Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།


 
previousསྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།no next

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།


MR27_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


MR27_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ། དེའང་དུས་ཀྱི་ལམ་ལ་རྩ་གསུམ་ལྷའི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་ཙམ་མོས་པའང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དང་ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་


MR27_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པའི་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པའི་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་སྡེ། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲང་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ༴ ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་


MR27_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སེམས་དཔའ་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ༴ རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམས་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ༴ ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ནུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ༴ བསྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་པའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ༴ བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལས། །ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ༴ རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། མཚོ་སྐྱེས་རྒྱལ༴ ཟབ་མོ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས་རྒྱལ༴ རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབས་


MR27_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ༴ རྒྱུ་དང་འབྲས་བུ་གསང་སྔགས་ཐེག་ཆེན་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླབས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ༴ རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བས་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པས་རང་བཟོས་མ་བསླད་པ། །མཚོ་སྐྱེས་རྒྱལ༴ གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་བསྐལ་པ་ཁོ་ནར་བཀྲམ། མཚོ་སྐྱེས་རྒྱལ༴ ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་བསྒོམས་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས་རྒྱལ༴ ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟང་དྲུངས་ནས་ཕྱུང་། །གཞི་ལམ་འབྲས་བུས་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས་རྒྱལ༴ དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ། །མཚོ་སྐྱེས་རྒྱལ༴ མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་


MR27_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་འཇོམས་རིག་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས་རྒྱལ༴ རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་སྒྲུབ་པ། །མཚོ་སྐྱེས་རྒྱལ༴ ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ༴ རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ༴ བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པར། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ༴ མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པ། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ༴ དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་


MR27_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་འཆི་མེད་མཚོ་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་ཡིན་ཞིང་ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མཆོག་ཡིན་པ་འདི་ངོ་ཤེས་ནས། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་ཀྱི་རྩེ་ལ་མཆོད་པ་བཞིན་དུ་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། དེ་ལྟ་བུའི་བཞེད་པ་ཇི་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་སྙིང་ཐག་པ་ནས་ལྷག་བསམ་རྣམ་པར་དག་པས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་བཟང་པོའི་གུང་ཐུན་ལ་གང་ཤར་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། ༈ །།སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་འགྲེལ་བ་བཞུགས་སོ། །དངོས་པོའི་སྤྲོས་མཚན་ཀུན་ལས་རབ་ཞི་ཡང་། །འགག་མེད་ཡེ་ཤེས་སྒྱུ་མའི་རོལ་གར་གྱིས། །མཐའ་ཡས་འགྲོ་ལ་ཕན་བདེའི་མཆོག་སྩོལ་བ། །ཁྱབ་བདག་འཇམ་དཔལ་དཔའ་བོས་འགྲོ་འདི་སྐྱོངས། །རྣམ་དཀར་དགེ་བའི་དངོས་པོ་ལྕགས་ཀྱི་ཁམས། །ཐབས་མཁས་གྲུབ་པའི་བཅུད་ཀྱིས་ཟིན་པ་ན། །རྣམ་གྲོལ་སྐུ་བཞིའི་དབྱིག་ཏུ་གྲུབ་པའི་ཕྱིར། །སྨོན་པའི་མཆོག་འདིར་བརྩོན་པ་དོན་རབ་ལྡན། །དེ་ལ་འདིར་དགེ་བའི་རྩ་བ་གང་ཞིག་བླ་ན་མེད་པའི་བྱང་ཆུབ་


MR27_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྨིན་ཅིང་། མི་མཐུན་པའི་ཕྱོགས་ཀྱིས་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའི་ཐབས་ཁྱད་པར་ཅན་ནི་ཡོངས་སུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་འདེབས་པ་ཡིན་ཞིང་། སྨོན་ལམ་དེ་ལ་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་ན་ཡང་སྐབས་འདིར་ནང་རྒྱུད་སྡེ་གསུམ་གྱི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་རྗེས་སུ་འབྲེལ་བའི་སྨོན་ལམ་གྱི་རྒྱལ་པོའི་རྣམ་གཞག་ཅུང་ཟད་ཅིག་འཆད་པ་ལ། བསྔོ་བའི་དཔང་པོར་གསོལ་བ། བསྔོ་རྒྱུའི་དགེ་རྩ་བསྟན་པ། བསྔོ་བ་དངོས་དང་གསུམ་ལས། དང་པོ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་པ་སྟེ། བརྒྱུད་གསུམ་གྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་། གཞན་ཡང་དཔའ་བོ་མཁའ་འགྲོ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མར་བཅས་པའི་རྩ་གསུམ་ལྷག་པའི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་མངོན་སུམ་བཞིན་དུ་བཞུགས་པ་ཐམས་ཅད་ཡེ་ཤེས་སྒྲིབ་པ་མེད་པའི་གཟིགས་པས་བདག་ལ་དགོངས་སུ་གསོལ་ཞེས་པའོ། །གཉིས་པ་ནི། དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་ཞེས་དེང་འདིར་གུས་རྟག་གི་བརྩོན་པས་ལམ་རིམ་པ་གཉིས་རྣལ་འབྱོར་ཚུལ་བཞིན་དུ་བསྒྲུབས་པའི་དགེ་བ་འདི་དང་། དེས་མཚོན་པའི་རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་


MR27_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རང་གིས་བསགས་པ་མིན་ཡང་སེམས་ཅན་གཞན་རྒྱུད་དུ་གྲུབ་པའམ་ཡོད་པའི་དགེ་བ་རྣམས་ཀྱང་བློས་ཕྱོགས་གཅིག་ཏུ་བསྡོམས་ཏེ་གནས་པ་ནི་གང་བསྔོ་རྒྱུའི་དགེ་བའོ། །དེ་ལ་ཁ་ཅིག་འདི་སྙམ་དུ། རང་གིས་ད་ལྟའི་དགེ་བ་ད་ལྟ་བ་ཡིན་ལ། དེའི་རྗེས་སུ་དུས་གསུམ་སྟོན་པས་ད་ལྟ་བ་གང་ལ་ངོས་འཛིན་སྙམ་ན། དང་པོ་ད་ལྟ་སྒྲུབ་བཞིན་པའི་དགེ་བ་དེ་གཙོ་བོར་སྨྲོས་ལ། དེ་དག་ཏུ་མ་འདུས་པ་གཞན་དུས་གསུམ་ཅི་རིགས་ཀྱི་ཁུངས་སུ་འདུ་བས། སྤྱིར་རྒྱ་ཆེ་བ་ནས་སྨོས་པའི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་པས་ཟློས་པར་མི་འགྱུར་རོ། །ཡང་ཁ་ཅིག་འདི་སྙམ་དུ་འདས་ད་ལྟར་གྱི་དགེ་བ་མི་མཐུན་ཕྱོགས་ཀྱིས་མ་བཅོས་པ་བསྔོ་རུ་བཏུབ་ན་ཡང་། མ་འོངས་པའི་དགེ་བ་ལ་སོགས་པ་མི་འཐད་དེ། དེ་དག་ད་ལྟ་མེད་པའི་ཕྱིར། རི་བོང་གི་རྭ་བཞིན་སྙམ་ན། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་འདུན་པས་དམིགས་པ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་གཏོང་བ་ལ་འགལ་བ་མེད་དེ། བདག་གི་མ་འོངས་པའི་སྒོ་གསུམ་གྱི་འཇུག་པ་ཐམས་ཅད་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་དོན་དུ་ཤོག་ཅིག་སྙམ་ན། མ་འོངས་པའི་རང་གི་སྒོ་གསུམ་གྱི་ལས་དང་། དེས་ཕན་འདོགས་པའི་ཡུལ་སེམས་ཅན་ད་ལྟ་ན་ཡོད་པ་མིན་ཡང་། བློའི་སྟོབས་ཀྱིས་དེ་ལྟར་བསམ་པས་མ་འོངས་པའི་


MR27_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་ཕན་འདོགས་པར་ནུས་པ་བཞིན་ཏེ་བྱང་ཆུབ་སེམས་དཔའི་བློ་གྲོས་ཀྱི་ཁྱད་ཆོས་སོ། །གསུམ་པ་ལ་མཐར་ཐུག་གི་འབྲས་བུའི་ཆེད་དུ་བསྔོ་བ། གནས་སྐབས་ཀྱི་ལམ་གྱི་ཆེད་དུ་བསྔོ་བ། བསྟན་པ་དང་འགྲོ་བའི་དོན་དུ་བསྔོ་བ་དང་གསུམ་ལས། དང་པོ་ནི། བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་དེ་ལྟ་བུའི་དགེ་རྩ་དེ་དག་གི་ཕྱིར་བསྔོས་ན་གནས་སྐབས་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་ཏེ་མངོན་མཐོའི་ཕྱིར་བསྔོ་བ་མིན་ཅིང་། རང་དོན་ཞི་བ་ཕྱོགས་གཅིག་པའི་ཆེད་དུའང་མ་ཡིན་ལ། ཐོབ་བྱ་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཁོ་ནའི་ཕྱིར་བསྔོ་བའོ། །གཉིས་པ་ལ་བཞི། ལམ་གྱི་རྟེན་དུ་བསྔོ་བ། ལམ་དངོས་ལ་བསྔོ་བ། ལམ་གྱི་བྱེད་ལས། འགྲུབ་པའི་རྒྱུར་བསྔོ་བ། ལམ་གྱི་མཐུན་རྐྱེན་ཚང་བར་བསྔོ་བའོ། །དང་པོ་ནི། དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །


MR27_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དེང་གི་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཏེ་མངོན་པར་སངས་རྒྱས་ཀྱི་བར་དུ་ཐེག་པ་མཆོག་གི་རིགས་ཡོངས་སུ་སད་པས་ན་རིགས་བཟང་པོ་གསེར་ལྟ་བུ་ཉིད་དུ་འགྱུར་བ་དང་། ཐེག་པ་མཆོག་གི་ལམ་གསང་རྟོགས་ནུས་པའི་བློ་གྲོས་ཤིན་ཏུ་གསལ་བ་དང་། རང་རྒྱུད་ལ་ཡོན་ཏན་སྐྱེ་བའི་གེགས་སུ་གྱུར་པའི་ང་རྒྱལ་མེད་པ་དང་། སེམས་ཅན་ཡོངས་སུ་མི་འདོར་བའི་སྙིང་རྗེ་ཆེན་པོའི་རྒྱུད་ཡོངས་སུ་གང་ཞིང་། ལམ་གྱི་རྩ་བ་མཚན་ཉིད་དང་ལྡན་པའི་བླ་མ་མཆོག་ལ་མི་འགྱུར་བའི་གུས་པ་དང་ལྡན་པའི་སྒོ་ནས་དོན་གཉིས་སམ་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་དཔལ་དང་ལྡན་པར་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་གཞིག་ཅིང་གཞོམ་དུ་མེད་པ་ལ་འདེགས་ཤིང་སྦྱོར་བའི་ལམ་ནི་ཐེག་པ་སྟེ། དེས་རྡོ་རྗེའི་ཐེག་པ་ཞེས་ཡོངས་སུ་གྲགས་པ་ལ། དབང་གིས་སྨིན་པ་སོགས་འོག་ནས་འཆད་འགྱུར་ལྟར་གྱི་ཡོན་ཏན་དང་ལྡན་པས་སྔགས་ལ་ཞུགས་ཙམ་གྱི་གཟུགས་བརྙན་ལྟ་བུ་མ་ཡིན་པར་མཚན་ཉིད་དང་ལྡན་པའི་ཚུལ་བཞིན་དུ་གནས་པ་ལ་ངེས་པར་གནས་པར་ཤོག་ཅིག་ཅེས་གསུངས་ཏེ། མདོར་ན་ཐེག་པ་ཆེན་པོ་སྔར་གདུལ་བྱ་ཐུན་མོང་མ་ཡིན་པའི་རིགས་སུ་ངེས་པ་གཞིར་བཞག་ནས་ལམ་གྱི་དངོས་གཞི་ཆོས་ཐམས་ཅད་ལྷག་པའི་བདེན་པ་


MR27_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དུ་གཏན་ལ་འབེབས་ནུས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་སངས་རྒྱས་ཐོབ་འདོད་ཀྱི་སྙིང་རྗེ་གཉིས་དང་ལྡན་ཞིང་ལམ་རྒྱུད་ལ་སྐྱེ་བའི་གེགས་ང་རྒྱལ་སྤངས་ཤིང་མཐུན་རྐྱེན་མོས་པ་ཕུན་སུམ་ཚོགས་པ་སྟེ་མེད་དུ་མི་རུང་བའི་ཡོན་ཏན་གྱི་ཁྱད་པར་དེ་དག་དང་ལྡན་པའི་སྒོ་ནས་དཔལ་ལྡན་རྡོ་རྗེའི་ཐེག་པ་ལ་ངེས་པར་གནས་པ་ཉིད་དུ་ཤོག་ཅིག་ཅེས་སོ། །གཉིས་པ་ལ་གཉིས། ལམ་སྤྱིའི་ཆེད་དུ་བསྔོ་བ་དང་། བྱེ་བྲག་སོ་སོའི་ཆེད་དུ་བསྔོ་བའོ། །དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ནས། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅེས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཉུག་མའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བསྒྲུབ་གཞིར་གནས་པ་ཉིད་དབང་བཞིའི་སྒོ་ནས་སད་པར་བྱས་ཤིང་སྐུ་བཞིར་སྨིན་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པ་སྟེ། དེ་ཡང་གང་ཟག་གི་དབང་པོའི་བྱེ་བྲག་ལ་ལྟོས་པའི་གོ་མྱོང་རྟོགས་པ་གསུམ་གྱི་ཚུལ་དུ་དབང་དོན་གྱི་ཡེ་ཤེས་ལ་ངེས་པ་ཅི་རིགས་འདྲངས་པ་ནི་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་རྒྱུར་འགྱུར་བས་ན་དབང་


MR27_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨིན་པ་ཞེས་གསུངས་པ་ཡིན་ལ། དེ་ནི་གསང་སྔགས་ཀྱི་ལམ་ཐམས་ཅད་ཀྱི་འཇུག་སྒོ་ཡིན་ཞིང་། དེ་ལྟར་དབང་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། དབང་གི་སྲོག་དམ་ཚིག་དང་སྡོམ་པས་ཚུལ་བཞིན་དུ་མ་བཟུང་ན་དངོས་གྲུབ་རྣམ་པ་གཉིས་མི་ཐོབ་པས་སྐྱོན་སྤང་བའི་ཆ་ནས་སྡོམ་པ་དང་། ཡོན་ཏན་བསྒྲུབ་པའི་ཆ་ནས་དམ་ཚིག་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་འདའ་བར་བྱ་བ་མ་ཡིན་པའི་གནས་རྣམས་ཀྱིས་ཉེས་ལྟུང་གི་དྲི་མ་མཐའ་དག་སྡོམ་པར་བྱེད་པ་དང་ལྡན་པ། དེ་ལྟར་དབང་གིས་སྨིན་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་དེས་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ་ལ་བསྙེན་པ་དང་སྒྲུབ་པ་མཐར་ཕྱིན་ནས་དཀའ་བ་མེད་པར་རིག་འཛིན་རྣམ་པ་བཞིའི་གོ་འཕང་མྱུར་དུ་བགྲོད་དེ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་མཆོག་གི་དངོས་གྲུབ་དང་། གྲུབ་པ་དང་དབང་ཕྱུག་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་སྟེ། དངོས་གྲུབ་རྣམ་པ་གཉིས་པོ་དཀའ་ཚེགས་དང་ཡུན་རིང་དུ་འབད་མི་དགོས་པར་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག་ཅེས་སོ། །དེ་ལ་བསྙེན་སྒྲུབ་བཞི་དང་སྦྱར་ཚུལ་དུ་མ་ཡོད་ཀྱང་། བསྐྱེད་རིམ་དང་སྦྱར་ན་སྟོང་ཆེན་དང་སྙིང་རྗེ་སྒྱུ་མ་བསྙེན་པ། ཕྱག་རྒྱ་ཕྲ་རག་ཉེ་བསྙེན། སྤྲོས་བཅས་ནས་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བསྒོམ་


MR27_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་སྒྲུབ་པ། ཚོམ་བུ་ཚོགས་སྒྲུབ་ཀྱི་དངོས་གྲུབ་བླངས་པ་བསྒྲུབ་པ་ཆེན་པོའོ། །རྫོགས་རིམ་དང་སྦྱར་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྟེན་དང་བརྟེན་པར་བཅས་པའི་གནད་ཤེས་པ་བསྙེན་པ། རང་བྱུང་ལུས་གནས་ཀྱི་དཀྱིལ་འཁོར་གསལ་ཞིང་དེ་ལ་གནད་དུ་བསྣུན་པ་ཉེ་བསྙེན། ཕྱག་རྒྱ་མོ་བྱིན་གྱིས་བརླབ་པ་སྒྲུབ་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་དཔེ་དོན་གྱི་ཡེ་ཤེས་ནི་སྒྲུབ་པ་ཆེན་པོའོ། །གཉིས་ཀ་དང་སྦྱར་ན་དབང་བཞིའི་ལམ་བསྐྱེད་རྫོགས་སོགས་དང་བསྙེན་སྒྲུབ་བཞི་པོ་རིམ་པར་སྦྱར་རོ། །གཉིས་པ་ལ་གསུམ། རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཉམས་ལེན་ལ་སྨོན་པ། ལུང་ན་རག་དོང་སྤྲུགས་ཀྱི་ཉམས་ལེན་ལ་སྨོན་པ། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་དང་གསུམ་ལས། དང་པོ་ལ་བཞི། སྣང་བ་སྐུ་ཡི་དཀྱིལ་འཁོར་ལ་སྨོན་པ། སྒྲ་གྲགས་གསུང་གི་དཀྱིལ་འཁོར་ལ་སྨོན་པ། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ལ་སྨོན་པ། ཐམས་ཅད་བདེ་ཆེན་གྱི་རོལ་པ་ལ་སྨོན་པའོ། །དང་པོ། ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རྫོགས། །ཞེས་པ་སྟེ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཅིར་སྣང་བ་ཐམས་ཅད་ཐ་མལ་རང་མཚན་གྱི་ཞེན་པ་ལོག་སྟེ། སྣང་སྟོང་སྐུ་རྡོ་རྗེ་སྐུ་འཕྲུལ་དྲྭ་བ་ཞེས་སྒྱུ་མ་ལྟར་འཕྲུལ་ཞིང་མང་ལ་འབྲེལ་བའི་དྲྭ་བའམ།


MR27_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཅིར་སྣང་གི་དངོས་པོ་སྒྱུ་མ་ལྟ་བུ་རྣམས་རང་བཞིན་རྣམ་པར་དག་པའི་ལྷའི་ངོ་བོར་འཕྲུལ་པའམ་ཤར་ཞིང་། དེ་ལྟར་ལྷ་དང་རྟོག་ཚོགས་དབྱེར་མེད་དུ་འབྲེལ་བའམ་མཉམ་པའི་དོན་དུ་ཞེས་བཤད་དེ། གང་ལྟར་ཡང་མདོར་ན་ཅིར་སྣང་གི་དངོས་པོ་ཐམས་ཅད་སྒྱུ་འཕྲུལ་དྲྭ་བ་ལྷ་ཡི་འཁོར་ལོའམ་ཚོགས་སམ་རང་བཞིན་དུ་འབྱམས་ཀླས་པ་སྟེ་སྣང་བ་ཐམས་ཅད་སྐུ་རྡོ་རྗེའི་ངོ་བོར་རྫོགས་པའོ། །གཉིས་པ་ནི། གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །ཞེས་སྒྲ་གྲགས་པ་ཐམས་ཅད་གྲགས་ཙམ་ཉིད་ནས་རང་གི་ངོ་བོས་སྟོང་པའི་གྲགས་སྟོང་ཟུང་འཇུག་བརྗོད་དུ་མེད་པའམ། བརྗོད་པ་དང་བྲལ་བའི་གསང་སྔགས་ཀྱི་སྒྲ་གདངས་ཤར་བའོ། །གསུམ་པ་ནི། སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །ཞེས་སེམས་ཀྱི་རྣམ་པར་རྟོག་པའི་འགྱུ་བ་སྣ་ཚོགས་པ་གསལ་བ་སྟོང་པ་ཟུང་དུ་འཇུག་པའི་རང་རིག་འདུས་མ་བྱས་པའི་དབྱིངས་འོད་གསལ་ཐུགས་ཀྱི་རྡོ་རྗེ་ཉིད་དུ་ཤར་བའོ། །བཞི་པ་ནི། བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཅེས་དེ་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོ་རིག་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཉག་གཅིག་གི་རོལ་པར་ཤར་བ་སྟེ། དེ་ཡང་ཐ་མལ་གྱི་རྣམ་པར་རྟོག་པ་ཐམས་ཅད་སྡུག་བསྔལ་ཡིན་ལ། དེ་དང་


MR27_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་གང་ཡིན་པ་བདེ་བ་སྟེ། དེ་ཡང་གཞོམ་གཞིག་དང་བྲལ་ཞིང་བླ་ན་མེད་པས་ན་ཆེན་པོའོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དངོས་པོའི་ཆོས་གང་ཡང་མ་སྤངས་དངོས་པོའི་ཆོས་གང་ལའང་མི་གནས་པའི་རང་བཞིན་རང་བྱུང་ཡེ་ཤེས་ཉག་གཅིག་གི་ཀློང་དུ་འཁོར་འདས་ཐམས་ཅད་རྫོགས་པ་སྟེ། དེ་ཡང་ཆོས་རྣམས་དང་གསར་དུ་འདུ་བ་དང་། སླར་ཡང་འབྲལ་བ་ལྟ་བུ་མ་ཡིན་པར་གདོད་ནས་འདུ་འབྲལ་མེད་པའི་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེར་མངོན་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་ཤར་བའི་གནད་འདི་ལ་ཡང་བསྐྱེད་རྫོགས་སོ་སོ་དང་སྦྱར་ན་སྐུ་གསུང་ཐུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་བརྩོན་པ་དང་། སྒྱུ་ལུས་དང་། རླུང་སྔགས་མི་ཤིགས་པའི་བཟླས་པ་དང་། འོད་གསལ་དང་། ཟུང་འཇུག་གི་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་གོམས་པ་ཀློང་དུ་གྱུར་པའི་འབྲས་བུ་ཡིན་པ་རིག་པར་བྱའོ། །ཡང་ན་དབང་བཞི་དང་འབྲེལ་བའི་ལམ་བཞི་བསྒོམ་པ་ལས་སུ་རུང་བའི་འབྲས་བུ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་གནད་ཡིན་པར་བལྟའོ། །གཉིས་པ་ལའང་། སྒྲིབ་པ་ཡེ་དག་གི་བཤག་པ། ཡོན་


MR27_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡེ་ལྡན་གྱི་སྐོང་བ། རྒྱུད་ཉོན་མོངས་རང་གྲོལ། འབྲས་བུ་ངན་སོང་དོང་སྤྲུགས་སོ། །དང་པོ་ནི། ཉམས་ཆགས་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཅེས་ཉོན་མོངས་པའི་དབང་གིས་རང་རྒྱུད་ཀྱི་དམ་ཚིག་ཉམས་ཤིང་ཉམས་པའི་སྐྱོན་དེ་དག་གཉེན་པོས་མ་བཅོམ་པར་ལྕགས་ལ་བཙའ་ལྟར་ཆགས་ཤིང་ཞེན་པར་གྱུར་པ་དང་། སྣོད་བཅུད་རྒྱུད་རྣམས་ངོ་བོའི་གནས་ཚུལ་དག་པ་ལྷའི་རང་བཞིན་ཡིན་ཡང་ཕུང་སོགས་ཐ་མལ་དུ་འཛིན་པ་ནི་རྟོག་སྒྲིབ་བོ། །དེ་ལྟ་བུའི་བཤག་བྱ་ཉམས་ཆགས་དང་རྟོག་སྒྲིབ་དེ་དག་བཤགས་ཚུལ་ཅི་ལྟ་བུས་བཤགས་ན་བཅོས་ཤིང་བསྒྱུར་བ། སྤངས་ཤིང་ཟད་པ་ལྟ་བུ་མ་ཡིན་པར་རང་རང་གི་ངོ་བོ་ལ་གདོད་ནས་བདེན་པར་གྲུབ་པ་མེད་པས་གཉེན་པོ་གཞན་གྱིས་བཅོམ་ཞིང་མ་སྤངས་པར་རང་བབས་སུ་བཞག་པས་རང་རང་གི་གནས་ཡེ་ཤེས་སུ་དག་པ་སྟེ། ཐག་པ་ལ་སྦྲུལ་འཛིན་གྱི་བློ་ཞིག་པ་ལྟ་བུའོ། །གཉིས་པ་ནི། ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང་། །ཞེས་ཕྱི་ཡོ་བྱད་རྫས་ཀྱིས་བསྐང་བ་སྨན་གཏོར་རཀྟ་མར་མེ་དངོས་སུ་བཤམས་པ་དང་། ནང་ཕུང་པོ་རྟེན་གྱིས་བསྐང་བ་ནི་ཕྱིའི་ཡོ་བྱད་རྣམས་མཚོན་བྱེད་དུ་བྱས་ཏེ་ནང་གི་ཁུ་རྡུལ་རླུང་གསུམ་འོད་གསལ་བའི་སེམས་དང་བཅས་པ་སྨན་སོགས་སུ་ཤེས་པ་དང་།


MR27_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་བྱང་ཆུབ་ཀྱི་སེམས་གསལ་བ་སྟོང་པ་ཟུང་དུ་འཇུག་པ་རིག་པའི་ཡེ་ཤེས་མཐའ་དང་བྲལ་བ། སྐྱོན་ཀ་དག་ཡོན་ཏན་ཡེ་ལྡན་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་གསུམ་གྱི་སྒོ་ནས་བསྐང་བའོ། །དེ་ལ་སྐོང་བ་ཞེས་བྱ་བ་ཡོན་ཏན་གྱི་རྣམ་པ་ཉམས་ཤིང་ཁ་འཕྲི་བ་དེ་རང་སོར་ཆུད་པར་བྱ་བ་ཡིན་ནོ། །དེ་ལ་ཚུལ་ཇི་ལྟ་བུས་བསྐང་ན། སྔར་མེད་གསར་བཞག་ལྟ་བུ་མ་ཡིན་པར་ཡོན་ཏན་ཡེ་ལྡན་དབྱེར་མེད་ཀྱི་དོན་རྟོགས་པས་བསྐང་བ་སྟེ། ཕྱི་སྣོད་དང་ནང་ལུས་ཀྱི་དངོས་པོ་ཐམས་ཅད་གསང་བ་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པས་ན། སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་དུ་རྟོགས་པས་བསྐང་བ་སྟེ། ཡོན་ཏན་ཐམས་ཅད་འབད་མེད་ཡེ་ལྡན་དུ་བསྐང་བའོ། །ཡང་ན་ཕྱི་འབྱུང་བ་ལྔ། ནང་ཕུང་པོ་ལྔ་གསང་བ་རྣམ་ཤེས་ཚོགས་བརྒྱད་རྣམས་ཡུམ་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་དག་པའམ་གདོད་ནས་དབྱེར་མེད་པའི་དོན་རྟོགས་པས་རྟོག་ཚོགས་ལྷའི་རང་བཞིན་དུ་བསྐང་བའོ། །དེ་ལྟར་བཤགས་སྐོང་གཉིས་པོ་འདི་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་དུ་རྟོགས་པའི་གཤིས་ལ་སྤང་བྱའི་དྲི་མ་མ་སྤངས་པར་དག་པ་དང་། ཆོས་ཀྱི་དབྱིངས་སུ་ཟག་པ་མེད་པའི་ཡོན་ཏན་རྣམས་འབྲལ་མེད་དུ་གནས་པས་ཡོན་ཏན་ཡེ་ལྡན་གྱི་ཚུལ་དུ་བསྐང་


MR27_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་ཐེག་པ་ཆེན་པོའི་ཁྱད་ཆོས་བསལ་བཞག་མེད་པའི་གནད་དེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་གང་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ཞེས་པ་སྟེ། མཚོན་བྱེད་རྟགས་ཀྱི་ཀུན་ཏུ་བཟང་པོ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཀུན་ཏུ་བཟང་པོ་ངོ་འཕྲོད་པ་ན་རྣམ་རྟོག་གང་ཤར་བ་ཐམས་ཅད་ཆུ་དང་རླབས་བཞིན་རང་སར་རང་གྲོལ་བས་ཀུན་ནས་དོར་བྱ་མ་དག་རང་མཚན་པའི་ཆོས་མི་རྙེད་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཡངས་སུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པར་བརྡལ་བ་ནི་ཉམས་ཀུན་ཏུ་བཟང་པོའོ། །བཞི་པ་ནི། ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཅེས་དེ་ལྟར་རྒྱུ་ཉོན་མོངས་ཀྱི་རྟོག་ཚོགས་མ་སྤངས་རང་སར་གྲོལ་བས་འབྲས་བུ་ངན་སོང་དུ་འགྲོ་བའི་ས་བོན་དྲུངས་ནས་ཕྱུངས་ཏེ། འཁོར་འདས་སྤང་བླང་གི་མཚན་རྟོག་ཡོངས་སུ་ཟད་པས་ངན་སོང་དོང་ནས་སྤྲུགས་པ་ཡིན་ལ། སྲིད་པ་དང་ཞི་བའམ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་སུ་རོ་མཉམ་པར་བརྡལ་ཏེ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པར་གྱུར་ཅིག་ཅེས་པའོ། །གསུམ་པ་མན་ངག་རྫོགས་ཆེན་ལའང་། ཐིག་ལེ་རང་གནས་གྱི་ལྟ་བ། བསྲུང་དུ་མེད་


MR27_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག འདུ་འབྲལ་མེད་པའི་བསྒོམ་པ། སྤང་ཐོབ་བྲལ་བའི་འབྲས་བུ་དང་བཞི་ལས། དང་པོ་ནི། ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །ཞེས་པ་སྟེ། ཐིག་ལེ་ཞེས་པ་གྲྭ་ཟུར་མེད་པར་ཀུན་ནས་ཟླུམ་པའི་དོན་ཏེ་ཡེ་སྟོང་ཆེན་པོར་གདངས་རྩལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐུ་དང་ཞིང་ཁམས་རྒྱ་མཚོ་མ་ལུས་པར་རྫོགས་པའི་གནས་ལུགས་ཀྱི་དོན་མཐོང་བའོ། །གཉིས་པ་ནི། དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཅེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ངང་དུ་ལ་བཟླས་པས་མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུའི་དམ་ཚིག་སྟེ། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པས་དེ་ལས་གཞན་པའི་དམ་ཚིག་བསྲུང་རྒྱུ་མེད་པ་ཡེ་བསྲུང་གི་དམ་ཚིག་ཆེན་པོར་སྤང་བླང་གི་མཚན་མ་ཐམས་ཅད་རང་བབས་སུ་དག་སྟེ། བསྲུང་མེད་བསྲུང་བ་ཀུན་གྱི་རྒྱལ་པོ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་རྟོགས་པའི་གནད་ལ་མི་འདའ་བ་སྟེ། འདི་ནི་དམ་ཚིག་ཀྱང་ཡིན་ལ་སྤྱོད་པའང་དོན་གྱིས་འདིར་འདུའོ། །གསུམ་པ་ནི། ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །ཞེས་སེམས་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཅིག་གི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེར་མེད་པས་ན་


MR27_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་ཆོས་ཐམས་ཅད་ལ་ཁྱབ་པར་བརྡལ་བའི་འདའ་བར་དཀའ་བའི་ཐུགས་ཀྱི་ཡེ་ཤེས་ཆེན་པོར་བཟང་ངན་གྱི་ཞེན་རྟོག་ཟད་དེ། རིས་མེད་པའི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ལས་མ་དག་རང་མཚན་པ་འཁོར་བར་འཆིང་བའི་ཆོས་ཤིག་གསེར་གླིང་དུ་རྡོ་ཕལ་པ་བཞིན་བཙལ་ཀྱང་མི་རྙེད་པར་ཐག་ཆོད་པས་བཟང་འདོད་ཀྱི་རེ་བ་དང་། ངན་འདོད་ཀྱི་དོགས་པས་ཀུན་ནས་དཀྲིས་པའི་འཆིང་བ་དམ་པོའི་མདུད་པ་གྲོལ་ཏེ་སོ་མ་དལ་བ་རྣལ་མ་བག་ཡངས་སུ་སྐྱོང་བའོ། །བཞི་པ་ནི། རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །ཅེས་འཁོར་འདས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་ན་སྐུ་དང་ཡེ་ཤེས་ཐམས་ཅད་དབྱེར་མེད་རོ་གཅིག་པའི་ཚུལ་དུ་རྫོགས་པས་རང་བཞིན་རྫོགས་པ་ཆེན་པོར་རྟོགས་གོམས་མཐར་ཕྱིན་པས་ཟག་མེད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་དུ་གྱུར་པ་རང་བྱུང་ཆོས་ཀྱི་སྐུ་རང་གི་ངོ་བོའི་བཞུགས་ཚུལ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པར་ཤོག་ཅིག་ཅེས་པའོ། །གསུམ་པ་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་བཟང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་སྟེ། དགོངས་བརྡ་སྙན་


MR27_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ་བརྒྱུད་པ་གསུམ་གྱི་རིམ་པ་ལས་འོང་བའི་དབང་བསྐུར་རྒྱུད་བཤད་བསྐྱེད་རྫོགས་དང་བཅས་པའི་བཀའ་བབས་ཀྱི་ཆུ་བོ་བཞིའི་བྱིན་རླབས་སྙིང་ལ་རོ་གཅིག་ཏུ་ཞུགས་ཤིང་རྟོག་ཚོགས་ལྷའི་ངོ་བོར་དག་པའི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལམ་གྱི་གསང་བའི་གནད་ཟབ་མོ་སེམས་ལ་རྫོགས་པ་སྟེ་མ་ལུས་པ་མངོན་དུ་རྟོགས་ནས། ཐུན་མོང་དང་མཆོག་གི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། དེ་ལྟ་བུའི་ཕྲིན་ལས་དེ་ཡིས་ནམ་མཁའ་གར་ཁྱབ་པའི་མུ་དང་མཐའ་མེད་པའི་འགྲོ་བ་ཇི་སྙེད་པ་རྣམས་གང་ལ་གང་འདུལ་གྱི་སྒོ་ནས་བྱང་ཆུབ་གསུམ་གྱི་ལམ་ལ་སྒྲོལ་བར་ཤོག་ཅིག་ཅེས་པའོ། །བཞི་པ་ལམ་གྱི་མཐུན་རྐྱེན་ཚང་བ་ལ་སྨོན་པ་ནི། ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །ཅེས་པ་ཡི་དམ་ཞི་བ་དང་ཁྲོ་བོ་རྣམས་ཀྱི་སྤྲུལ་པའི་འཁོར་ལོས་ས་ལམ་དང་ཉམས་རྟོགས་ཀྱི་གེགས་སེལ་བོགས་འདོན་རང་གཞན་གྱི་དོན་འགྲུབ་པའི་ཚུལ་རྣམས་ལུང་དུ་བསྟན་པ་སྟེ། དེ་ཡང་འཁོར་ལོ་ཞེས་ཡང་ནས་ཡང་དུ་རྒྱུན་མི་ཆད་པའི་དོན་དུ་བཟུང་ངོ་། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་


MR27_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བུ་བཞིན་དུ་སྐྱོང་བར་མཛད་པ་དང་། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་དྲེགས་པ་དཀར་ཕྱོགས་ལ་དགའ་བའི་ཆོས་སྐྱོང་སྲུང་མས་བྱང་ཆུབ་སྒྲུབ་པའི་བར་ཆད་ཀྱི་འཚེ་བ་ཀུན་བསལ་ནས་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཡིད་ལ་རེ་བའམ་སྨོན་པ་མཐའ་དག་སྟེ་མ་ལུས་པ་འགྲུབ་པར་གྱུར་ཅིག་ཅེས་པའོ། །གསུམ་པ་བསྟན་འགྲོའི་དོན་དུ་བསྔོ་བ་ནི། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་འཇིག་རྟེན་གྱི་ཕན་བདེ་མཐའ་དག་གི་རྩ་བ་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་སྒོ་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་གོང་དུ་འཕེལ་བའི་ཚུལ་གྱིས་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་པ་དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་འགྲོའི་དཔལ་ཡོན་སྤེལ་བའི་བཞེད་པའི་དོན་འཁོར་ལོ་གསུམ་གྱི་མཛད་བཟང་ཐམས་ཅད་ཀུན་ནས་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། མ་ལུས་ཤིང་ལུས་པ་མེད་པའི་སྐྱེ་རྒུའི་འགལ་རྐྱེན་དུ་གྱུར་པ་གནས་སྐབས་མཐར་ཐུག་གི་འཇིག་རྟེན་གྱི་རྒུད་པའི་ཚོགས་ཀུན་མཐའ་དག་ལྷག་མེད་དུ་ཞི་ཞིང་། སྲིད་ཞིའི་


MR27_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཇི་སྙེད་པ་མཐའ་དག་ཡིད་ལ་བསམ་པ་བཞིན་དུ་འབྱོར་བར་གྱུར་ཅིག་ཅེས་པའོ། །དེ་ལྟར་ཟབ་དོན་རྡོ་རྗེའི་གསུང་དབྱངས་ཉིད། །མོས་པའི་དབང་གིས་ཅུང་ཟད་བཀྲལ་བ་ལས། །མ་རྟོགས་ལོག་པར་རྟོག་པའི་ཆ་མཆིས་ན། །རྩ་གསུམ་སྲུང་མའི་སྤྱན་སྔར་མཐོལ་ཞིང་བཤགས། །བདག་རྒྱུད་རྣམ་དཔྱོད་མྱུ་གུ་འཕེལ་བའི་ཕྱིར། །འཇམ་མགོན་དགྱེས་པའི་ཞལ་གྱི་བུམ་བཟང་ལས། །བསྐུལ་གསུང་བདུད་རྩིའི་ཐིག་ཕྲན་འཐོར་བའི་ཚེ། །ཚུལ་འདི་སྨྲ་བའི་སྤོབས་པ་ཅུང་ཟད་རྙེད། །དེ་ཚེ་རིགས་ལམ་བྱེ་བའི་ཆུ་གཏེར་ལས། །རྣམ་དཔྱོད་མགྲིན་པའི་ལམ་དུ་ཡོངས་འཁྱིལ་བ། །མང་ཐོས་དྲང་སྲོང་དགྱེས་པའི་ཞལ་གྱི་ལུང་། །དྲི་མེད་བདུད་རྩིའི་ཀླུང་དང་འགྲོགས་པ་ལས། །བླ་མའི་དྲིན་གྱིས་ལེགས་བཤད་ཆ་ཡོད་ན། །དགེ་བ་དེས་ནི་མཐའ་ཡས་འགྲོ་བ་ཀུན། །རྨད་བྱུང་ཐེག་པ་མཆོག་ལ་རབ་ཞུགས་ནས། །ཕྱམས་གཅིག་གདོད་མའི་གཞི་ལ་གྲོལ་གྱུར་ཅིག །ཅེས་པ་འདི་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཀའ་དྲིན་གཞལ་དུ་མེད་པ་འཇམ་མགོན་བླ་མ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་གསུང་གི་གནང་བ་སྩལ་བ་ལ་བརྟེན། མཁན་ཆེན་པདྨ་བཛྲ་ལས་བཤད་ལུང་མནོས་ནས་སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་


MR27_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་ཀྱི་འབྲུ་འགྲེལ་ཅུང་ཟད་འགོད་པ་པོ་ནི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བ་རྨོངས་བརྟུལ་གྱི་ན་བ་བདག་གིས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་ཡིན་ལ། བླ་མའི་དྲིན་གྱིས་བྲིས་པར་གྱུར་མོད་ཀྱི་མ་རྟོགས་པ་དང་ལོག་རྟོག་གི་ཆ་ནི་རང་བློའི་དྲི་མའི་སྐྱོན་ཡིན་པས་མཁས་པའི་དབང་པོ་རྣམས་ལ་བཤགས་ཤིང་། དགེ་བས་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་ཡར་ངོའི་དུས་ཀྱི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག་གུ། མངྒ་ལཾ།། ༈ །།མཐའ་བྲལ་དབུ་མ་ཆེན་པོའི་སྨོན་ལམ་སྣང་སྟོང་ཆུ་ཟླའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། །དུས་གསུམ་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཡི། །ཐེག་མཆོག་དབུ་མའི་ཚུལ་ཆེན་ལ་གནས་ནས། །རྣམ་གྲོལ་རྒྱལ་བའི་དབང་པོ་འགྲུབ་གྱུར་ཅིག །ཡང་དག་རིགས་པས་དྲང་པའི་ངེས་ཤེས་ཀྱི། །ལམ་ནས་གནས་ལུགས་དོན་གྱི་ཡང་དག་མཐའ། །ཇི་བཞིན་ལེགས་རྟོགས་ཟབ་མོའི་རྣལ་འབྱོར་གྱིས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་གྱུར་ཅིག །ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། །རབ་དྲང་གཉིས་སུ་མེད་པའི་ཡེ་ཤེས་སྤྱན། །སྣང་སྟོང་རྡོ་རྗེའི་མཁའ་ལ་གདེངས་པ་ཡིས། །མཉམ་ཉིད་ཆོས་སྐུའི་དགོངས་པ་མཐོང་བར་ཤོག །གང་


MR27_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རྟེན་ནས་འབྱུང་བའི་ཆོས་ཉིད་ལས། །འདའ་བ་མེད་ཅིང་བརྟེན་ནས་གང་བྱུང་བས། །མཐའ་བཞིའི་སྐྱེ་བ་ཁེགས་པའི་ངེས་ཤེས་ཀྱིས། །མཐའ་བྲལ་ལྟ་བའི་ཟབ་གནད་རྟོགས་པར་ཤོག །གང་ཕྱིར་སྐྱེ་བ་མེད་པས་ཆོས་འདི་ཀུན། །འགོག་མེད་སྣང་ཞིང་སྣང་བ་འདི་ཉིད་ཀྱིས། །རང་བཞིན་སྟོང་པ་ཆེན་པོར་ངེས་ཤེས་པས། །མཐའ་བྲལ༴ ཆོས་གཅིག་བདེན་པར་གྲུབ་ན་དེ་ཉིད་ཀྱིས། །ཆོས་ཀུན་སྣང་བ་གཏན་ནས་འགོག་འགྱུར་ཕྱིར། །གཅིག་ཀྱང་བདེན་པ་མེད་པའི་ངེས་ཤེས་ཀྱིས། །མཐའ་བྲལ༴ རྟེན་འབྱུང་བསླུ་མེད་སྣང་བའི་ཆོས་རྣམས་ལ། །སྐྱེ་སོགས་རང་མཚན་གྲུབ་པ་རྡུལ་ཙམ་ཞིག །ཐ་སྙད་དུ་ཡང་དམིགས་པར་མི་འགྱུར་བས། །མཐའ་བྲལ༴ དེ་ཕྱིར་སྐྱེ་བ་མེད་ལ་སོགས་པ་ཡང་། །ནམ་མཁའི་ཨུཏྤ་ལ་ཡི་དྲི་བཞིན་དུ། །གནས་ལུགས་དོན་ལ་གྲུབ་པ་མེད་པ་ཡིས། །མཐའ་བྲལ༴ དེ་སླད་གདོད་ནས་སྐྱེ་བ་མེད་པ་དང་། །སྐྱེ་སོགས་ལྟར་སྣང་ཀུན་རྫོབ་སྣང་བའི་ཆ། །ཡེ་ནས་འདུ་འབྲལ་མེད་པའི་ཆོས་ཉིད་ངང་། །མཐའ་བྲལ༴ དེ་ཚེ་མཐའ་བཞིའི་འཛིན་སྟངས་ཀུན་ཞིག་པའི། །འགྲོ་འོང་བྲི་གང་བྲལ་བའི་ཆོས་ཀྱི་དབྱིངས། །དགག་སྒྲུབ་ལས་འདས་དོན་གྱི་གཤིས་འཇལ་བས། །མཐའ་བྲལ༴ གང་སྣང་གང་དུ་བརྟགས་ཀྱང་མི་འགྲུབ་པས། །


MR27_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྣང་སྟོང་མཉམ་པའི་ཆོས་ཀྱི་དབྱིངས། །རྡུལ་དང་ནམ་མཁའ་མཚུངས་པའི་ངེས་ཤེས་ཀྱིས། །མཐའ་བྲལ༴ སྒྱུ་འདྲ་སྲིད་པའི་ཁམས་ལ་སྙིང་རྗེ་དང་། །བྱང་ཆུབ་སེམས་མཆོག་ལྡོག་མེད་སྐྱེ་བའི་སྒོ། །ཚད་མེད་རྒྱལ་བའི་སྤྱོད་ཡུལ་མཐོང་བའི་ལམ། །མཐའ་བྲལ༴ མ་ལུས་སྲིད་དང་ཞི་བའི་ཆོས་ཀུན་གྱི། །དེ་བཞིན་ཉིད་འདི་རྫོགས་པ་ཆེན་པོ་སྟེ། །འདི་ལས་འདའ་མེད་ཕྱག་རྒྱ་ཆེན་པོའང་ཡིན། །མཐའ་བྲལ༴ མི་གནས་ཟུང་འཇུག་རབ་ཏུ་ཞི་བའི་དབྱིངས། །སོ་སོ་རང་གིས་རིག་པའི་ཚུལ་གྱིས་ནི། །མཐའ་བཞིའི་འཛིན་སྟངས་བསྣུབ་པའི་འོད་གསལ་དང་། །སྤྲོས་བྲལ་བསྒོམ་པའི་ཏིང་འཛིན་འབྱོང་བར་ཤོག །མཚན་མའི་སྤྲོས་ཀུན་གདོད་ནས་ཉེར་ཞི་བའི། །མི་རྟོག་ཡེ་ཤེས་མཆོག་གི་སྣང་བ་ཡིས། །སྒྲིབ་གཉིས་མུན་པ་འཐིབས་པ་རྣམ་པར་འཇོམས། །སྤྲོས་བྲལ༴ སྤྲོས་ཀུན་ཉེ་བར་ཞི་བའི་ཟུང་འཇུག་དབྱིངས། །དྲི་མེད་ནམ་མཁའི་དཀྱིལ་ལྟར་རྣམ་དག་པས། །མཉམ་གཞག་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །སྤྲོས་བྲལ༴ དེ་ཡི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས། །ཕྱི་དང་ནང་གིས་བསྡུས་པའི་ཆོས་སོ་ཅོག །རྨི་ལམ་སྒྱུ་མ་ཆུ་ཟླའི་ཚུལ་མཐོང་བའི། །སྤྲོས་བྲལ༴ ཕྱོགས་དུས་སྲས་བཅས་རྒྱལ་བའི་མཛད་པ་གང་། །ཚད་མེད་ནམ་མཁའ་


MR27_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་རང་བཞིན་ལ། །སྒྱུ་མའི་རྣམ་ཐར་སྟོབས་ཀྱིས་རྟག་འཇུག་པ། །སྤྲོས་བྲལ༴ གཟུངས་དང་སྤོབས་པ་མངོན་ཤེས་ལ་སོགས་པའི། །ཚད་མེད་ཡོན་ཏན་ནོར་བུའི་གཏེར་ཆེན་གྱི། །འབྱུང་གནས་གཅིག་པུར་གྱུར་པའི་ཟག་མེད་དབྱིངས། །སྤྲོས་བྲལ༴ སྦྱིན་སོགས་ཐབས་ཀྱི་རྣམ་པ་ཇི་སྙེད་ཀུན། །མཉམ་ཉིད་གང་གི་དབྱིངས་སུ་མཉམ་གྱུར་པས། །སྲིད་ཞིར་མི་གནས་མཉམ་པའི་ཆོས་སྐུར་སྨིན། །སྤྲོས་བྲལ༴ སྒྲིབ་གཉིས་འཁྲུལ་པའི་ས་བོན་ཀུན་སྤོང་ཞིང་། །མི་གནས་རྣམ་གྲོལ་འབྲས་བུའི་འཇུག་སྒོ་ནི། །གང་ལས་གཞན་མེད་སྲས་བཅས་རྒྱལ་བའི་ཡུམ། །སྤྲོས་བྲལ༴ གདོད་ནས་སྣང་སྟོང་མཉམ་པའི་ཆོས་དབྱིངས་གང་། །དེ་བཞིན་ཉིད་དུ་ཇི་བཞིན་བཞག་པ་ཡིས། །ཆུ་ལ་ཆུ་བཞིན་རོ་མཉམ་དབུ་མའི་ངང་། །སྤྲོས་བྲལ༴ ཕྱོགས་དུས་སྒྱུ་མའི་སྣང་ཆ་ཇི་སྙེད་དང་། །རང་བཞིན་གདོད་ནས་མཉམ་པའི་ཆོས་ཉིད་དང་། །དབྱེར་མེད་རྡོ་རྗེ་ལྟ་བུའི་ཚུལ་གྱིས་སུ། །སྤྲོས་བྲལ་བསྒོམ་པའི༴ སྣང་སྟོང་མཉམ་པ་ཉིད་ཀྱི་ཆོས་དབྱིངས་སུ། །ཇི་བཞིན་མ་ནོར་དེ་བཞིན་ཉིད་གཤེགས་པས། །སྒྲིབ་བྲལ་རྡོ་རྗེ་ལྟ་བུའི་ཡེ་ཤེས་སྐུ། །མི་གནས་འབྲས་བུའི་ཟུང་འཇུག་ཐོབ་པར་ཤོག །ཕྱོགས་དུས་སྲིད་དང་ཞི་བའི་སྣང་ཆ་གང་། །ཇི་སྙེད་མ་འདྲེས་རྒྱ་མཚོར་གཟའ་སྐར་


MR27_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །མཉམ་ཉིད་དབྱིངས་སུ་མཉམ་པར་རྟག་གཟིགས་པ། །མི་གནས༴ དངོས་རྣམས་དངོས་པོའི་ཆོས་ཉིད་ལས་གཞན་དུ། །འགྱུར་བ་མེད་ཕྱིར་ཆོས་ཉིད་བཞིན་གཤེགས་པ། །འཕོ་འགྱུར་བྲལ་ཡང་སྣ་ཚོགས་དངོས་སུ་སྣང་། །མི་གནས༴ ཀུན་གཟིགས་བ་སྤུའི་ཁོང་བུ་གཅིག་ཉིད་ན། །མ་ལུས་ཕྱོགས་དུས་ཤེས་བྱའི་སྣང་ཆ་ཀུན། །མ་འདྲེས་ཇི་བཞིན་སྟོན་པའི་རྣམ་ཐར་ཅན། །མི་གནས༴ བ་སྤུའི་ཆ་ཤས་གཅིག་གི་ཡོན་ཏན་གྱིས། །ཇི་སྙེད་ཕྱོགས་དུས་དངོས་པོའི་གྲངས་དང་ཆ། །ཕ་མཐའ་ཡོངས་སུ་འཁྱུད་པ་བཞིན་དུ་བཀབ། །མི་གནས༴ དབྱིངས་འདི་རང་བཞིན་ཉིད་ཀྱིས་མ་གྲུབ་པས། །འདི་ལྟར་ཕྱོགས་དུས་འགྲོ་བའི་སྣང་ངོ་དང་། །མཐུན་པར་འཇུག་པ་ཀུན་ཁྱབ་སྒྱུ་མའི་འཕྲུལ། །མི་གནས༴ སྤྲོས་དང་བྲལ་བ་སྣང་སྟོང་མཉམ་པའི་དབྱིངས། །རྣམ་གྲོལ་རྒྱལ་བའི་འབྱོར་པ་མི་ཟད་པའི། །འབྱུང་གནས་ཉིད་ཕྱིར་ཡོན་ཏན་ཕ་མཐའ་བྲལ། །མི་གནས༴ མཚན་མའི་སྤྲོས་པ་ཀུན་ལས་འདས་པའི་དབྱིངས། །གསུམ་ལྡན་དུས་ཀྱི་འགྱུར་བ་ཡོངས་བྲལ་བས། །དུས་མེད་མཉམ་པ་ཆེན་པོར་རྟག་པའི་སྐུ། །མི་གནས༴ མཐའ་བྲལ་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས། །ཀུན་ཏུ་རྟོག་པ་ཀུན་ལས་རྣམ་གྲོལ་བས། །ལྷུན་གྲུབ་རེ་སྐོང་ཡིད་


MR27_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུའི་ཚུལ། །མི་གནས་འབྲས་བུའི༴ ཀུན་སྣང་ན་ཡང་ཀུན་ཏུ་རོ་མཉམ་དབྱིངས། །མཐའ་ཡས་ཕན་བདེའི་རང་བཞིན་ཡོན་ཏན་གཏེར། །མ་ལུས་སྐྱེ་རྒུའི་སྐྱབས་མཆོག་བླ་ན་མེད། །མི་གནས་འབྲས་བུའི་ཟུང་འཇུག་ཐོབ་པར་ཤོག །ཅེས་པ་འདིའང་འཆི་མེད་ལྗོན་པ་དཀྲིགས་པའི་དགའ་ཚལ། རྡོ་རྗེའི་བྲག་རི་བརྩེགས་པའི་ཀེའུ་ཚང་། རིན་ཆེན་བདུད་རྩིའི་ཤིང་གི་སྤྱིལ་བུ་ནས་ལྷག་པའི་ལྷའི་བསྙེན་མཚམས་ལ་གནས་པའི་སྐབས་ཤིག་ཏུ་འཇམ་དཔལ་དགྱེས་པའི་རང་མདངས་ཞེས་འབོད་པས་ཤར་མར་སྤེལ་བ་དགེ་ལེགས་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག་མངྒ་ལཾ།། ༈ །།དཔལ་རིའི་སྨོན་ལམ་ཡེ་ཤེས་གསང་ལམ་བཞུགས། ཨེ་མ་ཧོ། འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །དམར་ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཕོ་བྲང་ནས། །རང་རིག་འགྱུར་མེད་བདེ་ཆེན་རྡོ་རྗེའི་སྐུ། །ཕྱོགས་དུས་རྒྱལ་བའི་ཁྱབ་བདག་པདྨ་འབྱུང་། །རབ་འབྱམས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན་སྤྲོ་བ། །སྐྱབས་གནས་ཀུན་འདུས་ཐུགས་རྗེའི་གཏེར་ཆེན་པོ། །བདག་གི་སྒོ་གསུམ་ལོངས་སྤྱོད་དགེ་ཚོགས་ཀུན། །ཀུན་བཟང་མཆོད་པའི་སྤྲིན་དུ་ཁྱེད་ལ་འབུལ། །དབྱེར་མེད་མཉམ་པའི་ངང་དུ་ཕྱག་འཚལ་ལོ། །རྩེ་


MR27_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །ཡེ་ཤེས་རྡོ་རྗེའི་དམ་བཅའ་ཆེན་པོ་ཡིས། །འདི་ནས་བྱང་ཆུབ་བར་དུ་རིགས་བདག་ཏུ། །བཞུགས་ནས་འབྲལ་མེད་རྗེས་བཟུང་བྱིན་རླབས་མཛོད། །བདག་གིས་དགེ་རྩ་ཇི་སྙེད་བསགས་པ་དང་། །རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་རྗེ་དང་། །རང་བྱུང་ཡེ་ཤེས་ཆེན་པོའི་བདེན་པ་དང་། །རྣམ་དག་སྨོན་ལམ་དྲག་པོའི་འཕེན་ཤུགས་ཀྱིས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ། །རང་སྣང་དག་པ་ཆེན་པོའི་འོད་ལམ་ལ། །རིག་འཛིན་བླ་མའི་ཚོགས་ཀྱིས་མདུན་བསུ་ཞིང་། །ཡི་དམ་ཞི་ཁྲོའི་ལྷ་ཡིས་རྒྱབ་ནས་བརྟེན། །གནས་གསུམ་དཔའ་བོ་མཁའ་འགྲོས་མཐའ་བསྐོར་ཏེ། །མེ་ཏོག་ཆར་འབེབས་འཇའ་འོད་རོལ་མོར་བཅས། །བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་སུ། །གུ་རུའི་དྲུང་དུ་བརྫུས་ཏེ་སྐྱེ་བར་ཤོག །དབང་འབྱོར་ཡེ་ཤེས་ཆེན་པོའི་སྒྱུ་འཕྲུལ་ལས། །སྐུ་གསུམ་རྒྱལ་བའི་ཞིང་གི་བཀོད་པ་ཀུན། །མ་ཚང་མེད་པ་ཡིད་བཞིན་འདོད་དགུར་འཆར། །རྣམ་དག་སྤྲུལ་པའི་ཞིང་དེར་སྐྱེ་བར་ཤོག །ཨོ་རྒྱན་རྗེ་དང་སྲས་བཅས་རྒྱལ་བ་ཡིས། །དབུགས་དབྱུང་གཟེངས་བསྟོད་སྲིད་ཞིའི་ཡོན་ཏན་ཀུན། །མ་ཚང་མེད་པ་མཆོག་གི་རྟེན་ཐོབ་ནས། །རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་ཤོག །དེར་ནི་རྟེན་དེ་ཁོ་ནས་ཚེ་གཅིག་


MR27_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རིག་འཛིན་རྣམ་བཞིའི་གསང་ལམ་ཡོངས་རྫོགས་ནས། །ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་རྒྱལ་བསྟན་སྐྱོང་། །གུ་རུ་རྗེ་དང་དགོངས་སྤྱོད་མཉམ་པར་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་འཇམ་པའི་དབྱངས། །ཀུན་ཏུ་བཟང་སོགས་སེམས་དཔའ་ཆེ་རྣམས་ཀྱི། །རྫོགས་སྨིན་སྦྱང་བའི་རྣམ་ཐར་རྒྱ་མཚོ་ཀུན། །བདག་ཉིད་གཅིག་པུས་ཡོངས་རྫོགས་སྤྱོད་གྱུར་ཅིག །ཆོས་དབྱིངས་ནམ་མཁའ་སེམས་ཅན་ཇི་སྲིད་པར། །མཁའ་ཁྱབ་འགྲོ་དང་ཁྱད་པར་སྡུག་བསྔལ་ཅན། །མཁྱེན་བརྩེ་ནུས་པ་མཆོག་གིས་རྗེས་འཛིན་ཞིང་། །པདྨའི་ཕྲིན་ལས་རྟག་ཏུ་སྤེལ་བར་ཤོག །མཆོག་གསུམ་རྩ་གསུམ་ཐུགས་རྗེ་རྨད་བྱུང་དང་། །ཆོས་ཉིད་བདེན་པ་ཆོས་ཅན་རྟེན་འབྲེལ་དང་། །བདག་གི་ལྷག་བསམ་དག་པའི་ནུས་སྟོབས་ཀྱིས། །སྨོན་ལམ་འདི་དག་ཡོངས་སུ་འགྲུབ་པར་ཤོག །ཅེས་པའང་རྒྱལ་དབང་པདྨའི་བྲན་དུ་གྱུར་པ་འཇམ་དཔལ་དགྱེས་པས་སྤེལ་བ་དགེའོ།། ༈ །།མར་མེའི་སྨོན་ལམ་ཡེ་ཤེས་འོད་གསལ་བཞུགས། ཨོཾ་ཨཱཿཧཱུྃ་ཧོཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་འདུས་པའི་ཚོགས། །བླ་མེད་རྡོ་རྗེའི་རིགས་སུ་དམ་བཅས་ཏེ། །བྱང་ཆུབ་སྙིང་པོར་ཡོངས་སུ་སྨོན་བགྱིད་ན། །བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རྟག་ཏུ་


MR27_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་བཞུགས་རྩ་གསུམ་སྲུང་མའི་ཚོགས། །མཉམ་ཉིད་དབྱིངས་སུ་དབྱེར་མེད་ཚུལ་གཅིག་པའི། །ཆོས་ཉིད་བདེན་པའི་ངང་ནས་བྱིན་གྱིས་རློབས། །སྣོད་བཅུད་རྣམ་དག་ཡེ་ནས་བདེ་བ་ཆེ། །མཉམ་པ་ཉིད་དབྱིངས་མི་འགྱུར་སྤྲོས་དང་བྲལ། །འོད་གསལ་ལྷུན་གྲུབ་རང་རིག་ཡེ་ཤེས་ཀྱི། །ཐིག་ལེ་ཉག་གཅིག་སྟོབས་ཀྱིས་གྲུབ་པར་ཤོག །དེང་ནས་བླ་མེད་སྙིང་པོ་ཐོབ་བར་དུ། །འཁོར་བའི་འཁྲུལ་སྣང་མུན་པས་མི་བརྫི་ཞིང་། །ཐབས་ཤེས་སྣང་བ་རྟེན་འབྱུང་བསླུ་མེད་ཀྱིས། །མི་ལྡོག་འབྲས་བུའི་སྦུབས་སུ་འཇུག་པར་ཤོག །གོང་ནས་གོང་དུ་སྐྱེ་བ་དེ་དང་དེར། །ཐེག་མཆོག་རྡོ་རྗེའི་རིགས་སུ་སྐྱེས་ནས་ཀྱང་། །ཐེག་ཆེན་གསང་སྔགས་སྟོན་དང་བསྟན་པ་དང་། །འབྲལ་མེད་བདུད་ཀྱི་ལས་རྣམས་སྤོང་བར་ཤོག །དད་པ་ཆེན་པོས་ཐེག་མཆོག་ལྷག་པར་མོས། །སྙིང་རྗེ་ཆེན་པོས་འགྲོ་ཁམས་ཡོངས་སུ་འཛིན། །ཤེས་རབ་ཆེན་པོས་མཐར་ཐུག་ཆོས་མཛོད་མཐོང་། །ཕྲིན་ལས་ཆེན་པོས་དོན་ཀུན་གྲུབ་གྱུར་ཅིག །འདུས་པའི་ཚོགས་འདི་མི་འབྲལ་ཚོམ་བུར་འགྲོགས། །ཐེག་ཆེན་སྙིང་པོའི་དོན་ལ་མཐུན་པར་བརྩོན། །བསྟན་ལ་སྨོད་པའི་ཡིད་ཅན་མཐར་བྱེད་ཅིང་། །དངོས་གྲུབ་འདོད་དགུའི་དཔལ་གྱིས་འབྱོར་བར་ཤོག །དུག་ལྔའི་དབང་གིས་


MR27_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་ཡུལ་མཐོང་ཞིང་། །འཁྲུལ་སྣང་མུན་པས་གལ་ཏེ་གེགས་བྱེད་ན། །ཡེ་ཤེས་སྣང་བའི་གོ་འབྱེད་སྒྲོན་མེ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་མདུན་ནས་བསུས། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་ནས་བརྟེན། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་ནས། །ས་ལམ་རིམ་པར་གེགས་མེད་བགྲོད་གྱུར་ཅིག །འཇམ་པའི་དཔལ་གྱུར་ཡེ་ཤེས་ཉི་མ་ཡི། །ཀུན་ཏུ་འོད་ཀྱིས་ཕྱོགས་བཅུའི་མུན་པ་བསལ། །བརྩེ་བའི་སྤྱན་རས་འགྲོ་ཁམས་ཀུན་གཟིགས་པའི། །པདྨ་ཅན་གྱིས་ཡིད་ཅན་དབང་དུ་བསྒྱུར། །དཔལ་ལྡན་རྡོ་རྗེ་འཛིན་པའི་ཡེ་ཤེས་སྐུ། །ཡི་གེ་འཁོར་ལོ་ཚོགས་ཆེན་འཕྲོ་བ་ཡིས། །ལས་དང་ཉོན་མོངས་བག་ཆགས་ཚར་བཅད་ནས། །སྐུ་གསུམ་འདུ་འབྲལ་མེད་པར་སངས་རྒྱས་ཤོག །ཐམས་ཅད་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ཀློང་། །བདེ་ཆེན་རྒྱལ་པོ་རང་བྱུང་ཡེ་ཤེས་སྐུ། །རྟག་ཏུ་མི་འགྱུར་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་སྣང་བ་མཁའ་ཁྱབ་འབར་བར་ཤོག །ཅེས་པའང་ཐམས་ཅད་འདུལ་གྱི་ཟླ་༡༡ ཚེས་༢༠ ལ་འཇམ་དཔལ་འོད་གསལ་རྡོ་རྗེའི་ཡིད་ཀྱི་མཚོ་ལས་བྱུང་བ་མངྒ་ལཾ།། ༈ །།བདག་ནི་མཁའ་ཁྱབ་འགྲོ་ཀུན་ལ། །ཕྱི་མའི་མུ་མཐར་ཐུག་གི་བར། །མི་བདེ་སྡུག་བསྔལ་ཀུན་བསལ་


MR27_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །བདེ་དང་ཕན་པ་སྒྲུབ་པ་ཡིས། །རེ་བ་ཡོངས་སུ་རྫོགས་པར་འདོད། །མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ནས། །མི་གནས་མྱང་འདས་ལ་འགོད་དོ། །དེ་ལྟར་ཀུན་བཟང་འཇམ་དཔལ་གྱི། །རྗེས་སུ་སློབ་པའི་བསམ་པ་ཡིས། །ཕྱོགས་དུས་རྒྱལ་བའི་ངོ་བོ་ཉིད། །དཀྱིལ་འཁོར་ལྷ་ཚོགས་ལེགས་སྒྲུབ་ཀྱང་། །འདི་ལྟར་སྙིགས་མའི་རྒུད་པ་བརྒྱ། །དུས་གཅིག་སྙིང་ལ་མེ་ལྟར་འབར། །ཀྱེ་མ་ང་དང་ང་འདྲ་བའི། །ལས་ཉོན་སྡུག་བསྔལ་ལྷག་རྣམས་ལ། །རིང་ནས་མགོན་དུ་དམ་བཅས་ཏེ། །ཚོགས་གཉིས་ཟླ་བ་ཉ་གང་བའི། །དཔག་མེད་འོད་ཟེར་ཚོགས་མངའ་ཞིང་། །རྨད་བྱུང་འོད་ཟེར་རེ་རེས་ཀྱང་། །ཕྱོགས་བཅུ་མཐའ་ཡས་མུ་མེད་པའི། །འགྲོ་བའི་ཉོན་མོངས་འཇོམས་པ་དང་། །སྡུག་བསྔལ་མ་ལུས་ཞི་བྱེད་ཅིང་། །རེ་བ་ཡོངས་སུ་སྐོང་བ་ཡི། །ནུས་པ་ཆེ་ལྡན་ཡེ་ཤེས་ཀྱི། །གཟིགས་པ་དྲི་མེད་དག་པ་ཡི། །མགོན་པོ་རྒྱལ་བ་སྲས་དང་བཅས། །དམན་པ་བདག་ལ་མི་དགོངས་སམ། །ཀྱེ་མ་ཀྱེ་ཧུད་བདག་འདྲ་བས། །ཁྱེད་ལ་དད་པས་གསོལ་འདེབས་རྒྱུན། །ལོ་དང་ཟླ་བར་མཐུད་ན་ཡང་། །དབུགས་དབྱུང་ཅུང་ཟད་མི་སྩོལ་ན། །སེམས་ཅན་ཉམ་ཐག་ང་འདྲ་བ། །ཀུན་དྭང་ཁྱེད་ལ་ཡུད་ཙམ་ཡང་། །མི་ཕྱོགས་


MR27_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་དབང་སོང་བ། །ཁྱེད་ཀྱི་ཐུགས་རྗེས་ཇི་ལྟར་སྐྱོབ། །རྡོ་རྗེའི་ཞལ་བཞེས་བདེན་གསུང་དང་། །མཁྱེན་བརྩེ་ནུས་པ་བསླུ་མེད་ལ། །ནམ་ཡང་གཞོན་འགྱུར་ག་ལ་སྲིད། །རེ་འབྲས་དུས་འདིར་མཆིས་པར་མཛོད། །རབ་ཚེས་རྣམ་རྒྱལ་ཟླ་༥ ཚེས་༢༣ ཉི་ཐལ་དུ་པདྨ་བདེ་ལྡན་གླིང་དུ་དྷཱིས་བྲིས་པ་དགེ།། ༈ །།སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །རྟག་ཏུ་བདེ་མཉམ་ལ་གནས་ཤོག །ཚད་མེད་བཞི་བསྡུས་པའི་ཚིག་གོ། མི་ཕམ་པས་སོ།། ༈ །།སྟོབས་བཅུ་མངའ་བ་བརྩེ་ཆེན་ཐུགས་རྗེའི་བདག །དབང་བཅུ་མཐར་ཕྱིན་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་སྐུ་གཅིག་འཇམ་དཔལ་དཔའ་བོ་དེས། །ཉམ་ཐག་བདག་ལ་དགོངས་ཤིང་མཁྱེན་པར་མཛོད། །ཤིང་སྦྲུལ་ཟླ་༡༠ ཚེས་༡༥ ལའོ།། ༈ །།གང་ཚེ་བདག་གིས་གཞན་ཕན་སེམས་ཀྱིས་སུ། །སྙིང་དབུས་པདྨ་གཞོན་ནུར་ཁྱོད་དྲན་ནས། །ལེགས་བཤད་བདུད་རྩིའི་སྒྲ་དབྱངས་སྤྲོ་བགྱིད་ན། །འཇམ་དཔལ་བདག་གི་ཡིད་ལ་དཔལ་སྩོལ་ཅིག །མི་ཕམ་པས་སོ།། ༈ །།ཐེག་ཆེན་ཆོས་འཛིན་སྨོན་ལམ་བཞུགས་སོ། །ཨོཾ་སྭསྟི། སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམ་པར་གྱུར། །ཆོས་མ་ཡིན་པ་རྣམས་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ་པར་མཛད། །བདེན་པ་རྒྱལ་གྱུར་རྫུན་པ་ཕམ་གྱུར་ཅིག །མཆོག་གསུམ་རྩ་


MR27_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐུགས་རྗེའི་ནུས་མཐུ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །ཆོས་ཉིད་འགྱུར་བ་མེད་པའི་བྱིན་རླབས་ཀྱིས། །ཐེག་ཆེན་བསྟན་ལ་ལྷག་པའི་བསམ་པ་ཡིས། །སྨོན་ལམ་གང་བཏབ་འདི་ཀུན་འགྲུབ་གྱུར་ཅིག །མ་ལུས་བདེ་བར་གཤེགས་པ་དགོངས་སུ་གསོལ། །ཕྱོགས་དང་དུས་ཀྱིས་ཁྱབ་པའི་ཞིང་རྣམས་སུ། །རྒྱལ་བའི་དགོངས་པ་མཐར་ཐུག་ནང་རྒྱུད་གསུམ། །དེ་ཡི་འཇུག་སྒོ་ཐེག་རིམ་ཡན་ལག་བཅས། །མ་ཉམས་མ་ནོར་ཡོངས་སུ་འཛིན་པར་ཤོག །ཐེག་ཆེན་ཆོས་ལ་སྡང་བའི་བསམ་པ་ཡིས། །སྦྱོར་བ་ངན་པ་གང་དུ་བྱུང་བ་སྟེ། །རྩྭ་སྐམ་མེ་བཞིན་བདག་གི་སྟོབས་ཀྱིས་ནི། །མངོན་སུམ་རྩད་ནས་གཅོད་ཅིང་བརླག་གྱུར་ཅིག །ཐེག་ཆེན་ཆོས་ལ་བསམ་པ་ལོག་པ་ཡིས། །སྨོན་ལམ་ངན་པ་གང་གིས་ཅི་བཏབ་ཀྱང་། །ཅུང་ཟད་མི་འགྲུབ་དེ་དང་དེའི་བསམ་སྦྱོར། །བསྟན་པའི་གྲོགས་སུ་བདག་གིས་བསྒྱུར་ནུས་ཤོག །ལས་དང་ཉོན་མོངས་བག་ཆགས་སྒྲིབ་པ་ཡིས། །ཐེག་ཆེན་ཆོས་ལ་གཤེ་ཞིང་ཡིད་སྡང་བ། །དེ་དག་བདག་གི་མིང་ཙམ་ཐོས་སོགས་ཀྱིས། །རང་དབང་མེད་པར་ཐེག་ཆེན་དགའ་བར་ཤོག །ཐེག་ཆེན་ཆོས་ལ་དགའ་བ་དེ་དག་ལ། །འཇམ་པའི་དབྱངས་ཀྱི་བྱིན་རླབས་མྱུར་ཞུགས་ནས། །སྤོབས་པའི་གཏེར་ཆེན་བརྒྱད་པོ་


MR27_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་ཏེ། །མཚུངས་མེད་སྨྲ་བའི་སེང་གེར་མངོན་གྱུར་ཅིག །འཕགས་མཆོག་ཕྱག་ན་པདྨའི་བྱིན་རླབས་ལས། །ཐེག་ཆེན་འཛིན་པ་གང་དུ་བྱུང་བ་དེར། །རྒུད་པའི་མིང་མེད་བཀྲ་ཤིས་བདེ་ལེགས་ཀྱི། །སྣང་བ་ཆེན་པོས་རྟག་པར་ཁྱབ་གྱུར་ཅིག །ཐེག་མཆོག་འཛིན་ལ་བྱང་ཆུབ་སྙིང་པོའི་བར། །བདུད་ཀྱི་བར་ཆད་ནམ་ཡང་མི་འབྱུང་ཞིང་། །རྡོ་རྗེ་འཛིན་པ་ཉིད་དང་དབྱེར་མེད་པས། །ཐེག་ཆེན་འཛིན་ལ་མཐུ་དང་ལྡན་པར་ཤོག །ཐེག་ཆེན་འཛིན་སྐྱོང་སྤེལ་བར་འདོད་པ་རྣམས། །རྩ་གསུམ་དམ་ཅན་སྲུང་མས་མངོན་བསྐྱངས་ནས། །ཚེ་རིང་ནད་མེད་ཕྱོགས་ལས་རྣམ་པར་རྒྱལ། །ཅི་བསམ་གེགས་མེད་ཡིད་བཞིན་འགྲུབ་གྱུར་ཅིག །ཐེག་ཆེན་གཤེ་བ་སྤྱན་རས་གཟིགས་ཀྱིས་ཐུལ། །ཐེག་ཆེན་དམ་ཆོས་འཇམ་པའི་དཔལ་གྱིས་སྤེལ། །ཐེག་ཆེན་འཛིན་པ་རྡོ་རྗེ་འཛིན་པས་སྲུངས། །ཐེག་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཐེག་པ་མཆོག་འཛིན་དམ་པ་དེ་དག་རྣམས། །རྒོལ་བས་འཇིགས་དང་ཡིད་མི་བདེ་བ་དང་། །མི་སྙན་གྲགས་དང་འཁོར་གྱིས་ལོག་སྒྲུབ་དང་། །འདོད་དོན་བར་ཆད་ཀུན་དང་ཡོངས་བྲལ་ནས། །མ་འབད་བཞིན་ཡང་ཕྱོགས་བཅུའི་ཞིང་ཁམས་སུ། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་མངའ་དབང་གིས། །གདུལ་བར་དཀའ་བ་རྣམས་ཀྱང་དབང་བྱས་


MR27_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ས་གསུམ་བསྟན་པའི་སྙིང་པོས་ཁྱབ་པར་ཤོག །འདི་ཡང་ས་གླང་གི་ལོ་ལ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེའོ།། ༈ །།ཨོཾ། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་གི་སྨོན་ལམ་འགྲུབ་བར་བྱིན་གྱིས་རློབས། །བདག་ནི་འདི་ནས་བླ་མེད་བྱང་ཆུབ་མཆོག །མ་ཐོབ་བར་གྱི་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་མཆོག་རྟེན་ཐོབ་ཅིང་། །དད་སོགས་དབང་པོ་ལྔ་དང་སྙིང་རྗེའི་སྟོབས། །བླ་ན་མེད་པའི་ཡོན་ཏན་ལྡན་པར་ཤོག །ཐེག་པ་མཆོག་ལ་ཚུལ་བཞིན་ཞུགས་ནས་ཀྱང་། །མ་ཆགས་བློ་དང་འཇིགས་མེད་རང་དབང་ཐོབ། །གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་ཞིང་། །རྒྱལ་སྲས་རྒྱ་མཚོའི་སྤྱོད་ལ་འཇུག་པར་ཤོག །གང་ན་སྡུག་བསྔལ་ཅན་དང་ཉོན་མོངས་པས། །མནར་བ་མཐོང་ནས་སྙིང་རྗེའི་སེམས་བསྐྱེད་དེ། །འགྲོ་བ་ཀུན་གྱི་ཉོན་མོངས་སྡུག་བསྔལ་ཀུན། །རྒྱུན་གཅོད་སྨོན་ལམ་སྟོབས་ལ་འཇུག་པར་ཤོག །སེམས་ཅན་གནས་སྐབས་བདེ་དང་ཡོན་ཏན་ཅན། །མཐོང་ན་ཕྲག་དོག་མེད་པར་དགའ་སེམས་ཀྱིས། །ཕན་དང་བདེ་བའི་ཐབས་ཚུལ་སྣ་ཚོགས་པས། །ཉེ་རིང་མེད་པར་འགྲོ་ཀུན་སྐྱོང་གྱུར་ཅིག །བདག་གི་དོན་ལ་ཆགས་པ་ཡོངས་བྲལ་ཞིང་། །སེམས་ཅན་


MR27_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་བདག་ལས་ལྷག་ལྟ་བུར། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཡོངས་རྫོགས་ནས། །རླབས་ཆེན་འགྲོ་བའི་དོན་ལ་བརྩོན་པར་ཤོག །གང་ལ་ཉོན་མོངས་དྲག་ལྡན་གདུག་སྤྱོད་ཅན། །དེ་དག་རྣམས་ལ་ཁྲོ་དང་འདོར་བའི་སེམས། །ཅུང་ཟད་མེད་པར་ལྷག་པར་སྙིང་བརྩེ་བས། །ཕན་དང་བདེ་བ་མཆོག་ལ་སྤྱོད་གྱུར་ཅིག །བདག་ལ་ཕན་པར་བྱེད་དམ་གནོད་པ་བྱེད། །མཐོང་ཐོས་དྲན་རེག་བཟང་ངན་འབྲེལ་ཐོགས་ཀུན། །བླ་མེད་བྱང་ཆུབ་ལམ་ལས་མི་ལྡོག་པར། །མྱུར་དུ་རྒྱལ་བའི་དབང་པོ་འགྲུབ་པར་ཤོག །གང་ན་སྡུག་བསྔལ་རྒྱུ་ལ་ལོངས་སྤྱོད་ཅིང་། །བཟློག་དཀའ་རྣམ་སྨིན་ལྕགས་ཀྱུས་ཟིན་པ་དག །རང་གི་སྒྲིབ་པས་རྒྱལ་རྣམས་ཐུགས་རྗེའི་ཤུགས། །འཇུག་པར་དཀའ་རྣམས་བདག་གིས་སྒྲོལ་བར་ཤོག །བདག་ནི་རྩི་སྨན་མཆོག་དང་འདྲ་བ་ནི། །མཐོང་ཐོས་ཙམ་གྱིས་འགྲོ་ཀུན་ལུས་སེམས་ཀྱི། །ཀུན་ཏུ་འཇིགས་པ་རྨོངས་པའི་ཉེས་པ་རྣམས། །ཡོངས་ཡེ་ཞི་ཞིང་གཏན་དུ་བདེ་བར་ཤོག །བདག་གིས་བལྟས་སམ་སྨྲས་དང་ཆགས་དང་ཁྲོ། །སྣ་ཚོགས་སྤྱོད་ལམ་གང་དང་ཅི་ཡིས་ཀྱང་། །འབད་པ་མེད་པར་སེམས་ཅན་དོན་བྱེད་ཅིང་། །གདུལ་དཀའ་རྣམས་ཀྱང་བདེ་བླག་འདུལ་གྱུར་ཅིག །སྙིང་ལ་རྨོངས་ཆེན་མུན་པས་ཁེབས་པ་ཡི། །ཡང་དག་ལམ་སྟོར་བདུད་ཀྱིས་


MR27_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་རྣམས་ཀྱི། །སྙིང་ལ་ཡེ་ཤེས་འོད་ཟེར་རབ་བཀྱེ་ནས། །མྱུར་བ་ཉིད་དུ་བདེ་བླག་གྲོལ་བར་ཤོག །མདོར་ན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་། །སྤྱན་རས་གཟིགས་སོགས་རྒྱལ་སྲས་སེམས་དཔའ་ཡི། །སྤྱོད་པ་རྒྱ་མཚོར་བདག་ནི་དབང་ཐོབ་སྟེ། །མཐའ་ཡས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །དུས་གསུམ་སྲས་བཅས་རྒྱལ་བའི་ཐུགས་རྗེའི་ཤུགས། །བདག་ལ་ཞུགས་ནས་ནམ་མཁའི་མཐར་ཁྱབ་པའི། །འགྲོ་བ་ཀུན་ལ་ཕྱི་མའི་མུ་མཐའི་བར། །ཕན་བདེ་སྒྲུབ་ཅིང་རྣམ་གྲོལ་མཆོག་སྦྱིན་ཤོག །ཐེག་པ་ཆེན་པོའི་དགོངས་དོན་ཀུན་ཤེས་ཤིང་། །སྙིང་རྗེ་ཆེན་པོའི་ཁུར་ཆེན་ཡོངས་སུ་ཁྱེར། །ཡོན་ཏན་ཆེན་པོའི་ལུས་སྟོབས་ཡོངས་རྫོགས་ནས། །རྫོགས་པ་ཆེན་པོའི་ས་མཆོག་ནོན་པར་ཤོག །འདི་ལྟར་ལེགས་པར་སྨོན་པའི་དོན་འདི་དག །མཆོག་གསུམ་བདེན་པ་བསླུ་བ་མེད་པ་དང་། །ལྷག་བསམ་རྒྱུ་འབྲས་རྟེན་འབྲེལ་ནུས་པ་དང་། །རང་བྱུང་ཡེ་ཤེས་སྟོབས་ཀྱིས་འགྲུབ་པར་ཤོག །ཅེས་པའང་ཉེ་གནས་འོད་གསལ་ཐེག་པ་ཆེན་པོའི་དོན་ལ་བློ་གཞོལ་བའི་ཕྱིར་ཁོ་རང་གིས་གསོལ་བ་བཏབ་པ་བཞིན་ལྕགས་བྱི་ཟླ་༡༡ ཚེས་༢༥ ལ་ནད་མལ་ནས་མི་ཕམ་པས་བྲིས་པ་མངྒ་ལཾ།། ༈ །།ཕོངས་རྒུད་འཇིགས་པ་ཀུན་ལས་དབུགས་དབྱུང་ཞིང་། །འཇམ་དཔལ་ཡེ་ཤེས་སྐུ་མཆོག་སྙིང་ལ་ཞུགས། །ཇི་


MR27_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདོད་པའི་མཆོག་རྣམས་མྱུར་སྩོལ་ཞིང་། །འཇིགས་མེད་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །ལྕགས་ཕག་ལོར་མེ་ཏོག་དཀར་པོ་འབུམ་མཆོག་སྦྱིན་རྡོ་རྗེའི་སྔགས་རེ་དང་སྦྲགས་ནས། ཞལ་ལ་གཏོར་བ་བགྱིས་པའི་དུས་སུ་མེ་ཏོག་སྟོང་རེའི་མཚམས་སུ་དངོས་སུ་འབུལ་ཚིགས། མཆན། འབྱོར་དང་མའི་མཆོད་པ་རེ་དང་། མཉམ་མེད་མ། མཆོག་སྦྱིན་རྡོ་རྗེའི་བསྟོད་པ་ཚར་རེ་དང་། ཡེ་དྷརྨ་འབུམ། འདོད་གསོལ་འདི་ཚར་རེ་བཏོན་ནས་བསྒྲུབ་པའི་ཆེད་དུ་མི་ཕམ་པས་ལྕགས་ཁྱི་ཟླ་༡༢ ཚེས་༡༤ ལ་བྲིས། དུས་རྒྱུན་དང་ལྕགས་ཕག་ལོའི་མཎྜལ་འབུལ་གྱི་དུས་སུའང་བར་བར་འདོད་གསོལ་འདི་སྦྱར་བའོ།། ༈ །།འཇམ་དཔལ་མཆོག་སྦྱིན་རྡོ་རྗེས་རྗེས་སུ་འཛིན་པར་ཤོག །རྩ་གསུམ་དམ་ཅན་དགྱེས་པའི་འོད་སྣང་མཐོང་བར་ཤོག །འཇིགས་མེད་རང་དབང་བདེ་ཆེན་རྡོ་རྗེའི་སྟོབས་ཐོབ་ཤོག །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག །འདི་རྗེས་སུ་བཞད་བརྒྱད་དུས་བཏབ་བོ་དགེ། མཆོང་ཆེན་ཟུར་དུ་ཕུག་ནས་བཏབ་བོ། །མངྒ་ལཾ། དགེ་ལེགས་ཆེར་འཕེལ།། ༈ །།ནད་རྣམས་གཏན་དུ་ཞི་ཞིང་བདེ་གྱུར་ཅིག །ལྷ་རྣམས་མཆོག་ཏུ་དགྱེས་ཤིང་སྐྱོང་གྱུར་ཅིག །ཆོས་རྣམས་རྟག་ཏུ་འཕེལ་ཞིང་དར་གྱུར་ཅིག །དཔལ་རྣམས་ཡུན་དུ་བརྟན་ཅིང་རྒྱས་གྱུར་ཅིག །ལྕགས་གླང་ཟླ་༡༠ ཚེས་༣༠ ལའོ། །མངྒ་ལཾ།། ༈ །།གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་བཞུགས།


MR27_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཀྱང་། །གཞོན་ནུ་སེམས་ཅན་སྨན་དུ་སྐུ་འཁྲུངས་ནས། །ནད་རྣམས་སེལ་བར་ཐུགས་བསྐྱེད་བདེན་པའི་མཐུས། །གསོ་བ་རིག་པའི༴ ཡུན་རིང་ཕ་དང་མར་གྱུར་དྲིན་ཅན་འགྲོ། །མི་བཟད་སྡུག་བསྔལ་ནད་ཀྱི་འདམ་ཚུད་པ། །དེ་ལ་ཕན་གདགས་བདེ་གཤེགས་མཆོད་པའི་མཆོག །གསོ་བ༴ རིན་ཆེན་སྨན་མཆོག་སྦྱིན་པའི་ལག་བརྐྱང་ཚེ། །ཕྱོགས་བཅུའི་ཞིང་ནས་སྲས་བཅས་རྒྱལ་བ་ཡི། །གསེར་མདོག་ཕྱག་གིས་མེ་ཏོག་ཡང་ཡང་འཐོར། །གསོ་བ༴ དྲི་མེད་བྱམས་པའི་བདུད་རྩིས་རྒྱུད་གཏམས་ཤིང་། །ནད་རྣམས་ཀུན་སེལ་བདུད་རྩིའི་མཆོད་སྦྱིན་གྱིས། །རིས་མེད་འགྲོ་ལ་ཕན་པའི་དྲིན་བཟོ་བ། །གསོ་བ༴ བཟོད་མེད་སྙིང་རྗེ་ཆེན་པོས་རྒྱུད་བསྐུལ་ནས། །རྒྱལ་བའི་སྲས་ཀྱི་ལམ་མཆོག་ཕར་ཕྱིན་དྲུག །ཉམས་ལེན་སྨན་ལ་ཚངས་པའི་ཐབས་མཁས་ཅན། །གསོ་བ༴ ཚེ་འདིར་ལྷ་མིའི་གཙུག་གིས་མངོན་པར་འདུད། །ཕྱི་མར་བདེ་ཆེན་ཌཱ་ཀིའི་ཚོགས་ཀྱིས་མཆོད། །བདེ་ནས་བདེ་བར་འགྲོ་བའི་ལམ་བཟང་པོ། །


MR27_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བ༴ ཁྱད་པར་སྨན་པའི་རྒྱལ་པོ་གཡུ་ཐོགས་པར། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། །འཇམ་དཔལ་དཔའ་བོས་མངོན་སུམ་ལུང་བསྟན་བཞིན། །གསོ་བ༴ མ་འོངས་རྒྱུད་འདི་འཆད་ཉན་དར་བ་དང་། །འདི་ཡི་ཚིགས་བཅད་གཅིག་ཙམ་ཐོས་པ་ཡང་། །དོན་གཉིས་འགྲུབ་ཅེས་ལུང་བསྟན་བདེན་པའི་མཐུས། །གསོ་བ༴ མགོན་པོ་མཆོག་དེས་རྒྱུད་འདི་འཛིན་པ་དང་། །སྙིགས་མའི་འགྲོ་ལ་ལྷག་པར་བདག་ཉིད་ཀྱི། །ཐུགས་རྗེ་ཆེན་པོས་སྐྱོབ་པར་དམ་བཅས་པས། །གསོ་བ༴ དེ་བཞིན་ཕྱོགས་བཅུའི་སྲས་བཅས་རྒྱལ་བས་ཀྱང་། །སེམས་ཅན་ཕན་འདོགས་དམ་པའི་གང་ཟག་ལ། །རྟག་ཏུ་ཐུགས་རྗེས་གཟིགས་པར་དམ་བཅས་པས། །གསོ་བ༴ དེ་ཚེ་སྨན་སྲུང་ཞང་བློན་སྡེ་དགུ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མ་ཡིས། །བརྒྱུད་འཛིན་སྲུང་སྐྱོབ་ཞལ་བཞེས་བདེན་པའི་མཐུས། །གསོ་བ༴ གསོ་དཔྱད་མདོ་རྒྱས་ཀུན་ལ་མཁས་པ་དང་། །ལག་ལེན་མན་ངག་གནད་དུ་ཕེབས་གྱུར་ཅིང་། །སྙིང་རྗེ་ཆེན་པོའི་གཞན་དབང་སོང་བ་ཡི། །འཚོ་བྱེད་དམ་པས་ས་འདི་ཡོངས་གང་ཤོག །ཀུན་ཀྱང་སྤྱོད་ལམ་ཞི་ཞིང་སེམས་ཀྱང་ཞི། །འགྲོ་བའི་སྡུག་བསྔལ་ཞི་བའི་ཐབས་བརྩོན་པས། །རང་གཞན་ཀུན་ཀྱང་བླ་མེད་ཞི་བ་ཡི། །གོ་འཕང་མཆོག་ལ་མྱུར་དུ་རེག་གྱུར་


MR27_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བདུད་རྩི་མི་གཡོ་རྒྱལ་བའི་ཐུགས་རྗེ་དང་། །བདུད་རྩི་དང་འདྲ་བྱམས་པའི་སེམས་ཀྱི་མཐུས། །བདུད་རྩིའི་སྙིང་པོ་གསོ་བ་རིག་པའི་གཞུང་། །བདུད་རྩིའི་སྤྲིན་ཆེན་བཞིན་དུ་རྒྱས་གྱུར་ཅིག།། ༈ །།མཚུངས་མེད་སྨན་པའི་རྒྱལ་པོ་གཡུ་ཐོགས་པ། །ཡང་ཡང་དྲན་ཞིང་གསོ་བ་རིག་པའི་གཞུང་། །ནམ་གཞུག་རྫོགས་པའི་ཆུ་བཞིན་འགྲིབ་མཐོང་བས། །མི་བཟོད་སྙིང་གི་ཟུག་རྔུ་ཆེས་ཆེར་ལྡང་། །དེ་ཚེ་གང་དྲན་བཅས་བཅོས་མེད་པ་རུ། །བདེན་ཚིག་སྨོན་ལམ་ཁ་ནས་རང་རྡོལ་བ། །འདི་བཞིན་སྨོན་པར་བྱེད་པའི་གང་ཟག་ལ། །སྨན་པའི་རྒྱལ་པོའི་བྱིན་རླབས་འཇུག་གྱུར་ཅིག །ཅེས་འཚོ་བྱེད་བློ་གྲོས་དྲི་མེད་པས་ཚེས་༢༥ ལ་འཕྲལ་བྲིས་དགེ། རབ་ཚེས་ཤིང་ཁྱི་ལོར་རྒྱུད་བཞི་ཡོངས་རྫོགས་ཀྱི་བཤད་པ་དང་ལག་ལེན་ཕལ་ཆེ་བའི་མཐོང་བརྒྱུད་བཅས་བཙུན་པ་བཅུ་ཕྲག་ལྷག་གཅིག་ལ་ཁྲིད་སྐབས་མཇུག་ཏུ་མཆོད་པ་དང་འབྲེལ་བར་སྨོན་ལམ་འདི་ལྟ་བུ་གདབ་པར་འདོད་ནས་བྱས་སོ། །མངྒ་ལཾ།། ༈ །།མཁའ་སྤྱོད་སྨོན་ལམ་བདེ་བའི་ཐེམ་སྐས་རིག་འཛིན་དཔའ་བོའི་གསང་ལམ་ཞེས་བྱ་བ། ཨོཾ་སྭ་སྟི། ཆོས་རྣམས་ཐམས་ཅད་རྐྱེན་གྱི་དབང་ལས་བྱུང་། །དེ་ཡང་འདུན་པའི་རྩ་ལ་གནས་མཐོང་ནས། །འདུན་པ་དྲག་པོས་འཕངས་པའི་ཐབས་མཁས་ཀྱིས། །མཁའ་སྤྱོད་སྤྲུལ་པའི་གྲོང་ཁྱེར་ཉམས་དགའ་


MR27_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བར། །ལུས་འདི་མ་སྤང་བཞིན་དུ་བགྲོད་གྱུར་ནས། །ཡུན་རིང་དྲིན་གྱིས་བསྐྱང་བའི་མར་གྱུར་འགྲོ། །སྡུག་བསྔལ་རྒྱ་མཚོར་རང་དབང་མེད་འཕྱན་པ། །འདི་ཀུན་སྒྲོལ་བའི་སྙིང་རྗེའི་གོ་བགོས་ཏེ། །མཁའ་འདྲ་དམིགས་པ་མེད་པའི་སྟོང་ཉིད་ལས། །མཁའ་ཁྱབ་འགྲོ་ལ་རྗེས་སུ་བརྩེ་བའི་སེམས། །མཁའ་མཉམ་སྒྱུ་མར་ཤར་བའི་རོལ་པ་ལས། །མཁའ་སྤྱོད་རིག་འཛིན་དབང་ཡུམ་བཀའ་མཚོ་རྒྱལ་ཡེ་ཤེས་ཕག་མོ་སོགས། མོའི་རྣལ་འབྱོར་གང་། །སྣང་སྟོང་ལྷ་སྐུར་ཤར་བའི་ཏིང་ངེ་འཛིན། །གསལ་བརྟན་ཚད་དུ་གྱུར་པའི་སྙིང་དབུས་སུ། །དྭངས་མའི་རླུང་སྔགས་དབྱེར་མེད་རྡོ་རྗེའི་སྒྲ། །མི་ཤིགས་ཡི་གེའི་གཟུགས་སུ་རྣམ་རོལ་བ། །རྣམ་གཉིས་དངོས་གྲུབ་འཇོ་བའི་མཐུ་ལྡན་དཔྱིད། །བཟླས་ཤིང་དམིགས་པས་ཡང་ཡང་བསྐུལ་བྱས་པས། །གཟི་བྱིན་མཚུངས་པ་མེད་པའི་འོད་ཟེར་གྱིས། །མ་དག་སྣོད་བཅུད་སྣང་བ་ཀུན་སྦྱངས་ཤིང་། །རབ་འབྱམས་རྩ་གསུམ་རྒྱལ་བའི་རྒྱུད་བསྐུལ་ཏེ། །ཐུགས་རྗེའི་བྱིན་ཆེན་དབབ་པའི་ལྕགས་ཀྱུ་ཡིས། །དབང་མེད་མཁའ་སྤྱོད་དགའ་བའི་ཚལ་འདྲེན་པའི། །བྱིན་རླབས་གསང་བའི་མཛོད་འཛིན་ཆོས་ཀྱི་རྗེ། །རིགས་བདག་བླ་མ་དགྱེས་པའི་བྱིན་རླབས་རྒྱུན། །བདེ་སྟོང་བདུད་རྩིས་རྩ་གནས་ཀུན་གང་སྟེ། །དབང་བཞིའི་ཡེ་ཤེས་མྱོང་བའི་བྱེད་ལས་ཀྱིས། །བརྒྱུད་


MR27_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བླ་མའི་ཐུགས་བཅུད་སྙིང་ལ་བཀུག །འཁོར་འདས་སྣང་ཞིང་སྲིད་པའི་ཆོས་སོ་ཅོག །མེད་སྣང་སྒྱུ་མ་སེམས་ཀྱི་རང་བཞིན་དུ། །མཐོང་ནས་ཐབས་མཁས་ལྕགས་ཀྱུས་ཀུན་རྟོག་ཡིད། །འོད་གསལ་ཞི་བའི་ཐིག་ལེར་འདྲེན་པར་ཤོག །རྟོག་པའི་དྲྭ་བ་དབྱིངས་སུ་ཐིམ་པའི་ཚེ། །དཀར་དམར་གནག་པའི་སྣང་གསུམ་ལུགས་འབྱུང་གི། །ཐ་མར་སྤྲིན་མེད་མཁའ་འདྲའི་འོད་གསལ་དབྱིངས། །ཟབ་མོའི་དོན་ལ་མཉམ་པར་འཇོག་པར་ཤོག །དེ་ལས་ཤིན་ཏུ་ཕྲ་བའི་རླུང་སེམས་ལས། །འཇའ་ཚོན་སྒྱུ་མ་ཆུ་ཟླའི་ཚུལ་ལྟ་བུར། །སྣང་སྟོང་ལྷ་སྐུར་ཤར་བའི་ཏིང་འཛིན་གྱིས། །སྣོད་བཅུད་དག་པ་ཆེན་པོར་རྩལ་སྦྱངས་ཤིང་། །བདེན་གཉིས་དབྱེར་མེད་རྟོགས་པའི་ལྟ་གདིང་ལ། །མྱོང་བའི་མཉམ་གཞག་གཉུག་མའི་ཡེ་ཤེས་ཀྱིས། །འོད་གསལ་འདུས་མ་བྱས་པའི་ཆོས་ཉིད་གང་། །སྤྲོས་བྲལ་འཕགས་པའི་བདེན་པ་མཐོང་བར་ཤོག །དེ་ལྟར་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། །བསྐུལ་བས་གཞིར་གནས་གཉུག་མའི་གཏུམ་མོ་ཡིས། །མ་དག་རྩ་རླུང་ཐིག་ལེའི་འཕོ་བ་ཀུན། །སྦྱངས་པའི་འོད་གསལ་དྷཱུ་ཏིའི་ཡེ་ཤེས་ལས། །བཞིན་ལེགས་མཚན་དཔེར་ཤར་བའི་གཟུགས་མཆོག་གང་། །འབྲལ་མེད་རྩེ་དགས་སྐྱོང་བའི་གྲོགས་མཆོག་ནི། །


MR27_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་སྐར་མའི་ཚོགས་དབུས་ཟླ་བ་བཞིན། །མཁའ་སྤྱོད་དཔའ་བོ་ཌཱ་ཀིའི་འཁོར་མང་དབུས། །པདྨ་རྣམ་པར་འཛུམ་པའི་ཟུར་མིག་གིས། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་འགུགས་མཛད་མ། །སངས་རྒྱས་པདྨའི་ལྕམ་གཅིག་དགྱེས་པའི་ཞལ། །བཞད་པའི་རྣམ་འགྱུར་བདག་ལ་ཕྱོགས་བཞིན་དུ། །སྲིད་ཞི་གཡང་ས་ཀུན་ནས་འགོག་བྱེད་པ། །རབ་དམར་བྱེ་རུའི་ལྕུག་ཕྲན་ལྟ་བའི་ཕྱག །བརྐྱང་སྟེ་བདག་གི་ལག་པར་དམ་བཟུང་ནས། །མཁའ་ལ་ངང་མོ་རོལ་པའི་འགྱིང་འགྲོས་ཀྱིས། །གྲུབ་བརྙེས་རིག་འཛིན་དཔའ་བོ་བྱེ་བ་འབུམ། །བདེ་སྟོང་བདུད་རྩིས་མྱོས་པའི་ལྟ་སྟང་གི། །དགྱེས་པའི་བྲོ་གར་འབུམ་གྱིས་མངོན་མཛེས་པ། །མཁའ་སྤྱོད་དགའ་བའི་ཚལ་དུ་འཁྲིད་པར་ཤོག །དེར་ནི་ལྷ་མིག་དག་པས་ཕྱོགས་བཅུའི་ཞིང་། །ལག་མཐིལ་བཞིན་དུ་གསལ་བར་མཐོང་བྱས་ནས། །བསྟན་པའི་སྣང་བ་ཕྱོགས་བརྒྱར་སྤེལ་བ་དང་། །འགྲོ་བའི་སྡུག་བསྔལ་ཀུན་ནས་ཞི་སླད་དུ། །གྲུབ་མཆོག་འདོད་རྒུར་འཇོ་བའི་སྒྱུ་འཕྲུལ་གྱིས། །བུམ་བཟང་དཔག་བསམ་ནོར་བུའི་ཚུལ་བཞིན་དུ། །སྲིད་པ་འདི་ན་མངོན་སུམ་ཉིད་དུ་ཡང་། །རྨད་བྱུང་ཕན་པའི་བྱ་བ་བགྱིད་གྱུར་ཅིག །འགྲོ་ལ་གཟུངས་སྤོབས་བློ་ཡི་མཐུ་བསྐྱེད་དེ། །བསྟན་དང་བསྟན་པའི་སྙིང་པོ་འཕེལ་བྱེད་ཅིང་། །


MR27_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་རེ་བཞིན་ཡང་སྐྱེ་རྒུ་བྱེ་བ་བརྒྱ། །མཁའ་སྤྱོད་དག་པའི་ཞིང་དུ་འདྲེན་པར་ཤོག །དེར་ཡང་བློ་དང་རྫུ་འཕྲུལ་ལྷག་བསམ་སྟོབས། །ཡར་ངོའི་ཟླ་བ་བཞིན་དུ་འཕེལ་འགྱུར་ནས། །ནམ་མཁའ་ཇི་སྲིད་འགྲོ་བའི་ཕན་བདེའི་དོན། །རྒྱ་ཆེ་རྒྱུན་མི་ཆད་པར་སྒྲུབ་བྱེད་ཅིང་། །མཁའ་ཁྱབ་སྲས་བཅས་རྒྱལ་བའི་ཞིང་དང་སྐུ། །ཡེ་ཤེས་མཛད་པའི་རྣམ་འཕྲུལ་ཇི་སྙེད་པ། །དེ་ཀུན་བདག་ཉིད་གཅིག་པུས་རྫོགས་བྱེད་པའི། །རྣམ་ཐར་བསམ་མི་ཁྱབ་ལ་གནས་པར་ཤོག །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་ལེགས་དམིགས་ནས། །མཁའ་ཁྱབ་འགྲོ་བའི་དོན་ཕྱིར་སྨོན་ལམ་འདི། །འགྲུབ་པའི་སླད་དུ་སྲས་བཅས་རྒྱལ་ལ་འབུལ། །འཕགས་མཆོག་ཀུན་ཏུ་བཟང་དང་འཇམ་དཔལ་སོགས། །རྒྱལ་སྲས་སེམས་དཔའ་རྣམས་དང་རྒྱལ་རྣམས་དང་། །རྒྱལ་ཀུན་ངོ་བོ་པདྨའི་མཐུ་བྱིན་གྱིས། །ཇི་ལྟར་སྨོན་པའི་དོན་འདི་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ལྷ་སྔགས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་ཞིང་ལྷག་བསམ་དང་བློ་གྲོས་བཟང་པོའི་སྟོབས་ཀྱིས་མཁའ་སྤྱོད་གྲུབ་པའི་རིག་འཛིན་དོན་དུ་གཉེར་བ་ཛྙཱ་ནའི་མིང་གིས་ཡང་ནས་ཡང་དུ་འདི་ལྟ་བུ་དགོས་ཞེས་བསྐུལ་བའི་རྐྱེན་བྱས་ནས་རྙིང་བཙུན་ཡོངས་ཀྱི་གྲལ་མཐའ་བ་རིག་འཛིན་པདྨ་ལ་


MR27_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མ་དོར་ཙམ་གྱིས་གནས་པ་པདྨ་ཧ་ས་བཛྲ་ཞེས་འབོད་པས་རབ་ཚེས་ས་ཡོས་ཟླ་༡ ཚེས་༣༠ ཀྱི་གུང་ཐུན་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེར་གང་ཤར་ལྷུག་པར་བྲིས་པ་མངྒ་ལཾ།། ༈ །།ཨོཾ་སིདྡྷཾ། མཆོག་གསུམ་རྩ་གསུམ་པདྨའི་བྱིན་རླབས་ཀྱིས། །བདག་ནི་ཚེ་རིང་བསམ་དོན་ལྷུན་གྲུབ་སྟེ། །རིག་སྔགས་གྲུབ་ཅིང་བསྟན་འགྲོའི་དོན་ཆེན་འགྲུབ། །ཡིད་ལ་རེ་བ་མཆོག་ཏུ་རྫོགས་གྱུར་ཅིག །དུས་མིན་འཆི་དང་མི་བཟད་པ་ཡི་ནད། །མྱ་ངན་དྲག་པོ་ལ་སོགས་སྡུག་བསྔལ་དང་། །རྒུད་པས་མནར་བ་ཐམས་ཅད་རྒྱུན་ཆད་དེ། །མཆོག་ཏུ་སྐལ་བཟང་དཔལ་ལ་སྤྱོད་གྱུར་ཅིག །ཚེ་མཆོག་མཐར་ཕྱིན་འགྱོད་མེད་འཆི་བ་ལས། །མཐོང་ཆོས་ཚེ་འདིར་རྟོགས་པའི་གདིང་ཚད་དང་། །ཟབ་མོའི་དངོས་གྲུབ་དགའ་སྟོན་མ་མྱོང་བར། །འགྱོད་བཅས་འཆི་བ་ནམ་ཡང་མེད་པར་ཤོག །ཡིད་ལ་ཇི་ལྟར་བསམ་པའི་དོན་རྣམས་དང་། །འདོད་པའི་དངོས་གྲུབ་བསོད་ནམས་ཡེ་ཤེས་སོགས། །ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་ཞིང་། །འབད་མེད་ལེགས་ཚོགས་མཁའ་མཉམ་རྒྱས་གྱུར་ཅིག །རིགས་གསུམ་ཀུན་འདུས་པདྨ་སཾ་བྷ་ཝའི། །བསྟན་དང་ཕྲིན་ལས་ཕྱོགས་ཀྱི་འཁོར་ལོ་སྤེལ། །བདུད་དང་ཕས་ཀྱི་རྒོལ་བའི་ཕྱོགས་ཀུན་ལས། །མཆོག་ཏུ་རྣམ་པར་རྒྱལ་བའི་དཔལ་ཐོབ་ཤོག །སྐྱེ་བ་ཀུན་ཏུ་ལུས་སེམས་རྡོ་རྗེའི་སྟོབས། །ཐོབ་ནས་


MR27_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལའང་འཇིགས་མེད་རྣམ་པར་རྒྱལ། །མི་ཤིགས་ནམ་མཁའི་རྡོ་རྗེ་ཡེ་ཤེས་ཀྱི། །རྒྱལ་མཚན་མཆོག་ཐོབ་རྒྱལ་བསྟན་སྤེལ་གྱུར་ཅིག །བྱང་ཆུབ་བར་དུ་རང་དབང་མཆོག་ཐོབ་སྟེ། །ཉོན་མོངས་སྡུག་བསྔལ་རྒུད་པས་མི་ཚུགས་ཤིང་། །དད་དང་སྙིང་རྗེ་ཤེས་རབ་ཡེ་ཤེས་ཀྱི། །སྟོབས་མཆོག་མཚུངས་པ་མེད་པ་རྙེད་གྱུར་ཅིག །གང་དུ་སྐྱེས་ཀྱང་མཐོ་རིས་ཡོན་ཏན་བདུན། །མཆོག་ཏུ་འཕགས་པའི་ལུས་རྟེན་བཟང་པོ་ཐོབ། །ཆགས་སྡང་སྙེམས་སོགས་དྲི་མ་ཡོངས་སྤངས་ཏེ། །ལས་རླུང་སེམས་ཀྱི་དགེ་ཆོས་སྤྱོད་གྱུར་ཅིག །རིགས་གསུམ་པདྨའི་ཐུགས་ཀྱི་འོད་ཟེར་མཆོག །རྟག་ཏུ་སྙིང་ལ་འབྲལ་མེད་ཡོངས་ཤར་ཏེ། །འཇམ་དཔལ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ། །ཕྱིར་མི་ལྡོག་པར་དེང་ནས་འཇུག་གྱུར་ཅིག །མཁའ་ཁྱབ་འགྲོ་ལ་ཕན་བདེའི་དཔལ་སྦྱིན་ཅིང་། །མཁའ་མཉམ་བཀྲ་ཤིས་དཔལ་གྱི་སྣང་བ་འབར། །མཁའ་འདྲ་གཡོ་མེད་ཡེ་ཤེས་སྟོབས་ཐོབ་ནས། །མཁའ་ཡི་མུ་དང་མཉམ་པར་གནས་གྱུར་ཅིག །མེ་རྟ་ཟླ་༣ ཚེས་༡༠ དགེ་བར་བྲིས།། ༈ །།བདག་ནི་འདི་ནས་བླ་མེད་བྱང་ཆུབ་མཆོག །མ་ཐོབ་བར་གྱི་ཚེ་རབས་ཐམས་ཅད་དུ། །མཆོག་ཏུ་མཛེས་པ་རྡོ་རྗེ་ལྟ་བུའི་ལུས། །འཇིགས་མེད་ནམ་མཁའ་ལྟ་བུའི་སེམས་ལྡན་ཞིང་། །རྟག་ཏུ་ཡིད་བདེ་དཀོན་མཆོག་གསུམ་ལ་དད། །འགྲོ་


MR27_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་རྗེ་ཆེན་པོའི་བློ་དང་ནི། །ལུས་དང་ལོངས་སྤྱོད་དག་ལ་མི་ཆགས་པར། །ཐེག་པ་མཆོག་ལ་བརྩོན་པས་འཇུག་པར་ཤོག །ཚེ་རིང་ནད་མེད་དཔལ་འབྱོར་འདོད་དགུ་རྒྱས། །ཡིད་ལ་བསམ་པ་གེགས་མེད་ཡིད་བཞིན་གྲུབ། །བདུད་དང་ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་ཞིང་། །རང་སེམས་དབང་གྱུར་ཤིན་ཏུ་ལས་རུང་ཤོག །རྒུད་དང་སྐལ་ངན་བཀྲ་མི་ཤིས་པའི་སྐྱོན། །མིང་ཙམ་མེད་ཅིང་སྐལ་བཟང་བཀྲ་ཤིས་འཕེལ། །ལྟོས་བཅས་ཀུན་ཀྱང་ཡིད་མཐུན་དགེ་ཤིས་ལྡན། །མི་མཐུན་སྡུག་བསྔལ་ཅུང་ཟད་མེད་པར་ཤོག །ཇི་ལྟར་བདེ་ཡང་སྒྱུ་མ་ལྟར་ཤེས་ཤིང་། །སྡུག་བསྔལ་ཅན་གྱི་འགྲོ་ལ་སྙིང་རྗེ་སྐྱེད། །འཁོར་བའི་ཕུན་ཚོགས་ཆོས་ཀྱི་གྲོགས་ཤར་ཏེ། །ལམ་གྱི་གེགས་སུ་ཅུང་ཟད་མི་འགྱུར་ཤོག །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །ཐེག་པ་མཆོག་གི་ལམ་དུ་འབད་མེད་ཐོབ། །དངོས་གྲུབ་རྣམ་གཉིས་ཡིད་བཞིན་གྲུབ་གྱུར་ནས། །བསྟན་འགྲོའི་དོན་ཆེན་ངང་གིས་འགྲུབ་གྱུར་ཅིག །མཐར་ཐུག་འཇམ་དཔལ་དབྱངས་དང་ཀུན་བཟང་གི། །དགོངས་སྤྱོད་ཟབ་མོ་ཇི་འདྲ་དེ་འདྲ་བས། །ནམ་མཁའ་ཇི་སྲིད་རྒྱལ་བའི་ཆོས་འཛིན་ཅིང་། །མུ་མེད་འགྲོ་བའི་དོན་ཆེན་སྒྲུབ་པར་ཤོག །མེ་བྱ་ཟླ་༧ ཚེས་༥ ལ་དྷཱིས་བྲིས་པ་དགེ།། ༈ །།བདེ་བ་ཅན་དུ་སྐྱེ་བར་འདོད་པ་རྣམས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་


MR27_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཉམས་ལེན་ནི། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། ཉིན་རེ་མཚན་ལན་བདུན་བརྗོད་ནས། འདྲེན་པ་འོད་དཔག་མེད་པ་དགོངས་སུ་གསོལ། །རྒྱལ་བ་ཁྱེད་ཀྱི་ཐུགས་བསྐྱེད་ཇི་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དགེ་བའི་རྩ་བ་ཇི་སྙེད་བགྱིས་པ་རྣམས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྒྱལ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེས་ནས་ཀྱང་། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཀུན། །ཡོངས་སུ་རྫོགས་པའི་སླད་དུ་བསྔོ་བགྱིད་ན། །ཚེ་འདི་འཕོས་མ་ཐག་ཏུ་དག་པའི་ཞིང་། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང་། །འདྲེན་པ་འོད་དཔག་མེད་ཀྱིས་ལུང་བསྟན་ནས། །རྫོགས་སྨིན་སྦྱོང་བ་མཐའ་རུ་ཕྱིན་པར་ཤོག །ཅེས་པའང་ཆོས་དབྱིངས་འོད་གསལ་ནས་བསྐུལ་ངོར་མི་ཕམ་པས་བྲིས་པ་དགེ།། ༈ །།སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མི་ཕམ་པས་སོ།། ༈ །།བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྩ་གསུམ་དགྱེས་པའི་བྱིན་རླབས་སྙིང་ལ་ཞུགས། །བློ་རྩེ་མཆོག་སྨིན་དམ་ཚིག་རྣམ་པར་དག །ཐབས་ཤེས་བདེ་སྟོང་རྡོ་རྗེའི་དགོངས་སྤྱོད་ལྡན། །


MR27_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འདུ་བའི་གྲལ་དུ་ངེས་གནས་ཤོག །དཱི་པཾ་ས་རའི་སྐྱེད་ཚལ་དང་། །མ་ཏི་ས་རའི་བུང་བ་གང་། །ལྷན་ཅིག་རིག་འཛིན་གྲལ་ཚོགས་པའི། །རྟེན་འབྲེལ་ཚོགས་ཀྱི་སྨོན་ལམ་དགེ།། ༈ །།སྐྱེ་ཞིང་སྐྱེ་བར་བླ་མ་ལྷ་དང་སྔགས། །རྡོ་རྗེ་ཐེག་པའི་དགོངས་དོན་ལ་གུས་ཤིང་། །བློ་བརྩོན་མཆོག་ལྡན་ཡོན་ཏན་ཀུན་ཚང་བས། །དངོས་གྲུབ་རྣམ་གཉིས་བདེ་བླག་གྲུབ་གྱུར་ཅིག །སྔགས་སྤྱིའི་སྨོན་ལམ་དགེའོ།། །།ཕྱོགས་དུས་འགྲོ་ཁམས་རྒྱ་མཚོ་ཇི་སྲིད་པ། །དེ་སྙེད་རྒྱལ་ཀུན་ངོ་བོ་པདྨ་ཡི། །ཕྲིན་ལས་བྱེད་པོར་བདག་ཉིད་གྱུར་ནས་ཀྱང་། །སྲས་བཅས་རྒྱལ་བའི་སྤྱོད་ལ་འཇུག་པར་ཤོག །ཅེས་སོ། །སྔགས་བཟླས་པའི་མཇུག་ཏུ། ལྷ་ཆྒཻ་མོས་བདག་གི་རྒྱུད་རྟག་ཏུ་འདུ་འབྲལ་མེད་པར་བྱིན་གྱིས་བརླབས་ནས་སྔགས་ཐམས་ཅད་གྲུབ་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་བྱང་ཆུབ་མཆོག་གི་ལམ་ལས་ཕྱིར་མི་ལྡོག་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷ་ཆྒཻ་མོའི་གོ་འཕང་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཅེས་སོ།། ༈ །།ལས་རབ་འབྱམས་སོ་སོའི་སྨོན་ལམ་ནི། འཇིགས་པ་བརྒྱད་སོགས་ཕྱི་ནང་ཉེར་འཚེའི་ཚོགས། །ལས་ཉོན་སྒྲིབ་བསྐྱེད་བླུན་སེམས་ངན་པའི་ཆ། །བདུད་བཞིའི་འགྱུར་བ་སྐྱེད་བྱེད་འགྲོ་བའི་རྒྱུན། །མིང་མེད་ཞི་བའི་ཕྲིན་ལས་མཐར་ཕྱིན་ཤོག །འབྱོར་


MR27_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་ལྡན་ནོར་བུའི་གཏེར་ལ་སྤྱོད། །སྲིད་དང་ཞི་བའི་ལེགས་ཚོགས་གོང་དུ་འཕེལ། །དོན་གཉིས་ཕུན་ཚོགས་ཡེ་ཤེས་འབྱོར་པའི་དཔལ། །ལྷུན་གྲུབ་རྒྱས་པའི་ཕྲིན་ལས་མཐར་ཕྱིན་ཤོག །འགྲོ་ཁམས་རྒྱ་མཚོ་མོས་པ་རྣམ་བཞིས་སྡུད། །འཁོར་འདས་ལམ་གྱི་དྭངས་བཅུད་ཐོགས་མེད་འགུགས། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་པ་ཡི། །རབ་འབྱམས་དབང་གི་ཕྲིན་ལས་མཐར་ཕྱིན་ཤོག །ཕྱི་རུ་འཚེ་ཞིང་གནོད་པའི་དགྲ་དང་བགེགས། །ནང་དུ་འདི་ཕྱིའི་ལེགས་ལམ་འགོག་པའི་གེགས། །གསང་བ་ལམ་མཆོག་བར་དུ་གཅོད་པའི་བདུད། །ཚར་གཅོད་དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག །འཕོ་ཞིང་འགྱུར་བའི་སྲིད་ལས་རྣམ་གྲོལ་བ། །ཡོན་ཏན་ཀུན་བདག་མཚུངས་མེད་ཆོས་ཀྱི་རྗེ། །རྟག་ཁྱབ་ཕན་བདེ་ལྷུན་གྲུབ་ཡེ་ཤེས་སྐུར། །བྱང་ཆུབ་མཆོག་གི་ཕྲིན་ལས་མཐར་ཕྱིན་ཤོག།། ༈ །།ལས་བཞིའི་སྨོན་ལམ་ནི། མི་མཐུན་བར་ཆད་གེགས་ཀུན་ཡོངས་སུ་ཞི། །འདོད་དགུ་ཕུན་ཚོགས་དཔལ་འབྱོར་འཕེལ་ཞིང་རྒྱས། །གང་བསམ་ཡིད་བཞིན་ལྷུན་གྲུབ་དབང་གིས་ཕྱུག །དགྲ་བགེགས་ཚར་གཅོད་ཕྱོགས་ལས་རྣམ་རྒྱལ་ཤོག །ལྕགས་ཡོས་ཟླ་༡ ཚེས་༦ ལའོ།། ༈ །།དཔལ་དང་གྲགས་དང་དབང་ཕྱུག་དང་། །སྐལ་བཟང་འབྱོར་པ་ཕུན་


MR27_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས། །དངོས་གྲུབ་མ་ལུས་ཀུན་ཐོབ་ཅིང་། །དགེ་ལེགས་བཀྲ་ཤིས་འཕེལ་བར་མཛོད། །ཡང་ན་ཤོག་ཅེས་བརྗོད། འདོད་གསོལ་གཏོར་འབུལ་མཎྜལ་སོགས་ལ་སྦྱར་བ་དྷཱིས་སོ།། ༈ །།བློ་གྲོས་ཉི་མ་སྒྲིབ་པའི་སྤྲིན་ལས་གྲོལ། །བརྩེ་བའི་ཟླ་རྒྱས་ས་གསུམ་ཀུན་དགར་བྱེད། །མཐུ་སྟོབས་རྡོ་རྗེས་བདུད་དཔུང་མཐར་བྱེད་ཅིང་། །འཇིག་རྟེན་གསུམ་ན་ཕན་བདེ་བྱེད་པར་ཤོག །མཁྱེན་བརྩེ་ནུས་པའི་སྨོན་ལམ་མོ།། ༈ །།བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །རྣམ་རྟོག་ངན་པའི་དབང་དུ་མི་འགྲོ་ཞིང་། །སེམས་ལ་དབང་ཐོབ་རྒྱལ་བའི་བྱིན་རླབས་ཞུགས། །འཇིགས་མེད་བདེ་ཆེན་རྡོ་རྗེ་ཐོབ་པར་ཤོག །སྙིང་སྟོབས་རྡོ་རྗེ་ལྟ་བུར་གྱུར་པའི་སྨོན་ལམ་མོ།། ༈ །།བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །མཚུངས་མེད་ལྟ་ན་སྡུག་པའི་ལུས་མཆོག་ནི། །ནད་མེད་སྟོབས་ལྡན་རྡོ་རྗེ་ལྟ་བུ་ཐོབ། །རྒྱལ་ཀུན་སྐུ་ཡི་བྱིན་རླབས་འཇུག་པར་ཤོག །ལུས་ལྟ་ན་སྡུག་པའི་སྨོན་ལམ་མོ།། ༈ །།བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །དབྱངས་སྙན་སྙན་ངག་བརྗོད་པ་ཕུལ་བྱུང་ཞིང་། །དབྱངས་ཅན་ངག་གི་རྒྱལ་མོ་མགྲིན་པར་ཞུགས། །དམ་ཆོས་རྒྱ་མཚོའི་སྒྲ་དབྱངས་སྒྲོག་པར་ཤོག །ངག་དབྱངས་སྙན་པའི་སྨོན་ལམ་མོ།། ༈ །།བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །སྲིད་ཞིའི་ཡོན་ཏན་ཕུན་སུམ་


MR27_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཐོབ། །སྐྱོན་མེད་སེམས་ཀྱི་གཞན་ཕན་དོན་གཉེར་ཞིང་། །རྒྱལ་བའི་ཆོས་མཛོད་རྒྱ་མཚོ་འཛིན་པར་ཤོག །ཡིད་ལྷག་པའི་བསམ་པ་དང་ལྡན་པར་སྨོན་པའོ།། ༈ །།དགེ་བ་འདི་ཡིས་མཁའ་ཁྱབ་འགྲོ་ཀུན་གྱི། །ལུས་དང་སེམས་ཀྱི་ཟུག་རྔུ་ཀུན་བསལ་ནས། །དུག་གསུམ་རྒྱུ་འབྲས་ནད་སེལ་བླ་ན་མེད། །སྨན་པའི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །སྨན་སྦྱིན་པའི་དུས་ཀྱི་སྨོན་ལམ་རང་གི་ག་བུར་ཉེར་ལྔ་འཐུང་ཚེ་རབ་ཚེས་ལྕགས་ཡོས་ཟླ་༣ ཚེས་༢༤ ལའོ།། ༈ །།སྦྱིན་པའི་བདག་པོ་དམིགས་ཡུལ་འདི་དག་ཚེ་རབས་ཐམས་ཅད་དུ། །རྟེན་བཟང་མཆོག་ཐོབ་བདེ་སྐྱིད་ཕུན་ཚོགས་ལྡན། །ཐེག་ཆེན་ལམ་ཞུགས་རྒྱལ་སྲས་སྤྱོད་པ་རྫོགས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག།། ༈ །།སྐྱབས་གནས་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །ནད་གདོན་བར་ཆད་འཇིགས་པ་ཀུན་ཞི་ནས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། །འཇིགས་མེད་བདེ་ཆེན་རྡོ་རྗེ་ཐོབ་པར་ཤོག །ཤིང་སྦྲུལ་ཟླ་༥ ཚེས་༢༦ ལ་བྲིས་སོ་དགེ།། ༈ །།ཚེ་རིང་གང་བསམ་འདོད་དོན་མཐར་ཕྱིན་ཅིང་། །འགལ་རྐྱེན་གང་གིས་མི་ཚུགས་གྲོགས་སུ་ཤར། །དོན་དང་བསོད་ནམས་འབད་མེད་ལྷུན་གྱིས་གྲུབ། །འཇམ་དཔལ་འོད་ཟེར་སྙིང་ལ་ཞུགས་གྱུར་ཅིག །ཤིང་སྦྲུལ་ཟླ་༥ ཚེས་༢༧ ལ་བྲིས་


MR27_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སོ།། ༈ །།ཅོག་བཞག་བཞི་ལྡན་ཁྲེགས་ཆོད་དགོངས་པ་དང་། །མངོན་སུམ་འོད་གསལ་ཐོད་རྒལ་ཉམས་ལེན་གཉིས། །ཟུང་འཇུག་རྡོ་རྗེ་སྙིང་པོའི་ལམ་མཆོག་གིས། །ཚེ་འདིར་གདོད་མའི་གཏན་སྲིད་ཟིན་པར་ཤོག །ཟླ་༡༡ ཚེས་༡༣ ལ་དྷཱིས་སོ། །མངྒ་ལཾ།། ༈ །།བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སྨོན་ལམ་རྒྱ་མཚོའི་འདུས་སྡོམ་རྒྱལ་པོ་དོན་ཆེ་བས་ཀུན་གྱི་ཐུགས་དམ་མཛད་པར་ཞུ། རང་འདོད་པའི་ལྷ་ལ། འཇམ་དཔལ་གཞོན་ནུ་ཁྱེད་ཀྱི་ཐུགས་བསྐྱེད་དང་སོགས་ཁ་བསྒྱུར་བས་ཆོག་གོ།། ༈ །།རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། རྩ་གསུམ་རྒྱལ་བའི་དགྱེས་ཞལ་རབ་ངོམ་ཞིང་། །ཐེག་མཆོག་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ནི། །ཕྱོགས་ཀྱི་འཁོར་ལོ་ཀུན་ནས་ཡོངས་ཁྱབ་པར། །མི་ནུས་ལེགས་པར་འཛུགས་པའི་བཀྲ་ཤིས་ཤོག །ཅེས་པའང་མི་ཕམ་པས་སོ།། ༈ །།འགྲོ་དོན་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག །དགོས་


MR27_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཚེ་རིང་ནད་མེད་བདེ་སྐྱིད་བཀྲ་ཤིས་ཤོག །ཆོས་སྲིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་པའང་མི་ཕམ་པས་སོ།། ༈ །།འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །


MR27_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །


MR27_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་༥ ཚེས་༣ གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོ་མངྒ་ལཾ། དགེ་ལེགས་ཆེར་འཕེལ།། ༈ །།བཀྲ་ཤིས་བརྒྱད་པའི་དོན་བཤད་བཞུགས་སོ། །ན་མོ་ཨཱཪྱ་མཉྫུ་ཤྲཱི་ཡེ། ལགས། ཕྲན་དེང་སང་ན་རྒྱུ་འདིས་སྔར་དང་མི་འདྲ་བྲི་རྒྱུ་སོགས་མི་ནུས་པས། བཀྲ་ཤིས་བརྒྱད་པའི་ཕན་ཡོན་སོགས་རྒྱ་ཆེར་འབྲི་བར་རྔོ་མ་ཐོགས་པ་ལ་དགོངས་ཚོམ་མི་མངའ་བར་ཞུ་ཞིང་། མདོར་བསྡུས་ན། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བའི་མདོ་ལས། ལི་ཙྪ་བཱིའི་བུ་རབ་རྩལ་གྱིས་བཅོམ་ལྡན་འདས་ལ་ཞུས་པ། སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ་མཚན་ཐོས་ན། མི་དང་མི་མིན་གྱི་འཇིགས་པ་དང་འཚེ་བ་མེད་པ་དང་། གང་གིས་ཀྱང་སྨྲ་བ་ལ་མི་བཟློག་ཅིང་ཟིལ་གྱིས་མི་ནོན་པ་དང་། མཚན་འཛིན་པ་དེ་གཉིད་ལོག་པ་ནའང་སྡིག་པའི་རྨི་ལམ་མི་རྨིས་པ་དང་། གཡུལ་དུ་ལུས་ལ་མཚོན་གྱིས་མི་ཕོག་པ་དང་། དེ་ལས་བདེ་བར་ཐར་བར་འགྱུར་བ་བསྟན་


MR27_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་ཞེས་ཞུས་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ལ་སོགས་པ་ན་བཞུགས་པའི་སངས་རྒྱས་བརྒྱད་པོ་འདི་དག་གི་མཚན་བཀའ་སྩལ་ཏེ། སོ་སོར་འདོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་སོགས་སུ་ཤེས་པར་བྱ་ལ། འདིར་ནི་ཚིགས་བཅད་དུ་བསྡེབས་པའི་ཁྱད་ཙམ་མོ། །མདོ་དེ་ལས། སངས་རྒྱས་དེ་དག་གི་མཚན་ལེགས་པར་བཟུང་ཞིང་ཀུན་ཆུབ་པར་བྱས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ལ། སངས་རྒྱས་དེ་དག་གི་ཞིང་ནི་སྙིགས་མ་ལྔ་དང་བྲལ་བ་ཡིན་ཏེ། སངས་རྒྱས་འདི་དག་སྔོན་གྱི་སྨོན་ལམ་དང་ལྡན་པ་ཡིན་པའི་ཕྱིར། སྲོད་ལ་ཉལ་བ་དང་ལྡང་བ་ན་ཡང་བསམ་པར་བྱ། འཇིག་རྟེན་གྱི་བྱ་བ་གང་ཅི་ཡང་རུང་བ་བརྩམ་པ་ན་ཡང་མཚན་འདི་དག་བསམ་ལ་དེའི་འོག་ཏུ་བརྩམ་ན། དེར་ཡང་ཁྱེད་ལ་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ་པ་ནི་མ་ཡིན་པར་ཤེས་པར་བྱ་སྟེ། བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པས་ལྷ་རྣམས་ལྷ་མིན་གྱི་གཡུལ་ལས་རྒྱལ་བར་འགྱུར་ཏེ། མཚན་འདི་དག་བརྗོད་པ་ནི། བདེ་ཞིང་འཇིགས་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། ཡང་དག་པའི་མཚན་ཀུན་ནས།


MR27_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ལས་འདས་པ་དང་། ཟིལ་གྱིས་མི་གནོན་པ་དང་། ཞི་བ་དང་། ཡོངས་སུ་གདུང་བ་མེད་པ་དང་། འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །སྤྱིར་བསྐལ་པ་བསམ་གྱིས་མི་ཁྱབ་པར་རང་སངས་རྒྱས་མང་པོ་ལ་གནས་དང་ཡོ་བྱད་ཐམས་ཅད་དང་། ལྷ་ཡི་ཟས་ལྟ་བུའི་ཞལ་ཟས་སྦྱིན་པ་ལ་སངས་རྒྱས་ཞེས་པའི་སྒྲ་ཐོས་པ་ཙམ་ཕན་ཡོན་ཆེ་བར་གསུངས་ན། གུས་པས་མཚན་བརྗོད་པ་དང་། ཕྱག་འཚལ་བ་དང་། སྐུ་གཟུགས་བྱེད་པ་དང་། མཆོད་པ་བྱེད་པ་སོགས་ལྟ་ཅི་སྨོས་ཏེ། སངས་རྒྱས་ཀྱི་མཚན་ཙམ་ཐོས་པའི་ཕན་ཡོན་དཔག་ཏུ་མེད་པ་དག་མདོ་རྣམས་ལས་འབྱུང་ལ། བདག་གིས་བྲིས་པའི་སངས་རྒྱས་ཀྱི་མཚན་འབུམ་དུའང་ཅི་རིགས་བྲིས་ཡོད། འཇམ་དཔལ་ལ་སོགས་པ་བྱང་ཆེན་ཉེ་བའི་སྲས་བརྒྱད་པོ་འདི་ནི་ངོ་བོ་སངས་རྒྱས་ཡིན་དུ་ཟིན་ཀྱང་རྣམ་པ་སྲིད་པ་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་ཚུལ་དུ་འགྲོ་བའི་དོན་མཛད་པ་སྟེ། དེས་ན་སངས་རྒྱས་འབུམ་ཕྲག་གསུམ་གྱི་མཚན་བརྗོད་པ་ལས་འཇམ་དཔལ་གྱི་མཚན་བརྗོད་པ་ཕན་ཡོན་ཆེ་བར་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་སོགས་ལས་གསུངས། ཡང་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བརྗོད་པ་


MR27_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ཕན་ཡོན་ཆེ་བ་དང་། དེ་འདྲ་བར་ཕྱག་ན་རྡོ་རྗེའི་མཚན་ཀྱང་ཕན་ཡོན་ཆེ་ཚུལ་མདོ་དང་རྒྱུད་རྣམས་ན་ཡོད་ལ། བྱང་སེམས་ཉེ་སྲས་བརྒྱད་པོ་རེ་རེའི་བསྔགས་པ་ལ་བལྟས་ན་ཆེས་ངོ་མཚར་བ་དུ་མ་ཞིག་མདོ་རྣམས་ལས་གསུངས་པ། བདག་གིས་ཕྱོགས་གཅིག་རྟོགས་བརྗོད་དུ་བསྡུས་པ། ཉེ་སྲས་བརྒྱད་ཀྱི་རྟོགས་པ་བརྗོད་པ་རིན་པོ་ཆེའི་དོ་ཤལ་དུ་གཟིགས་པས་འཐུས། དེ་ནས་བྱང་ཆུབ་སེམས་དཔའ་བརྒྱད་པོ་འདི་དག་རེ་རེ་དང་། དེ་དག་གི་ཕྱག་མཚན་དང་མཚན་ཙམ་ཞིག་དྲན་ན་ཡང་བཀྲ་ཤིས་པར་བྱེད་པ་མདོ་རྒྱུད་འགར་གསལ། བྱང་ཆུབ་སེམས་མ་བརྒྱད་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་དགྱེས་པ་བསྐྱེད་པའི་ལྷ་མོའི་ཚུལ་དུ་དུས་ཐམས་ཅད་པར་བཞུགས་པ་ལས། ངོ་བོ་སངས་རྒྱས་རྣམས་དང་ཐ་དད་མེད་པར་རྒྱུད་རྣམས་ལས་གསུངས། ཉེ་བའི་སྲས་བརྒྱད་པོ་དང་སེམས་མ་བརྒྱད་པོ་འདི་དག་རྒྱུད་ཀྱི་སྐབས་སུ་ཁྲོ་བོ་གཤིན་རྗེ་གཤེད་སོགས་དང་། ལྷ་མོ་གཽ་རཱི་མ་སོགས་ཆ་ལུགས་དང་རྣམ་འགྱུར་མཚན་ཐ་དད་པ་སྣ་ཚོགས་སུ་སྣང་བ་ཙམ་སྟེ། གསར་མའི་བདེ་མཆོག་གི་སྒོ་མཚམས་བརྒྱད་པ། གསང་འདུས་ཀྱི་སེམས་དཔའ་སེམས་མ། འཇིགས་བྱེད་ཀྱི་ཁྲོ་བོ་ཡབ་ཡུམ་སོགས་སྣ་ཚོགས་དང་། རྙིང་མའི་བཀའ་བརྒྱད་དང་ཡང་དག་མར་མེ་དགུ་


MR27_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཀྱི་ལྷ་ཐམས་ཅད་དོན་འདི་དག་ཡིན་པར་རྒྱུད་ལས་གསལ། གུ་རུ་མཚན་བརྒྱད་དང་ངོ་བོ་གཅིག་ཡིན་པར་པདྨ་འབྱུང་གནས་ཉིད་ཀྱིས་གསུངས། སྐབས་འདིར་སེམས་མ་བརྒྱད་པོ་དེ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དུ་སྣང་བ་སྟེ། གང་ཞིག་དེ་ལས་གང་རུང་གཅིག་དྲན་པ་ཙམ་གྱིས་ཀྱང་བཀྲ་ཤིས་ཤིང་རྒུད་པ་མ་ལུས་པ་ཞི་བར་བྱེད་ལ། ཁྱད་པར་བཀྲ་ཤིས་གདུགས་ཀྱི་ལྷ་མོས་ཡུལ་གྱི་རྒུད་པ་ཞི་ཞིང་བཀྲ་ཤིས་པར་བྱེད། གསེར་ཉའི་ལྷ་མོས་མིག་གསལ་ཞིང་བློ་དང་ལྡན་ལ་ལུས་ཁམས་བདེ་ཞིང་བཀྲ་ཤིས་པར་བྱེད། བུམ་པའི་ལྷ་མོས་ལོངས་སྤྱོད་མི་ཟད་པ་དང་། མགུལ་པར་ཆོས་ཀྱི་སྒྲ་དབྱངས་མི་ཟད་པ་སོགས་ཀྱི་བཀྲ་ཤིས་བྱེད། པདྨའི་ལྷ་མོས་ངག་སྨྲ་བའི་ལྗགས་བཀྲ་ཤིས་པ་དང་། གཟུགས་ཡིད་དུ་འོང་བ་དང་། ཉེས་པའི་སྐྱོན་གྱིས་མ་གོས་པའི་བཀྲ་ཤིས་པར་བྱེད། དུང་གི་ལྷ་མོས་ཚེམས་བཟང་བ་དང་། སྙན་གྲགས་ཆེ་བ་དང་། རིམས་ནད་མེད་པའི་བཀྲ་ཤིས་བྱེད། དཔལ་བེའུའི་ལྷ་མོས་ཅི་བསམ་འགྲུབ་པ་དང་། བློ་གྲོས་འཕེལ་བ་སོགས་ཀྱི་བཀྲ་ཤིས་པར་བྱེད། རྒྱལ་མཚན་གྱི་ལྷ་མོས་ལུས་གཟི་བརྗིད་ཆེ་བ་དང་། ཕྱོགས་ལས་རྣམ་པར་རྒྱལ་ཞིང་དབུ་འཕང་མཐོ་བ་སོགས་ཀྱི་བཀྲ་ཤིས་བྱེད། འཁོར་ལོའི་ལྷ་མོས་ཐམས་ཅད་ལ་དབང་བསྒྱུར་བ་དང་། ཕྱག་དང་


MR27_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བཀྲ་ཤིས་པ་དང་། ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་སོགས་ཀྱི་བཀྲ་ཤིས་པར་སྔོན་གྱི་ལུང་དག་ལས་གྲུབ་བོ། །ཚངས་པ་དང་དབང་ཕྱུག་ཁྱབ་འཇུག་གསུམ་ནི་སངས་རྒྱས་ཀྱི་རྡོ་རྗེ་གསུམ་གྱི་རྣམ་པར་འཕྲུལ་པར་གསང་འདུས་རྒྱུད་ལས་གསུངས་ཤིང་། རིགས་གསུམ་མགོན་པོ་འཇིག་རྟེན་སྐྱོང་བའི་ཚུལ་དུ་བསྟན་པ་ཡང་ཡིན་ལ། རྣམ་པའི་ཚུལ་དུ་ཡང་སངས་རྒྱས་ཀྱི་ཞལ་མཇལ་ཞིང་བསྟན་པ་བསྲུང་བ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་རྒྱལ་པོ་འདི་གསུམ་ཡིན། ལྷའི་དབང་པོ་བརྒྱ་བྱིན་ནི། སངས་རྒྱས་ཞལ་མཇལ་བདེན་པ་མཐོང་བ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། དཀར་པོའི་ཕྱོགས་ཀྱི་ཁ་འཛིན། སུམ་ཅུ་རྩ་གསུམ་ལྷའི་རྒྱལ་པོ། མི་རྣམས་ལ་ལྟ་ཞིང་དགེ་བའི་ཕྱོགས་ཀྱི་གྲོགས་བྱེད་པ་ཡིན། རྒྱལ་ཆེན་བཞི་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་འདི་བཞི་ལ་གཙོ་བོར་གཉེར་དུ་གཏད་པ། ཕྱོགས་བཞིའི་དྲི་ཟ་དང་། གྲུལ་བུམ་ཀླུ་སོགས་ཀྱི་རྒྱལ་པོ་མཐུ་བོ་ཆེ་ཡིན་ཏེ། དེ་ལྟར་འཇིག་རྟེན་སྐྱོང་བ་བརྒྱད་པོ་འདིའི་གང་རུང་རེའི་མིང་ཐོས་ནས་བཟུང་ན་ཡང་འཇིགས་པ་དང་འཚེ་བ་ལས་སྲུང་ནུས་པ། ས་འོག་དང་ས་སྟེང་དང་ས་བླའི་ས་གསུམ་མམ་འཇིག་རྟེན་གསུམ་དུ་བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་སྤེལ་


MR27_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཙོ་བོ་འདི་དག་གི་མཐུ་དཔལ་ལ་བརྟེན་ནས་འཇིག་རྟེན་པ་རྣམས་བདེ་ཞིང་བཀྲ་ཤིས་པར་བྱེད་པའོ། །དེ་ནས་བཀྲ་ཤིས་བརྒྱད་པ་འདིར། དེ་བཞིན་གཤེགས་པ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། བྱང་ཆུབ་སེམས་མ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དང་། འཇིག་རྟེན་སྐྱོང་བ་བརྒྱད་པོ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱང་དོན་གྱིས་མ་འདུས་མེད་པ་ལྟ་བུ་ཡིན་པས། འདི་ལྟར་གཞུང་དེ་འདོན་པ་དང་། གུས་པར་བྱས་ན་སྡིག་སྒྲིབ་ཐམས་ཅད་ཞི་ནས་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ཅི་ལྟར་འདོད་པ་བཞིན་འཐོབ་པ་ལ་བསླུ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མདོ་སྡེ་དང་རྒྱུད་སྡེ་རྣམས་ལས་འདིར་བསྟན་གྱི་ལྷ་དེ་དག་བསྔགས་པའི་ཕྱིར་རོ། །སངས་རྒྱས་བརྒྱད་པོ་འདི་དག་ནི་ད་ལྟར་ཞིང་གང་ན་བཞུགས་ཤིང་འཚོ་གཞེས་པ་ཡིན་ཏེ། བཀྲ་ཤིས་པར་བྱེད་འདོད་པ་དེ་དག་གི་མཚན་བཟུང་བར་ཆེ་ཐང་དུ་བསྔགས་ཀྱང་སངས་རྒྱས་ཐམས་ཅད་ནི་དོན་ལ་ངོ་བོ་ཐ་དད་མ་ཡིན་ཏེ། སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་གྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །ཐ་དད་བྱ་བ་ནམ་ཡང་


MR27_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་ཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེ་བར་འགྱུར། །དེ་ཀུན་ཆོས་ཉིད་དག་ལ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །ཅེས་གསུངས་པ་བཞིན་ནོ། །དེས་ན་མདོར་བསྡུས་པ་འདི་ཙམ་རེ་ཞིག་སྤྱན་ལམ་དུ་གཟིགས་འབེབས་ཙམ་དུ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ་ལོ།། ༈ །།བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ་བཞུགས་སོ། །ཨོཾ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཟེའུ་འབྲུར་རྡོ་རྗེས་མཚན་པའོ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡི། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བའི་སྲས་བཅས་ཏིལ་གང་གོང་ལྟར་བཞུགས་པའི། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །


MR27_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འོད་ཟེར་སྣང་བས་མཁའ་ཁྱབ་གསལ། །ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་ཆོས་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་ཀྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེ་བདག་ལ་མཆོག་སྩོལ་ཞིང་། །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུས། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུ་ལ་བསིལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པའི། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུང་སྟེ། །མི་བདེ་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་


MR27_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་རབ་ཚེས་མེ་སྤྲེལ་ཟླ་༧ ཚེས་༧ ལ་མི་ཕམ་འཇམ་དཔལ་དགྱེས་པས་མངྒ་ལཾ།། ༈ །།བཀྲ་ཤིས་མཆོག་གྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ། དབུས་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །དཔལ་ལྡན་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོ། །རྟག་ཏུ་ཏིང་འཛིན་མི་གཡོ་ཕྱག་ན་འཁོར་ལོ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཧཱུྃ། ཤར་གྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་རྡོ་རྗེ་བདེ་བའི་མཆོག །བདུད་བཞི་རབ་ཏུ་འཇོམས་མཛད་ཕྱག་ན་རྡོ་རྗེ་བསྣབས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག༴ སྭཱ། ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་ལྷ་ཡི༴ རྒྱལ་བ་རིན་ཆེན་འབྱུང་ལྡན་དགོས་འདོད་ཀུན་གྱི་གནས། །ཡིད་བཞིན་རེ་བ་སྐོང་བས་ཕྱག་ན་རིན་ཆེན་བསྣམས། །དེས་ནི་དེང་འདིར་ཁྱོད་ལ༴ ཨཱཿ ནུབ་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བདེ་གཤེགས་སྣང་བ་མཐའ་ཡས་བདེ་བ་ཆེན་པོའི་སྐུ། །ཀུན་ནས་མཆོག་ཏུ་ཡིད་འོང་ཕྱག་ན་པདྨ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག༴ ཧཱཿ བྱང་གི་ཕྱོགས་ན་བཀྲ་ཤིས་ལྷ༴ སངས་རྒྱས་དོན་ཡོད་གྲུབ་པ་འཕྲིན་ལས་དཔལ། །ཐོགས་མེད་བྱ་བ་གྲུབ་མཛད་ཕྱག་ན་རལ་གྲི་བསྣམས། །


MR27_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཕྱག་ན་ཨུཏྤལ་བསྣམས་པ་ཡིད་འོང་དོན་གྲུབ་པ། །གཞོན་ནུའི་སྐུ་སྟེ་ཉེས་པའི་དྲི་མ་ཐམས་ཅད་སྤངས། །འཇིག་རྟེན་ཀུན་ན་དཔལ་གྱུར་ཐམས་ཅད་ཀུན་གྱི་དཔལ། །འཇམ་དཔལ་གཞོན་ནུས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་པདྨ་བསྣམས་པ་ས་གསུམ་མགོན་གཅིག་པུ། །འཇིག་དང་སྡུག་བསྔལ་ཀུན་སེལ་ཀུན་ཏུ་བདེ་མཛད་ཅིང་། །སྙིང་རྗེའི་ཐུགས་ལྡན་པདྨ་རྒྱས་པའི་སྤྱན་མངའ་བ། །སྤྱན་རས་གཟིགས་ཀྱིས་ཁྱོད་ལ༴ ཕྱག་ན་རྡོ་རྗེ་བསྣམས་པ་བགེགས་ཀུན་མཐར་བྱེད་ཅིང་། །འབར་བའི་མེ་ལྕེ་ཅན་ཏེ་བདུད་ཀྱི་ཡུལ་ཀུན་སྲེག །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྲིད་པ་ཡོངས་ཀྱི་མགོན། །རྡོ་རྗེ་འཛིན་པས་ཁྱོད་ལ༴ ཕྱག་ན་ཀླུ་ཤིང་བསྣམས་པ་བྱམས་པའི་སྤྲིན་ཆེན་གྱིས། །མཁའ་དབྱིངས་ཀུན་ཁྱབ་དམ་ཆོས་ཆར་ཆེན་རྟག་ཏུ་འབེབས། །དགེ་བའི་ལོ་ཏོག་སྨིན་པས་ས་གསུམ་རབ་དགའ་བ། །བྱམས་པ་མགོན་པོས་ཁྱོད་ལ༴ ཕྱག་ན་རལ་གྲི་བསྣམས་པ་ནམ་མཁའ་ལྟ་བུའི་སྐུ། །ནམ་མཁའི་དབྱིངས་ཀུན་དྲི་ཞིམ་འོད་ཟེར་དྲ་བས་ཁྱབ། །སྡིག་ལྟུང་མུན་པ་ཀུན་འཇོམས་ཕན་བདེའི་སྣང་བ་འགྱེད། །ནམ་ཁའི་སྙིང་པོས་ཁྱོད་ལ༴ ཕྱག་ན་ནོར་བུ་བསྣམས་པ་སྲིད་ཞིའི་


MR27_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱུར་སྐུ། །ཕུན་ཚོགས་བདེ་བའི་འབྱུང་གནས་ཡོན་ཏན་ཀུན་ཀྱི་ས། །མ་ལུས་འདོད་པ་ཐམས་ཅད་ཡིད་བཞིན་སྩོལ་མཛད་པ། །ས་ཡི་སྙིང་པོས་ཁྱོད་ལ༴ ཕྱག་ན་ཟླ་བ་བསྣམས་པ་ཉོན་མོངས་གདུང་སེལ་ཞིང་། །སྲིད་པའི་རབ་རིབ་ཀུན་འཇོམས་སྒྲིབ་པའི་དྲི་མ་སེལ། །ཡེ་ཤེས་སྣང་བ་རབ་སྦྱིན་ཆོས་ཀྱི་ཆར་འབེབས་པ། །སྒྲིབ་ཀུན་སེལ་བས་ཁྱོད་ལ༴ ཕྱག་ན་ཉི་མ་བསྣམས་པ་མཁའ་ལྟར་ཁྱབ་པའི་སྐུ། །ཡེ་ཤེས་སྣང་བའི་འོད་ཟེར་ཆོས་དབྱིངས་རྒྱས་པར་འགེངས། །སངས་རྒྱས་ཆོས་དང་འཕགས་པའི་རྒྱལ་མཚན་མཆོག་གྱུར་པ། །ཀུན་ཏུ་བཟང་པོས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །མ་ལུས་ཆོས་ཀུ་ན་ཆོས་ཀྱི་དབྱིངས་ཉིད་དེ། །ཆོས་དབྱིངས་ཇི་སྙེད་རྒྱལ་བའི་ཡེ་ཤེས་སྐུ། །ཀུན་ཀྱང་ཁྱོད་ལ་དགེ་ལེགས་ཆེན་པོ་ཡི། །དབང་བསྐུར་དགོངས་པས་བཀྲ་ཤིས་མཛད་གྱུར་ཅིག རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་ནི། །སྤྱན་ལ་སོགས་པས་རིན་ཆེན་བུམ་པ་ནས། །བདུད་རྩིའི་ཆུ་རྒྱུན་གཙུག་ཏུ་འབེབས་པ་ཡིས། །ཁྱོད་ལ་དེང་འདིར་བཀྲ་ཤིས་མཆོག་གྱུར་ཅིག །རྒྱལ་པའི་སྲས་པོ་ཕྱོགས་རྣམས་རབ་གྲགས་པ། །འཇིགས་མེད་ཞི་བའི་ཐུགས་ལྡན་དེ་དག་གིས། །སྣ་ཚོགས་མེ་ཏོག་སྤྲིན་གྱི་ཆར་འབེབས་པས། །ཁྱོད་ལ་བཀྲ་ཤིས་དམ་


MR27_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོག་གྱུར་ཅིག །རིགས་ཀྱི་སེམས་དཔར་མཆོག་ཏུ་ཡིད་འོང་བ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་དགའ་བའི་གླུ། །འཇིག་རྟེན་ཀུན་ཏུ་ཁྱབ་པར་བསྒྲགས་པ་ཡིས། །དེང་ཁྱོད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དུས་མཐའི་མེ་ལྟར་རབ་འབར་ཁྲོ་བོའི་ཚོགས། །འཇིགས་པའི་ང་རོ་དང་བཅས་གར་བྱེད་ཅིང་། །འབར་བའི་ལྟ་བས་བགེགས་རྣམས་མཐར་བྱེད་པས། །དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །རིགས་ཀྱི་བཀའ་ཉན་འཇིག་རྟེན་སྐྱོང་བའི་ཚོགས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཏེ། །བཀྲ་ཤིས་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས། །དེང་འདིར་ཁྱོད་ལ་བཀྲ་ཤིས་སྤེལ་གྱུར་ཅིག །ཡིད་ལ་ཇི་ལྟར་བསམ་པའི་དོན་གྲུབ་ཅིང་། །སྲིད་ཞིའི་དཔལ་ཡོན་ཀུན་ནས་ཕུན་སུམ་ཚོགས། །དཔལ་ལྡན་རྒྱལ་བའི་འབྱོར་པ་རྨད་བྱུང་དེས། །ཁྱོད་ལ་རྟག་ཏུ་བཀྲ་ཤིས་མཆོག་གྱུར་ཅིག །འགྲོ་དང་བྱ་བ་བརྩམ་སོགས་ལ། །ཐོག་མར་དྲན་ན་དོན་གྲུབ་ཅིང་། །དུས་སུ་ཡིད་ལ་བྱས་པ་ཡིས། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་ཨུཏྤལ་ཡིད་ལ་བྱས་པའི་སྐྱེན་ལས་ཆུ་འབྲུག་ཟླ་༡ ཚེས་༥ ལ་འཇམ་དཔལ་དགྱེས་པའི་བློ་ཡི་མཚོ་ལས་རྡོལ་བ་མངྒ་ལཾ།། ༈ །།བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་


MR27_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ། །ཨོཾ་སྭསྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡང་ཁྱབ་པ། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར། །ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དབྱངས་ལེན། །ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད། །ཀུན་ཀྱང་ཁྱེད་དགྱེས་བཞིན་ཀྱང་། ལ་བཀྲ་ཤིས་དཔལ་ཡོན་ཀུན། །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་པས། །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ། །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་བཀའ་གཏེར་དག་སྣང་བརྒྱུད། །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་ཁྱོད་རང་དོན་དུ་བྱེད་ན། དེང་འདིར་ཞེས་བསྒྱུར། མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྟོན་པ་བཅུ་གཉིས་


MR27_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་དེས། །དེང་ཁྱོད་སོགས། རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བཅུ་སོགས། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་ཁྱོད་སོགས། སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་མཛོད། །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས། །དེང་ཁྱོད་སོགས། ཉེ་བའི་སྲས་མཆོག་བརྒྱད་དང་སེམས་མ་བརྒྱད། །སྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི། །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས། །དེང་ཁྱོད་སོགས། རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་བཀྲ་ཤིས་དེས། །དེང་ཁྱོད་སོགས། སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས། །དུས་གསུམ་རྒྱལ་བའི་ཕྲིན་ལས་


MR27_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་ཁྱོད་སོགས། བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དང་། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་བ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པའི་བཀྲ་ཤིས་ཤོག །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ། །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་༥ ཚེས་༡༡ གཟའ་སྐར་སོགས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ། བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་བ་རྣམས་ལ་དཔལ་དུ་གནས་པ། དེ་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ། །


MR27_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །ཨོཾ་སྭ་སྟི། ༡ མཁྱེན་བརྩེའི་ཆུ་གཏེར་མནྡཱ་རས། །བསྲུབས་པས་སྣ་ཚོགས་ཤིང་རྟ་དང་། །འོད་དཀར་ཅན་ཡང་མཁའ་ལ་འཆར། །དེ་ཚེ་འོད་ཟེར་བྱེ་བ་བརྒྱས། ༢ །བློ་གྲོས་པདྨ་ཀུ་མུད་ཚལ། །མཆོག་ཏུ་རྒྱས་པའི་འཛུམ་ཕྲེང་གཡོ། །འཇམ་དཔལ་དབྱངས་དང་མི་ཕམ་མགོན། །རྣམ་རྒྱལ་རྒྱ་མཚོའི་དཔལ་ལ་ཆགས། ༣ །གང་དེའི་ལེགས་བཤད་རོལ་མཚོ་ལས། །ཆ་ཤས་རྩམ་ཞིག་སྤར་དུ་བསྐྲུན། །དགེ་ཚོགས་སེམས་ཅན་ཡོངས་ལ་སྦྱིན། །རྣམ་དག་སྨོན་ལམ་འགྲུབ་པར་ཤོག །ཅེས་པའང་རྣམ་དཀར་བྱེད་པ་པོ་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྱས་པ་སརྦ་དཱ་ཀ་ལྱཱ་ཎ་བྷ་ཝ་ཏུ།། །།


MR27_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གྱི་ཐུགས་དམ་རྩ་ཐོ། ཐོ་རངས། ཚིག་བདུན་ཐོག་དྲངས། ནུབ་ཕྱོགས་ཨོ་རྒྱན་དབང་སོགས། བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ཏུ་གསོལ། ཝ་ཀྱེ་སོགས་རིགས་གསུམ་སྔགས་གསུམ་རེ། སིདྡྷི་བཞི། སྐྱེ་ཞིང་སྐྱེ་བ་དག་ནི་སོགས། ཧྲཱིཿ རིག་འཛིན་ཨོ་རྒྱན་པདྨ་ཐོད་སོགས། བཛྲ་གུ་རུ་བརྒྱད། བདག་ནི་སྐྱེ་བ༴ རྣམ་རྟོག༴ སེམས་ལ༴ འཇིགས་མེད༴ དགེ་བ༴ བདེ་ཆེན་པདྨ་རྒྱལ་པོ༴ སྦྱི་གཙུག་པད་སྡོང་སོགས། སྐྱབས་སེམས་ཡན་ལག་བདུན་རྗེས། བདག་ཉིད་དམ་ཚིག་གི་སོགས། ཡང་གསང་སྙན་བརྒྱུད་མ་ལྟར། གསོལ་འདེབས་གསུམ། དཀར་ལྟེམ་གྱིས་གང་བར་གྱུར། ཨོཾ་གུ་རུ་ཨཱཿ ཡུར་སིདྡྷི་སོགས། སྔགས་བརྒྱ་རྩ་བརྒྱད། མཐར་ལུས་ནང་འཆི་མེད་བདུད་རྩིར༴ ཚེ་ཡི་རྟེན་དུ་བཞུགས་པར་གྱུར། སླར་ཡང་། ཀྱེ་དུས་གསུམ་སོགས་གསོལ་འདེབས་ཚར་གཅིག་མཐར། ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ཡབ་ཡུམ་རྩ་དབུ་མའི་ལམ་ནས་མར་བྱོན་སྙིང་གའི་ཚེ་རྟེན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་བཞུགས་པས་སྐྱེ་འཇིག་དང་བྲལ་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་བྱིན་གྱིས་རླབས་པར་གྱུར། མཉམ་ཉིད་ལྟ་བའི་ངང་ནས་ཚེ་གཟུངས་ཚར་གཅིག་བརྗོད། སེམས་


MR27_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་ཡི་རིག་འཛིན་བསྒྲུབ་པར་བྱའོ། །རྨ་བྱ་བརྒྱད་ཀྱི་བཏེགས་པའི་སོགས། རྩ་སྔགས་རྣམས་དམར་ཁྲིག་གེར་འཁོར་བར་གྱུར། རླུང་ཁུག་བཞི་བཟུང་དམིགས་པ་བཞི་པོ་བྱ། སླར་དམིགས་པ་དེ་ལྡན། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་བཛྲ་ཨཱཿཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ བརྒྱ་རྩ་བརྒྱད་བཟླ། ནང་སྒྲུབ་ཀྱི་པདྨ་ཨཱཿཡུ༴ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༴ ཚེ་བྷྲཱུྃ་སོགས་ཏེ། ཚན་གསུམ་རེ་རེ་བཞིན་གསུམ་རེ། ཕྱི་སྒྲུབ། ཧཱུྃ་བྷྲཱུྃ་བཛྲ་སོགས་ཚར་རེ། སྒྲོལ་མའི་སྔགས་ཚར་གསུམ། རྣམ་རྒྱལ་གཟུངས་རིང་ཚར་གཅིག །ཨོཾ་བྷྲཱུྃ་ཅི་རིགས། ཨ་མཱ་ར་ཎི་གསུམ། ཚེ་གཟུངས་ཚར་གཅིག །ཐང་རྒྱལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་མཐའ་ཡས་སོགས། ཐང་རྒྱལ་གསོལ་འདེབས་ཚར་གཅིག །སྔགས་ཚར་གསུམ། བཀའ་བརྒྱད་སྤྱི་དྲིལ་ལ་སྦྱར། ཧ་གསུམ་མ་ཚར་གསུམ། ཨོཾ་ཨཱཿཧཱུྃ་ཧྲཱིཿ མ་ཧཱ་གུ་རུ་ཨཱཪྱ་མཉྫུ་ཤྲཱི་སོགས། རཱུ་བ་ཙིཏྟ་སོགས། ཀུ་རུ་ཨོཾ། བར་ཚར་གསུམ་མམ་བཞི། ཧཱུྃ། ཚེ་ལ་དབང་མཛད་སྔགས་བཅས་ཚར་གཅིག་གིས་ཚེ་བཀུག གསོལ་འདེབས། ཨོཾ་ཨཱཿཧཱུྃ་སྐྱབས་གནས་མ་ལུས་སྔགས་བཅས་ཚར་གཅིག རྟེན་སྙིང་རྗེས། ཨོ་རྒྱན་


MR27_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འབྱུང་གནས། གསང་ཡུམ་མནྡར་བ་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། འཆི་མེད་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་ཀྱི་བདེན་པས། རྣལ་འབྱོར་པ་བདག་གི་ཚེ་དབང་དུ་གྱུར་ཅིག དབང་དངོས་གྲུབ་ཏུ་སོགས། མི་ཤིགས་རྡོ་རྗེ། མི་འགྱུར་གཡུང་དྲུང་། མི་ནུབ་རྒྱལ་མཚན། ཚེ་སྲོག་རྡོ་རྗེའི་བྲག་རི་ལས་སྲ་ཞིང་བརྟན་པའི་སྐལ་བ་མངའ་བརྙེས་ནས་འཆི་བ་མེད་པའི་ཚེ་ཡི་དངོས་གྲུབ་ཐོབ་སྟེ་རང་གཞན་གྱི་དོན་རྒྱ་ཆེན་པོ་རེ་འབྲས་ཡིད་བཞིན་གོང་འཕེལ་ཏུ་བྱིན་གྱིས་བརླབ་ཏུ་གསོལ། ཧྲཱིཿ བྷྲཱུྃ། མུ། ཅི་རིགས། སྣང་སྲིད་ཐམས་ཅད་ཚེའི་རང་བཞིན་འོད་དཀར་དམར་དང་འབྲུ་གསུམ་གྱིས་མེ་རེ་རེ་གང་བ་ཐམས་ཅད་བདག་ལ་ཐིམ། བདག་དང་ནང་གི་བདུད་རྩི་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་ཟླ་ལ་ཐིམ། དེ་ཡང་རྩ་སྔགས་ཉི་ཟླའི་གའུ་དང་བཅས་པ་རྡོ་རྗེ་དང་ནྲྀ་ལ་ཐིམ། གཞོམ་མེད་རྡོ་རྗེ་ཆེ་ཆུང་བློས་ཅི་ལྕོགས་གྱི་ནང་དུ་ཧཱུྃ་གི་ཁོང་སེང་བྲིས་མཚན་པར་བསམ་ལ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་སྙིང་གར་འཆང་ཞིང་། ན་མོ་བུདྡྷཱ་ཡ་སོགས། སྒྲ་མི་སྙན་གྱི་ཚེ་གཟུངས་གསུམ་མམ་གཅིག་བཟླ། དེ་ནས་རྡོ་རྗེ་ནྲྀ་དང་བཅས་པ་ནམ་མཁའི་ངོ་བོར་གྱུར། ནམ་མཁའ་སྟོང་ཉིད་གཞོམ་གཞིག་དང་བྲལ་བའི་ངང་དུ་དལ་གཅིག་


MR27_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་གོ། ཆོས་ཉིད་རིག་པའི་ངང་དུ་བཞག་པས་གཞོམ་གཞིག་བྲལ་བར་རྒྱས་བཏབ་ལ། སླར་ཡང་། ཨོཾ་འགྲུབ་པར་གྱུར་ཅིག་སོགས། དགེ་བ་འདི༴ ཚེ་དཔག་མེད་མགོན་འགྲུབ༴ འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འཆི་བའི་འཇིགས་དང་རྒུད་པ་མི་མྱོང་ཞིང་། །རྡོ་རྒྱུན་རྗེའི་ཚེ་དང་ལང་ཚོ་མཆོག་གྲུབ་ནས། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །ཨོཾ་ཡེ་དྷརྨ་སོགས། བྲག་ཕུག་མར་ཏི་ཀའི༴ འཆི་མེད་ཚེ་ཡི་དཔལ་ལ༴ བདག་སོགས་འགྲོ་ཀུན་ནས། རིག་བྱེད་མ། སྔགས་བཅུ་བསྐོར། དེ་ནས་དབང་བསྐོར། ཨོཾ་བཛྲ་ཌཱཀྐི་རཱ་ཛ་ཧཱུྃ་ཛཿ ཨོཾ་ཨཱཿཧཱུྃ་ཝ་ཤཾ་ཀུ་རུ་ཧོ། ཨོཾ་ཀུ་སུ་མ་མཱ་ལི་སོགས་འདོད་རྒྱལ་སྔགས་རིང་ཚར་གཅིག །ཕོ་ཐེམ་མོ་ཐེམ་དབང་ཤམ་ཅན། །ཁྲོས་ནག་དབང་སྔགས་རིང་མོ། པད་རྒྱལ། འཇམ་དཔལ་ཨ་ལི། ཨོཾ་ཧྲི་ཧྲི་པདྨཱ་ན་ཏ་ཀྲྀ་ཏ་སོགས་རྟ་མགྲིན་དབང་སྔགས། དབང་ཕྱུག་ཡབ་ཡུམ། གཞན་ཡང་ཨེ་བྲི་སོགས་དབང་བསྐོར་སྤྲོ་ན་བཟླ། སྤྲོ་ན་དབང་གི་གསོལ་འདེབས་སྐབས་སུ་བརྗོད། ཨོཾ་ཨཱཿཧཱུྃ། དགེ་བ་འདི་ཡིས༴ ཚེ་རིང་ནད་མེད༴ འབད་དང་སོགས། འགྲོ་རྣམས་བསྒྲལ་འདོད་སོགས། བློ་ལྡན་མཆོག་སྲེད་སྔགས་བདུན་ཙམ་མམ་ཅི་རིགས།


MR27_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿདྷཱི་མ་མེ༴ ཨོཾ་ཝཱ་ཀྱེ་སོགས། ཨོཾ་ཝཱ་གི༴ བཛྲ་ཏིཥྞ་སོགས་སྤྲོ་ན་ཅི་རིགས་བཟླ། ན་མོ་མཉྫུ་ཤྲཱི་ཡེ་སོགས། བློ་འཕེལ་གཟུངས་རིང་། ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿཨོཾ་ཀུ་རུ་ཀུ་ལླེ༴ ཧྲཱིཿ གཅིག་མ་ཅི་རིགས། ཨོཾ་ཙནྜ༴ མི་གཡོ་དཀར་པོ། ཧཱུྃ་པི་ཙི་པི་ཙི་སོགས་ཤེས་རབ་འཕེལ་སྔགས། རྫོགས་རིམ་བདག་ཉིད་སོགས་བསྡུ་རིམ། རྩོལ་བྲལ་གནས། ཨཱཿ ཆོས་ཀུན་འོད་གསལ་སོགས། འཇམ་དཔལ། ངག་བྱིན་རླབས་དབྱངས་གསལ་བཅས་རྗེས་སྔགས་འབྲུ་བདུན་ཅི་འགྲུབ། ཡེ་ཤེས་ལྷ་ཚོགས་མན་སྟོང་ཚིགས་མཆོད་བསྟོད་བྱ། སྐབས་འདིར་སངས་རྒྱས་མཚན་དང་། བླ་མའི་མཚན་ནས་གསོལ་འདེབས། ཕྲལ་དགོས་དུག་སེལ་གྲོགས་གནོད་ཞི་སོགས་ཅི་དགོས་ཀྱང་། དེ་ནས་བཅུད་ལེན་བསྐོར། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གསལ། རླུང་རོ་གསུམ་བསལ། བཅུད་འོད་ལྔའི་རྣམ་པར་བསྡུས་བསྟིམ་ང་ཁུག་བཞི། རང་ཉིད་སྐད་ཅིག་གིས་མཱ་མ་ཀིའི་སྐུར་གྱུར། ཨོཾ་ཤཾ་ཀ་རི་སོགས། སྔགས་ཚར་བཞིའམ་བདུན། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བདག་གི་ལུས་ངག་ཡིད་གསུམ་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། གནས་གསུམ་རྡོ་རྗེ་གསུམ་དངོས་ཨོཾ་དཀར་


MR27_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུམ་གསལ། རྒྱལ་ཀུན་བྱིན་རླབས་བསྡུས་དམིགས་རྡོ་རྗེ་རྩེ་གསུམ་ཕྱག་རྒྱ་གནས་གསུམ་བཞག་ཅིང་འབྲུ་གསུམ་བརྗོད། སླར་ཡང་ཕྱག་རྒྱ་བཅས། ཨོཾ་ཊུཾ་ཅི་རིགས་བཟླ། ལུས་ཐམས་ཅད་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དུ་བསམ། རྣམ་འཇོམས་ཉེ་སྙིང་། ཧཱུྃ་བཛྲ་བི་ད་སྭཱ་ཧཱ། ཞེས་བརྗོད། རང་ཉིད་སྐད་ཅིག་གིས་སངས་རྒྱས་སྤྱན་མའི་སྐུར་གྱུར། སྤྱི་བོར་ཟླ་དབུས་ཨོཾ་ལས་སྲིད་ཞིའི་བདུད་རྩི་བབ་ལུས་གང་དམིགས། ཨོཾ་རུ་རུ་སྥུ་རུ་སོགས། སྤྱན་མའི་སྔགས་ཅི་འགྲུབ། མཐར་ཟླ་བ་ཨོཾ་བཅས་འོད་ཞུ་ལུས་གང་བསམ། དེ་ནས་ང་རོ་ལན་གཅིག་སྣ་ནས་བསིང་། སླར་ཁ་ནས་ཆོས་ཀྱི་དབྱིངས་ཀུན་བདུད་རྩི་དཀར་པོ་དྲངས་ལུས་གང་དམིགས། བུམ་ཅན་བཞི་རྒྱུན་ལྡན། ཁོམས་སྐབས་ཇི་མང་བྱ། སླར་རང་ཉིད་ཀུན་བཟང་ཡབ་ཡུམ་སོགས། ནམ་མཁའ་སྣ་ནས་དྲང་བའི་བུམ་ཅན་བཞི་བཟུང་། ཐུན་མཐར་ལུས་སེམས་སོགས་ལྟར། རིག་ངོ་བསྐྱང་འཇམ་དཔལ་བདུད་རྩིའི་སྔགས། ཚོ་མ། ལེའུ་བདུན། གསོལ་འདེབས། མཆོག་སྦྱིན་རྡོ་རྗེ་སོགས་གསོལ་འདེབས། དབྱངས་གསལ་རྟེན་སྙིང་བཀྲ་ཤིས་བརྒྱད་པ་བཅས། ཐོར་ཐུན་ནོ། །འདི་རྗེས་སྦེན་བསྟོད་སོགས་སྐབས་སུ་དགོས་རིགས་སྐབས་སྐབས་ཀྱིས་ཤེས་སོ། །དེ་ནས་སྐབས་ཀྱི་བཟླས་བསྒོམ་


MR27_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱ། དགུང་ཐུན་ལ། འཇམ་དཔལ་འཇུག་སྔགས་ཅུང་བཟླས། བཏགས་གྲོལ་རྒྱུད་སྙིང་། གང་བློ་མ། མཎྜལ། སྨོན་ལམ། དོན་གྲུབ་ཨུཏྤལ་ཕྱག་རྒྱ་སྔགས་བཅས་བཞི། ཡིད་བཞིན་ནོར་བུའི་ཚིགས་བཅད་བཅས་ཟུར་བསྒྲིག་ལྟར་རོ། །དེ་ནས་ཚོགས་བསགས་ནས། ཧཱུྃ། རང་བྱུང་རིག་པ་སོགས། དཔལ་ཆེན། འབྲུ་གསུམ་ཆ་ཤས། གུ་རུ་ཤྲཱི་ཅི་རིགས། ཧཱུྃ་ཅི་རིགས། ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སོགས། སྤྱི་དྲིལ། བཛྲ་གུ་རུ། བོ་དྷི་ཙིཏྟ། ཨཱ་ལི་ཀཱ་ལི། དེ་ནས་ཆེ་མཆོག་སོགས་དཔལ་དགུ་སོ་སོའི་སྔགས་གསུམ་ཅི་རིགས། བཀའ་སྡོད་སྤྱི་དྲིལ་སོ་ལྔ་པ། ཧཱུྃ་བཟླས། ཆེ་མཆོག་ཚེ་ཤམ་ཅན་བདུན་སོགས། སྐད་ཅིག་གནམ་ལྕགས་རྡོ་རྗེ་ནི་སོགས་ལྟར། བཛྲ་ཡཀྴ་ཅི་རིགས། རྒྱལ་འདུལ་སོགས་བཏགས་ན་འདིར་ཅི་ལྕོགས་བཟླ། མཐར་འཁོར་འབར། ལོགྟྲི། རྟ་ནག །ཕུར་བའི་དྲག་སྔགས་སོགས་བཟླ། ཐུན་བསྡུ། ཧཱུྃ། ཨེ་ཉིད་སྟོང་པ་ཆོས་འབྱུང་སོགས་ཀྱིས། ཨེ་རིང་ཅི་རིགས། ཁྲོ་ཆུ། ཡང་བཟློག འཆར་ཀ་སོགས་གཤེད་སྐོར་སྔགས་རིགས་ཅི་ནུས་བཟླ། བཟློག་སྔགས་བཟླ་སོགས་གང་དགོས་སྐབས་སུ་སྦྱར། དེ་ནས་གསོལ་ཁ་རྒྱུན་དང་དུས་སུ་ཅི་དགོས་བཅས་བྱའོ། །དེ་དག་བར་ཐུན་གྱི་བསྒྲུབ་བྱའོ། །སྲོད་ལ་ཀུ་རུ་ཀུལླེ་ཧྲཱིཿཧཱུྃ།


MR27_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ་བཞི་བདུན་སོགས། རང་ཉིད་སྐད་ཅིག་གིས་གོས་དཀར་མོའི་སྐུར་གྱུར། ཨོཾ་ཨ་ཀ་ཊེ་སོགས་གཟུངས་བཟླ། ཚེ་བཅུད་བསྡུ་སོགས་དམིགས་པ་སྦྱར། གཏུམ་མོ་སྤར་ཞིང་རླུང་ཁུག་བཞི་ཉུང་མཐའ་བྱས་པའི་ཇི་འགྲུབ་བྱ། ཉལ་ཁར་ཏཱ་རེ་དང་འོད་ཟེར་ཅན་སྔགས་རིང་ཐུང་ཅི་རིགས། འབྲུམ་མེ་འབར་ལུས་སྦྱངས་ཅི་རིགས། ལུས་སྦྱིན་འཆི་བསླུའི་རྣལ་འབྱོར་བསྒོམ། སྨོན་ལམ་བར། དེ་ནས་ཀེང་རུས་མེ་འབར་དམིགས་པ་གསལ་ངེས་ལན་བཞི། བདེན་སྟོབས་བཅས་བརྗོད། གཉིད་སྔགས་ཨ་བུ་ཏ་སོགས། གཙུག་གཏོར་འབར་སྔགས། བཀྲ་ཤིས་བརྒྱད་བརྗོད། འོད་གསལ་བཟུངས། ནམ་སད་མ་ཐག་དབྱངས་གསལ་སོགས་ཤེས་རབ་རྩ་འབྱེད་བྱའོ། །འདི་ཙམ་རྒྱུན་གྱི་ཡི་དམ་ནར་མ་ཡིན་ལ། སྐབས་སྐབས་སུ་གང་དང་ཅི་བསྣན་འོས་པ་ནི་དེ་དེར་ཤེས་པར་བྱ་སྟེ། དུས་མིན་འཆི་བཟློག་དང་། གཙུག་གཏོར་དྲི་མེད་སོགས་དཔེར་བཀོད་ཀློག་པའི་ཡི་གེར་ཤེས་པར་བྱའོ། །འདི་ནི་རབ་ཚེས་མཛེས་བྱེད་ཆུ་ཡོས་ཟླ་བ་ལྔ་པའི་ཚེས་བཅུ་བདུན་ལ་སྔར་གྱི་རྩ་ཐོར་བཀོད་པ་གསལ་པོར་བསྡུས་ཏེ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ།


previousསྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།no next