Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས།
   
   
   
   


 
previousའཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས།next

འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས།


MR27_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས་བཞུགས་སོ། །


MR27_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲི་ཡེ། རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །འཇམ་མགོན་གཞོན་ནུའི་ཡེ་ཤེས་སྒྱུ་འཕྲུལ་གར། །ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དང་པོར་མཐའ་ཡས་ཐོས་པའི་གཞུང་ལུགས་སྦྱང་། །བར་དུ་དེ་དོན་མ་ལུས་རྒྱུད་དང་བསྲེས། །ཐ་མར་གནས་ལུགས་དགོངས་པ་མངོན་དུ་གྱུར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུབ་པའི་བསྟན་པ་སྤྱི་དང་བསྟན་པ་ཡི། །སྙིང་པོར་གྱུར་པ་འོད་གསལ་སྙིང་པོའི་ལམ། །ཉིན་དང་མཚན་དུ་བུ་ཡིས་མ་བཞིན་དྲན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྣམ་འདྲེན་རྒྱལ་བ་སྲས་


MR27_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་དང་། །ཁྱད་པར་དུ་ཡང་མཉམ་མེད་ཤཱཀྱའི་རྒྱལ། །མཚན་ཙམ་དྲན་པས་མོས་གུས་འཆི་མ་འཁྲུགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟླ་མེད་སྟོན་པ་དེ་དང་དེ་ཡི་སྲས། །མཁས་མཆོག་རྣམས་ཀྱི་རང་ལུགས་དྲི་མེད་དང་། །མཁན་སློབ་ཆོས་ཀྱི་རྒྱལ་པོ་རྗེས་སུ་དྲན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ཚེ་ན་ཚོད་ཕྲ་ཡང་ཐབས་གང་གིས། །འདྲེན་མཆོག་དེ་དག་རྣམས་ཀྱི་དྲིན་གཟོ་རུ། །རྒྱལ་བསྟན་རིན་ཆེན་སྤེལ་བར་ཡི་དམ་བཅས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྔོན་ལས་སྦྱངས་བའི་ལས་འཕྲོ་བཟང་པོ་ཡིས། །ཟབ་དང་རྒྱ་ཆེའི་མདོ་དང་བསྟན་བཅོས་དོན། །བལྟས་པ་ཙམ་གྱིས་བདེ་


MR27_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བླག་ཁོང་དུ་ཆུད། །དཔལ་ལྡ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །སྐྱབས་མཆོག་འཇམ་དཔལ་དམར་པོ་ངེས་ཤེས་ནས། །མི་འབྲལ་སྙིང་གི་ཐིག་ལེར་རྟག་ཏུ་བསྒོམ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ཚེ་ཟབ་མོ་རྟོགས་པར་དཀའ་བ་ཡི། །ཕྱི་ནང་རིག་གནས་ཀུན་གྱི་གནད་གསང་ལ། །བློ་ཡང་དེ་ལྟ་དེ་ལྟར་ཟབ་པར་གྱུར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྟོན་པའི་དམ་ཆོས་སྤྱི་དང་ཁྱད་པར་དུ། །ཟབ་མོ་རྟེན་ཅིང་འབྲེལ་བའི་ཆོས་ཚུལ་ལ། །ཡིད་ཆེས་ངེས་པ་སྙིང་གི་གཏིང་ནས་འཁྲུངས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆེད་དུ་བཅོས་པ་མིན་ཡང་སྡུག་བསྔལ་གྱི། །རྒྱ་མཚོར་གཡེང་བ་སྲིད་པའི་འགྲོ་བ་ཀུན། །ནམ་ཡང་མི་གཏོང་སྙམ་པའི་སྙིང་རྗེ་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རང་གི་བློ་དང་ལྷག་པའི་ལྷ་ཡི་མཐུས། །ན་ཚོད་ཕྲ་ཡང་གནས་ལྔ་རིག་པའི་གཞུང་། །བསྒྲིམ་མི་དགོས་པར་རྩེད་མོའི་ཞར་ལས་ཤེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཕགས་བོད་མིང་ཚིག་ཡི་གེའི་བརྡའ་སྤྲོད་གཞུང་། །ལུས་པ་མེད་པར་བློ་ཡི་རྒྱ་མཚོར་ཆུད། །དབྱངས་གསལ་ངག་གི་རྟེན་འབྲེལ་གནད་ཀྱང་རྟོགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡན་ལག་བརྒྱད་ལྡན་གསོ་བ་རིག་པ་ཡི། །གཞུང་དང་ལག་ལེན་མཐའ་དག་མ་ནོར་རྟོགས། །འཚོ་བྱེད་གཞོན་ནུ་གཉིས་པར་ཡོངས་སུ་གྲགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྣ་ཚོགས་


MR27_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་གནས་ཤེས་བྱའི་རྒྱ་མཚོ་ལ། །བློ་མཆོག་ངང་མོ་གཞོན་ནུ་དལ་གྱིས་རོལ། །ལེགས་བཤད་སྒྲ་དབྱངས་སྟོང་གི་ཉམས་ཀྱིས་མཛེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་ཚུར་མཐོང་ཚད་མའི་རིག་པ་ལ། །འགྲན་ཟླ་མེད་པའི་བློ་གྲོས་སྒོ་ཆེན་ཕྱེས། །ཆོས་ཀྱི་གྲགས་པའི་མཁྱེན་རབ་སྙིང་ལ་ཤར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་ལྡན་མགུ་བར་བྱེད་པའི་སྙན་ངག་གི། །ལེགས་བཤད་བདུད་རྩིའི་རྦ་རླབ་ཁ་ནས་གཡོ། །དབྱངས་ཅན་མགྲིན་པར་ཆགས་པའི་རྣམ་དཔྱོད་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐར་ནག་རྩིས་རིགས་རྒྱ་མཚོ་ཆེན་པོའི་འཇིང་། །ཆ་ཙམ་ལུས་པ་མེད་པར་བློ་ཡིས་མཐོང་། །ཟབ་མོའི་མན་ངག་གནད་ལ་རང་བྱན་ཚུད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐེག་མཆོག་སྤྲོས་བྲལ་ལྟ་བའི་གནད་སྟོན་པ། །རྒྱས་འབྲིང་བསྡུས་པ་ལ་སོགས་མདོ་ཡི་དོན། །འཆང་ལ་མི་ཞུམ་ཟབ་མོའི་བློ་གྲོས་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀླུ་སྒྲུབ་རིག་པའི་ཚོགས་དང་ཟླ་བའི་གཞུང་། །སྤྲོས་པ་རྣམ་པར་གཅོད་པའི་བསྟན་བཅོས་ལ། །དཔྱིས་ཕྱིན་རྟོགས་པའི་བློ་གྲོས་ལྷག་པར་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱ་ཆེའི་ཆོས་ཀྱི་མཚན་ཉིད་ལེགས་སྟོན་པའི། །མངོན་པའི་མདོ་དང་དགོངས་འགྲེལ་བསྟན་བཅོས་ཀྱི། །ཕྲ་ཞིང་ཕྲ་བའི་གནད་ཀྱང་མ་ནོར་རྟོགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཤེར་ཕྱིན་སྦས་


MR27_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མངོན་པར་རྟོགས་པའི་གཞུང་། །སྤྱི་དང་བྱེ་བྲག་རྟོགས་དཀའི་གནས་རྣམས་ལ། །འཁྲུལ་བྲལ་མཁྱེན་པའི་བློ་གྲོས་ཁྱད་དུ་འཕགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བྱམས་ཆོས་ཕྱི་མ་རྣམས་དང་ཐོགས་མེད་མཆེད། །ཤཱནྟེ་དེ་ཝ་ལ་སོགས་འཕགས་ཡུལ་ཀྱི། །མཁས་པའི་གཞུང་ལུགས་ཀུན་ལ་བློ་གྲོས་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསྟན་རྩ་འདུལ་བའི་སྡེ་སྣོད་རིན་པོ་ཆེ། །དགོངས་འགྲེལ་བཅས་པའི་གཞུང་ལུགས་མཐའ་དག་ལ། །རྣམ་དཔྱོད་བློ་གྲོས་གཙང་མའི་སྤོབས་པ་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཚུངས་མེད་རྒྱལ་བའི་གསུང་རབ་མཐའ་དག་དང་། །རྒྱ་བོད་མཁས་པའི་ལེགས་བཤད་གང་མཐོང་ལ། །རིང་དུ་འདྲིས་པར་བྱས་ཤིང་གནད་ཀྱང་རིག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕྱི་ནང་རིག་གནས་ཀུན་གྱི་ཟབ་མོའི་གནད། །བལྟས་པ་ཙམ་གྱིས་བདེ་ལེགས་ཉིད་དུ་རྟོགས། །མཁྱེན་རབ་ཐེ་ཚོམ་སྦུབས་ལས་རྣམ་པར་གྲོལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཇི་ལྟ་ཇི་ལྟ་ཟབ་མོའི་གནད་ཡོད་པ། །དེ་ལྟ་དེ་ལྟ་བློ་གྲོས་སྤོབས་པ་ཡིས། །ངེས་ཤེས་ཤིན་ཏུ་འདྲེན་པ་ཉིད་གྱུར་པ། །དཔལ་ལྡན་བླ་མའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་རྒྱལ་བའི་བསྟན་པ་མཐའ་དག་ཀུན། །ཕན་ཚུན་འགལ་མེད་གྲོགས་སུ་ཤེས་པ་ཡི། །བློ་གྲོས་དྲི་མེད་ཡིད་གཉིས་སྨག་དང་བྲལ། །དཔལ་ལྡན་བླ་མའི་ཞབས་


MR27_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། ༈ །དམ་པའི་གཞུང་ལུགས་དེ་དང་འགྲོགས་པ་ཡིས། །སྣང་བས་མུན་བཞིན་ཆེད་དུ་མ་བསྒྲིམ་པར། །ཀུན་ཉོན་འཁོར་བའི་བག་ཆགས་ངང་གིས་འགག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མེ་ཏོག་ཚལ་ལ་བུང་བ་ཇི་བཞིན་དུ། །མི་ལྡོག་ཡིད་ཀྱིས་བསོད་ནམས་གནས་ལ་དད། །རྟག་ཏུ་མཆོད་དང་སྦྱིན་པའི་ལས་ལ་བརྩོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཙང་ཤིང་གྱ་ནོམ་མཐོང་དགའི་མཆོད་ཚོགས་རྣམས། །མཉམ་པར་བཞག་པའི་ཡིད་ཀྱིས་རོལ་མོ་སྤེལ། །འཇམ་པའི་རྡོ་རྗེ་སྲས་བཅས་རྒྱལ་ལ་མཆོད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསོད་ནམས་མཆོད་སྤྲིན་ཡེ་ཤེས་དེ་བསྐྱེད་ནས། །ཐུབ་བསྟན་དྲི་མེད་སྤྱི་དང་ཁྱད་པར་དུ། །བསྟན་པའི་སྙིང་པོ་རྒྱས་པའི་སྨོན་ལམ་བྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ལུས་ཀྱི་ཕྱག་འཚལ་བཀུར་སྟིས་བསྐོར་བ་དང་། །ངག་གིས་བཟླས་བརྗོད་ཡིད་ཀྱིས་གཏད་སོ་ཀུན། །སྐྱབས་མཆོག་འཇམ་པའི་རྡོ་རྗེ་ཁོ་ནར་མོས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུབ་པ་མཆོག་གི་རྗེས་སུ་རབ་བྱུང་ནས། །ཁས་བླང་ཚུལ་ཁྲིམས་ཅུང་ཟད་ཟོལ་མེད་ཀྱི། །དག་པའི་སྤྱན་གྱིས་མཐོང་བ་སྙིང་ནས་བསྲུང་། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕྱི་ནང་འདུ་ཤེས་ཕུང་པོ་ལྔ་ཡི་ཚོགས། །སྐད་ཅིག་མི་སྡོད་གཡོ་བའི་ངང་ཚུལ་དུ། །ཐག་ཆོད་སེམས་ཀྱིས་


MR27_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞེན་ལྷོད་པོར་གྱུར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྒྱུ་མ་རྨི་ལམ་ཆུ་ཟླའི་ཚུལ་མཚུངས་པའི། །སྣང་ཞིང་སྲིད་པའི་ཆོས་ལ་ལེགས་བརྟགས་ནས། །སྒྱུ་མའི་བློ་སྦྱོང་ཉིན་དང་མཚན་དུ་བྱས། །དཔལ་ལྡན་བླ་མའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སྣང་ཚད་སྒྱུ་མར་རོལ་པའི་བློ་གྲོས་དང་། །སྒྱུ་འདྲ་སྲིད་པའི་ཁམས་ལ་སྙིང་རྗེ་བ། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་འགྱུར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རང་བྱུང་གཞིར་གནས་གཉུག་མའི་ཡེ་ཤེས་ལ། །ངེས་ཤེས་མཆོག་དུ་བརྟན་པ་རྙེད་གྱུར་པས། །དབང་བཞིའི་ཡེ་ཤེས་རང་གི་རྒྱུད་ལ་ཐེབ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ། །འཇམ་དཔལ་དཔའ་བོའི་བསྐྱེད་རིམ་རོལ་མོ་ཡིས། །སྣང་སྲིད་གཞིར་བཞེང་ཕྱག་རྒྱའི་ཏིང་འཛིན་སྤེལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་ཡན་རྗེ་བླ་མ་ཉིད་ཀྱི་གསུང་ཡིན་ནོ། །ཙིཏྟ་རང་བྱུང་ཐུགས་ཀྱི་དཔལ་བེའུ་རུ། །འཇམ་དཔལ་བདེ་བའི་རྡོ་རྗེ་ཐིག་ལེ་ཆེ། །མི་འགྱུར་རྟག་པ་དམ་པའི་སྲོག་ཏུ་ཞུགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐུ་གསུམ་ལྷུན་གྲུབ་འཇམ་དཔལ་གཞོན་ནུའི་གདངས། །དཀར་འཇམ་རྩ་ཡི་ལམ་བརྒྱུད་སྒྲོན་མར་ཐོན། །དག་པ་དབྱིངས་ཀྱི་མཁའ་ལ་བརྡལ་བ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འོད་གསལ་


MR27_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་ཞིང་ཁམས་མཐའ་ཡས་པར། །ཤེས་རབ་རིག་པ་རང་བྱུང་སྐུར་སྨིན་ཞིང་། །འཇམ་དཔལ་རིགས་ལྔའི་ཚོམ་བུར་ལོངས་སྤྱོད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྡོར་བཟླས་རླུང་སྔགས་སེམས་དབེན་ཟབ་མོ་དང་། །སྒྱུ་མའི་སྐུ་དང་འོད་གསལ་ཟུང་འཇུག་བརྙེས། །སོར་བསམ་སྲོག་འཛིན་རྗེས་ཏིང་མཐར་ཕྱིན་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྙིང་གའི་ཕྲ་ཐིག་ཟབ་མོའི་རིམ་པ་དང་། །མེ་རླུང་སྦྱོར་བས་བདེ་ཆེན་ཞུ་བའི་རྒྱུན། །ལུགས་འབྱུང་ལུག་ལྡོག་དགའ་བཞིའི་འགྲོས་མཐར་སོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རང་ལུས་བཀོད་པ་གདན་གསུམ་ཚང་བར་རྫོགས། །རྒྱུ་རྐྱེན་འབྲས་བུའི་རྣལ་འབྱོར་རྩེ་མོར་གཤེགས། །འཁོར་ལོ་ཚོགས་ཆེན་ས་མཆོག་མངོན་བརྙེས་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆོས་ཅན་སྣང་བ་ཆོས་ཉིད་དབྱིངས་སུ་ཟད། །ནང་དབྱིངས་ཀ་དག་གཞོན་ནུའི་བུམ་སྐུའི་སྦུབས། །འབྲས་བུའི་རྒྱལ་པོ་ཚེ་འདིར་མངོན་སུམ་བརྙེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མངོན་དགའ་ལ་སོགས་དག་དང་མ་དག་ཞིང་། །སྤྲུལ་པའི་རྣམ་རོལ་བསམ་ལས་འདས་པ་ཡི། །མཛད་པ་ཕྲིན་ལས་རྒྱུན་ཆད་མི་མངའ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །བླ་མ་ཁྱབ་


MR27_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇམ་དཔལ་རྡོ་རྗེ་ཡི། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་སྤྱོད་པར་ཤོག །ཐུབ་བསྟན་སྤྱི་དང་སྔ་འགྱུར་རྡོ་རྗེ་ཐེག །བཤད་དང་སྒྲུབ་པས་ཉིན་མོར་བྱེད་ནུས་པའི། །ཟབ་རྒྱས་བློ་གྲོས་སྦོབས་པའི་གཏེར་མཛོད་བརྡོལ། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་དཔལ་ཐོབ་ཤོག །ཅེས་པའང་རྗེ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཞལ་གསུང་རྣམ་ཐར་གསོལ་འདེབས་མཛད་འཕྲོ་ལུས་པར་འདི་མན་འཇམ་དཔལ་སྒྲོན་དྲུག་རྫོགས་རིམ་དང་། གཞན་རྫོགས་རིམ། དེ་མཐར་ཉམས་མྱོང་འབྲས་བུ་རྣམས་ཀྱི་ཁ་བསྐངས་དགོས་རྒྱུའི་རྩ་ཐོ་གནང་བཞིན་ཁྱེད་ནས་ཁ་འགེངས་གྱིས་ཤིག་ཅེས་མཁན་ཆེན་བཀའ་དྲིན་ཅན་ཀུན་བཟང་དཔལ་ལྡན་གྱིས་གསུང་བསྐུལ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྨོངས་ཚིག་ཁ་ཤས་བསྣན་པ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག མངྒ་ལཾ།། །། ༈ ནང་སྦྱོང་བདུད་རྯིའི་ཆར་རྒྱུན་བཞུགས་སོ། །ན་མོ་གུ་རུ་བྷེ་ཥ་ཛྱ་རཱ་ཛཱ་ཡ། ཟུག་རྔུ་འབྱིན་པ་བླ་ན་མེད། །བདེ་གཤེགས་སྲས་བཅས་ལ་བཏུད་ནས། །སྡུག་བསྔལ་ནད་ཀྱི་འདམ་སྦྱང་བ། །ཤེས་རབ་བདུད་རྩིའི་ཆར་རྒྱུན་སྤེལ། །དེ་ལ་གང་ཟག་ཞིག་བྲོ་ནད་ཀྱིས་མནར་བ་དེས། ནད་དེ་ལ་བསྟེན་ནས་སྒྲིབ་པ་བྱང་ཚོགས་རྫོགས་གཏན་དུ་ནད་ཀྱི་འདམ་ལས་ཐར་པའི་


MR27_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདི་ལྟར་བློ་སྦྱང་བར་བྱ་སྟེ། དེ་ལ་ནད་ཡོན་ཏན་དུ་བལྟས་ནས་སྒྲིབ་པ་བྱང་བའི་སྒོར་ཤེས་པ་དང་། ནད་སློབ་དཔོན་དུ་ཤེས་ནས་བག་ཡོད་པར་བྱ་བ་དང་། ནད་ལམ་གྱི་གྲོགས་སུ་ཤེས་ནས་སྦྱིན་སོགས་ཀྱི་ཉམས་ལེན་ལ་འཇུག་པ་སྟེ་གསུམ་ལས། དང་པོ་ནི་འཁོར་བ་འདི་ན་སྡུག་བསྔལ་སྣ་ཚོགས་ཤིན་ཏུ་རྒྱ་ཆེ་ལ། དེར་རང་དབང་མེད་པར་སྐྱེ་བའི་ལས་ཅན་བདག་ཅག ཡུད་ཙམ་བདེ་བའི་ཚེ་འཁོར་བའི་སྡུག་བསྔལ་མི་བསམ། རང་གི་དོན་མི་སྒྲུབ་པར་བག་མེད་དུ་གནས་པ་ལ། ནད་ཀྱི་སྡུག་བསྔལ་འདིས་བག་མེད་དང་དྲེགས་པ་སོགས་སྐྱོན་སེལ། སྒྲིབ་པ་བྱང་བའི་སྒོ་ཁྱད་པར་ཅན་སྟེ། སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །ཞེས་གསུངས་པ་བཞིན་ཏེ། སྡུག་བསྔལ་ལ་སྐྱོ་བའི་འདུ་ཤེས་ཀྱིས་འཁོར་བ་ལས་ངེས་འབྱུང་གི་བློ་སྐྱེ་བ་སོགས་ཡོན་ཏན་ཀུན་གྱི་གཞིར་འགྱུར་བ་ཡོད་དོ། །ཁྱད་པར་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་རྩོད་ལྡན་མི་མཇེད་འདིར་མགོ་ན་བ་ཙམ་གྱིས་དམྱལ་བ་མནར་མེད་པའི་སྡུག་བསྔལ་ཡང་བྱང་བར་འགྱུར་བ་མདོ་སྡེ་དུ་མ་ལས་ཡང་ཡང་གསུང་པ་ལྟར། སངས་རྒྱས་ཀྱི་ཐུགས་སྐྱེད་ཀྱིས་ཞིང་འདི་


MR27_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་པ་སྙིགས་མ་དང་ལྡན་པའི་སྡུག་བསྔལ་ཆེ་ཡང་སྙིང་སྟོབས་ཆེན་པོའི་སེམས་དཔའ་མྱུར་དུ་སངས་རྒྱ་བ་རྣམས་འདིར་སྐྱེས་ནས་རྫོགས་སྨིན་སྦྱང་བ་ཚན་པོ་ཆེ་འགྲུབ་པ་ཡིན་པས་ད་ལན་རང་གི་ནད་འདིས་ཀྱང་སྔོན་ནས་བསགས་པའི་ལས་ངན་དུ་མ་འདག་ངེས་པས་སྤྲོ་བར་བྱའོ། །གཉིས་པ་བདག་གི་ནད་འདི་ལས་ཆེས་ཐུ་བའི་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་བཟོད་དཀའ་ལ་ཡུན་རིང་བ་དག་རང་གཞན་ཐམས་ཅད་དེ་སྔ་སྐྱེ་བ་མུ་མེད་པར་མྱོང་། ད་ཡང་རང་གིས་ཐར་པ་དོན་དུ་མ་གཉེར་ན་སྐྱེ་བ་མུ་མེད་པར་སྡུག་བསྔལ་མྱོང་དགོས་པར་འདུག་ཀྱང་། བདག་གིས་དེ་སྔ་མ་ཤེས། ད་ནི་ནད་འདི་ཙམ་ཡང་བཟོད་དཀའ་ན་འདི་ལས་ཆེ་བའི་སྡུག་བསྔལ་མུ་མེད་པ་ཇི་ལྟར་བཟོད་དེ། ད་ནི་སྡུག་བསྔལ་ལས་གཏན་དུ་འདའ་བའི་ཐབས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པའི་སྐབས་སུ་ཁེལ་བས་ཅི་ནས་ཅུང་ཟད་མ་ཤི་ན་ཚེ་འདི་ལ་འཁོར་བའི་རྒྱ་མཚོ་ལས་བརྒལ་བར་ཅིས་ཀྱང་བྱ། གལ་ཏེ་དེ་ལྟར་མ་གྲུབ་པར་ནད་འདིས་ཤི་ནའང་དུས་གསུམ་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་རྒྱལ་བ་སྲས་བཅས་ལ་ཕུལ་ནས་འདི་རྗེས་ཀྱི་སྐྱེ་བ་དེ་ལ་བླ་མེད་བྱང་ཆུབ་ཆེན་པོར་ཐོབ་པའི་སྨོན་ལམ་དྲག་པོ་བྱ་སྟེ་སྨོན་ལམ་ནི་ཆུད་ཟ་


MR27_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་རོ་སྙམ་དུ་སེམས་བསྐྱེད་པ་དང་། གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་ཀྱི་རང་བཞིན་ལ་གནས་ཀྱང་། དེ་ལྟར་མི་ཤེས་པར་ད་དུང་མཐའ་མེད་པའི་འཁོར་བར་སྡུག་བསྔལ་མྱོང་བ་དེ་ཐམས་ཅད་ནི་མི་ཤེས་པའི་མུན་པས་ཡིད་བསྒྲིབས་ཏེ་རང་དབང་མེད་པ་ཡིན་པས་དེ་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ཞིང་ཕྲལ་དང་ཡུན་དུ་བདེ་བའི་སྐལ་བ་བདག་གིས་སྒྲུབ་པར་བགྱིའོ། །དེ་ལྟར་བགྱིད་ནུས་པར་བླ་མ་དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་ཡང་ཡང་བྱའོ། །མདོར་ན་སྡུག་བསྔལ་གྱི་ཅི་ཙམ་མནར་བ་དེ་བཞིན་སླད་ནས་རང་དང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པའི་གོ་ཆ་བརྟན་པོ་གྱོན་ཏེ་ཕྱིན་ཆད་བག་ཡོད་པར་བྱ་དགོས་ཏེ། བདག་དེ་སྔ་བག་མེད་པས་ལས་ཉོན་གྱི་དབང་དུ་གྱུར་པས་མི་འདོད་བཞིན་ནད་འདི་མྱོང་། སྔ་ནས་ཐར་པ་ཐོབ་ན་ད་ལྟ་ན་རྒྱུ་ག་ལ་ཡོད། དེ་ཙམ་དུ་མ་ཟད་ལས་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་བྱས་ཡོད་ནའང་སྡུག་བསྔལ་འབྱུང་བ་མི་སྲིད་ཀྱང་། བདག་དེ་སྔ་བག་མེད་པས་རྒུད་པ་འདི་མྱོང་བར་ཟད། ད་ཕན་ཆད་དེ་སྔ་ལྟར་མི་བྱ་བར་ཅུང་ཟད་མ་ཤི་ན་འདོར་ངེས་ཀྱི་ལུས། ནད་ཀྱི་གྲོང་ཁྱེར། རྒ་བས་ཉིན་བཞིན་འཇོམས་པ་འདི་


MR27_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་བརྟན་མི་བྱ་བར། རྣག་ཅན་འདི་ལ་བརྟེན་ནས་ཚོགས་རླབས་པོ་ཆེ་འགྲུབ་ནས་འཆི་ཁར་ཟླ་བ་ཉ་གང་བ་ལྟ་བུའི་སེམས་རེ་བ་ཡོངས་སུ་རྫོགས་ཤིང་། ཕྱི་མ་ཕན་ཆད་ཕན་བདེ་ཕུན་སུམ་ཚོགས་པའི་རྒྱུ་ལ་ཅིས་མི་འབད་སྙམ་དུ་བག་ཡོད་པ་བརྟན་པོའི་སེམས་སུ་བྱའོ། །གཞན་ནད་མེད་པ་ན་དགེ་བ་ལ་བརྩོན་མི་ནུས་པ་དག་ནད་ཀྱིས་སྐྲག་ནས་ཕྱག་བསྐོར་སྒྲིབ་སྦྱང་སོགས་ལ་འཇུག་པས་ན་ནད་དགེ་བའི་བཤེས་གཉེན་དུ་གྱུར་པའང་ཡོད་པས་རྐྱེན་ནད་དེ་ལ་བརྟེན་ནས་དགེ་རྩ་བསྒྲུབ་པ་དང་། བློ་སྦྱོང་བས་ལམ་གྱི་གྲོགས་སུ་འགྱུར་བའི་ཐབས་མཁས་ལ་བརྟེན་པར་བྱའོ། །ཁྱད་པར་དུ་ཆོས་སྨྲ་བ་དང་། གཅོད་པ། ཉམས་ལེན་པ་ལྟ་བུ་ཡིན་ན། ང་ནི་གཞན་ལ་ཆོས་བཤད་གཞན་མགོ་འདྲེན་པ་ཡིན་ཁུལ་ལ་ད་རེས་རང་ཐོག་ནད་བབ་པ་འདིས་རྐྱེན་ངན་ལམ་དུ་ཨེ་སློང་དང་། རང་གི་ཉམས་ལེན་གནད་དུ་ཨེ་ཚུད་ཀྱི་དྲོད་ཚད་སྲང་ལ་འདེགས་པ་ལྟ་བུ་ཡིན་པས་རང་རྒྱུས་རང་གིས་བླངས་ནས་ད་ཕན་སྐྱིད་ཆོས་མཛེས་ཆོས་ཀྱིས་སྒོ་ནས། ལྟོ་འགྲངས་ཉི་མའི་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་དུས་ཐ་མལ་བ། །ཞེས་པའི་ཚུལ་དུ་མ་སོང་བ་ཞིག་ནད་ཐེབས་འདི་ལ་བྱའོ་སྙམ་པས་རྐྱེན་ངན་ཉམས་


MR27_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་གྲོགས་སུ་འཁྱེར་ཅི་ནུས་བྱ་དགོས་ལ། དེ་རབ་ལྟ་སྒོམ་ཀྱི་ངང་དུ་འཁྱེར་འབྲིང་བློ་སྦྱོང་དང་སྒྱུ་མར་ཤེས་ཤིང་ཚོགས་རྫོགས་སྒྲིབ་སྦྱང་གི་སྨོན་ལམ་གྱི་སྒོ་ནས་ལམ་དུ་ཁྱེར། ཐ་མས་ཀྱང་འདི་ན་ཇི་སྐད་བཤད་པའི་འདུ་ཤེས་བསྒྱུར་བའི་ཚུལ་རང་གི་ཉམས་འོག་ཏུ་གང་ཚུད་བློ་ལ་གང་དང་ཅི་འཐད་ཀྱི་སྒོ་ནས་ནད་ལམ་དུ་ཁྱེར་བར་བྱའོ། །གསུམ་པ་ལ་དྲུག་ལས། དང་པོ་སྦྱིན་པར་བློ་སྦྱང་བ་ནི། འཁོར་བའི་སྣང་བ་འདི་དག་མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མེད་པ་ཡིན་ཡང་བདག་གིས་མ་ཤེས་ཀྱང་། ནད་འདིས་མཚོན་ནས་སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོད་པ་དང་། སྐད་ཅིག་གིས་མི་རྟག་པ་དང་། ལུས་སེམས་ལ་དཔྱད་ན་དུ་མ་ཆོས་ཙམ་ལས་བདག་ཅེས་བྱ་བ་གང་ཡང་མི་འདུག་ཀྱང་། བདག་གིས་བདག་དང་བདག་གིར་བཟུང་ནས་ལུས་འདི་ལ་ཞེན་ཆགས་བྱས་པས་ནད་སོགས་ལུས་ལས་བྱུང་བའི་སྡུག་བསྔལ་འདི་ཀུན་བྱུང་བར་འདུག་པས། ད་ནི་ནད་བདག་གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་ལུས་འདི་ཇི་འདོད་པའི་དངོས་པོར་དམིགས་ཏེ་ཕོངས་པ་མེད་པར་བཏང་བར་བྱའོ་སྙམ་དུ་ཡང་ཡང་ཡིད་ལ་བྱ་ཞིང་། ལུས་


MR27_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་དམིགས་འདོན་རྒྱས་བསྡུས་ཅི་རིགས་ཡང་ཡང་བྱས་པས་གནས་སྐབས་ནད་དག་པ་དང་། མཐར་ཐུག་ཚོགས་རྫོགས་ཤིང་འཆི་བ་བསླུ་བའི་མཆོག་ཏུ་གསུང་ལ། གཞན་ཡང་སྟོང་ཆེན་རབ་འཇོམས་ལས། ཤེས་རབ་ཟབ་མོ་ཤིན་ཏུ་ལེགས་བརྟན་པའི། །འཕགས་པའི་བདེན་པ་སུ་དག་རྣམས་བསྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །ཞེས་གསུངས་སོ། །དེས་ན་རང་ལུས་ལ་ཆགས་པ་འདིས་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་བསྐྱེད་པས་ན་ཅིས་ཀྱང་མ་ཆགས་པར་གཏོང་བའི་སེམས་ལ་གོམས་པར་བྱ་བ་ནི་སྦྱིན་པའི་ཉམས་ལེན་ནོ། །གཉིས་པ་ཚུལ་ཁྲིམས་ནི། ལུས་འདིར་ནད་ཀྱི་གདུང་བས་ཁམས་འཕོ་བ་སོགས་འཇིག་རྟེན་ཐ་མལ་པའི་བདེ་བ་འགྱུར་བཅས་ཉི་ཚེ་བས་རང་བཞིན་གྱི་དབེན་ཞིང་འདི་ལ་བརྟེན་ནས་འཛག་མེད་ཀྱི་ཚུལ་ཁྲིམས་དམ་པ་སྒྲུབ་པའི་དམ་བཅའ་བརྟན་པོ་ལ་གོམས་པར་བྱ་བ་དང་། གསུམ་པ་བཟོད་པ་ནི། ནད་ཀྱི་སྡུག་བསྔལ་འདི་དག་ནི་རང་གི་སྔོན་བྱས་ཀྱི་ལས་ཀྱི་སྨིན་པས་འདི་འདྲ་འབྱུང་བའི་རྒྱུ་དང་སེམས་ཅན་ད་ལྟ་འདི་འདྲ་མྱོང་བ་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ན་ཅི་མ་རུང་


MR27_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བཟོད་པར་བྱའོ་སྙམ་པ་དང་། བཞི་པ་བརྩོན་འགྲུས་ནི། དེ་འདྲའི་བློ་སྦྱོང་རེས་འགའ་བ་མ་ཡིན་པ་རྟག་གུས་ཀྱི་སྦྱོར་བརྩོན་གོ་ཆ་ཆེན་པོ་བགོས་ཏེ་བརྩོན་པ་བར་མེད་བྱ་བ་དང་། ལྔ་པ་བསམ་གཏན་ནི། ནད་དེས་ཟུག་རྔུ་ལྷངས་ཀྱིས་ལྡངས་བ་ན་སྙིང་རྗེའི་བློ་སྦྱོང་དམིགས་བཅས་དང་། རང་བཞིན་སྟོང་པ་ཉིད་དང་ནད་བསྲེས་པའི་དམིགས་རྣམ་མ་བརྗེད་པར་རྩེ་གཅིག་སེམས་པ་དང་། དྲུག་པ་ཤེས་རབ་ནི། བླ་མས་ནད་སྦྱོང་གི་གདམས་ངག་བསྟན་པ་ཐོས་པ་ལ་བསམ་པ་དང་། དེ་དོན་བསྒོམ་པས་ཀུན་རྫོབ་ཏུ་ན་བྱ། ན་བྱེད། ན་ལུགས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་ཤེས་པ་དང་། དོན་དམ་ནད་ཟུག་ཐམས་ཅད་སྐྱེ་འགགས་གནས་བྲལ་ཆེན་པོར་ཤེས་པས་ན་ཟུག་ཐམས་ཅད་སྟོང་ཉིད་དུ་ཁྱེར་ཅིང་། དེ་ཡང་བདེ་ཆེན་དུ་ལྷངས་ཀྱིས་ཤར་བས་ན་བ་དེས་རྟོགས་པའི་བོགས་ཐོན་ནས་སྐུ་གསུམ་གྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན་པས་དེ་བས་ན་ན་ཚ་ལམ་ཁྱེར་འདི་བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྔགས་པ་ཡིན་ནོ། །ན་བ་ན་བ་མ་ཡིན་ཏེ། །ན་བ་བདེ་ཆེན་ཆོས་སྐུའི་ངང་། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ན་དང་མི་ན་ཁྱད་མེད་པའོ། །ཞེས་པའང་ཨ་ཛི་ཏས་སོ། །མངྒ་ལཾ།། ༈ །།རྗེ་བཙུན་རིག་


MR27_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་བཞུགས་སོ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །རྗེ་བཙུན་འཕགས་མའི་ཞབས་ལ་སྐྱབས་སུ་མཆི། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་མཁའ་ཁྱབ་འགྲོ། །བསྒྲལ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རང་སྣང་དག་པ་རབ་འབྱམས་ཞིང་གི་དབུས། །ངོ་མཚར་སྤྲུལ་པའི་ཕོ་བྲང་ཉམས་དགའ་བར། །རང་གི་སྤྱི་བོར་འདབ་སྟོང་པདྨའི་དབུས། །སྐྱབས་གསུམ་ཀུན་འདུས་རྗེ་བཙུན་རིག་བྱེད་མ། །དམར་གསལ་དར་དང་རིན་ཆེན་རྒྱན་ཆ་ཅན། །མི་འཇིགས་ཕྱག་རྒྱ་མདའ་གཞུ་ཨུཏྤལ་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་ཡེ་ཤེས་འོད་ཟེར་འབར། །སྲས་བཅས་རྒྱལ་ཀུན་འདུས་པའི་ངོ་བོར་བཞུགས། །ཀྱེ་མ་བླ་མ་རྗེ་བཙུན་མ། །ཁྱེད་ནི་རྒྱལ་བ་ཐམས་ཅད་ཀྱི། །ཡུམ་གྱུར་ཡེ་ཤེས་སྒྱུ་མའི་སྐུ། །འགྲོ་བ་ཀུན་གྱི་མགོན་གཅིག་པུ། །ལྷག་པར་འདོད་པས་ཕོང་པ་ཡི། །བསྐམ་ཆགས་ཅན་ལ་གཉེར་གྱུར་པའི། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །སྐལ་དམན་ཉམ་ཐག་བདག་ཅག་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་ནས་སུ། །བརྩེ་བའི་ཕྱག་གིས་དབུགས་དབྱུང་སྩོལ། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །བདེ་ཆེན་དབང་གི་དངོས་གྲུབ་སྩོལ། །ཞེས་སྙིང་ཁོང་རུས་པའི་


MR27_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་ནས་གསོལ་བཏབ་ལ། བླ་མ་རྗེ་བཙུན་ཀུ་རུ་ཀུལླེ་མཁྱེན། །ཞེས་དང་། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླས། ལོངས་སྤྱོད་ཐམས་ཅད་དང་སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོ་དབང་གི་མཎྜལ་དུ་ཡིད་ཀྱི་ཡང་ཡང་ཕུལ་ལ་གསོལ་བ་བཏབ་ལ་མཐར། རྗེ་བཙུན་དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ། །ལུས་ཀུན་བདེ་ཆེན་བདུད་རྩི་དམར་པོས་གང་། །ཐུགས་ཡིད་དབྱེར་མེད་གཉུག་མའི་གཤིས་སུ་ཨཱཿ། །སླར་ཡང་སྣང་སྲིད་ཐམས་ཅད་བླ་མ་རྗེ་བཙུན་མའི་ངོ་བོར་བལྟས་ལ་བསྔོ་སྨོན་བྱ་ཞིང་རྒྱུན་གྱི་སྤྱོད་ལམ་བྱའོ། །འདིས་ནི་བདེ་ཆེན་དབང་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། གཟུངས་འབུམ་ཕྲག་གཅིག་བཟླའོ། །ས་མ་ཡ༔ རབ་ཚེས་ལྕགས་ཡོས་དབོ་ཟླའི་ཚེས་འདོད་པའི་གྲངས་ལ་འཇམ་དཔལ་དགྱེས་པས་གང་ཤར་སྤེལ་བ་མངྒ་ལཾ།། ༈ །།པདྨ་མཁའ་འགྲོའི་ཚེ་འགུགས་བཞུགས། ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་ན། །བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ། །དབང་མཛད་པདྨ་མཁའ་འགྲོ་རིག་བྱེད་རྩལ། །གཙོ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐུལ། ༡ །རྗེས་ཆགས་འོད་དམར་ལྕགས་ཀྱུ་རྣོན་པོ་ཡིས། །འཁོར་འདས་བརྟན་གཡོ་བསྒུལ་ཞིང་བསྐྱོད་བྱས་ཏེ། །བདག་གི་བླ་ཚེ་ཉམས་འཁྱར་བརྐུས་པ་དང་། །


MR27_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དང་ཞི་བའི་ཚེ་བཅུད་མ་ལུས་པ། ༢ །ཁབ་ལེན་རྡོ་ཡིས་ལྕགས་བཞིན་བསྡུས་ནས་ཀྱང་། །དང་མ་སྲོག་གི་རྟེན་ལ་བསྟིམ་མཛད་ནས། །མི་ཤིགས་རྡོ་རྗེ་ཚེ་ཡི་ཀ་བ་ཚུགས། །གཞོམ་མེད་མཆོག་གི་ལང་ཚོ་གྲུབ་པར་མཛོད། །རགས་ལུས་མི་ཤིག་དྭངས་མའི་དཔྱིད་དུ་སྨིན། །ལས་རླུང་འཕོ་བ་དྷུ་ཏིའི་དབྱིངས་སུ་ཐིམ། །ཀུན་རྟོག་མུན་པ་འོད་གསལ་ངང་དུ་ཡལ། །གཉུག་མ་རྡོ་རྗེའི་སྲོག་ལ་དབང་ཐོབ་མཛོད། །བྲི་གང་འཕོ་འགྱུར་ཡོང་ཡེ་མི་མངའ་བའི། །བདེ་བ་ཆེན་པོ་རྟག་པ་རྒྱུན་གྱི་ཚེ། །སྟོབས་སུ་གྱུར་པས་འཆི་བདག་དཔུང་བཅོམ་ནས། །འཆི་མེད་རྡོ་རྗེའི་ཚེ་དབང་གྲུབ་པར་མཛོད། །འོད་གསལ་མཁའ་ལ་ལྷུན་གྱིས་གྲུབ་པའི་གདངས། །ཡེ་ཤེས་ཉི་མ་མཚན་དཔེ་སྣང་བ་ཅན། །རྟག་བརྟན་བསྒྲེས་རྒུད་བྲལ་བའི་གཟི་བྱིན་གྱིས། །འགྲོ་ཀུན་ཚེ་མཆོག་འགྲུབ་པའི་ཤིས་པ་སྩོལ། །ཨོཾ་པདྨ་ཌཱ་ཀི་ནི་ཀུ་རུ་ཀུལླེ་ཧྲཱི་བཛྲ་ཛྙ་ན་ཨཱཿཡུ་ཥེ་སྭཱ་ཧཱ། ཞེས་པའང་མེ་ཕག་ཆུ་སྟོད་ཟླ་བའི་ཚེས་གཅིག་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་དགེ་བའི་བར་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ།། ༈ །།འོད་ཟེར་ཅན་མའི་མཁའ་འགྲོ་དམ་ཅན་གྱི་གཏོར་འབུལ་ཕྲིན་ལས་ཀུན་འགྲུབ་བཞུགས། ཧཱུྃ། རྒྱལ་ཀུན་ཕྲིན་ལས་ཕོ་ཉ་མོ། །ཆོས་ཀྱི་དབྱིངས་ཀུན་ཁྱབ་


MR27_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ཡེ་ཤེས་སྐུ་མཆོག་འོད་ཟེར་ཅན། །མཁའ་འགྲོ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཕག་གདོང་ཆེན་མོ་སྤྲུལ་པ་དང་། །ཡང་སྤྲུལ་བཀའ་ཉན་མཁའ་འགྲོ་མ། །དཀར་མོའི་ཚོགས་ནི་སྤྲིན་ལྟར་འཁྲིགས། །སེར་མོའི་ཚོགས་ནི་རླུང་ལྟར་གཏིབས། །དམར་མོའི་ཚོགས་ནི་གློག་ལྟར་འགྱུ། །ལྗང་མོའི་ཚོགས་ནི་ཆར་ལྟར་འབེབས། །སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས། །གསུང་ནི་རིག་སྔགས་འབྲུག་སྒྲ་སྒྲོག །ཐུགས་ནི་བདེ་སྟོང་རོ་ཡིས་མྱོས། །བསྐུལ་བ་ཙམ་ཀྱིས་སྤྱོད་བྱེད་ཅིང་། །ལས་བཞིའི་ཕྲིན་ལས་ཐོགས་པ་མེད། །གཞན་ཡང་གནས་ཡུལ་ཞིང་སྐྱོང་བའི། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །དཔལ་གྱི་ཕོ་ཉ་མི་ཟད་པ། །འབུམ་ཕྲག་ཡངས་པ་ཆེན་པོའི་ཚོགས། །སྔོན་གྱི་ཐུགས་དམ་དམ་ཚིག་བཞིན། །སྐད་ཅིག་ཙམ་གྱིས་འདིར་བྱོན་ནས། །དམ་རྫས་གཏོར་མའི་མཆོད་པ་བཞེས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བྱང་། །མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ། །ཧཱུྃ། དཀར་མོའི་ཚོགས་ཀྱིས་ཞི་བའི་ལས་མཛོད་ཅིག །སེར་མོའི་ཚོགས་ཀྱིས་རྒྱས་པའི་ལས་མཛོད་ཅིག །དམར་མོའི་ཚོགས་ཀྱིས་དབང་གི་ལས་མཛོད་ཅིག །ལྗང་མོའི་ཚོགས་ཀྱིས་དྲག་པོའི་ལས་མཛོད་ཅིག །


MR27_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདག་གི་བརྩམ་པའི་ལས་འདི་ལ། །གྲོགས་ལྡན་ཕྲིན་ལས་རྒྱ་ཆེར་མཛད་ནས་སུ། །ལས་ཀྱི་འབྲས་བུ་མངོན་དུ་འབྱིན་པ་དང་། །རྟགས་དང་མཚན་མ་མྱུར་དུ་བསྟན་པར་མཛོད། །མི་སྣང་བ་དང་བཅུད་ཀྱིས་ལེན་པ་སོགས། །རབ་འབྱམས་ལས་ཀྱི་དངོས་གྲུབ་ཀུན་སྩོལ་ཞིང་། །ཁྱད་པར་ཡིད་ལ་བརྣག་པའི་དམིགས་བྱ་འདི། །མྱུར་དུ་དགུག་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་སམ་ཚིག་རྐང་ཐ་མར། དབང་དུ་བྱེད་པའི་ཞེས་སམ། ཡེ་ཤེས་དབང་པའི༴ གསལ་སྟོན་དབབ་པའི༴ མྱུར་དུ་བསད་པའི༴ མྱུར་དུ་བསྐྲད་པའི༴ དབྱེ་བའི༴ གཡོ་མེད་བཅིངས་པའི༴ རིམས་ཀྱིས་འཛིན་པའི༴ རྨོངས་པར་བྱེད་པའི༴ རེངས་པར་བྱེད་པའི༴ ཞེས་དང་། ཁྱད་པར་མཁའ་ལ་ཆར་གྱི་རྒྱུན་ཆེན་པོ། །མྱུར་དུ་འབེབ་པའི༴ ཁྱད་པར་རྒྱལ་སྲིད་འགྲུབ་པའི་རིལ་བུ་འདི། །མྱུར་དུ་འགྲུབ་པའི༴ ཁྱད་པར་བསྲུང་བྱ་རྣམས་ལ་ཅེ་སྤྱང་གིས། །འཚེ་བ་གཏན་ཞི་བའི་སོགས། ཁྱད་པར་ཚེ་དང་བསོད་ནམས་རབ་རྒྱས་པ། །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་སོགས་བྱའོ། །ཨ་ཛི་ཏས་སོ། །མངྒ་ལཾ།། ༈ །།རབ་འབྱམས་ཡི་དམ་ཞི་ཁྲོ་ཡི༔ སྙིང་པོ་ཀུན་འདུས་འབྲུ་གསུམ་ཟབ༔ དེ་ཡང་སྙིང་པོ་ཧཱུྃ་ལ་དྲིལ༔ དངོས་གྲུབ་ཐོབ་


MR27_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐེ་ཚོམ་མེདཿ སྣང་སྲིད་ཐམས་ཅད་རྡོ་རྗེ་འཛིནཿ ཀུན་ཀྱང་ཧཱུྃ་སྒྲ་དི་རི་རི༔ རང་བྱུང་ཡེ་ཤེས་ཧཱུྃ་གི་སྒྲ༔ ཐམས་ཅད་མ་ལུས་འདི་ལ་རྫོགས༔ སྙིང་པོ་ཧཱུྃ་གཅིག་དྲག་ཏུ་བགྲང་༔ དཀར་ལ་དྭངས་པ་སེར་ལ་སྣུམ༔ དམར་ལ་བདེ་བ་མཐིང་ནག་རྣོ༔ དམིགས་ཁ་བསྒྱུར་བས་ལས་ཀུན་འགྲུབ༔ ས་མ་ཡ༔ རྒྱ༔ མན་ངག་མེ་སྤྲེལ་ཟླ་བདུན་ཚེས་ཉེར་བཞི་ལ་དྷཱི་དབྱིངས་ལས་སོ༔ མངྒ་ལཾ།། ༈ །།སྤྱན་རས་གཟིགས་ཡི་གེ་དྲུག་པའི་བསྒོམ་བཟླས་སྤྲོས་མེད་ཀྱི་ཚུལ་ཉམས་སུ་བླང་བར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སོང་རྗེས། ཧྲཱིཿ དག་པའི་ཞིང་ཁམས་པོ་ཊ་ལ་ཡི་དབུས། །རབ་དཀར་པདྨ་ཟླ་བའི་གདན་སྟེང་དུ། །རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །སྤྱི་བོར་བླ་མ་འོད་དཔག་མེད་པས་བརྒྱན། །འཁོར་དུ་སངས་རྒྱས་བྱང་སེམས་སྤྲིན་ལྟར་གཏིབས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམ། །ཐུགས་དབུས་པད་ཟླའི་གདན་ལ་ཡི་གེ་ཧྲཱིཿ། །དེ་མཐར་


MR27_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་པ་སྦྱོངས། །ཞིང་ཁམས་ཐམས་ཅད་རི་བོ་ཏ་ལའི་ཞིང་། །སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ། །སྒྲ་གྲགས་ཐམས་ཅད་ཡི་གེ་དྲུག་པའི་གསུངས། །དྲན་རྟོགས་ཐམས་ཅད་སྟོང་ཉིད་སྙིང་རྗེའི་ཐུགས། །འཛིན་མེད་ཁྱབ་བདལ་གཉུག་མའི་ངང་ནས་བཟླས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པ་དང་། དེ་ལ་ཧྲཱི་བཏགས་པའི་ཡི་གེ་བདུན་མ་གང་འདོད་བཟླས་པར་བྱ། སྐབས་སུ། ཧྲཱིཿ རང་གི་སེམས་ལ་སེམས་ཀྱིས་ལྟོས། །ངོས་བཟུང་མེད་པས་ནམ་མཁའ་འདྲ། །ཅི་ཡང་མ་མཐོང་སང་ངེ་བ། །ངོ་བོ་སྟོང་པ་ཉིད་དུ་གནས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟོང་པ་ཟང་ཐལ་ངང་ཉིད་ལས། །སྣང་བ་མ་འགག་ས་ལེ་བ། །རིས་མེད་ཀུན་ཁྱབ་འདུས་མ་བྱས། །རང་བཞིན་འོད་གསལ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསལ་བཞིན་སྟོང་ལ་སྟོང་བཞིན་གསལ། །གསལ་སྟོང་དབྱེར་མེད་བསམ་བརྗོད་བྲལ། །ལྷན་སྐྱེས་གཉུག་མ་བདེ་ཆེན་འདི། །ངེས་དོན་སྤྱན་རས་གཟིགས་དབང་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་པའི་དོན་བསམ་ལ་བཟླ། མཐར་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པར་བྱའོ། །འདི་ནི་རྒྱུད་ལུང་མན་ངག་གི་དོན་བཞིན་ནཱ་ཐཱ་བི་ཛ་ཡི་ཉམས་ལེན་དུ་མི་ཕམ་པས་བྲིས་པ་དགེའོ། །མངྒ་ལཾ།། ༈ །།ཨོཾ་ཕྱོགས་བཅུ་དུས་གསུམ་


MR27_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པ་གཅིག་བསྡུས་སྤྲུལ་པའི་སྐུ། །གངས་ཅན་འགྲོ་བའི་མགོན་པོ་འབྲི་གུང་པ། །རིན་ཆེན་དཔལ་ཞེས་གྲགས་པས་དགེ་ལེགས་སྩོལ། །མགོན་ཁྱོད་གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །སྲིད་པ་ཇི་སྲིད་ཡེ་ཤེས་ཐུགས་རྗེས་འཕྲུལ། །སྣ་ཚོགས་སྤྲུལ་པའི་རོལ་པ་ཡང་སྟོན་པས། །འགྲོ་ཀུན་སྐྱོབ་པའི་ཁུལ་ཆེན་བསྣམས་ལ་འདུད། །གངས་ཅན་ལྗོངས་འདིར་ཐེག་པ་ཆེན་པོའི་ཚུལ། །བཤད་དང་སྒྲུབ་པའི་སྒོ་ནས་གསལ་མཛད་པའི། །ཕྲིན་ལས་ཉིན་བྱེད་འཛམ་གླིང་ཡོངས་ལ་ཁྱབ། །འཇིག་རྟེན་གསུམ་གྱི་མགོན་པོ་ཁྱོད་ལ་འདུད། །གང་གིས་ཁྱེད་ལ་གུས་ཤིང་གསོལ་འདེབས་ན། །བསླུ་མེད་ཐུགས་རྗེས་གཟིགས་པ་ཞལ་གྱིས་བཞེས། །སྙིགས་མའི་དུས་འདིར་བདག་ཅག་རྗེས་འཇུག་རྣམས། །མགོན་པོ་ཁྱོད་ལས་རེ་ལྟོས་སུ་ལ་འཆའ། །དེ་ཕྱིར་སྙིང་ནས་གུས་པས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་པར། །བསྟན་འཛིན་འཕེལ་ཞིང་བསྟན་པ་རྒྱས་པ་ཡི། །འདོད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བསྐལ་ངན་དུས་ཀྱི་རྒུད་པ་ཞི་བ་དང་། །སྣོད་བཅུད་དཔལ་དང་ཡོན་ཏན་གོང་དུ་འཕེལ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་


MR27_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །གནས་འདིར་འདུ་ཞིང་རྒྱས་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་ཀུན་ཀྱི་དགོངས་པའི་མཐིལ། །ངེས་དོན་མཐར་ཐུག་ཕྱག་རྒྱ་ཆེན་པོའི་ལམ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །བསླབ་གསུམ་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཇི་ལྟར་གསོལ་བ་བཏབ་པའི་རེ་འབྲས་རྣམས། །ཡིད་བཞིན་འདོད་དགུར་སྨིན་པའི་དགེ་ལེགས་ཀྱིས། །ས་གསུམ་བཀྲ་ཤིས་དཔལ་དང་ལྡན་པ་ཡི། །ངོ་མཚར་སྣང་བ་ཆེན་པོའི་ཁྱབ་གྱུར་ཅིག །ཅེས་པའང་བསླབ་གསུམ་ནོར་བུའི་རྒྱན་མངའ་སྙན་གྲགས་སྤྲུལ་པའི་སྐུ་དབོན་འཁོར་བཅས་བཀས་བསྐུལ་པ་ལྟར། ཚིགས་སུ་བཅད་པ་བཀྲ་ཤིས་ཀྱི་གྲངས་ལྡན་འདི་མི་ཕམ་རྣམ་པར་རྒྱལ་བས་བཀའ་བརྒྱུད་ཐུབ་བསྟན་དར་རྒྱས་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཆོས་ཀྱི་རྗེ། །རྟེན་འབྲེལ་གནད་ལ་དབང་ཐོབ་འབྲི་གུང་པ། །རིན་ཆེན་དཔལ་གྱི་བསྟན་པ་སྲིད་མཐའི་བར། །བཤད་བསྒྲུབ་ཐོས་བསམ་བསྒོམ་པས་འཛིན་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ།། ༈ །།ན་མོ་མཉྫུ་ཤྲི་ཡེ། མདོ་སྔགས་ཐེག་པའི་རྟོགས་བྱའི་གནད། །ཆོས་དབྱིངས་མཉམ་པ་ཉིད་ལ་ཐུག །མཉམ་པ་ཉིད་དུ་རྟོགས་པ་ལ། །དངོས་པོར་ལྟ་བ་རྟོགས་པ་གནད། །ལྟ་བ་སྤྲོས་བྲལ་དབུ་མ་དང་། །


MR27_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལམ་ལྷན་སྐྱེས་བདེ་ཆེན་གྱི། །གནད་ལ་གོམས་པས་སྤྲོས་བྲལ་ཤེས། །བློ་འདས་རང་བྱུང་ཡེ་ཤེས་འཆར། །དེ་ལ་གོམས་པ་བརྟན་གྱུར་ན། །འཁོར་འདས་ཆོས་ཀུན་མཉམ་པ་ཉིད། །ཆོས་སྐུ་ཐིག་ལེ་ཉག་ཅིག་དོན། །རང་གི་རྒྱུད་ལ་སྒྲིབ་མེད་འཆར། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད། །མཉམ་པ་ཉིད་ལ་བླང་དོར་མེད། །མཉམ་ཉིད་གདེང་དུ་གྱུར་པ་ན། །རྟོགས་པ་ཚད་དུ་འཁྱོལ་ཞེས་བྱ། །རྟོགས་པ་ཚད་དུ་འཁྱོལ་བའི་ཚེ། །འཁོར་དང་མྱ་ངན་འདས་པ་དང་། །བདེ་དང་སྡུག་བསྔལ་བདག་དང་གཞན། །ཐམས་ཅད་མཉམ་ཉིད་གྲོལ་བ་ན། །འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཡིན། །ཕྱོགས་ལས་རྣམ་པར་རྒྱལ་བ་གང་། །རིག་འཛིན་དཔའ་བོ་རྒྱལ་བའི་སྲས། །ས་རྣམས་སྦྱོང་ཞིང་འགྲོ་བ་འདུལ། །འབྲེལ་ཚད་དོན་དང་ལྡན་པར་འགྱུར། །དེ་ཕྱིར་བརྒྱུད་པའི་མན་ངག་གིས། །ཡང་དག་ལྟ་བ་རྟོགས་བྱས་ལ། །མཆོག་ཏུ་གོམས་པ་བརྟན་པ་ཡིས། །རྒྱལ་བ་རིག་འཛིན་གྲུབ་མཐར་སྙོགས། །དེ་སྐད་གདམས་པ་སྐལ་བཟང་གི། །འགྲོ་བའི་རྒྱུད་ལ་སྨིན་གྱུར་ནས། །ཡང་དག་ལམ་མཐོང་རིག་འཛིན་གྱི། །དགོངས་པའི་བཙན་ས་ཟིན་གྱུར་ཅིག །ལྕགས་བྱི་ཟླ་


MR27_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅུ་གཉིས་པའི་ཚེས་ཉེར་དྲུག་ལ་ཞེ་འཛོང་བཀྲ་ཤིས་ཆོས་གླིང་དུ་མི་ཕམ་པས་ཕྲལ་བྲིས་པ་མངྒ་ལཾ།། ༈ །།སྔ་འགྱུར་རྙིང་མའི་རྒྱུད་ཀྱི་བྱུང་ཚུལ་ལ་དོགས་སེལ་བཞུགས་སོ། །འདི་ན་ཁ་ཅིག་སྨྲ་བ། དཔལ་སྡོམ་པའི་རྒྱུད་ཕྱི་མ་ཞེས་བྱ་བ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ན། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་སྣང་བར་བྱེད། །མི་ལས་སྐལ་ལྡན་དམ་པ་ཞིག །བྱང་ཆུབ་མཆོག་ཏུ་གྲུབ་གྱུར་པས། །དེ་ལ་རྟག་ཏུ་མོས་པ་བྱོས། །ཞེས་འབྱུང་བ་ཡོད་ཅེས་ཟེར་རོ། །དེ་བས་ཤཱཀ་ཐུབ་མྱ་ངན་འདས་ནས་ལོ་ཉི་ཤུ་ན། ཤར་ལྷོའི་ཕྱོགས་ཟ་ཧོར་གྱི་ཡུལ་ཨོ་རྒྱན་ཅེས་བྱ་བར། རྒྱལ་པོ་ཛ་ཞེས་བྱའམ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བའི་ཁང་པའི་སྟེང་དུ། གསེར་གྱི་གླེགས་བམ་ལ། བཻཌྰུཪྻ་ཞུན་མས་བྲིས་པའི་པོ་ཏི་དཔག་ཏུ་མེད་པ་བབས་སོ། །དེ་རྒྱལ་པོས་བལྟས་ནས་ཤེས་ནས་སྒྲུབ་པས་གྲུབ་པ་ཐོབ་ཟེར། ཁ་ཅིག་གིས་མ་ཤེས་པར་ཀུ་ཀུ་རི་ལ་དྲིས། དེས་རྡོར་སེམས་ཞལ་མཐོང་གི་ལེའུ་ཤེས། དེ་སྒྲུབ་རྡོར་སེམས་ཞལ་མཐོང་ནས་


MR27_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀུན་ཤེས་རྒྱལ་པོ་འཁོར་བཅས་གྲུབ་ཟེར། དེ་ལས་འཕེལ་ཞེས་གཏམ་ཡང་ཡོད། དེ་མི་འཐད་དེ་རང་བཟོ་ཡིན་ནོ། །རྒྱུ་མཚན། རྒྱལ་པོ་ཛ་ལ་ཕྱག་ན་རྡོ་རྗེས་འཆད་པར་འགྱུར་རོ་ཞེས་པ་འདི་དགག་པར་མི་ནུས་སོ། །གླེགས་བམ་བལྟས་པས་ཤེས་ན། གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བར་འབའ་ཞིག་རྒྱུ། །ཞེས་པ་དང་འགལ་ལོ། །བླ་མ་མེད་པར་མི་འགྲུབ་པར་བཤད་པ་དང་འགལ། གཞན་ཨོ་རྒྱན་གྱི་ཡུལ་ཤར་ལྷོ་ཡིན་པ་འཇིག་རྟེན་མངོན་སུམ་དང་འགལ་ལོ། །དེ་བས་ན་དེ་དོར། དེ་སོགས་རྒྱུད་སྡེའི་དབྱེ་བ་སོགས་མི་འཐད་ཅིང་གཞན་དུ་ཤེས་པར་བྱ་ཟེར། དེས་ན་སྔ་མའི་སྡོམ་པའི་རྒྱུད་འདིའི་ལུང་དོན་ནི། ལྷ་གནས་གསུམ་དུ་གྲགས་པ་དེ་ཉིད་བསྡུས་པ་ཡིན། དེ་ཤར་ལྷོ་གྲོང་ཁྱེར། པ་ཏི་ཀི་ཧི་ཞེས་པར། རྒྱལ་པོ་ཙནྡྲ་པྲ་ཏི་སྭེ་ན་ཞེས་རབ་གསལ་ཟླ་བར། ཕྱག་རྡོར་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཆོས་བཤད་པ་ཡིན་གྱི་ཨོ་རྒྱན་དུ་བཀའ་བསྡུ་བྱས་པའི་དོན་མ་ཡིན་གསུངས། ༈ རང་འདོད་ལ། གསང་བའི་སྒྲོན་མར་ཞེས་པ་རྣལ་འབྱོར་གྱི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་ཤེས་པ་མ་འོངས་ན་སུ་འབྱུང་ཞེས་ཞུས་པའི། ནུབ་ཕྱོགས་ཨོ་རྒྱན་ན། དཔལ་རྡོ་རྗེ་ཆེན་པོའི་


MR27_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ། ཨིནྡྲ་བྷཱུ་ཏིས་ཤེས་ཤིང་བཤད་ཅིང་རྒྱས་པར་ལུང་བསྟན། ཨིནྡྲ་བྷཱུ་ཏི་དེ། ས་བཅུའི་དབང་ཕྱུག་ཡིན་པར་གསུངས། གསང་སྔགས་བཀའ་བསྡུའི་གནས་ཨོ་རྒྱན་ཡིན་པར་བཤད། རྒྱལ་པོ་དེ་ཕྱག་རྡོར་ཡིན་པར་བཤད། བཅོམ་ལྡན་བཞུགས་དུས་བསྡུས་ཞེས་སོ། །རྒྱལ་པོ་འཁོར་བཅས་གྲུབ། ཡུལ་སྟོང་མཚོར་སོང་། ཕྱག་ན་རྡོ་རྗེས་རྒྱུད་ཐམས་ཅད་གསེར་གྱི་གླེགས་བམ་ལ་བཻཌྰུཪྻས་བྲིས། ཀླུ་རྣམས་ལ་གཏད་ཅེས་ཞེས་བྲིས་འདུག སློབ་དཔོན་ཀླུ་སྒྲུབ་ཀྱིས་གླེན་པར་བརྫུས་ནས་བརྐུས་ཟེར་པ་ནི་བཞད་གད་ཀྱི་གནས་ཏེ། ས་ཐོབ་ལ་བརྐུ་བ་ལས་རྫུ་འཕྲུལ་མེད་པ་དང་། མཁའ་འགྲོ་མས་ཀླུ་སྒྲུབ་ངོ་མི་ཤེས་པས་དཔེ་གཉེར་མི་ཤེས་པའི་ཕྱིར་ཟེར། ༈ དེ་ལ་དེའི་བཞེད་པའང་། རྒྱུད་ཀྱི་བསྡུ་བ་པོ་ནི། སྟོན་པ་ཉིད་འཁོར་གྱི་ཚུལ་བཟུང་བ་ཙམ་ཡིན་གྱི་རྒྱུད་ཐ་དད་པས་བསྡུ་མི་ནུས་པར་བཤད་འདུག དེ་ལྟར་ན་ཨིནྡྲ་བྷཱུ་ཏི་ནི་གསང་བདག་ཡིན་པས། གླེགས་བམ་མ་དགོངས་པ་དང་། གསར་དུ་སྒྲུབ་པའི་ཚུལ་མཛད་པ་སོགས་གདུལ་བྱ་དྲངས་པའི་དོན་ཙམ་དུ་ཚུལ་དེ་ལྟར་བསྟན་ན་གསང་སྔགས་རང་ཉིད་ལེན་པ་དང་ཅི་སྟེ་འགལ། རྒྱུད་རྣམས་གསེར་ལ་བཻཌྰུར་བྲིས་པ་ནི་ཁྱོད་རང་གི་ལུགས་ལ་འདོད་ན།


MR27_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་ལ་མི་འབབ་པའི་རྒྱུ་མཚན་ཅི་རེད། དེ་ཉིད་བསྡུས་པ་ཡིན་ན་རྣལ་འབྱོར་བླ་མེད་ལས་ཀྱང་སྙིང་པོར་གྱུར་པ་རྣལ་འབྱོར་རྒྱུད་ཡིན་འདྲ་ཤིན་ཏུ་ཡ་མཚན་ཆེ། ཙ་དང་ཛ་རང་གིས་ནོར་བ་རེད། ཨིནྡྲ་བྷཱུ་ཏི་མཚན་གྱི་རྣམ་གྲངས་སུ་འགོད་པར་སུས་དགག ཀླུ་སྒྲུབ་ཀྱིས་བརྐུ་བའི་ཚུལ་སོགས་ནི་གསང་སྔགས་མཁའ་འགྲོའི་གཅེས་སྤྲས་ཆེ་བའི་ཚུལ་དེ་ལྟར་བསྟན་ཅིང་། དངོས་སུ་བརྐུ་བ་ག་ལ་ཡིན། བྱང་སེམས་ཆེན་པོ་རྣམས་གཞན་ངོར་མཛད་པ་སྟོན་པ་ལ། གསང་སྔགས་རང་གིས་ལེན་པ་དང་། བརྐུ་བ་དངོས་སུ་བཟུང་ནས་བསྐུར་བ་རང་གིས་བཏབ་ཀྱི་ངེད་ཀྱི་ཅི་ཡང་མ་བཏབ་བོ། །རྒྱལ་བུ་དོན་གྲུབ་ཀྱིས་འོད་སྲུང་རྫོགས་བྱེད་ལས། བསམ་གཟུགས་ཀྱི་གདམས་ངག་ནོད་པ་བཞིན། ས་བཅུའི་སེམས་དཔའ་བསམ་གཟུགས་མི་ཤེས་ག་ལ་ཡོད་དེ། ཚུལ་དེ་ལྟར་བསྟན་པར་འདོད་ན། འདི་ཡང་ཁྱོད་ལྟར་ན། ས་བཅུའི་སེམས་དཔའ་བསམ་གཟུགས་ཀྱི་ཏིང་འཛིན་ལ་འཇུག་ལྡང་མི་ཤེས་པ་ཞིག་ཡོད་ལས་ཆེའོ། །ཧ་ཧ། ཞེས་མི་ཕམ་པས་སོ། །མངྒ་ལཾ།། ༈ །།ཀུན་མཁྱེན་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་མཛད་པའི་སྤོབས་པའི་གཏེར་བརྒྱད་ཀྱི་དོན་བཤད་པ་བློ་གྲོས་སྣང་སྟེར་ཞེས་བྱ་བ།


MR27_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱིཿ རང་སེམས་ཀ་དག་མཐའ་དབུས་བྲལ་བས་འཇམ། །ལྷུན་གྲུབ་འགག་མེད་ཀུན་ཏུ་གསལ་བས་དཔལ། །རིག་སྟོང་དབྱེར་མེད་ཆེན་པོར་ཡེ་གནས་པ། །སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་འབྱུང་གནས་ཡིན། །རྣམ་པར་རྟོག་པ་སེམས་དང་ལས་རླུང་གིས། །དུམ་བུར་བཅིང་པ་ལྟ་བུའི་སྣང་ངོར་ལ། །ཚད་མེད་ཡོན་ཏན་ཉེ་བར་མི་སྣང་ཡང་། །དོན་ལ་བཅིང་གྲོལ་མཁའ་ཡི་མདུད་པ་བཞིན། །སྒྲིབ་བྲལ་ཡེ་ཤེས་སྐུ་ཡི་སྣང་བ་ནི། །རྟག་ཏུ་བྲི་གང་བྲལ་བར་བཞུགས་པའི་འོད། །ཤེས་རབ་རང་བྱུང་སྒྲོན་མེ་གསལ་བའི་རྩལ། །ཨ་ར་པ་ཙ་ན་དྷཱིཿའི་གསང་སྔགས་མེས། །གློ་བུར་སྒྲིབ་པའི་བུད་ཤིང་སྐམ་པོའི་ཚོགས། །ཇི་ལྟ་ཇི་སྙེད་རྣམ་པར་ཟོས་གྱུར་པ། །དེ་ལྟ་དེ་ལྟར་གདོད་མའི་རིག་དབྱིངས་ཀྱི། །ཡོན་ཏན་རྣམས་ཀྱང་ཉེ་བར་སྣང་བས་མཛེས། །མཐའ་དག་སྒྲིབ་པའི་ཚོགས་དང་རབ་བྲལ་ཚེ། །ཆོས་དབྱིངས་ཀུན་ཁྱབ་མཁྱེན་རབ་ཡེ་ཤེས་འོད། །འཕོ་འགྱུར་དང་བྲལ་ཕྱོགས་དུས་མཉམ་པ་ཉིད། །རང་བྱུང་འབྲས་བུའི་མཐར་ཐུག་ཉིད་དུ་གསལ། །དེ་ཕྱིར་དོན་དམ་ལྷ་སྔགས་དབྱེར་མེད་ལ། །མོས་པས་མི་འཇིགས་སྤོབས་


MR27_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་མཆོག་གི། །རྒྱུ་དང་ངོ་བོ་འབྲས་བུའི་ཡོན་ཏན་གྱི། །གཏེར་ཆེན་བརྒྱད་ཀྱི་སྒོ་འཕར་འབྱེད་འདི་མཚར། །གང་ཞིག་ཚིག་དང་དོན་གྱི་གནས་རྣམས་ཀུན། །ནམ་ཡང་བརྗེད་པ་མེད་པ་ཉིད་གྱུར་ཅིག །དྲན་པའི་གཏེར་དང་ལྡན་པ་དེ་ཡིས་ནི། །བསྙེལ་བས་མི་འཇིགས་བློ་མཆོག་གྲུབ་པར་གྱུར། །སྤྱི་དང་རང་གི་མཚན་ཉིད་ཀྱིས་བསྡུས་པའི། །ཆོས་ཀུན་མ་ནོར་རྣམ་པར་འབྱེད་པ་ཡི། །མི་འཕྲོག་བློ་གྲོས་གཏེར་དང་ལྡན་གྱུར་པས། །ཚངས་པས་མི་འཇིགས་བློ་མཆོག་གྲུབ་པར་གྱུར། །དེ་མཐུས་རྒྱལ་བས་མདོ་སྡེ་ཐམས་ཅད་ཀྱི། །དོན་གྱི་རྣམ་པ་ལེགས་པར་ཁོང་ཆུད་པ། །རྟོགས་པའི་གཏེར་དང་ལྡན་པར་གྱུར་པ་ཡི། །འཁྲུལ་བས་མི་འཇིགས་བློ་མཆོག་གྲུབ་པར་གྱུར། །དྲན་དང་བློ་གྲོས་རྟོགས་པ་དེ་ཡིས་མཐུས། །ཐོས་པ་ཀུན་འཛིན་ཆུད་མི་ཟ་བ་ཡི། །མི་བརྗེད་གཟུངས་ཀྱི་གཏེར་དང་ལྡན་གྱུར་ནས། །བསྒྱུད་པས་མི་འཇིགས་གློ་མཆོག་གྲུབ་པར་གྱུར། །གཟུངས་རྟོགས་བློ་གྲོས་མཐུ་ལས་ལེགས་བཤད་ཀྱི། །སེམས་ཅན་ཐམས་ཅད་ཀུན་ནས་ཚིམས་བྱེད་པ། །མི་འཇིགས་སྤོབས་པའི་གཏེར་དང་ལྡན་པ་ཡིས། །ཞུམ་པའི་


MR27_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །གཟུངས་སྤོབས་བློ་ཡིས་ཚུལ་བཞིན་སྨྲ་བ་དང་། །ཆོས་མིན་ཚར་གཅོད་དམ་ཆོས་ཡོངས་སྲུང་བས། །ཟབ་རྒྱས་ཆོས་ཀྱི་གཏེར་དང་ལྡན་པ་ཡིས། །ལམ་ན་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །ཚུལ་དེས་མཚུངས་མེད་དཀོན་མཆོག་རྣམ་གསུམ་གྱི། །རིགས་རྒྱུད་ཡོངས་སུ་མི་གཅོད་པ་ཡི་སྒོ། །བྱང་ཆུབ་སེམས་ཀྱི་གཏེར་དང་ལྡན་པ་ཡིས། །ལམ་དམན་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །ཡོན་ཏན་བདུན་ལྡན་སྐྱེ་བུའི་གནས་ལུགས་དོན། །སྐྱེ་མེད་ཆོས་ལ་བཟོད་པ་མཆོག་ཐོབ་པའི། །ཟབ་མོ་གྲུབ་པའི་གཏེར་དང་ལྡན་པ་ཡི། །ཉམས་པ་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །འདི་ལྟར་རིག་སྟོང་དབྱིངས་ནས་གཏེར་ཆེན་བརྒྱད། །སྦས་པའི་སྒོ་འབྱེད་སྔགས་ཀྱི་ཐབས་མཆོག་ལ། །མཁས་པར་གྱུར་གང་འཇམ་དཔལ་དཔའ་བོ་ཡི། །ཐུགས་ནས་ལེགས་འཁྲུངས་རྒྱལ་བས་དབང་བསྐུར་རྫོགས། །ཨེ་མ་གྲངས་མེད་བསྐལ་བའི་ལེགས་བྱས་ཀྱིས། །རྒྱལ་བ་མཉེས་བྱས་རབ་སྨིན་བློ་མཆོག་ལས། །ཟབ་མོའི་གཏེར་ཆེན་བརྒྱད་ཀྱི་ཁ་བྱང་གང་། །འཛིན་པར་ནུས་པ་གཞན་དུ་མ་དམིགས་སོ། །བློ་ལྡན་གང་གི་འདི་ལ་ཡིད་ཆེས་པ། །དེ་ལ་


MR27_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཡོན་ཏན་ཡིད་བཞིན་མཛོད། །མཁའ་ལྟར་ཡངས་པའི་སྒོ་མོ་འདིར་ཞུགས་ཞེས། །ལྡེའུ་མིག་སྲས་བཅས་རྒྱལ་བས་གཏད་པ་ཡིན། །ཞེས་པའང་ལྕགས་སྦྲུལ་ཟླ་བ་དང་པོའི་ཚེས་དགུ་ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ།། ༈ །།རྒྱལ་བསྟན་ལྗོངས་འདིར་འདྲེན་པ་མེས་དབོན་གསུམ། །བསྟན་པའི་རྒྱལ་མཚན་བསྒྲེང་མཛད་མཁན་སློབ་ཆོས། །བསྟན་པ་ཡུན་དུ་སྐྱོང་བ་བསྟན་འཛིན་ཚོགས། །འདི་རྣམས་བོད་ལ་བཀའ་དྲིན་འགྲན་ཟླ་བྲལ། ༡ །གངས་ལྗོངས་སྨྲ་བའི་སྒོ་འབྱེད་སཾ་བྷོ་ཊ། །མདོ་རྒྱུད་བསྟན་པའི་སྣང་བྱེད་སྐ་ཅོག་ཞང་། །བཅུ་ཕྲག་རིགས་ལམ་གསལ་བྱེད་མཁས་དབང་ཚོགས། །འདི་དག་བོད་ཡུལ་ཆོས་ཀྱི་ཉི་མ་ཡིན། ༢ །དེ་ཕྱིར་མདོ་རྒྱུད་རིག་གནས་བཅས་པ་ཡི། །ཤིང་རྟའི་ལམ་སྲོལ་སྔ་འགྱུར་པ་ཡི་ཕྱེས། །དེ་ཡི་རྩ་ལག་རིས་བྲལ་དམ་པས་སྤེལ། །དེང་སང་བར་དུ་བསྟན་པའི་མངའ་ཐང་རྒྱས། ༣ །དེ་ལྟ་ནའང་ནུ་ཞོས་འགྲང་པ་ཡི། །ཕྲུ་གུའི་ཚོགས་ཀྱིས་མ་ལ་འཁུ་བ་ལྟར། །བློ་ཞན་བྱས་པ་མི་གཟོ་འགའ་ཞིག་གིས། །རང་ཆེ་འབྱིན་ཞིང་བསྟན་རྙིང་དམན་པར་འཛིན། །ཀྱེ་མ་ཧོ། རྒྱལ་བསྟན་ཆུ་གཏེར་ཟབ་མོའི་ཀློང་བརྒལ་ནས། །མདོ་དང་རྒྱུད་སྡེའི་ཆོས་ཀྱི་སྙིང་པོ་ནི། །འགྲན་ཟླ་མེད་


MR27_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁས་གྲུབ་མཆོག་རྣམས་ཀྱི། །དྲིན་ལས་སྔ་འགྱུར་བ་ལ་མཆིས་མོད་ཀྱི། །སོ་སོའི་གྲུབ་མཐའི་ཟབ་གནད་མ་ཕིག་པའི། །བློ་ཆུང་རྣམས་ཀྱིས་བལྟས་ན་རྙིང་མའི་ཆོས། །ཕལ་དང་མི་འདྲ་སྒེར་ཆོས་མང་པའི་ཕྱིར། །ཡང་དག་ཡིན་མིན་སོམ་ཉིའི་གཟེབ་ཏུ་ཆུད། །རྒྱ་ཆེའི་ཆོས་མཛོད་རྟོགས་ཤིང་ཟབ་མོའི་གནད། །ཁོང་དུ་ཆུད་པའི་བློ་ལྡན་འགས་བལྟས་ན། །ཆོས་སྒོ་གྲངས་མང་ཀུན་ཀྱི་མཐར་ཐུག་གི། །ཟབ་གནད་སྟོན་ཕྱིར་ཀུན་ཀྱི་རྩེ་མོར་མཐོང་། །ལེགས་པར་བསམ་ན་སྔ་འགྱུར་དུས་ཉིད་ཀྱི། །བསྟན་འཛིན་རྣམས་ནི་བཀའ་དྲིན་འགྲན་བྲལ་ཞིང་། །བསྟན་པ་རྒྱ་མཚོ་བསིལ་ལྡན་ལྗོངས་སུ་ཁྱབ། །བསྟན་ཞུགས་ཀུན་ཀྱང་དེ་ཡི་དྲིན་ལ་བསྟེན། །དེ་ལྟ་མོད་ཀྱི་སྡེ་སྣོད་གསུམ་གྱི་ཆོས། །སྔ་འགྱུར་ཡིན་ཡང་འདི་ལ་རྩོད་པ་མེད། །ཆེས་ཟབ་རྡོ་རྗེ་ཐེག་པ་ནང་རྒྱུད་གསུམ། །འཕགས་ཡུལ་ཕལ་ལའང་ཡོངས་སུ་མ་གྲགས་མོད། །རྒྱལ་བ་ཉིད་དང་མཚུངས་པའི་པཎ་གྲུབ་ཀྱི། །དྲིན་ལས་བོད་ལྗོངས་སྐལ་བར་བཞག་ནའང་། །ཟབ་གནད་མི་ཤེས་ཕྱོགས་རེའི་མིག་ཅན་གྱིས། །འདི་དག་རྙིང་མའི་ཆོས་ཞེས་ཐེ་ཚོམ་གྱི། །གཞི་བྱས་ཕྲག་དོག་ཚིག་ངན་བདུད་ཀྱིས་བསྒྲགས། །ནོར་བུའི་གཏེར་ཆེན་རྙིང་མའི་སྒེར་སྐལ་གྱུར། །རྡོ་རྗེ་ཐེག་


MR27_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོངས་དོན་ཆེས་ཟབ་པའི། །དགོངས་པ་དམར་འབྱིན་མན་ངག་སྙིང་པོའི་གཞུང་། །འདི་རྣམས་ཡིན་ཀྱང་སྐལ་བས་མ་འཆུན་པའི། །སྔགས་འཛིན་རྣམས་ལ་ས་འོག་གཏེར་བཞིན་གྱུར། །ཡང་དག་ལམ་བཟང་མཐོང་བའི་ཤེས་རབ་ཅན། །ཡོད་ན་གསར་རྒྱུད་རྣམས་ཀྱི་དགོངས་པའི་མཐའ། །ཇི་བཞིན་ངེས་པ་འདི་ལ་རག་ལས་ཀྱུང་། །རྒྱུད་ལས་རྒྱུད་ཀྱི་མན་ངག་ལྟ་བུ་ཡིན། །འདི་དག་སོ་སྐྱེས་མཁས་པའི་བློ་གྲོས་ཀྱིས། །དཔྱད་པས་གསར་དུ་རྙེད་པའི་བསྟན་བཅོས་དང་། །རྟོག་གེའི་རང་བཟོས་བཅོས་པ་མ་ཡིན་ཏེ། །རྒྱལ་བ་ཉིད་ཀྱི་རྡོ་རྗེ་ཐེག་པའི་རྒྱུད། །གཞན་དུ་སྦས་པ་འདིར་ནི་མངོན་བསྟན་ཕྱིར། །རྙེད་དཀའི་ཆོས་མཆོག་འདི་རྣམས་ལེགས་བཟུང་ན། །ཟབ་ཅིང་རྟོགས་པར་དཀའ་བ་ཡིན་མོད་ཀྱི། །རྟོགས་ན་དོན་ཆེ་འདི་དང་མཚུངས་གཞན་མེད། །ལེགས་ལེགས་འགྲིགས་འགྲིགས་འདྲ་བའི་ཁས་ལེན་འགའ། །རྟོགས་སླ་ཡིན་ཡིན་འདྲ་ཡང་ཕུག་བརྟག་ན། །བྱིས་པ་མགུ་བར་བྱེད་པའི་ངང་ཚུལ་ལས། །རིང་ཁུར་མི་བཟོད་བྱེ་མའི་ཆང་བུ་འདྲ། །མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ཡི། །ཟབ་དོན་རྡོ་རྗེའི་གསང་བཤད་འདི་དག་ལ། །ངེས་པ་སྐྱེས་ན་ནམ་མཁའ་ཇི་སྲིད་


MR27_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཕ་རོལ་རྒོལ་བས་ནམ་ཡང་བསྐྱོད་མི་ནུས། །སྔ་འགྱུར་ཆོས་མཛོད་ནོར་བུའི་གླིང་སྐྱེས་ཀྱང་། །ནོར་སྐལ་ཆད་འགའ་གཞན་ཟེར་འཆིང་བུ་ལེན། །རང་གི་ཆོས་ལ་ཐེ་ཚོམ་ཟ་བྱེད་པ། །ལྷ་སྐལ་ཆད་པས་འབྱུང་པོ་བསྒྲུབ་དང་མཚུངས། །སྐལ་བ་མཆོག་གྱུར་ངེས་པའི་བློ་ལྡན་རྣམས། །ཀུན་རྟོག་འཕེལ་བའི་སྣ་མང་མི་ཚོལ་ཞིང་། །བརྒྱུད་པའི་མན་ངག་བདུད་རྩིའི་བཅུད་མཆོག་ལ། །རང་ནུས་ཇི་བཞིན་སྤྱོད་པས་ངོམས་པར་འགྱུར། །དེ་ལྟར་བརྗོད་པ་འདི་ལ་གཞན་དག་གིས། །རང་ཞེན་རང་བསྟོད་ཆེ་བ་ཡིན་སྙམ་ན། །རྟོན་པ་བཞི་དང་ལྡན་པའི་བློ་གྲོས་ཀྱིས། །ལྟ་བའི་གནད་དང་ཉམས་ལེན་མན་ངག་གཞུང་། །ཆོས་ཀྱི་ཆིང་དང་བསླུ་མེད་རིགས་པའི་ལམ། །ཐམས་ཅད་རིང་མོ་ཞིག་ཏུ་རྟོགས་ཀྱིས་དང་། །དེ་ནས་ཐེ་ཚོམ་མུན་པ་དྭངས་པ་ཡི། །ངེས་ཤེས་ཉིན་མོར་བྱེད་པ་བཞིན་དུ་འཆར། །དེ་ལྟར་མཐོང་ན་སྙིགས་མ་ལྔ་བདོའི་དུས། །བསྟན་ཞབས་སྐྱེས་པ་ཆོས་སྨྲའི་ཁུར་འཛིན་བདག །རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཆ་ཕྲ་ཞིང་། །ལས་ཉོན་སྡུག་བསྔལ་བརྒྱ་ཡིས་མནར་མོད་ཀྱི། །བསྟན་པ་འདི་ལ་གུས་པ་རྩེ་གཅིག་པས། །ནམ་ནམ་ཞོར་ཞོར་ཅི་ནུས་འབད་པ་ཡིས། །སྔ་འགྱུར་བསྟན་ལ་ཇི་ཕན་བརྗོད་པར་བྱས། །དེ་དག་ཕ་ཡི་


MR27_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕོར་གཙང་ཞེན་ལྟར། །ཞེན་པས་མ་ཡིན་ངེས་པ་སྐྱེས་ལས་ཡིན། །གྲུབ་མཐའ་མི་མཐུན་གཞན་ལ་སྡང་བ་ཡིས། །སུན་འབྱིན་མ་ཡིན་ཐེག་དོན་གསལ་ཕྱིར་ཡིན། །དེ་ལྟར་རྒྱལ་བ་ཉིད་དང་རྒྱལ་བའི་སྲས། །དངོས་བྱོན་སྔ་འགྱུར་དམ་པ་མཆོག་རྣམས་ལ། །བཀའ་དྲིན་བྱས་པ་ལེགས་པར་མཐོང་བ་དང་། །ཐེག་མཆོག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། །ཆལ་ཆོལ་སྨྲ་བའི་ངེས་པ་ཚེ་རབས་བརྒྱར། །རོ་འཛིན་རལ་གྲིས་འཐག་པའི་ལས་ངན་ཁུར། །མི་ལེན་ཆོས་མཆོག་སྨྲ་བ་པདྨའི་ལྗགས། །སྐྱེ་བ་ཀུན་ཏུ་ཐོབ་སྙམ་སྤྲོ་བ་སྐྱེས། །འོན་ཀྱང་བདག་འདྲ་སོ་སྐྱེས་དམན་པ་ཡི། །བློ་ཡི་ནུས་པས་ཟབ་དོན་མ་རྟོགས་ནས། །ཅུང་ཟད་ཉེས་པར་བཤད་པ་མཆིས་སྲིད་ན། །རྩ་གསུམ་ལྷ་དང་སྲུང་མའི་ཚོགས་ལ་བཤགས། །དད་པའི་སེམས་དང་བརྒྱུད་པའི་མན་ངག་མཐུས། །མ་ནོར་ལེགས་པར་བཤད་པའི་ཆ་གང་མཆིས། །དེ་ཡི་དགེ་བས་སྐྱེ་བོ་མ་ལུས་ཀུན། །ཟབ་དོན་རྡོ་རྗེའི་གསུངས་ལ་དད་གྱུར་ཅིག །མ་འོངས་སྔ་འགྱུར་བསྟན་ཞབས་སྐྱེས་རྣམས་ཀྱང་། །བརྒྱུད་པའི་མན་ངག་ལྡན་བྱས་རང་ལུགས་ཀྱི། །ཁས་ལེན་རྣམས་ལས་ཅུང་ཟད་མི་འདའ་བར། །དད་ཅིང་སྤྲོ་བའི་སེམས་


MR27_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟུང་བྱས་ན། །དམ་པ་རྣམས་ཀྱི་ཐུགས་རྗེས་ཡོངས་འཛིན་ཅིང་། །ཚེ་རབས་ཀུན་ཏུ་ཐེག་མཆོག་ཆོས་ཀྱི་འབྱོར། །སྨྲ་བ་རབ་ཡངས་པདྨའི་ལྗགས་ཐོབ་ནས། །རྒྱལ་བའི་ཆོས་མཛོད་སྨྲ་བའི་དབང་པོར་འགྱུར། །ཞེས་མེ་རྟ་ཟླ་ཚེས་ལ་དྷཱིཿམིང་པས་སོ། །འདི་ནི་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་བྱོན་ནས། དེ་ཁོ་ན་ཉིད་གཟིགས་པའི་ཆོས་སྤྱན་རྡུལ་བྲལ་མངའ་ཞིང་། ཐེག་མཆོག་སེང་གེའི་ང་རོ་དྲི་མེད་རིགས་པའི་གད་རྒྱངས་སྒྲོགས་པས་སྨྲ་བ་ངན་པའི་ཝ་སྐྱེས་ཀུན་ཏུ་བག་འཁུམས་པར་མཛད་པ། འཕགས་པ་འཇམ་དཔལ་གྱི་ཡེ་ཤེས་སྐུ་ཐུགས་དབུས་ཀྱི་པདྨར་སིམ་པས་བདེ་བར་གཤེགས་པའི་རིང་ལུགས་མཆོག་གི་གསལ་བྱེད་ཀྱི་སྙན་པའི་གྲགས་པ་རྒྱ་མཚོའི་གོས་ཅན་གྱི་དཀྱིལ་འཁོར་ལ་སོང་བ། རྗེ་བཙུན་བླ་མ་དམ་པ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་གི་ཟེག་མ་བཀྲ་ཤིས། མངྒ་ལཾ།། །།


previousའཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས།next