་མི་དགོས་པ་མེད་ཀྱང་དུག་གི་མེ་ཏོག་མི་དགོས་གསུངས་པ་དེར་མ་ཟད། དུག་རིགས་དང་། ཐར་ནུ་སོགས་བཤལ་སྨན་མང་ན་མི་ལེགས་པས་བཀག་པ་ཉིད་དོ། །གཞན་ཡང་སྒོག་པ་ཤིང་ཀུན་ཤུ་དག་བྱི་རུག་རྩ་གླ་བ། རྩ་ཁུ་བྱུག་སོགས་དྲིའི་སྤྱང་ཀུ། སྤྱང་ཀི་པུ་ཤུད་ཟེར་མོ་སོ་ཏོ་རོག་པོ། མཛོ་དྲེལ་ཤ་སོགས་ཤའི་སྤྱང་ཀུ། སྤྲུ་མ་རི་ཤོ་སྲན་མའི་མེ་ཏོག་སོགས་མེ་ཏོག་གི་སྤྱང་ཀུ། དུག་སྣ་ཚོགས་རྣམས་ནུས་པའི་སྤྱང་ཀི། གཞོབ་རིགས་དང་།


MR27_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཚ་བ་ཚ་བོང་ང་དཀར་དམར་ཧོང་ལེན་རྣམས་མང་ན་རོ་ལན་ཚྭ་དང་ཁ་བ་བསྒྱུར་བས་རོ་ཡི་སྤྱང་ཀི། སྤང་རྒྱན་སྔོན་པོའི་མེ་ཏོག་སོགས་མང་ན་མདོག་འཕྲོག་པས་མདོག་གི་སྤྱང་ཀི་ཞེས་བཤད། གཞན་བྲག་སྤོས། སྤང་སྤོས་སོགས་ཀྱང་མང་ཆེ་ན་མི་ལེགས་པས། སྨན་སྦྱར་བའི་ཚེ་མདོག་དང་དྲི་རོ་ཕུན་སུམ་ཚོགས་པར་སྦྱར་ན་ལེགས་པས། རོ་ནུས་མདོག་དྲི་གང་ཡང་བཟང་འཇམ་རྣམས་མང་ཞིང་། དེ་ལྡོག་རྣམས་ཉུང་བར་བྱ་སྟེ། ལ་སྨན་སུམ་གཉིས། བོད་སྨན་སུམ་ཆ། ནང་གི་སྨན་དང་ཤ་རྣམས་དེའི་ཕྱེད་སྔོ་དང་སྤོད་སུམ་ཆ་ཐུབ་པར་སྦྱར་ཞེས་གཉག་ལོ་ཆེན་པོས་གསུངས། དེའི་ཕྱིར་གཙོ་བོ་ཨ་རུ་རུས་ཕྲལ་བྲེ་གང་ལྟ་བུ་ཉུང་མཐའ་ལ་དཔེར་བྱས་ན། བ་རུ་ཕུལ་ཕྱེད། སྐྱུ་རུ་ཕུལ་ཕྱེད། ཙན་དན་དཀར་དམར་བསྡོམ་པ་ཕུལ་གང་། གུར་གུམ་ཕུལ་ཕྱེད། ནཱ་གི་དུལ་མ་གི་ཝཾ་ལི་ཤི་བསྡོམ་པ་ཕུལ་ཕྱེད། དབང་ལག་ཕུལ་གང་། ལི་ག་དུར་ཕུལ་གང་ངམ་དོ། སྦྲང་དང་ཀ་ར་ཕུལ་དོ་ཙམ་གཞིར་བྱས་ལ་སྨན་གཞན་ཉུང་ཙམ་གདབ་གསུངས། གོང་བཤད་ལྟར་ཤ་རྣམས་མེད་ན་ཡིད་ཀྱིས་བརྟག་པས་ཆོག་སྟེ། ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོ་སོགས་སྣ་ཚོགས་མང་པོར་བསམ་སྟེ།


MR27_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རང་གི་ལག་ནས་ཤི་བའི་ཤར་མོས་པར་བྱའོ་གསུང་། དེ་བཞིན་སྨན་སྦྱོར་རྒྱས་བསྡུས་ཅི་རིགས་བྱས་པ་ལ། སྣང་སྲིད་ཀྱི་སྨན་དགོས་ཚད་ཡོད་པར་མོས་པ་བྱའོ། །གལ་ཏེ་གོང་ལྟར་རྒྱས་པར་ཕྱེ་བ་བཞིན་དུ་མ་གྲུབ་ན་ལག་ལེན་འབྲིང་པོའི་དབང་དུ་བྱས་ཏེ། རྩ་བ་བདུད་རྩི་ལྔ་ལ་གཞི་བྱས་ནས། དྲི་ཆེན་སྐྱོབ་དུ། ཛཱ་ཏི་ཨ་རུ་སུག་སྨེལ། ཨ་ག་རུ། དུ་རུ་སྐ་ལྔ། བྱང་སེམས་སྐྱོབ་དུ། ཅུ་གང་། ག་བུར། ཤཱ་རི་རམ། གངས་ཐིག ཐར་རྡོར་ལྔ། ཤ་ཆེན་སྐྱོབ་དུ། སྙིང་ཞོ་མཁལ་ཞོ་གླ་གོར་ཞོ་ཤ་ཀ་ཀོ་ལ་ཙི་ཏྲ་ཀ་ལྔ། རཀྟའི་སྐྱོབ་དུ། ཙན་དན་དམར་པོ། ལི་ཤི། སྐྱུ་རུ་ར། སྟར་བུ། རམ་བུ་ལྔ། དྲི་ཆུའི་སྐྱོབ་དུ། ཅོང་ཞི། བྲག་ཞུན། ལི་ག་དུར། གུར་གུམ། ལྕང་དཀར་སོགས་ཀྱི་ཐང་ཆུ་སྟེ་ནང་གི་རྩ་བ་བརྒྱད་ལས་འཕྲོས་སོ། །ཕྱིའི་རྩ་བ་བརྒྱད་ནི། ཙན་དན་སྦྲུལ་གྱི་སྙིང་པོ་ལ་ཚང་སྟེ། རྩ་བ་མཱུ་ལ་པ་ཏི། སྡོང་པོ་ཙན་དན་དཀར་སྨུག་པོ་འང་ཟེར། པོ། ཡལ་ཀ་ཡུ་བའང་ཟེར། ལི་ཤི། ལོ་མ་ཡལ་ཀའང་ཟེར། གནྡྷ་བྷ་དྲ། ཤུན་པ་ཤིང་ཚ། མེ་ཏོག་གུར་གུམ། འབྲས་བུ་ཛཱ་ཏི། སྙིང་པོ་ག་བུར་རྣམས་སུ་བཤད་པས་དེ་བརྒྱད་རྩ་བར་བཟུང་ལ། ཡན་ལག་སྟོང་ནི། ཨ་རུ་རིགས་ལྔ་ག་པུར་རིགས་གསུམ་གི་ཝཾ་བ་རུ་ར་འབྲས་སྣ་གསུམ་གེ་སར་


MR27_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གུ་གུལ་དཀར་ནག་གིས་མཚོན་རྒྱ་བལ་ནས་བྱུང་བའི་རྩི་སྨན་རིགས་དང་། ཨ་གར་རིགས་བཞི་སོགས་ཤིང་སྨན། ཚོས་བཙོད་ཞུ་མཁན་བསེ་ཡབ་སྟར་བུ་མོན་བུ་ལ་སོགས་དང་ཤུག་པའི་བར་སྨན་དུ་གཏོགས་པའི་རིགས་དང་། བོད་དུ་སྐྱེ་བའི་རུ་རྟ་དབང་ལག་རྩ་བ་ལྔ་སོགས་རྩ་བའི་རིགས། སྟག་ཚེར་སེང་ཚེར་སོགས་སྡོང་པོ་དང་ཤུན་པའི་རིགས། རྟག་ངུ་རིགས་གསུམ་ཨུཏྤལ་སྔོ་དཀར་སོགས་མེ་ཏོག་གི་རིགས། གྲོ་མགོ་སྙོད་སོགས་འབྲས་བུ། ཏང་ཀུ་སྲོ་ལོ་སོགས་ལོ་མ། རྒུན་འབྲུམ་སྟར་ཁ་ཁམ་བུ་སོགས་ཤིང་ཐོག་གི་རིགས། བྲག་ཞུན་རིགས་ལྔ་མདུང་རྩེ་སྦལ་རྒྱབ་མཚལ་ཆེན་སོགས་རྡོ་ལས་བྱུང་བ་སྟེ། མདོར་ན་དུག་རིགས་དང་བཤལ་སྐྱུགས་ཀྱི་སྨན་མིན་པའི་རྩ་སྔོ་ས་རྡོའི་སྨན་སོགས་ཚང་སྦྱར་དགོས་ལ་ཚྭ་སྣ་གཞུང་དུ་གསུངས་ཀྱང་རོ་སོགས་ལ་གནོད་ཅིང་མཚུར་རིགས་ཀྱི་ཁ་དོག་ལ་གནོད་པ་དང་། ཤིང་ཀུན་དང་བཤུལ་ཆགས་ཀྱི་ཤས་མཚོན་ནས་ཁ་དོག་དྲི་རོ་ལ་གནོད་པའི་སྤྱང་ཀུ་རྣམས་ཀྱང་མི་བཏང་བར་སྣང་། གཞན་ཡང་གཞུང་ལས་དཀར་གསུམ་མངར་གསུམ་ལྔ་ཚན་ལྔ། ཕབ་ལྔ། ཚྭ་ལྔ། ཆུ་ལྔ། འོ་མ་ལྔ། བམ་གཙང་མའི་དོན་སྣོད་ཤ་ཁྲག་རུས་ལྤགས་སྐྲ་སེན་རྐང་


MR27_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་རྣམས་ཚང་བ་དང་། ཤ་ང་དང་སྤྲེའུ་སོགས་གདོང་ཅན། རྒྱ་བྱ་རྒོད་སོགས་གཤོག་ཅན། སེང་གེ་སྟག་གཟིག་སོགས་གཅན་གཟན། གླང་ཆེན་བསེ་གཡག་སོགས་རྨིག་པ་ཁ་དབྲག །རྟ་རྐྱང་བོང་དྲེལ་སོགས་རྨིག་ཟླུམ། ཉ་སྲམ་སོགས་ཆུར་གནས། བྱི་བ་སོགས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ། དུང་མགྲོན་བུ་འབྲུག་རུས་སོགས་རུས་པ་སྣ་ཚོགས། ནལ་ཕྲུག་སྐད་མ་འབྱིན་པའི་ལྕེ་སོགས་ལྕེ་སྣ། འབྲུ་རིགས་ཚོགས་ཚད་ཀྱི་ཕྱེ་མ་སོགས་རེ་རེ་ལའང་སྟོང་སྟོང་སྦྱར་ནས་སྤང་བླང་མེད་པར་ཇི་ལྟར་ཚོགས་བ་བྱ་དགོས་ཀྱང་། དེང་སང་ལྟ་དགོངས་ཀྱི་ཚུལ་བཞིན་བྱིན་རློབས་ནུས་པ་དཀོན་པས་མོས་སྒྲུབ་ཙམ་གྱི་སྐབས་འདིར། རྩི་སྨན་རྣམས་ལ་གཞི་བྱས། སྔོ་སྨན་ཧ་ཅང་མི་མང་བའི་སྣེ་ཚང་ཙམ་དང་། ལྔ་ཚན་ལྔ། དཀར་མངར་ཤིང་ཐོག་འབྲུ་ཕྱེ། ས་རྡོའི་སྨན་སོགས་ཀུན་ལ་འོས་ཤིང་འཐད་པ་རྣམས་གཙང་དག་ཏུ་སྦྱར། གཞན་ཕབ་རྒྱུན་གྱིས་འཐུས་པར་མཛད་པའི་ཕྱག་སྲོལ་ཉིད་གཉིས་རྟོག་ཞུགས་པ་རང་ཁེགས་ཤིང་ཐེ་ཚོམ་ཆེ་བའི་བློ་ངོར་སྐྱོན་མི་སྐྱེད་བའི་ཕྱིར་ལེགས་ཤིང་། ཕྱིས་སུ་བྱིན་རྟེན་རྙེད་ཚད་བསྲེས་ནས་རྟེན་འདུས་བྱ་བ་དེ་འདྲའང་མི་བྱ་བར་གསར་མའི་བདུད་རྩི་རིལ་བུ་དང་མཚུངས་


MR27_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་བྱས་པའི་སྨན་ཕྱེ་ཆུ་གཙང་འོ་མས་སྦོལ་བ་ལ། གཏེར་བྱོན་ཟོལ་མེད་ཀྱི་པད་འབྱུང་རྗེ་འབངས་སོགས་ཀྱིས་བསྒྲུབས་པའི་ཆོས་སྨན་དང་། སེལ་མེད་ཀྱི་རིག་འཛིན་གོང་མས་བསྒྲུབས་པའི་ཆོས་སྨན་ཆང་གི་ཉིང་ཁུས་སྦང་བའི་ཁུ་བ་བསྲེས་ནས་འཕུར། གུར་གུམ་ཙན་དན་དམར་པོའི་ཕྱེ་མ་སོགས་གང་འབྱོར་གྱིས་སེར་པོའམ་དམར་སྨུག་དུ་ཁ་བསྒྱུར་ལ་བཀོང་། ཕྱེ་མ་བཀའ་དགོངས་ཀྱི་སྨན་སྒྲུབ་ལྟར་སྒྲུབ་ན་ལེགས། མ་བྱུང་ན་དེ་སོགས་ཀྱི་བདག་བསྐྱེད་སྔོན་འགྲོ་བདུད་རྩི་བྱིན་རླབས་ཀྱི་དམིགས་གནད་རྩེ་གཅིག་གསལ་བས་སྔགས་འབུམ་ཕྲག་ལ་སོགས་པ་འགྲུབ་པ་དེ་ཉིད་སྨན་སྒྲུབ་བྱེད་སྐབས་ཀྱི་ཕབ་གཏའ་དང་། བདུད་རྩི་སྨན་མཆོད་ནམ་དགོས་དུས་སུ། སྨན་ཐོད་མཚན་ལྡན་དུམ་གསུམ་སོགས་ཀྱི་ནང་དུ་ཆང་ལེགས་སམ་ཆུ་གཙང་མར་སྦྱར་ནང་བཏབ། སྒྲུབ་ཆེན་སོགས་ཀྱི་སྐབས་སུ་ཚོགས་བརྒྱད་དག་པའི་བརྡར་དར་བརྒྱད་ལྟེབས་སམ། ཁམས་དཀར་དམར་དག་པའི་བརྡར། ཟངས་དང་གཤའ་ཚེ་འདྲེས་པ་འཁར་བའི་མེ་ལོང་གིས་དགབ་པར་བཤད་པ་ལྟར་བྱའོ་ཞེས་བླ་མ་དག་གསུངས། ཡང་བཀའ་གཏེར་གྱི་གཞུང་འགའ་ཞིག་ལས། ཕྱིའི་རྩ་བ་བརྒྱད་གོང་དུ་བཤད་པ་ལྟར་ལ། ནང་གི་རྩ་བ་བརྒྱད་ནི་མཆོག་ཆེན་མི་


MR27_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚང་སྟེ། སྲིད་པ་ཆགས་པ་ལྟེ་བ། སྡོང་པོ་ཕུང་པོ་བྱིངས་ཀྱི་ཤ་རུས། ཡལ་ཀ་རྐང་ལག་བཞི། ལོ་མ་སོ་སེན་སྐྲ་དང་བ་སྤུ། མེ་ཏོག་དབང་པོ་ལྔ། འབྲས་བུ་ནང་ཁྲོལ་ལྔ། སྙིང་པོ་རྐང་དང་ཀླད་པ་ཚིལ་དང་ལྷ་བ། ཤུན་པ་པགས་པ་སྟེ་བརྒྱད་དོ། །གསང་བའི་རྩ་བ་བརྒྱད་ནི་ཡབ་ཀྱི་རྒྱུ་བཞི་དང་ཡུམ་གྱི་རྒྱུ་བཞི་སྟེ་བརྒྱད་ཡིན་ལ། དེ་ཡང་ཡབ་ཀྱི་རྒྱུ་བཞི་ནི། བྱང་ཆུབ་སེམས་ཀྱི་བཞུགས་གནས་ཀླད་པ། གཞུང་ལམ་རྒྱུངས་པ། བསྟི་གནས་རླིག་པ། གཤེགས་ཤུལ་རྡོ་རྗེའི་ཆུ་བ་སྟེ་བཞིའོ། །ཡུམ་གྱི་རྒྱུ་བཞི་ནི། རཀྟའི་ཕོ་བྲང་མཚན་མ། བསོག་པའི་གནས་བྷ་གའི་ཕུག ལེན་པའི་གནས་བྷ་གའི་ཁ་སྒོ། རྒྱུན་ལམ་ལྕེ་གསུམ་སྟེ། བྱ་ལྕེ། ཡང་ལྕེ། གྲེལྕེའོ། །ཞེས་གསུངས་ཏེ་རྩ་བརྒྱད་ཀྱི་རྣམ་གྲངས་འཆད་ཚུལ་དུ་མར་སྣང་ཡང་དོན་ལ་ནང་ལུས་ཀྱི་བདུད་རྩི་ལྔའི་ངོ་བོ་དང་རྟེན་གནས་ཀྱི་ཁྱད་པར་དང་། དེའི་སྐྱོབ་ཀྱི་ཕྱིའི་སྨན་གྱི་རྣམ་གྲངས་བཅས་ཚུལ་གང་ལྟར་བྱས་ཀྱང་གནད་མི་འགལ་བ་ཡིན་ནོ། །ཆོས་སྨན་བསྡུས་པ་ཙམ་བསྒྲུབ་པར་འདོད་ན། གསང་བདག་དྲེགས་འདུལ་གྱི་བདུད་རྩི་རིལ་བུ་སྒྲུབ་པའི་སྐབས་སུ། དྲི་ཆེན་གྱི་སྐྱོབ་སྤོས་ཆེན། དྲི་ཆུའི་གླ་རྩི། ཤ་ཆེན་གྱི་ཤིང་ཀུན། བྱང་སེམས་ཀྱི་ཅུ་གང་། རཀྟའི་གུར་


MR27_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གུམ་དང་། གཞི་ནི་དྲི་ཆེན་གྱི་གཞི་ཀ་ར། དྲི་ཆུའི་མར། མཱཾ་སའི་བུ་རམ། བྱང་སེམས་ཀྱི་འོ་མ། རཀྟའི་སྦྲང་རྩི་དང་། གཞན་ཡང་དྲི་ཆེན་སོགས་ཀྱི་སྐྱོབ་དུ་གླང་ཆེན་གྱི་ཤ་སོགས་ཤ་ལྔ་བཤད་ཅིང་། དེ་ཡང་རྩ་བ་བདུད་རྩི་ལྔ་ཞོ་རེ་ཙམ་སོགས་ཇི་སྙེད་བྱས་ལ། སྐྱོབ་བམ་གྲོགས་དེའི་ཉིས་འགྱུར། གཞི་དེའི་ཡང་ཉིས་འགྱུར་བྱ་བར་གསུངས་པས་མཚོན་ནས། གཞུང་ཁ་ཅིག་ཏུ་བྱང་སེམས་དཀར་པོའི་སྐྱོབ། ཅོང་ཞི་གངས་ཐིག་ཅུ་གང་ཀ་ར། དམར་པོའི་བྲག་ཞུན་སིནྡྷུ་ར་བུ་རམ་སོགས་སྣ་ཚོགས་སུ་གསུང་པ་དེ་ལ་གང་འབྱོར་གྱིས་གཞི་བཟུང་། སྨན་སྣ་བཟང་པོ་དང་ཤ་སྣ་གཙང་མ་ཚོགས་ཚད་ཙམ་ལའང་སྒྲུབ་ཆོག་སྟེ། བདུད་རྩིའི་རྩ་བ་བརྒྱད་སོགས་རྒྱས་པར་བཤད་པ་མ་འབྱོར་ཡང་སྔར་གྱི་ཕབ་རྒྱུན་གྱིས་གོ་ཆོད་པར་བྱས་ན། གཙང་མ་བདུད་རྩི་ལྔ་སྣེ་ཚང་དང་། སྨན་གྱི་གཙོ་བོ་རྣམས་དང་ཤ་སྣ་གཙང་མས་བུད་སྐྱེད་ལ། སྒྲུབ་ཚུལ་ཡང་བཀའ་བརྒྱད་ཀྱི་གཞུང་རྣམས་སུ་གསུང་པ་ལྟར་རྒྱས་པར་གྲུབ་ན་མཆོག་དང་། དེ་མིན་ཆོ་ག་འབྲིང་པོ་དང་བསྡུས་པ་གང་འོས་ཀྱིས་སྒྲུབ་རུང་ལ། ཤིན་ཏུ་བསྡུས་ན་གོང་གི་དྲེགས་འདུལ་གྱི་རིལ་བུ་སྤྱིའི་འཕྲོས་སུ། སྒྲུབ་རྫས་རྣམས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལ་བདུད་རྩི་ལྔའི་རང་བཞིན་དུ་བསམ་ལ། དེ་ཉིད་ལ་དཀྱིལ་


MR27_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ལྷ་རྣམས་ཀྱིས་བདུད་རྩིའི་ཆར་བབ་པ་བསྟིམས་པའི་དམིགས་པ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿཞེས་འབྲུ་ལྔ་བཟླ་བའོ། །ཡི་དམ་གྱི་སྔགས་ཤམ་དུ་འབྲུ་ལྔ་བཏགས་ཏེ་བཟླས་པ་གང་རུང་གིས་གྲུབ་པའི་རྟགས་བྱུང་ན་རིལ་བུ་བྱས་ཏེ་ཟོས་པས་རིགས་ལྔ་ཡེ་ཤེས་ལྔའི་དངོས་གྲུབ་ཐོབ། ཚེ་ཉི་ཟླ་དང་མཉམ་པ་སོགས་ཕན་ཡོན་ཚད་མེད་པར་གསུངས་པས་མཚོན་ཏེ། ལག་ལེན་རྒྱས་བསྡུས་ཅི་འོས་སུ་སྐབས་ཕྱེད་ཤེས་པར་བྱའོ། །དེ་ལྟར་སྨན་རྣམས་ཇི་ལྟར་འབྱོར་བ་ལེགས་པར་བསགས་ནས་དཀྱིལ་འཁོར་བྲི་ཞིང་རྒྱན་དཀྲམ་པ་སོགས་སྒྲུབ་ཆེན་སྔོན་འགྲོའི་ཆོས་རྣམས་ལེགས་པར་གྲུབ་ནས། ཡི་དམ་གྱི་ལས་གཞུང་བསྲང་ལ། སྨན་རྣམས་ལ་སྦྱང་ཁྲུས་སྔོན་དུ་འགྲོ་བས། རྩ་སྔགས་བཟླ་བཞིན་དཀྱིལ་འཁོར་གྱི་གནས་སུ་གོང་བཤད་བཞིན་ཕྱོགས་མཚམས་སུ་བཀོད། སོ་སོའི་རིགས་ཀྱི་མདོག་ཅན་དར་གྱིས་ཁ་དགབ། སྔོན་གྱི་སྒྲུབ་པའི་ཕབ་རྒྱུན་རྣམས་ཀྱང་དབུས་ཀྱི་སྨན་སྟེང་དུ་བཞག ཀཎྚ་ཀ་རི་སླེ་ཏྲེས་དབང་ལག རྒྱ་མཚོའི་ལྦུ་བ། ལི་ག་དུར་སོགས་སྨན་དང་། དྲི་བཟང་ཇི་སྙེད་པས་ཐོད་པའི་བར་མཚམས་བཙངས། དར་རམ་ཚོན་སྐུད་ལྔས་རྫས་ཐམས་ཅད་ཀྱི་ཕྱི་ནས་རྒྱ་གྲམ་དུ་བཅིངས་པས་སྦྲེལ། ཐོད་


MR27_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབུས་མའི་སྟེང་དུ་དམུ་ཐག་དང་ཕྱོགས་བཞིར་གཟུངས་ཐག་དྲངས། སྨན་ཁང་ལ་མཐིང་དམར་དཀར་བའི་ཡོལ་བ་གསུམ་བྲིས། དལ་གྱི་སྟེང་དུ་སྨན་སྲུང་ཚངས་པ་དང་། རྒྱུ་སྐར་སོགས་ཀྱི་གཟུགས་བྲིས་པ་བཀོད། མེ་ལོང་བཅུ་ལ་མཚལ་གྱིས་ཁྲོ་བཅུའི་སྔགས་བྲིས་པ་དང་། ཚངས་པ་བརྒྱ་བྱིན་སོགས་ཕྱོགས་སྐྱོང་གི་གཟུགས་ཕྱོགས་སུ་བཀོད་པའི་གདུགས་དར་དཔྱངས་ཅན་ཕུབ། མཐར་མདའ་བཞི་སོགས་སྒྲུབ་ཆེན་གྱི་རྫས་དང་མཆོད་པ་བཤམས་ལ། དང་པོ་ཁྲོལ་བུ་སྒྲུབ་པ་ལ་མདུན་གྱི་སྨན་རྣམས་རིགས་བརྒྱར་གསལ་བ་དང་། འབྲུ་ལྔ་ལས་རིགས་སྔར་གསལ་ལ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ཀྱི་སྤྲིན་དབབ་ཕྱོགས་བཅུའི་རྒྱལ་བའི་བྱིན་བཅུད་བསྡུས་བསྟིམས་བྱས་པས། ཉོན་མོངས་ལྔ་སྦྱོང་ཡེ་ཤེས་ལྔའི་དངོས་གྲུབ་ཐོབ་པར་བསམ་ལ། རིགས་བརྒྱའི་ཛབ་བམ། རིགས་བརྒྱ་ཡང་རིགས་ལྔར་འདུ་བས་དེའི་སྔགས་ཀྱིས་ཞག་གསུམ་ལ་ཐུན་དྲུག་རེའམ་བཞི་བྱས་ནས་སྒྲུབ་པས། གྲང་དུས་མཚན་མའི་བསྙེན་པ་རྫོགས་པར་བྱ། དེ་ནས་སྨན་ཐོད་དབུས་ཀྱི་སྣོད་དུ་བསྡུས་ལ་གསང་ཆེན་རིགས་གཅིག་གིས་བསྒྲུབ། ཁོལ་སྒྲུབ་ཀྱི་སྐབས་སུ་རྟགས་བྱུང་ནས། མཐར་བདུད་རྩིའི་ཆེ་བརྗོད་བཅས་སྨན་རྣམས་ཡུམ་གྱིས་བླང་སྟེ།


MR27_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་སྒྲུབ་ཀྱི་དངོས་གྲུབ་བླང་ལ། དེ་མ་ཐག་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་ཞབས་གཉིས་རྩེ་སྤྲད་པའི་བར་དུ་རྡོ་གཞོང་བཞག་ལ་གཏུན་བུས་བརྡུང་སྟེ་བཏགས་པས་གཏུན་གཞོང་ཡུམ་མཁར་ཡབ་ཀྱི་རྡོ་རྗེས་བཏགས་པའི་འཕྲོ་འདུས་འཕགས་པ་མཆོད་འགྲོ་བའི་སྒྲིབ་པ་སྦྱང་འཁོར་འདས་ཀྱི་དང་བཅུད་བསྡུ་བའི་དམིགས་པ་བྱ། བཏགས་ཟིན་ནས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཡུམ་གྱིས་དར་ཚག་བཟེད་ཡབ་ཀྱིས་བླུག་སྟེ་བཙག་པས་རྣམ་རྟོག་ཀུན་མི་རྟོག་པའི་དབྱིངས་སུ་སྦྱང་བར་ཆད་ཀུན་དལ་དུ་འདུ་བའི་དབང་མེད་པར་ཁྲོ་བོས་མཚམས་བཅད་པར་བསམ། བཙག་ཟིན་ནས་དཀྱིལ་འཁོར་གྱི་ནུབ་ཏུ་ཡབ་ཡུམ་གཉིས་ཀྱི་བར་དུ་སྨན་སྣོད་མཁར་གཞོང་སོགས་གཡའ་མེད་པར། ཆང་དང་འོ་མ་རིན་པོ་ཆེའི་ཕྱེ་མའི་ཆུ་བཅས་བསྒྲེང་ལ་སོ་སོའི་སྔགས་དང་བཅས་ཏེ་ཕབ་རྒྱུན་ཡང་བཏབ་ལ་རྡོ་རྗེས་དཀྲུག་ནན་གྱིས་སྦོལ་ལ་འདྲེས་ངེས་སུ་བསྲེ་བར་བྱས་ལ། སྐ་སླའི་ཚད་ཆངས་པར་བཅང་ལོ་ཙམ་བྱ་ཞིང་བདུད་རྩི་མུ་མེད་པར་བྱིན་གྱིས་བརླབ། དེ་ནས་དྲི་བཟང་གི་ཕྱེ་མས་མདངས་བསྒྱུར། དབང་ལག་གི་ཕྱེ་ཡང་བཏབ་སྟེ་སླར་ཡང་འདྲེས་པར་སྤོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ། ནམ་ཟླ་ཚ་


MR27_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དང་བསྟུན་པའི་ཕབ་རྩི་ནོན་ཙམ་བླུག་ལ་ཡབ་ཀྱི་ཕྱག་གི་རྡོ་རྗེས་དཀྲུག་པར་བྱ། ཅི་ཙམ་འཕེལ་བར་བརྟག་ཕྱིར་དྲིལ་བུས་གཞལ་ནས་གྲངས་ངེས་པར་བྱ། སླར་ཐམས་ཅད་དར་དམར་པོའི་ཁུག་མར་བླུག་སྟེ། ཐོད་པ་ཁ་སྦྱར་བར་དུ་བཅུག དར་གྱིས་དགབ། བ་སུ་ཏའི་ཐོད་པ་དངོས་སམ་བཅོས་མ་རྒྱ་གྲམ་དུ་བཅིང་བའི་སྟེང་གི་མདུད་ཁར་རྒྱ་གྲམ་གྱི་མཚན་མས་རྒྱས་གདབ། གུ་གུལ་སོགས་བདུག་ལ་བགེགས་བསྐྲད། སྨན་རྣམས་བཏེགས་ཏེ་དར་གྱི་ལྕིབས་རྡོ་རྗེའི་འགྲོས་གར་དང་རོལ་མོ་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་བ་གཅིག་བྱས་ཏེ་ཤར་ནས་དལ་བུས་དཀྱིལ་འཁོར་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་གཞོང་བར་བལ་བུའི་ཕུར་མ་རླན་ཅན་ནམ། འབྲུ་རླན་ཅན་ནང་། རུས་སྦལ་ཁོག་པར་ཧྲཱིཿབྲིས་པའི་ཁར་བཞག དར་སྣའི་ན་བཟའ་གསོལ། གཡས་སུ་རྡོ་རྗེ་དང་། གཡོན་དུ་དྲིལ་བུ་བཅིང་། སྟེང་དུ་དབུ་བརྒྱན་བསྐོན། སྨན་གྱི་སྟེང་དུ་གཟུངས་ཐག་གི་རྡོ་རྗེ་བཞག་ལ། དེ་ལས་སྲད་བུ་ཕྱིར་དྲངས། སྟེང་དུ་དམུ་ཐག་བྲན། འོག་ཏུ་དྲོད་འབེབ་མར་མེ་བཅས་མཐོང་རྒྱུད་ལྟར་བཞག་གོ། དེ་ནས་གཞུང་གི་སྒྲུབ་པ་ཚུལ་བཞིན་བྱ་ཞིང་། མདུན་གྱི་སྨན་ལ་བཀའ་བརྒྱད་ཁྲོ་མཁར་གྱི་སྦྱོང་བ་བརྒྱད་ཀྱི་བདུད་རྩི་དབབ་པའི་དམིགས་བཟླས་བྱ་སྟེ་མེ་རླུང་གི་


MR27_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བདུད་རྩི་རིགས་ལྔ་ཡབ་ཡུམ་ཞུ་བའི་རྒྱ་མཚོ་ཨོཾ་སོགས་འབྲུ་ལྔས་མཚན་པའི་ཕྱོགས་བཅུར་ཁྲོ་བཅུ། དེ་སྟེང་རྟ་མགྲིན་ཡུམ་བཞི་ཅན་ཏ་ཀྲི་ཏ་བརྒྱད་སྐོར། དེ་སྟེང་ཁྲག་འཐུང་བཞི། དེ་སྟེང་བཛྲ་ཧེ་རུ་ཀ དེའི་དབུ་སྟེང་གནམ་ཞལ་མ། དེའི་ཕྲག་གཉིས་ཞབས་མནན་པའི་ཆེ་མཆོག་གི་རྡོ་རྗེ་དང་གནམ་ཞལ་མའི་སྤྱན་དབུས་མ་སྦྱོར་བ། ཆེ་མཆོག་གི་ཞལ་དབུས་མའི་ལྗགས་སྟེང་ས་ནུ་ཧེ་རུ་ཀ་ཡབ་ཡུམ་དཀར་གསལ་ཚོན་གང་བའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཨ་ལ་སྔགས་འབྲུ་དགུས་བསྐོར་བ། རང་བདག་བསྐྱེད་ཀྱི་ཐུགས་ཀའི་ཨ་ལ་ཡང་སྔགས་འབྲུ་དགུས་བསྐོར་བར་བསམ། བདུད་རྩིའི་རླུང་དཀྱིལ་གྱིས་བསྐུལ་བས་མེ་སྦར་བས་བདུད་རྩི་ཁོལ་དྲོས་ནས་ཟེར་རླངས་འབྲུ་ལྔའི་འོད་ཀྱིས་སྟེང་གི་ལྷ་ཡི་དཀྱིལ་འཁོར་ཀུན་བསྐུལ། དེ་རྣམས་ཀྱི་བདེ་སྟོང་སྦྱོར་བའི་འོད་ཀྱིས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བཀུག སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བབ་བདུད་རྩིར་ཐིམ་པ་སོགས་ཀྱི་དམིགས་པ་དང་། དེའི་ཚེ་སྨན་སྲུང་རྣམས་ཀྱིས་ཕྱོགས་བཅུའི་སྨན་བཅུད་བསྡུས་ཏེ་ཆར་ལྟར་བབ་པར་བསམ་ལ། ཨོཾ་ཨཱཿ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ་ཞེས་པ་སྔགས་འབྲུ་དགུ་བཟླ་བར་བྱའོ། །


MR27_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ལྷ་ཀུན་འོད་ཞུ་བདུད་རྩིར་ཐིམ་པར་བསམ། སྔགས་འདི་འབྲུ་གསུམ་མ་རྩིས་པ་འདྲ་གཞུང་ལྟར། མཆན། ཕྱོགས་བཞི་དབུས་ལྔའི་གཟུངས་ཐག་རྣམས་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་རྣམས་ཀྱི་ཕྱག་ཏུ་བཟུང་སྟེ། ལག་གཡོན་གནམ་དུ་ཕྱར་ཏེ་བརྐྱང་ལ་སོར་མོ་གཞན་གསུམ་སྦྲེང་མཐེབ་སྲིན་སྤྲད་པས་གཟུངས་ཐག་ཡབ་ཡུམ་གྱིས་བསྣོལ་ཏེ་བཟུང་། གཡས་པས་ཕྲེང་བ་བགྲང་སྟེ་སྨན་ཛཔྲ་བཟླ། ཛཔྲ་བསྐུལ་བྱ། དུས་སུ་ཉུལ་ལེ་བསྐྲད། སྨན་སྲུང་བསྐུལ་བྱིན་འབེབས་བྱ་བ་སོགས་ཆོ་གའི་ཡན་ལག་མ་ཉམས་ཤིང་། བཟླས་དམིགས་ལ་ཚུལ་བཞིན་འབད་པར་བྱས་པས། ཞག་གསུམ་མམ་བདུན་ནམ་ཉེར་གཅིག་ན་རྟགས་འབྱུང་སྟེ། སྨན་ལ་དྲི་བཟང་འཐུལ་བས་ཕྱོགས་ཀུན་ཁྱབ་པ། འཇའ་འོད་འཁྲུགས་པ། མཁའ་འགྲོ་འདུ་བའི་སྒྲ་ཐོས་པ། བདུད་རྩིའི་ལྷ་མོ་དངོས་སུ་བྱོན་པ། ཉམས་དགའ་ཞིང་བྱིན་ཆེ་བ་སོགས་རྟགས་ཁྱད་པར་ཅན་བྱུང་ནས་དངོས་གྲུབ་བླང་། དེ་ནས་ལྡེ་གུ་བསྒྲུབ་པ་དང་རིལ་བུ་སྒྲུབ་པའང་སྤྲོ་ན་བྱའོ་གསུངས། དེང་སང་སྨན་མང་སྟབས་གཅིག་བསྒྲུབ་ཚེ་སྨན་བྱིངས་རྣམས་སྔ་ནས་ཕྱེ་ཞིབ་པར་བཏགས། ཁྲོལ་བུ་ཉུང་ཤས་བཏགས་བཙག་བྱེད་ཅིང་། དེ་སྨན་བྱིངས་དང་སྲེས་ནས་སྦོལ་བ་དང་གཞལ་


MR27_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་བྱ་ཞིང་སྒྲུབ། བདུད་རྩི་སིལ་མར་སྒྲུབ་ཟིན་ཡིན་ན་སླར་ཡང་དལ་དུ་བཀོད་དེ་སྒྲུབ་པས་ཆོག་གོ། དེ་ལྟར་རློན་སྒྲུབ་གྲུབ་རྗེས་སྨན་ཕྱེའི་ལྡེ་གུ་སྐ་སླ་རན་པ་སྣོད་འཇམ་པོར་ལག་པས་འཕུར་གྲབ་ཀྱིས་སིལ་མ་རྩིང་ཞིབ་རན་པ་བྱས་ལ། སྣོད་དུ་གཡུག་པས་འོད་ཆགས་པའི་རིལ་ཆང་བྱའོ། །ཕྱག་ལེན་ཞིབ་པ་གཞུང་དང་མཐོང་རྒྱུད་ལས་ངེས་པར་བྱའོ། །དེ་ལྟར་བདུད་རྩི་སྨན་སྒྲུབ་ཆེན་མོ་འདིས་གོང་དུ་སྒྲུབ་པའི་ས་ཕྱོགས་དེ་ཡང་བྱིན་གྱིས་རློབ་ནུས་ལ། དཀྱིལ་འཁོར་དུ་འབྲེལ་ཚད་རིག་འཛིན་གྱི་ས་ལ་འགྲོ་བ་དང་། མཐོང་ཐོས་མྱོང་རེག་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རླབས་པོ་ཆེ་འབྱུང་སྟེ། བདུད་རྩི་བམ་བརྒྱད་ལས། ཚེ་དང་སྐོངས་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདི་ཡིས་འཐོབ། །ཅེས་དང་། འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་ཀྱི་ཞིང་ཕྲ་རབ་སྙེད་ལ་བསམ་གྱིས་མི་ཁྱབ་པའི་ལུས་ཕུལ་བས་ནི། བདུད་རྩི་ཆེན་པོ་འདི་ལུས་ལ་བཅངས་པ་བསོད་ནམས་ཆེའོ། །འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་བ་ལས།


MR27_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འདི་ལུས་ཀྱི་མགུལ་དུ་བཏགས་པ་འབུམ་གྱི་ཆར་ཡང་མི་ཕོད་དོ། །འཇམ་དཔལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལ་སྤྱི་བོས་བཀུར་ཞིང་ཕྱག་བྱ་བའི་དོན་ནི། བདུད་རྩི་ཆེན་པོ་འདི་སྤྱི་བོ་ལ་བཀུར་བའི་ཡོན་ཏན་ནི། སངས་རྒྱས་ཐམས་ཅད་བཀུར་བ་ཡིན་ནོ། །འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱ་བ་བས་ནི། བདུད་རྩི་ཆེན་པོ་འདི་ལན་གཅིག་གི་འགྲོ་བའི་དོན་བྱས་པས་དམྱལ་ཁམས་བརྒྱད་ཀྱི་འཇིག་རྟེན་ཡང་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་དང་། བདུད་རྩི་ཡེ་ཤེས་གསང་བའི་འཁོར་ལོ་ལས། །དེ་ལྟར་ཅི་བདེར་ཟོས་ན་ནི། །ཚེ་ཡི་རིག་འཛིན་ཐོབ་པར་ངེས། །ཤིན་ཏུ་བདེ་བའི་ལུས་ཐོབ་ནས། །རི་རབ་ཁོང་སེང་ལམ་བྱས་ཏེ། །དགའ་ལྡན་རྣམས་ཀྱི་བུ་མོ་སྤྱོད། །ཆགས་པ་བདེ་བའི་ཉམས་མྱོང་ནས། །རྣམ་པར་མི་རྟོག་ས་ལ་གནས། །ས་གནས་ཡེ་ཤེས་སྐྱེ་འགྱུར་ན། །རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། །བདུད་རྩིའི་རྒྱལ་པོར་དེར་འགྱུར་རོ། །ཞེས་དང་། བམ་བརྒྱད་ལས། བདུད་རྩི་འདི་དག་སུ་འཐུང་བ། །ཇི་ལྟར་ལྷ་རྣམས་འཆི་མེད་ལྟར། །ཀླུ་རྣམས་ལ་ནི་སྨན་བཞིན་ནོ། །ཤིང་རྣམས་ལ་ནི་ཆུ་བཞིན་ནོ། །


MR27_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ལ་ནི་ཟླ་བ་བཞིན། །ལོ་ནི་ལྔ་བརྒྱ་བར་དག་ཏུ། །བཅུ་དྲུག་མདོག་ནི་གཞོན་ནུ་འདྲ། །ནད་མེད་རྟག་ཏུ་དར་ལ་འབབ། །སྟོབས་ཀྱང་གླང་པོ་ཆེ་དང་འདྲ། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ཞེས་དང་། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ཐུན་མོང་རིག་འཛིན་ལུས་ཀྱི་ནད་རྣམས་འཇོམས། །ལུས་ཁམས་བདུད་རྩི་བཅུད་འཐུང་ཕུང་པོའི་ནད། །སངས་རྒྱས་རང་ཞལ་མཐོང་བྱེད་དཀྱིལ་འཁོར་ལུས། །འཁོར་འདས་དོན་སྟོན་སྐུ་ལ་རབ་ཏུ་བསྟོད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། བདེ་གཤེགས་མ་ལུས་མཆོད་པའི་རྫས༔ བླ་མ་ཡི་དམ་སྡུད་པའི་རྩི༔ མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན༔ ཟོས་པས་ཡོན་ཏན་བརྗོད་མི་ལངས༔ སངས་རྒྱས་སྐུ་ལྔའི་ཡོན་ཏན་འཐོབ༔ ཕྱི་ལྟར་ལུས་ཀྱི་གདོན་བགེགས་འཇོམས༔ ནང་ལྟར་ཉོན་མོངས་མ་ལུས་འདག༔ དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་༔ གསང་བ་རང་བྱུང་ཡེ་ཤེས་རྟོགས༔ ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས༔ ཟོས་ན་ས་བཅུ་ཐོབ་ནས་ཀྱང་༔ ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར༔ བླ་མ་མཆོད་ན་བྱིན་བརླབ་འཇུག༔ ཡི་དམ་མཆོད་ན་དངོས་གྲུབ་སྟེར༔ བདེ་གཤེགས་མཆོད་ན་


MR27_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་འབྱུང་༔ མཁའ་འགྲོ་མཆོད་ན་ལུང་ཡང་སྟོན༔ རྣལ་འབྱོར་པའམ་སུས་ཟོས་ཀྱང་༔ ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་༔ ནང་གི་བསྐྱེད་རིམ་ཏིང་འཛིན་གསལ༔ གསང་བ་རང་རིག་ཆོས་སྐུར་རྟོགས༔ ཉམས་དང་ལྷག་ཆད་མ་ལུས་སྐོང་༔ འཆང་བས་དུས་མིན་འཆི་བ་ཟློག༔ གདུག་པའི་དུག་ཀྱང་འཇིལ་བར་ནུས༔ བྱུགས་པས་ནད་གདོན་མ་ལུས་སེལ༔ བསྲེག་ན་གདོན་བགེགས་ཐམས་ཅད་བསྐྲོད༔ འདི་ཉིད་བསྒྲུབ་པའི་གནས་དེ་ཡང་༔ དུར་ཁྲོད་བསིལ་བའི་ཚལ་དང་མཚུངས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་འདུས༔ ས་ཕྱོགས་བྱིན་དང་ལྡན་པར་འགྱུར༔ ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས༔ གང་བསྒྲུབ་ས་ཡི་གནས་དེ་རུ༔ སུ་བསྡད་མི་རྣམས་ཏིང་འཛིན་འཆར༔ ནམ་ཞིག་ཚེ་ཡི་དུས་བྱས་ནས༔ ཕོ་མོ་བཟང་ངན་མེད་པ་རུ༔ རིག་འཛིན་དམ་པའི་ས་ལ་གནས༔ དེ་ཕྱིར་མཆོག་གི་དམ་རྫས་སོ༔ ཞེས་སོགས་རྒྱ་ཆེར་འབྱུང་བ་དེའི་ཕྱིར་གསང་སྔགས་ཟབ་མོའི་ཐབས་ཀྱི་ནང་ནའང་ཐབས་ཁྱད་པར་ཅན། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་མོ་དང་འབྲེལ་བར་བདུད་རྩི་སྨན་གྱི་སྒྲུབ་པ་བྱེད་པ་ནི་ཕན་ཡོན་དང་བསྔགས་པའི་ཁྱད་པར་མཚུངས་པ་མེད་


MR27_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་སྐལ་བཟང་ཤེས་རབ་ཅན་རྣམས་ཀྱིས་ཅིས་ཀྱང་ནན་ཏན་དུ་བྱས་ན། འདི་ཕྱིར་ལེགས་པའི་དཔལ་ཡོན་ཆེན་པོ་འབྱུང་བར་ངེས་པའོ། །ཞེས་པའང་གཞུང་དང་མན་ངག་གི་ཡིག་ཆ་རྣམས་བསྟུན་ཏེ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་རབ་ཚེས་ལྕགས་གླང་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བརྒྱད་ལ་ཤྲཱི་སིང་ཧར་གྲགས་པའི་གཙུག་ལག་ཁང་དུ་རྩ་བའི་རྩོམ་ཐོ་བཀོད་པ་ལ་སླར་ཡང་གསལ་བར་བྱས་པ་འདིས་ཀྱང་བསྟན་འགྲོའི་དོན་ཆེན་པོ་འགྲུབ་ཅིང་སེམས་ཅན་ཐམས་ཅད་བདུད་རྩི་ཆེན་པོའི་དཀྱིལ་འཁོར་དུ་མངོན་པར་བྱང་ཆུབ་པར་གྱུར་ཅིག ཡིག་ཆ་འདི་ཉིད་ཀྱི་ས་སྟེང་ཐམས་ཅད་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ།། ༈ །།ཞར་བྱུང་བདུད་རྩི་རིལ་བུ་སྒྲུབ་ཐབས་རྟ་མགྲིན་ཡང་གསང་གི་ཆ་ལག་སྦས་པ་མིག་འབྱེད་ལས་གསུང་པ་གོ་སླར་བྲིས་པ། ནས་བཟང་འབྲས་ཕྱེ་ཞིབ་མོ་འོ་མས་སྦྲུས་པའི་ཟན་ཟོས་ལ་སྐོམ་ན་ཆུ་གཙང་བཏུང་། ཟས་གཞན་གང་ཡང་སྤང་ལ་དྲི་ཆེན་ཐོ་རངས་སམ་སྔ་གྲོ་བཏང་། དེའི་རྩ་རྩེ་དངོས་སྤང་ལ། བར་གྱི་ཆ་དེ་སྟོན་སེར་དུས་སུ་རྡོ་ལེབ་སྟེང་དུ་ཤིང་བུས་གཏུབ་སྟེ་བཀྲམ་ལ། མ་རུལ་མ་སུམ་པར་བསྐམ་པ་དང་། མུ་དྲ་སྔོ་བསང་མ་དང་སྦྱོར་བའི་


MR27_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས། སྐྱེས་དར་མ་སྙིང་རྩལ་ཅན་གཡུལ་དུ་གྲིར་བསད་པའི་རབ་ཤ་ཆེན་གྱི་དང་མ་ཀླད་པའོ། །ཤ་ཆེན། བུད་མེད་དར་མ་སྔོ་བསང་མ་ཆགས་པ་སྐྱེས་པའི་ཟླ་མཚན། སྐྱེས་པ་ལོ་བརྒྱད་ལོན་པའི་དྲི་ཆུ་འདུས་པའི་ཁནྜ་སྟེ་བདུད་རྩི་ལྔ་ལས། བྱང་སེམས་དང་དྲི་ཆེན་ཐུར་མ་རེ། ཀླད་པ་ཐུར་མ་གཉིས། དྲི་ཆུའི་ཁནྜ་ཐུར་མ་གཉིས་བཅས་རྩ་བ་དང་། དེའི་ཡན་ལག་སྐྱོབ་དུ། ཉེ་ཤིང་ཨ་རུ་གཟེ་མ་ར་མོ་ཤག་གིས་བཅུད་ཀྱིས་ལེན། མཚེ་མཁན་པ་བ་སྤྲུ་ཤུག་འབྲུ་སོགས་དགུན་མི་སྐམ་པའི་ཚེ་ཡི་རྫས། ཅོང་ཞི་བྲག་ཞུན་གྱི་རྒས་སྲ། དེ་རྣམས་ཆ་མཉམ་བདུད་རྩི་ལྔ་དང་སྦྱར། མར་གྱིས་འབོལ་ཙམ་བཏགས་ནས། བདུད་རྩི་སྐྱོབ་དང་བཅས་པའི་སུམ་གཉིས་ཀྱི་ཚད་ཙམ་གྱི་མངར་གསུམ་པོ་ཆ་མཉམ་བཏང་། ཆང་གི་ས་རླན་བྱ། རིལ་བུ་སྲན་འཕོས་ཙམ་དུ་དྲིལ། སྟོན་སེར་དུས་སོགས་གྲིབ་སྐམ་བྱ། ཐོད་བཟང་ནང་བླུག་དར་སྣས་ཁ་བཅད་ཐོད་པའི་ནང་དུ་རིགས་ལྔ་ཡབ་ཡུམ་བསྐྱེད་པ་བདུད་རྩི་བྱིན་རླབས་ལྟར་དགུག་བསྟིམ་མཆོད། སྦྱོར་མཚམས་ནས་བྱང་སེམས་མུ་ཏིག་ལྟར་བབ་པས་ཐོད་པ་གང་བར་བསམ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཿ ཞེས་


MR27_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གསུམ་མམ་ལྔའམ་བདུན་དུ་བཟླས། མཚན་མ་བཟང་པོ་བྱུང་བ་དང་། ཐོད་པ་གླིང་ལྔ་བདུད་རྩི་རིལ་བུས་བཀང་། དྲི་ལྔ་གསེར་དང་སྦྱར་བས་དར་དམར་ལ་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ་བྲི། དེས་ཁ་བཅད་ལ་དྲིལ། དལ་བུས་མཉྫིར་བཞག་ལ་བསྙེན་སྒྲུབ་བྱ། རྟགས་བྱུང་ནས་དངོས་གྲུབ་གནས་གསུམ་དུ་བླང་། ཁེབ་ཀྱིས་རིལ་བུ་དྲིལ་ཏེ་ཉིན་རེ་བཞིན་བཟའ། ཕན་ཡོན་གྲུབ་བཞི་ཡིན་གསུམ་དང་། ཆོས་ཉིད་རང་བཞིན་གྱིས་གྲུབ་པ་ཆོས་ཅན་ངོ་བོས། ནུས་པ་མཐུས། བྱིན་གྱི་རླབ་ཀྱིས་གྲུབ་པ་བཞི་དང་། ༈ དྲི་ཆེན་གྱིས་དུག་ནད་སེལ། དྲི་ཆུས་གག་པ། རཀྟས་གྲང་བ། ཤ་ཆེན་གྱིས་མཛེ་ནད། བྱང་སེམས་ཀྱིས་ཚད་ནད་སེལ་ཏེ་དེ་ལྟར་ནད་ལྔ་ཞི། དྲི་ཆེན་ཟོས་པས་ནོར་དང་ལྡན། ཤ་ཆེན་གྱིས་མཐུ་ཆེ། རཀྟས་འགྲོ་བའི་ཡིད་དུ་འོང་། དྲི་ཆུས་སྐད་སྙན་མདངས་དང་ལྡན། བྱང་སེམས་ཀྱིས་བཀྲག་མདངས་གསལ་ཞིང་ལེགས་ཏེ་ཐུན་མོང་གི་དགོས་པ་ལྔ་འགྲུབ་བོ། །བྱང་སེམས་ཀྱིས་ཚེ་རིང་། དྲི་ཆེན་གྱིས་སྟོབས་དང་ལྡན། རཀྟས་ཁ་དོག་ལེགས། དྲི་ཆུས་ཚངས་དབྱངས་ཐོབ ཤ་ཆེན་གྱིས་མཐུ་ཆེ། དེ་ཡང་ཐུན་མོང་གི་དགོས་པ་ལྔ་ཡིན་ནོ། །དྲི་ཆེན་རྣམ་སྣང་། བྱང་སེམས་མི་བསྐྱོད་པ། ཤ་ཆེན་རིན་འབྱུང་། རཀྟ་སྣང་མཐའ། དྲི་ཆུ་


MR27_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་སྟེ་རིགས་ལྔ་སྒྲུབ་བྱེད་ཡིན་ལ། དེ་ཡང་གཞི་རང་བྱུང་དུག་ལྔ་ཡིན། ལམ་ཡེ་ཤེས་ལྔ་ཡིན་ཏེ། འབྲས་བུ་རིགས་ལྔར་སངས་རྒྱས། སྐྱོབ་ཀྱི་ཕན་ཡོན་ནི། བྲག་ཞུན་ལུས་གཞོན་རཀྟ་འཕེལ། སྨན་མཆོག་ཨ་རུས་དུག་ནད་སེལ། ར་མོ་ཤག་གིས་སྒྲོལ་མ་རླུང་གི་རིག་འཛིན་ཐོབ། ཉེ་ཤིང་གིས་ལུས་ཀྱི་ནད་སེལ་ཞིང་སྐྱེ་འཆི་བུལ་བའི་ཚེ་འགྲུབ། མར་དང་འོ་མས་ལུས་མི་རྒས། སྦྲང་རྩིས་བཀྲག་མདངས་མི་འགྲིབ། བུ་རམ་གྱིས་ལུས་ཀྱི་རྩ་མི་སྐམ་སྟེ་ཤི་བ་རོ་དང་འདྲ་བ་ཡང་སོས། ཐབས་འདིས་འཁོར་བའི་ལམ་ནས་བསླང་སྟེ་དུཿཁའི་ནད་ལས་ཐར། ཅི་བསམ་འགྲུབ། བདུད་བགེགས་ལོག་འདྲེན་མི་ཡོང་། ཡི་དམ་ལྷ་ཡི་ཞལ་མཐོང་། མཆོག་ཐུན་དངོས་གྲུབ་ཐོབ། སྐྱེ་ཤི་མེད་པ་རྡོ་རྗེའི་སྐུས། །ཕྱི་མ་མཁའ་ལ་སྤྱོད་པར་བྱེད། །ཅེས་གསུངས་སོ། །དེའི་མཚོན་ནས་གསར་རྙིང་གི་དམ་པ་སོ་སོའི་ཕྱག་བཞེས་བཞིན། བདུད་རྩི་རིལ་བུ་དང་སྐྱེ་བདུན་རིལ་བུ་ཚེ་ཡི་རིལ་བུ་སོགས་སྒྲུབ་པའི་སྒོ་ནས་འགྲོ་བའི་དོན་ནམ་མཁའ་དང་མཉམ་པར་མཛད་པའི་ཚུལ་རྣམས་རྒྱ་ཆེར་ཉམས་སུ་བླང་བར་བྱའོ། །ཞེས་པའང་མི་ཕམ་པས་སོ། །མངྒ་ལཾ།། ༈ །།གསང་བའི་དམ་རྫས་བདུད་རྩི་ཆེན་པོའི་ཤ་ལྔའི་ཕན་ཡོན་ནི། རྒྱུད་ལས། ཤ་ཆེན་མཆོག་གི་དམ་ཚིག་


MR27_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་དག་འཐོབ་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་འགུགས་བའི་མཆོག་ཏུ་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ཞེས་འབྱུང་ངོ་། །


previousབདུད་རྩི་སྨན་སྒྲུབ་ཀྱི་སྦྱོར་སྡེ་རབ་གསལ་འཆི་མེད་སྨན་མཆོག་གྲུབ་པ།next