Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གཉིས་པ།


   
   
  collapse section
སངས་རྒྱས་སྨན་བླའི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་སྨན་བླའི་སྐོར། no next

སངས་རྒྱས་སྨན་བླའི་སྐོར།

ཆོས་ཀྱི་ལོ་རྒྱུས།

དམ་ཆོས་བདུད་རྩིའི་ཐིགས་པ་ལས་ཆོས་ཀྱི་ལོ་རྒྱུས་བཞུགས་སོ། །གུ་རུ་རིན་པོ་ཆེའི་བཀའ་བཞིན་བདག་ལོ་ཙཱ་བས་བྲིས་པའི་ཤོག་དྲིལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །དེ་ཡང་ཆོས་འདིའི་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་ན། བདག་བོད་ཀྱི་རབ་ཏུ་བྱུང་བ་སྔ་ཕྱི་རྣམས་ཀྱིས་དེ་བཞིན་གཤེགས་པ་བདུན་མཆོད་པ་མཁན་པོ་རིན་པོ་ཆེ་ལྟར་སྤྱོད་བའི་དུས་སུ། གྲོགས་ནམ་སྙིང་དང་བཻ་རོ་གཉིས་ལ་བདག་ཀླུ་དབང་བསྲུང་གིས་དམ་པའི་ཆོས་འདི་ཡོངས་སུ་མི་ནུབ་པར་བྱ་བའི་ཕྱིར་དང་། རྒྱལ་པོ་དུད་འགྲོའི་མིང་གིས་བསྟན་པ་དར་ནུབ་སོགས་འབྱུང་བར་གསུངས་པས་མི་འཇིག་པའི་ཐབས་དང་། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་མཆོད་ཆོག་རྣམས་སྒྲུབ་གནས་ཤིག་ཏུ་གཏེར་ལ་གཞུག་ཅིང་སྨོན་ལམ་འདེབས་སམ་སྨྲས་པས། གྲོགས་པོ་བཻ་རོས་དེ་བཞིན་ལེགས་པས་སློབ་དཔོན་ཆེན་པོར་ཞུས་པ་འཐད་གསུང་། དེ་བཞིན་གསེར་གྱི་མཎྜལ་དང་བཅས་སློབ་དཔོན་ཆེན་པོ་ལ་ཞུས་པས། སྤྲེའུ་ཟླ་བའི་ཚེས་བཅུ་ལ་རྟེན་འབྲེལ་རྣམས་གོ་མ་ལོག་པ་བྱེད་གསུངས་པའི་ཚེ། མཆིམས་ཕུ་དགེའུའི་ཁྲི་ལ་སློབ་དཔོན་ཆེན་པོའི་གདན་དང་མཆོད་པ་རྣམས་བཤམས་ནས། རྒྱལ་པོ་ཡབ་སྲས་མཁན་པོ་རྗེ་འབངས་དད་ལྡན་རྣམས་འཁོད་བའི་དུས་སུ་སློབ་དཔོན་ཆེན་པོས་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་ཡང་དག་པའི་སྨོན་ལམ་ཡིད་ལ་དྲན་བཞིན་ཤར་ཕྱོགས་ལོགས་སུ་ཕྱག་ཀྱང་བྱ་ཞིང་། སེམས་ཅན་རྣམས་ལ་བརྩེ་བ་ཡང་བསྐྱེད་དང་། བདག་གིས་ཀྱང་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་ཡང་དག་པར་བསྐུལ་བར་བྱའོ། །གསུང་ཞིང་སློབ་དཔོན་ཏིང་ངེ་འཛིན་ལ་བཞུགས་པ་དང་། མཁན་པོ་ཆོས་རྒྱལ་ཡབ་སྲས་བདག་ཅག་རྣམས་ཀྱིས་བཀའ་བཞིན་སྤྱད་པས། སྐད་ཅིག་དེ་ཉིད་ལ་ནམ་མཁའི་མཐོངས་ལས་འཇའ་ཚོན་བཀྲ་བ་ལྟར་དེ་བཞིན་གཤེགས་པ་བདུན་སྐྱབས་གྲོལ་དང་། འཇམ་དཔལ་དབྱངས་དང་། ཕྱག་ན་རྡོ་རྗེ་སོགས་བྱང་ཆུབ་སེམས་དཔའི་འཁོར་མང་པོ་དང་བཅས་མངོན་སུམ་དུ་མཐོང་ཞིང་མཇལ་བས་རང་རང་གི་ལུས་རྒྱན་རྣམས་བཀྲོལ་ནས་ཕྱོགས་སུ་གཏོར་ཞིང་སྡིག་བཤགས་སྒྲིབ་སྦྱང་གི་གསོལ་སྨོན་མང་པོ་བཏབ། ཁྱད་པར་མཁན་པོས་སངས་རྒྱས་རྗེས་དྲན་ངེས་འབྱུང་གི་སྨྲེ་སྔགས་མང་པོ་དབྱངས་སུ་གྱེར། རང་རང་གི་གདོང་ཡང་མཆི་མས་གཡོགས་བཞིན་གདུང་ཤུགས་ཀྱིས་གསོལ་བ་བཏབ་པའི་ཚེ། སློབ་དཔོན་ཆེན་པོས་ཕྱག་གཡས་ནམ་མཁར་གདེངས་ནས་ཨཱཿཨཱཿཕེཾ་ཕེཾ་གསུངས་པ་དང་། འཁོར་རྣམས་གཙོ་བོ་ལ་ཐིམ་གཙོ་བོ་སློབ་དཔོན་ཆེན་པོའི་དབུ་གཙུག་ཏུ་འོད་སྔོན་པོ་ཞིག་ཏུ་གྱུར་ནས་ཐིམ་པ་དང་། མཁན་པོ་ཞི་བ་འཚོས་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ། །སློབ་དཔོན་ཆེན་པོ་བདག་ནི་ཆུང་ནས་ཆོས་ལ་སྦྱངས་ཤིང་ཁྱད་པར་དེ་བཞིན་གཤེགས་པ་བདུན་གྱི་མཆོད་ཆོག་མདོ་སྡེ་ལྟར་ཉམས་སུ་བླངས་ཀྱང་། སངས་རྒྱས་ཀྱི་ཞལ་མངོན་སུམ་དེ་རིང་མ་གཏོགས་མ་མཇལ། དེ་རིང་དེ་བཞིན་གཤེགས་པ་འཁོར་བཅས་མཇལ་བ་སློབ་དཔོན་རིན་པོ་ཆེ་ཁྱེད་ཀྱི་སྐུ་དྲིན་དུ་ཚོར། ད་སྟེ་བདག་སྐྱེ་བ་འདི་ནས་འཕོས་མ་ཐག་གཞན་གྱིས་བར་མ་ཆོད་པར་སྨན་པའི་རྒྱལ་པོའི་ཞིང་དུ་སྐྱེ་བའི་སྨོན་ལམ་བཏབ་པ་དེ་བཞིན་དུ་སློབ་དཔོན་ཐུགས་རྗེ་དང་ལྡན་པ་ཁྱེད་ཀྱི་མཐུས་ཀྱང་འགྲུབ་པར་གྱུར་ཅིག །ཅེས་ཞུས་པས་སློབ་དཔོན་ཆེན་པོས། བོ་དྷི་ས་ཏྭ་ཁྱེད་བྱང་ཆུབ་སེམས་དཔའ་བསྟན་འགྲོའི་དོན་ལ་སྐྱེ་བ་བཞེས་པ་ཡིན་པས་དག་པའི་ཞིང་ལ་མ་སྨོན། ངན་སོང་གི་གནས་ལ་མ་འཇིགས་ནམ་མཁའི་མཐར་ཐུག་གི་འགྲོ་དྲུག་གི་དོན་དང་། ཁྱད་པར་རང་རེ་གཉིས་ཀྱི་གདུལ་ཞིང་བོད་འབངས་ཀྱི་འགྲོ་དོན་དུ་ཡང་སྨོན་ལམ་རྒྱ་མ་ཆུང་། ད་ལྟ་ཇི་ལྟར་བཏབ་པའི་སྨོན་ལམ་དེ་རྣམས་འགྲུབ་ནས་བཻཌཱུརྱའི་འོད་ཀྱི་ཞིང་དུ་ཁྱེད་སྐྱེས་པའི་དུས་སུ། ད་ལྟའི་བོད་ཁམས་རྗེ་འབངས་རྣམས་ཀྱང་མཁྱེན་བཞིན་རྒྱུན་ཆད་མེད་པར་སྐྱོང་མཛོད་གསུང་། དེ་ནས་བདག་འཁོན་པ་ཀླུ་དབང་གིས་རིན་པོ་ཆེའི་རིགས་མང་པོའི་མཎྜལ་གྱིས་མཆོད་ཅིང་། ཀྱེ་སློབ་དཔོན་རིན་པོ་ཆེ་བདག་ཅག་བོད་ཀྱི་རབ་བྱུང་རྣམས་དང་། ཁྱད་པར་བདག་གིས་མཁན་ཆེན་པོའི་བཀའ་ཐོབ་ནས་དེང་གི་བར་དེ་བཞིན་གཤེགས་པ་བདུན་གྱི་མཆོད་ཆོག་ཉམས་སུ་བླངས་ཀྱང་། རྨི་ལམ་གྱི་དག་སྣང་ཙམ་ཡང་དཀའ་བར་བྱུང་། དེ་རིང་གུ་རུ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྗེས་དེ་བཞིན་གཤེགས་པ་འཁོར་བཅས་མཇལ་བ་ངོ་མཚར། ཇི་ལྟར་མཇལ་བའི་ལྷ་རྣམས་སློབ་དཔོན་ཆེན་པོ་ཁྱེད་ལ་ཐིམ་པས། ཁྱེད་ནི་སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དང་གཉིས་སུ་མེད་པར་མདོ་སྡེ་མྱ་ངན་འདས་ཆེན་པོ་སོགས་ལས་མང་དུ་གསུངས་པ་དོན་མཚུངས་པས་རྗེས་སུ་ཡི་རང་། སྔོན་བཅོམ་ལྡན་འདས་ཀྱི་དུས་ཀྱང་དེ་བཞིན་གཤེགས་པ་འཁོར་བྱང་སེམས་ཐམས་ཅད་མངོན་སུམ་དུ་མཇལ་བ། སངས་རྒྱས་ཀྱི་མཐུ་དང་དེ་རིང་ཇི་ལྟར་མཇལ་བ་ཐམས་ཅད་ཁྱེད་ཀྱི་མཐུ་ལགས་པས་རྗེས་སུ་ཡི་རང་བས་དུས་གསུམ་ཀུན་ཏུ་རིགས་དྲུག་ནམ་མཁའི་མཐར་ཐུག་གི་སེམས་ཅན་ཐམས་ཅད་འདྲེན་པར་མཛད་དུ་གསོལ། སྐྱོབ་པར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཁྱད་པར་བདག་གི་དཔེ་འདི་རྣམས་བྱིན་གྱིས་བརླབས་པའི་གནས་ཤིག་ཏུ་སེམས་ཅན་ལ་ཕན་པའི་ཕྱིར་གཏེར་དུ་སྦ་བ་དང་སྨོན་ལམ་མཛད་དུ་གསོལ། ཞེས་ཞུས་པས་སློབ་དཔོན་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས་སོ། །བུ་ལོ་ཙྭ་བ་རིགས་ཀྱི་བུ་ལེགས་པར་ཉོན་ཅིག སངས་རྒྱས་ཐམས་ཅད་ཀྱི་སྐྱེ་བརྒྱུད་ནི་དྲང་ངེས་གཉིས་ཡིན། དྲང་དོན་བདག་ཅག་གི་སྟོན་པའི་སྐྱེས་རབས་སོགས་འགྲོ་འདུལ་སྤྲུལ་སྐུ་རྣམས་ཀྱི་རྣམ་ཐར་ལྟར་དང་། ངེས་དོན་རྒྱལ་བ་ཀུན་ཏུ་བཟང་པོ་དང་གསང་སྔགས་ཀྱི་གཞུང་རྒྱུད་ལུང་ལྟ་བུ་སྟེ། བདག་ཅག་གི་སྟོན་པ་བདག་ཉིད་པདྨ་སངས་རྒྱས་སྨན་རྒྱལ་སོགས་སོ་སོ་མ་ཡིན་ཐ་མི་དད་། རིགས་ཀྱི་བུ་ཁྱོད་ཀྱི་སྨོན་ལམ་དང་གོ་ཡུལ་སོགས་བཟང་། དཔེ་གཏེར་དུ་སྦ་བ་ཡང་དེ་བཞིན་བགྱིད་དེ ། དེ་བཞིན་གཤེགས་པ་བདུན་གྱི་མདོ་འདི། ཆོས་འདིའི་རྩ་བ་ལ་མཆོད་པའི་ཆོ་ག་འདི། ཆོས་དང་ཐེག་པའི་བྱེ་བྲག་གི་ཁྱད་ཆེ་བས་མཁན་ཆེན་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ལས་བརྒྱུད་པ་འདི་དེང་སང་རྩོད་ལྡན་གྱི་བསྐལ་བའི་ཡར་ངོ་ཡིན་པས་འདི་བཞིན་ལེགས། ད་ནས་བཟུང་རིམ་གྱིས་སངས་རྒྱས་ཀྱི་བསྟན་པ་སེམས་ཅན་གྱི་བསོད་ནམས་བྲི་བཞིན་དུས་ཀྱི་ཐ་མ་བསྐལ་བའི་སྙིགས་མ། སངས་རྒྱས་བསྟན་པ་ལུང་གི་ལྷག་མ་ལ་ཉེ་བའི་དུས་སུ་ལས་ངན་གྱི་དབང་བཙན་པས་བོད་ཁམས་གྱི་ཆོས་གཟུགས་འཆང་བ་རྣམས་ཀྱང་ཕལ་ཆེར་འཆོལ་ཉོག་ཏུ་སྤྱོད་ངན་ཁོ་ནར་སྤྱོད་པའི་དུས་འོང་བས། དེ་དུས་བྱ་སྤྱོད་གྱི་ལྷ་བསྒྲུབ་མཆོད་བྱས་ཀྱང་བསོད་ནམས་ཀྱི་ཚོགས་རྫོགས་པ་ལས་ཟག་པ་གསོག་ཅིང་ཉེས་ལྟུང་མང་བའི་རྒྱུ་ཁོ་ན་ཏེ། ཅིའི་ཕྱིར་ན། མདོ་རྒྱུད་མང་པོ་ལས་བསམ་པའི་བྱེ་བྲག་ཉེས་པ་ཙམ་ཡང་ཆོས་ལམ་ལས་འགལ་བར་གསུངས་ན། སྡིག་དང་འདྲེས་པ་སོགས་ཀྱིས་ཚོགས་གསོག་པ་དང་། སྒྲིབ་པ་འདག་པར་དཀའ་ཞིང་། ཁྱད་པར་སྙིགས་མའི་དུས་ཕྱི་མའི་ཡང་ཕྱི་མར་གྱུར་པ་ན་ཆོས་ཚུལ་འཆང་བཞིན་སྤྱོད་པ་ཆོས་ལ་རྒྱབ་འགལ་ནས། རབ་ཏུ་བྱུང་བ་རྣམས་ཀྱིས་འབྲུ་ཡང་གསོག་ཅིང་ཞིང་ཡང་ལས་ཏེ། བ་ལང་དང་དུད་འགྲོ་ཡང་འཆང་། ཁྲིམས་ཀྱང་མནོས་ནས་གྲོང་པའི་ཞྭ་གོས་ཀྱང་བགོ །མཚོན་ཆ་རྣམས་ཀྱང་རྒྱན་གྱི་ཚུལ་དུ་འཆང་། མ་ཧཱ་བྷོ་དྷི་རྟེན་གསུམ་གཙུག་ལག་ཁང་གི་མཆོད་པ་དང་། པྲ་ཏི་ཧ་ན་དུས་ཀྱི་མཆོད་པ་སོགས་ཀྱི་ཕྱིར་དུ་ཁྲལ་གྱི་ཟས་དང་སེམས་ཅན་གྱི་སྲོག་ལ་འབགས་པ་སྣ་ཚོགས་ཀྱིས་གཡོ་རྒྱུས་ཆོས་བྱེད་ཟེར་ཡང་། ཆོས་ལས་རིང་དུ་རྒྱབ་ཀྱིས་ཕྱོགས་ནས་འབྲེལ་ཐོག་ལྟུང་བ་ལས་མ་འདས་པའི་དུས་ངན་འབྱུང་བས། དེ་བཞིན་གཤེགས་པ་བདུན་གྱི་ངོ་བོ་ཆོས་ཀྱི་དབྱིངས་ལ་གཙང་དམེར་འཛིན་པའི་མཐའ་དང་བྲལ་ཡང་། འཇམ་དཔལ་གཞོན་ནུར་གྱུར་པ་ལས་བརྒྱུད་པ་བྱ་སྤྱོད་ལ་འགྲོ་ཞིང་། ལག་ན་རྡོ་རྗེ་ལས་བརྒྱུད་པ་གསང་སྔགས་ཕྱི་ནང་གི་སྐབས་ལྷའི་ངོ་བོ་ལྟར་ལགས་པས། དུས་སྙིགས་མ་སེམས་ཅན་རྣམས་ཀྱིས་མཆོད་བསྟོད་བསྙེན་སྒྲུབ་གསང་སྔགས་ལྟར་གསུངས་པས། བདག་ཉིད་པདྨས་གསང་བའི་བདག་པོ་ལས་བླངས་ནས་བརྒྱུད་པའི་གསང་སྔགས་ཕྱི་པ་ལྟར་གྱི་མཆོད་ཆོག་དང་སྒྲུབ་དབང་སོགས་བཀོད་ནས་གཏེར་དུ་སྦ་བར་རིགས་སོ། །ཅེས་གསུངས་པ་དང་དེར་ཚོགས་པ་ཐམས་ཅད་ཀྱིས་འགྲོ་བ་འདུལ་བའི་དུས་དང་མཐུན་པའི་གདམས་པ་རྣམས་སྨན་པའི་རྒྱལ་པོ་དང་གུ་རུ་རིན་པོ་ཆེ་དབྱེར་མ་མཆིས་པས་བརྩེ་བས་རྗེས་སུ་བཟུང་དུ་གསོལ། བཀའི་གནང་བ་ཞིབ་ལ་རྒྱས་པ་སྩལ་དུ་གསོལ། ཞེས་ཞུས་ཤིང་ཕྱག་དང་མཎྜལ་སྐོར་བས་མཆོད་དོ། །དེའི་ཚེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་རིན་པོ་ཆེ། འཇམ་དཔལ་གཞོན་ནུར་གྱུར་པ་ལས་བརྒྱུད་པ་བྱ་སྤྱོད། ཕྱག་ན་རྡོ་རྗེ་ནས་བརྒྱུད་པ་གསང་སྔགས་གསུངས་པ་བརྒྱུད་པའི་བྱང་སེམས་ཀྱི་ཁྱད་ལས། ཐེག་པ་གཅིག་ལ་བྱ་སྤྱོད་དང་གསང་སྔགས་ཀྱི་བྱེ་བྲག་གཉིས་སུ་འགྱུར་བའི་དོན་ཇི་ལྟར་ལགས་ཞུས་པས། གུ་རུ་རིན་པོ་ཆེའི་ཞལ་ནས། རྒྱལ་པོ་ཆོས་ཀྱི་ཐེག་པ་གཅིག་ལས་མེད་ཀྱང་འགྲོ་བའི་ཤེས་རྒྱུད་དང་མཐུན་པར་ཐེག་པ་སྣ་ཚོགས་སུ་སྟོན་དགོས་བྱུང་བས། དེར་མཐུན་བྱང་ཆུབ་སེམས་དཔའི་སོ་སོའི་ངོ་སྐལ་གྱི་ཐེག་པ་འཛིན་པ་སངས་རྒྱས་དང་ཆོས་ཀྱི་སྲོལ་ལམ་མི་ནུབ་པའི་བརྡའ་དང་རྟེན་འབྲེལ་དུ་མཚོན་པ་ཡིན། དེ་ལ་འཛམ་གླིང་ལས་ཀྱི་ས་པ་འདིར་འགྲོ་བའི་རིགས་མང་བས་ཆོས་ཀྱི་ཐེག་པ་མང་ཡང་། ཁྱད་པར་འཛམ་གླིང་ཡུལ་གྱི་ལྟེ་བ་སངས་རྒྱས་འཕགས་པ་རྣམས་རིམ་གྱིས་བྱོན་གནས་རྒྱ་གར་ཡིན་པས་ཡུལ་དེ་ཉིད་དུ་རྒྱལ་པོ་རྗེའུ་བྲམ་ཟེ་གདོལ་བ་སོགས་མི་རིགས་བཞི་སྤྱོད་པ་སོ་སོར་སྤྱོད་དེ། རང་རང་གི་སྤྱོད་པ་དེ་ལས་ལོག་པའི་ཐབས་མེད་པས་སངས་རྒྱས་ཆོས་ཀྱི་ཐེག་པ་ཡང་ཕལ་ཆེར་དེར་མཐུན་ལ་སྤྱོད་པ་ཡིན། ཁྱེད་བོད་ཁམས་ཀྱི་འགྲོ་བ་ལ་ཤེས་རྒྱུད་མང་ཡང་མི་རིགས་བཞིའི་དབྱེ་བསལ་མེད་དེ། ཕལ་ཆེར་གདོལ་བའི་ལས་སྤྱོད་ཁོ་ན་མཐའ་འཁོབ་ཀྱི་དབང་གིས་སོ། འཕགས་པ་ཉེ་སྲས་བྱང་སེམས་སྤྱི་དང་ཁྱད་པར་རིགས་གསུམ་མགོན་པོ་རྣམས་གང་འདུལ་ཚུལ་སྟོན་སྤྲུལ་སྒྱུར་མཛད་པ་ལ་སངས་རྒྱས་འཕགས་པ་རྣམས་དང་ཁྱད་པར་མེད་ཅིང་། བྱེ་བྲག་ཏུ་མེད་ཀྱང་གསང་བའི་བདག་པོ་གདུལ་བྱ་གདུལ་དཀའ་འདུལ་བྱེད་ཀྱི་གཉེན་པོ་མི་རིགས་བཞིའི་ནང་ནས་གདོལ་བ་མཐའ་འཁོབ་ཆོས་ཀྱི་ལམ་ལ་སྤྱོད་པའི་སྨིན་བྱེད་ཀྱི་མཛོད་འཛིན་ཡིན་པས། བོད་ཁམས་གདོལ་བའི་འཇིག་རྟེན་འདུལ་བྱེད་ཆོས་ཀྱི་གཉེར་འཛིན་གསང་བདག་ལས་བརྒྱུད་ནས་དེ་བཞིན་གཤེགས་པ་བདུན་དང་། བདག་ཅག་གི་སྟོན་པ་བཅས་བདེ་བར་གཤེགས་པ་བརྒྱད་ཀྱི་སྨོན་ལམ་གྱི་མཐུ་དང་བྱིན་རླབས་ཀྱི་ནུས་པ་མཐའ་འཁོབ་བོད་ཀྱི་ཕྱི་མའི་ཡང་ཕྱི་མར་གྱུར་པ་ན། གྲོལ་བའི་ཆེད་དུ་ཡི་གེར་འདེབས་ནས་གནས་མཆོག་དམ་པ་ཀློང་ཐང་སྒྲོལ་མར་གཏེར་དུ་བཅོལ་བར་བྱ་ཞིང་། ལོ་ཙཱ་བའི་སྐྱེ་བས་དུས་ལ་བབས་དུས་འགྲོ་བར་ཕན་པའི་སྨོན་ལམ་དུ་བྱའོ་གསུངས་པས་རྒྱལ་པོས་ཞུས་པ། བདེ་བར་གཤེགས་པ་བདུན་ལ་བདག་ཅག་གི་སྟོན་པ་བརྒྱད་ཀྱི་གྲངས་སུ་རྩི་བའི་དོན་ཇི་ལྟར་ལགས། ཞིང་འདིའི་སྟོན་པ་དང་གང་གའི་ཀླུང་གི་བྱེ་མ་སྙེད་བཅུ་འདས་པའི་སྟོན་པ་དཀྱིལ་འཁོར་གཅིག་ཏུ་ཇི་ལྟར་འགྱུར་ལགས། ཅེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས། རྒྱལ་པོ་ལེགས་པར་ཉོན་ཅིག བདག་ཅག་རྣམས་ཀྱི་བླ་མ་ནི་སངས་རྒྱས་བཅོམ་ལྡན་འདས་ལགས་སོ། །དེ་བས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་རྗེ་རྩོད་ལྡན་ཚེ་ལོ་བརྒྱ་པ་སངས་རྒྱས་གཞན་གྱི་སྨོན་ལམ་ཆད་པའི་དུས་ཀྱི་སེམས་ཅན་སྐྱབས་མགོན་མེད་པ་རྣམས་ཀྱི་སྐྱབས་མགོན་དུ་བྱོན་པ་འདིའི་བཀའ་དྲིན་གྱིས་སངས་རྒྱས་གཞན་ལས་སྨོན་ལམ་ཁྱད་པར་འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་མདོ་གསུངས་ཤིང་། ལྷའི་བུ་སོགས་ཤེས་རབ་ཆུང་བའི་འགྲོ་བ་རྣམས་ཡིད་དབྱུང་ཞིང་དད་པ་འཐོབ་པར་བྱ་བའི་ཆེད་དུ། སྨོན་ལམ་གྱི་མཐའ་བསྐུལ་ནས་དེ་བཞིན་གཤེགས་པ་རྣམས་སྣང་བར་མཛད་པ་དང་བཅས། བདག་ཅག་གི་འདྲེན་པ་མཉམ་མེད་ཀྱི་དྲིན་ལས་བྱུང་བ་ཤེས་བཞིན་དེ་བཞིན་གཤེགས་པ་བདུན་གྱི་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་བཅོམ་ལྡན་འདས་མཆོད་པར་བྱས་ན། སངས་རྒྱས་སྟོང་ལ་མཆོད་པ་ཕུལ་བ་ལས་དྲིན་ཆེ་བའི་བླ་མའི་བ་སྤུའི་ཁུང་གཅིག་མཆོད་པ་བསོད་ནམས་ཆེ་བའི་དགེ་རྩ་དང་དེ་བཞིན་གཤེགས་པ་བདུན་གྱི་ཁྱད་པར་འཕགས་པའི་སྨོན་ལམ་དང་བཅས་པ་བསམ་འཕེལ་ནོར་བུར་གསོལ་བ་བཏབ་པ་ལྟར་བསོད་ནམས་ཀྱི་ཚོགས་གོང་ནས་གོང་དུ་འཕེལ་ཞིང་འདོད་འབྱུང་ནོར་བུར་དངོས་གྲུབ་ཐོབ་པ་བཞིན་མངོན་དུ་སྤྱོད་པར་འགྱུར་རོ། །ཞིང་ཁམས་ཐམས་ཅད་ཆོས་དབྱིངས་ཉག་གཅིག་ལས་རྒྱལ་བ་རྣམས་ལ་རིས་སུ་གྲུབ་པའི་འཛིན་པ་དང་ཉེ་རིང་མི་མངའ་འོ། །ཞེས་གསུངས། སླར་ཡང་རྒྱལ་པོས་ཞུས་པ། སློབ་དཔོན་རིན་པོ་ཆེ་འོ་ན་མཁན་པོའི་མཆོད་ཆོག་ཏུ་ཐུབ་པ་དཀྱིལ་འཁོར་གྱི་གཙོ་བོར་མ་མ ཆིས་པ་ཇི་ལྟར་ལགས། ཞེས་ཞུས་པས། རྒྱལ་པོ་རིན་པོ་ཆེ་མཁན་པོའི་མཆོད་ཆོག་ཏུ་དཀྱིལ་འཁོར་གྱི་གཙོ་བོར་ཐུབ་པ་མངའ་མ་གསོལ་བ་མདོ་ཆོག་གི་གཞུང་སོར་སྟོན་ཙམ་ཡིན་འདུག སངས་རྒྱས་སྟོང་ལས་དྲིན་ཆེ་བའི་བླ་མ་གཉན་པ་བཅོམ་ལྡན་འདས་ནི་དཀྱིལ་འཁོར་གྱི་གཙོ་བོ་ལ་མཆོད་དགོས་གསུངས་སོ། །ཡང་རྒྱལ་པོས་ཞུས་པ། གུ་རུ་སྤྲུལ་པའི་སྐུ་མདོ་སྡེ་འདི་དང་མཆོད་ཆོག་རྣམས་གནས་ཆེན་པོ་གླང་ཐང་སྒྲོལ་མར་གཏེར་དུ་བཞུགས་སུ་གསོལ་ན་གཏེར་འདི་འབྱིན་པའི་གང་ཟག་ཕྱོགས་གང་ནས་འོང་། ས་རྟགས་སོགས་འབྱུང་ངམ་མི་འབྱུང་། དེ་དུས་བོད་ཁམས་ཀྱི་འགྲོ་བ་ལ་བདེ་སྐྱིད་ཅི་འདྲ་འབྱུང་། ལྷ་ས་བསམ་ཡས་ཀྱི་གཙུག་ལག་ལ་དར་གུད་ཅི་འདྲ་འོང་ཆོས་གཏེར་འདིའི་འགྲོ་དོན་ཇི་ཙམ་འབྱུང་། ཞེས་ཞུས་པས། གུ་རུ་རིན་པོ་ཆེའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་ཤར་ཕྱོགས་ཀྱི་ནམ་མཁར་སྤྲོས་ཤིང་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པར་གྱུར་པའི་ཚེ། འོད་ཐམས་ཅད་ནམ་མཁར་འདུས་ནས་ཤེལ་གྱི་མེ་ལོང་ཕུབ་ཙམ་དུ་གྱུར། དེ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཁྲུ་ཚད་ཙམ་དུ་གྱུར་ནས་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པ་དང་། བདག་ཅག་རྗེ་འབངས་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་སོགས་དངོས་འབྱོར་ཡིད་སྤྲུལ་མང་པོས་མཆོད་ཅིང་གུས་པའི་ཕྱག་དང་སྐོར་བ་བྱས་པའི་ཚེ། གུ་རུ་རིན་པོ་ཆེ་སྐུ་མདོག་བཻཌཱུརྱའི་འོད་ལྟར་འཚེར་བ་ལ་ཤ་བའི་སྙན་ཞུ་བཞེས་པ་འོད་ལྔ་འཁྱིལ་བའི་ཀློང་དུ་བཞུགས་པ། ཕྱག་ཆོས་འཆད་ཀྱི་ཕྱག་རྒྱ་སྒྱུར་ཞིང་འདི་སྐད་གསུངས་སོ། །རྒྱལ་པོ་ཆེན་པོས་དབུ་མཛད་སྐལ་ལྡན་རྣམས་ཉོན་ཅིག ཟབ་མོའི་ཆོས་ཀྱི་གདམས་སྐོར་འདི་རྣམས་རིགས་བཞི་མཁའ་འགྲོས་ཁྱེར་ལ་གནས་ཆེན་པོ་ཀློང་ཐང་སྒྲོལ་གྱི་བྱང་། སྒྲོལ་མ་སྔོན་མོའི་མཁལ་ཁུང་གཡོན་དུ་སྦོས་ལ། ཡུལ་དེའི་སྲུང་མ་གནོད་སྦྱིན་ཁོལ་པོ་ཁ་ལ་བཅོལ་དང་། དུས་ཀྱི་མཐའ་ལ་འཁོན་པ་ཀླུ་དབང་གི་སྐྱེ་བ་མདོ་ཁམས་མཆོད་རྟེན་དཀར་པོའི་ཉེ་ལོགས་ནས་འབྱུང་ཞིང་གདམས་པ་འདི་དང་འཕྲད་དེ་འགྲོ་བའི་དོན་ཡང་བྱེད་པ་འགྱུར་རོ། །ས་རྟགས་ནི་གནས་མཆོག་ཆེན་པོ་ཁམས་ཀྱི་ཀློང་ཐང་སྒྲོལ་མ་འདི་སྔོན་བདུད་པོ་མ་ཊཾ་རཱུ་ཏྲའི་མིག་འབྲས་གཡས་པ་ནམ་མཁར་འཕངས་པ་ཀློང་ཐང་དུ་བབས་པའི་མིག་ཆུ་ལ་སྒྲོལ་མ་མཆེད་གཉིས་རང་བྱོན་དུ་བཞུགས་པས་གླང་ཐང་སྒྲོལ་མ་རང་བྱོན་དུ་གྲགས་ཤིང་། བོད་ཁམས་སྲིན་མོ་གན་རྐྱལ་འདྲ་བའི་ལག་མཐིལ་གཡས་པར་རུ་བཞིའི་ལོག་གནོན་དུ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་པས་ལྷ་ཁང་བཏབ་ཅིང་ད་དུས་ཀྱི་བར་བཞུགས་པ་འདི་ལ། མ་འོངས་པའི་དུས་ན་ཀླུ་གོང་དང་བཙུན་མོ་དམར་རྒྱན་མའི་སྤྲུལ་པ་གནས་དེའི་ཕྱོགས་སུ་ལན་གསུམ་འབྱུང་ཞིང་གནས་ཀྱི་བྱིན་རླབས་ཉམས་པའི་རྐྱེན་མང་པོ་བྱེད། དེ་ལ་གནས་པའི་སྐྱེ་འགྲོ་དྲུག་ཅུ་ཁ་རལ་ལྔ་བཅུར་ཉེ་བའི་དུས་སུ། ཡུལ་དེ་ཉིད་དུ་ཨ་གཉན་ཁྲི་ཆེན་ཟེར་བའི་མི་སྐྱེ་འགྲོ་གཞན་ལས་གཟུགས་བྱད་བཟང་བ། ལུས་རྩལ་ཆེ་ཞིང་མི་དགེ་བའི་ཕྱོགས་ལ་དཔའ་བ་ཞིག་འབྱུང་བས། ཡུལ་ཁམས་དེ་དག་དབང་དུ་བསྡུ་ཞིང་ཁྲིམས་ཀྱི་ལུང་རྒྱུག །མི་དགེ་སྣ་ཚོགས་སྤྱོད་ཅིང་ཁྱད་པར་ཀློང་ཐང་གནས་ཀྱི་དབུ་རྩེ་རིན་པོ་ཆེའི་གདུགས་ལྟ་བུར་བཞུགས་པའི་རྩེ་མོ་ལ་ཁོའི་ཕོ་བྲང་རྩིག །ཀློང་ཐང་ལྷ་ཁང་མཐའ་རྣམས་བཤུས་ནས་ཁོའི་རྫོང་ལ་འགེབས། དབུ་རྩེའི་གསེར་འཕྲུ་བླངས་ཏེ་རྫོང་གི་རྩེ་རྒྱན་བྱེད། དེའི་དུས་ཁོའི་སྲིང་མོ་གཟུགས་བྱད་དངས་ཤིང་སྒོ་ཤིན་ཏུ་ལེགས་པ་ཞིག་འབྱུང་བ་ཁོའི་ཆུང་མ་བྱེད་པས་གནས་ལ་ནལ་གྲིབ་འཕོག །དབུ་རྩེར་ཕོ་བྲང་བཟོས་པས་ས་སྒྲོན་གནམ་ལ་ལྡང་། དེའི་དབང་གིས་མདོ་ཁམས་ཀྱི་སྐྱེ་འགྲོ་རྣམས་ལ་མི་དགེ་བའི་ལྟས་ངན་སྣ་ཚོགས་སྡང་། ནད་མུག་མཚོན་གསུམ་གྱི་བསྐལ་པ་འུར་ཟིང་ལང་། མཐའི་མི་བཞི་དབུས་སུ་ལྷུད། འདྲེ་རྒོད་འབྱུང་པོས་ཚག་རག་གཏོང་། །མི་རུང་སྣ་དགུའི་བྱུར་གྱིས་བོད་ཁམས་འགེངས། དེ་ནས་བོད་ཁམས་ཐམས་ཅད་རེས་བདེ་རེས་འཚུབ་དར་གུད་མང་པོ་འབྱུང་། གནས་དང་གཙུག་ལག་ཉམས་པས་ཆུ་གསར་མང་པོ་རྡོལ་སྒྲོལ་མ་རང་བྱོན་ས་གཡོས་ཀྱིས་གནོན། ལྷ་ཁང་ཡང་གོག་པོར་འགྲོ་ཞིང་སྐུ་འདྲ་དང་གསུང་རབ་ཐམས་ཅད་སྤྲང་ཕྲུག་གི་རྩེད་ཆས་བྱེད། ལུགས་མ་རྣམས་ལ་བུད་མེད་ཀྱི་སལ་སིལ་བཟོ། །དེ་ནས་བསྐལ་པ་དུས་ངན་སྤྱོད་ཚན་གཅིག་ཡོལ་བ་དང་། བདུད་སྤྲུལ་གྱི་རྒྱལ་པོ་ལོག་ལྟ་ཅན་ཞིག་མདོ་ཁམས་སུ་འབྱུང་ཞིང་མདོ་ཁམས་སྒང་དྲུག་ཡོས་ལྟར་བརྔོ། །དགེ་མེད་ཁྲིམས་ཀྱི་སྡིག་ལས་སྤྱོད། །སངས་རྒྱས་ཆོས་ཀྱི་བསྟན་ལ་སྡང་། །བླ་དཔོན་ཕལ་ཆེར་གྲི་ལ་བཀུམ་པའི་དུས་སུ་ཀློང་ཐང་རི་དགོན་སིལ་བུར་འཐོར་ཞིང་བོན་དགོན་འདེབས། དེའི་དབང་གིས་བོད་ཁམས་ཡོངས་ལ་ནད་མཚོན་མུ་གེའི་བསྐལ་བ་ལྡང་ཞིང་སེམས་ཅན་ཐམས་ཅད་དམྱལ་ཐག་གཅོད། །མཐའི་དམག་གིས་མདོ་དབུས་ཀྱི་རྒྱལ་བློན་བཀུམ། །ཆོས་ཀྱི་དད་པ་ཡལ་བཟོད་པའི་གོ་ཆ་འཆོར། །དགེ་བའི་ཁྲིམས་རལ་མི་དགེ་བའི་གྲུབ་མཐའི་རྩོད་པ་སོགས་མི་འདོད་སྣ་ཚོགས་འབྱུང་བའི་དུས་སུ་ཀློང་ཐང་དུའང་མི་རོ་ལུད་ལྟར་སྤུངས། །དམེ་ཁྲག་མཚོ་ལྟར་བསྐྱིལ་བ་སོགས་འབྱུང་བའི་དུས་སུ་ཆོས་ཀྱི་རྒྱལ་པོའི་སྨོན་ལམ་མཐུ་བཙན་པས། མཐའ་དབུས་ཀྱི་དྲེགས་པ་ཅན་རྣམས་ཐབས་ཀྱིས་འདུལ་ཞིང་ཆོས་ཀྱི་བསྟན་པ་འཛིན་ཀྱང་དུས་ཀྱི་དབང་གིས་དཀར་ནག་ཕྱེད་མར་འབྱུང་། བོད་ཁམས་མཐའ་དབུས་ཀྱི་ལྷ་ཁང་མཆོད་རྟེན་ཞིག་རལ་བསུབ་པ་སོགས་ཀྱི་རྟེན་འབྲེལ་གྱིས་བོད་སྤྱིའི་བསོད་ནམས་ཡར་ལྡན་དུ་འཕེལ་ཡང་ཀློང་ཐང་རྒུད་པས་ཤར་གྱི་ལས་སྒོ་དང་ཁམས་ཕྱོགས་འགྲོ་ལ་དར་གུད་སྣ་ཚོགས་འོང་། དེ་དུས་བློན་པོ་ཏ་རའི་སྤྲུལ་པ་ཡུལ་དེའི་དཔོན་ལ་འབྱུང་བས་སའི་ཁ་འཛིན་བྱེད་དེ། ཀློང་ཐང་རི་དགོན་མི་དར་བའི་རྐྱེན་ངན་སྣ་ཚོགས་བྱེད་པས་ཁམས་ཕྱོགས་བདེ་བའི་གོ་སྐབས་མེད། ལོ་ཙཱ་བའི་སྐྱེ་བས་ད་ལྟའི་གཏེར་ལ་དེ་དུས་སྤྱོད་ཀྱང་བདུད་དབང་བཙན་པས་འགྲོ་དོན་འབྱུང་བར་དཀའ། སྲོང་བཙན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཡི། །རྡོ་རྗེ་གདན་གསུམ་རུ་བཞིའི་གཙུག་ལག་དང་། །ཁྱད་པར་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ན། །བདུད་ཁང་བརྩེགས་པའི་ས་སྒྲོན་སྒྱེལ་བ་དང་། །རི་ལ་སྒྲུབ་སྡེ་ཐང་ལ་དགོན་བཏབ་ནས། །བཤད་སྒྲུབ་རྒྱས་ན་ཤར་ཕྱོགས་འགྲོ་བ་བདེ། །མཐའི་དུཿཁ་རྣམས་ཀྱང་རང་སར་ཞི། །ལས་སྒོ་དར་ཞིང་ཤར་དང་བྱང་རྣམས་འཇམ། །བདུད་དང་བར་ཆད་དབང་དུ་སོང་བ་ན། །མི་དགེ་སྣ་ཚོགས་ཤར་དང་བྱང་ནས་ལང་། །སྨིན་དྲུག་འོག་གིས་མཚོན་རྩེ་ནུབ་ལ་བརྡར། །ས་ལ་མདའ་འཛུགས་ནུབ་ཀྱི་སྟག་ལ་བརྔམ། །ཉི་ཟླ་གཉིས་ལ་བར་དབྱེན་རླུང་དམར་ལྡང་། །རུས་པ་བཙས་ཟོས་འོད་ལ་སྐར་མདའ་འཆད། །མི་སྲིད་སྣ་ཚོགས་སྲིད་པའི་གཡོས་མང་ཚེ། །ཚེས་བཅུ་བཟུང་ལ་ང་ལ་གསོལ་བ་ཐོབ། །མང་ཡུལ་བྱམས་སྤྲིན་བྱང་གི་པྲ་དུན་རྩེ། །ཁམས་ཀྱི་ཀློང་ཐང་ཀོང་གི་བུ་ཆུ་སོགས། །རུ་བཞིའི་ལྷ་ཁང་བཞི་ལ་ཆོས་འདི་ཚུགས། །བདེ་གཤེགས་བརྒྱད་ཀྱི་འདྲ་འབག་ཚད་ལྡན་བཞེངས། །རབ་ཏུ་གནས་ཞིང་མཆོད་བསྟོད་འབུང་གསུམ་ཐོན། །འགྲོ་ལ་བདེ་སྐྱིད་མཐོངས་ཀའི་ཉི་ཞུར་ཙམ། །མ་འོངས་ཕྱི་མའི་དུས་སུ་འབྱུང་ཡང་སྲིད།། །།

ཕྱི་སྒྲུབ་ཡིད་བཞིན་ནོར་བུ།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ བདེ་གཤེགས་བརྒྱད་ཀྱི་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་བཞུགས༔བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་བྲེ་གུ་དགེའུའི་སྒྲུབ་ཕུག་ལ་བཞུགས་པའི་དུས་སུ་རིན་པོ་ཆེའི་མཎྜལ་དང་སྐྱེམས་བཅས་བདག་མཚོ་རྒྱལ་གྱིས་འདི་སྐད་ཞུས་སོ༔ གུ་རུ་དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ་ལགས༔ བདེ་གཤེགས་མཆེད་བརྒྱད་ཀྱི་དམ་ཆོས་བདུད་རྩིའི་ཐིགས་པ་བཀའ་སྩལ་པ་འགྲོ་བ་ཡོངས་དང་མ་འོངས་ཕྱི་མའི་དོན་དུ་སྐུ་དྲིན་ཆེ༔ འདི་ལྟའི་གདམས་སྐོར་ལ་ལོ་ཙཱ་བས་དབུ་ཡིག་ཐུན་མོང་ལྟར་དང་༔ གཏེར་ཚག་དབུ་ཞབས་ལ་ཕྱག་འཚལ་སྙིང་པོ་དགེ་ལེགས་སོགས་ཀྱི་བརྡ་ཡིག་ས་མ་ཡ་དང་༔ གཏེར་སྦས་ལ་རྒྱས་གདབ་ལས་འཕྲོ་ཅན་ལ་སྤྲོད་རྒྱ་སོགས་མ་ཐེབས་པས་ཆོག་གམ༔ སངས་རྒྱས་གཅིག་གྲུབ་མཆོད་བསྟོད་བྱས་པས་མ་འཐུས་པ་ཅི་ལགས་ཀྱང་༔ སེམས་ཅན་ལ་མོས་པ་ཐ་དད་ལགས་པས༔ དམ་ཆོས་བདུད་རྩིའི་ཐིགས་པ་འདིར་མོས་པ་རྣམས་ཀྱི་དོན་ལ་དགོངས་ཏེ༔ ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་འཁྱེར་བདེ་རེ་བཀའ་སྩལ་དུ་གསོལ༔ ཕྱི་མའི་དོན་དུ་བདག་གིས་ཡི་གེར་འདེབས་བསམ་ལགས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་ཇོ་མོ་མཚོ་རྒྱལ་དེ་སྐད་ཞུས་པ་ལེགས༔ དབུ་འཛིན་ལ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ་གང་རིགས་གཅིག་གམ་ལྷ་གང་ཡིན་གྱི་ས་བོན་དང་སྙིང་པོའམ་ཕྱག་མཆོད་ཀྱི་དབུ་རྒྱན་བརྡ་ཡིག༔ ཞབས་ལ་དགེ་བའི་ཚིགས་ཤིས་པའི་བརྡ་ཡིག་དང་བསྲུང་མར་བཅོལ་བ་གཏད་རྒྱཿ འབྱུང་བའི་ཁམས་ལ་མི་འཇིགས་སྦས་རྒྱཿ ལས་འཕྲོ་ལྡན་ལ་སྤྲོད་རྒྱཿ ལོག་ལྟ་ཅན་ལ་གསང་རྒྱཿ ཉམས་སུ་བླངས་ལ་ཟབ་ཁྱད་ཡོད་རྟགས་ཟབ་རྒྱ༔ དམ་ཚིག་གསུམ་གྱི་སྙིང་པོ་ས་མ་ཡཱ་རྒྱ༔ སོགས་གནས་སྐབས་མཐར་ཐུག་གི་ཆེ་བ་མང་ཡང་༔ ལོ་ཙཱ་བ་འདིའི་བྲིས་ལ་འདྲིས་ཆུང་སྐྱོན་ཞུགས་ཀྱང་སླད་མ་རྣམས་ལ་ཚུལ་ལྟར་སྤྱོད་པ་དང་༔ རྒྱལ་བ་དེ་བཞིན་གཤེགས་པ་རྣམས་ལ་མོས་འཆང་འདོད་དོན་བསྒྲུབ་པའི་རིམ་པ་ཡང་དེ་བཞིན་འཐད་པས༔ དེ་བཞིན་ཡི་གེར་ཐོབ་དང་བདག་གིས་བརྗོད་པར་བྱེད་པ་འདི་ཡང་གསང་བའི་བདག་པོའི་དགོངས་པ་ལྟར་དུ་རིག་ཅིང་སྤྱད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་བདེ་གཤེགས་མཆེད་བརྒྱད་ཕྱི་ལྟར་སྒྲུབ་པ་འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་འགྲོ་སྟ་གོན་ནི༔ ཡུལ་དགོན་སྒྲུབ་གནས་སོགས་མ་ཡིན་པའི་ས་རྒོད་ཡིན་ན་བརྟག་བླང་དང་༔ གང་ལྟར་ཡང་ལྟོ་འཕྱེ་འཁོར་བསྟུན་ལྟོ་བའི་ས་ཤར་རམ་ལྷོ་ནས་འབྲས་སྤུངས་པ་ལྟ་བུའམ༔ མེ་ལོང་བུམ་པ་རྡོ་རྗེ་དཔག་བསམ་གྱི་ཤིང་འདྲ་བའི་དབྱིབས་ལ་མདོག་ཀྱང་དཀར་སེར་དམར་བའི་ལྟེ་བ་ནས་ས་བླང་༔ སྟེགས་བུ་གནས་ཁྱོན་དང་བསྟུན་ཏེ་མཛེས་འཇམ་བཟང་བར་བཟོ་ཞིང་གི་ཝང་དང་ག་པུར་གྱི་ཆུས་ཆག་ཆག་བྱིལ་ཞིང་བུམ་སྨན་དང་ལྡན་པའི་བུམ་པ་རྒྱན་ལྡན་ཚོམ་བུ་བཀོད་པའི་དབུས་སུ་འགོད༔ གཡས་སུ་སངས་རྒྱས་ཀྱི་སྐུ་གཡོན་དུ་པུ་ཏི་རྒྱབ་ཏུ་སྒྲུབ་ཡིག་མདུན་དུ་གཏོར་མ་གཞུང་ལྟར་ལ༔ མཐའ་བསྐོར་མཆོད་པ་ཅི་འབྱོར་རྒྱས་པ་སྣ་ཚོགས་བཀའ་གཏེར་སྲུང་མའི་གཏོར་མ་སོགས་བཤམས་ཤིང་༔ དད་ལྡན་ཕོ་མོ་ཁྲུས་བྱས་གོས་གདན་གཙང་མར་བཅས་ཏེཿ བདེ་གཤེགས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡིད་ལ་དྲན་བཞིན་སེམས་བསྐྱེད་དང་བཅས་གདན་ལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ནི༔ གསང་བའི་བདག་པོ་ལ་གནང་བ་ཞུས་ནས་ཕྱི་རྒྱུད་པ་ལ་གཏོར་མ་མཚམས་ཀྱི་འཁོར་ལོ་ལས་གཞུང་ཚུལ་མཐུན་བསྲང་ཞིང་བུམ་པ་བསང་སྦྱངས༔ གཞལ་ཡས་ཁང་གི་ནང་དུ་སངས་རྒྱས་ཐུབ་པའི་དབང་པོ་ལ་འཁོར་བདེ་བར་གཤེགས་པ་བདུན་བྱང་སེམས་དགྲ་བཅོམ་ཐམས་ཅད་ཏིལ་གང་ཁ་ཕྱེ་བ་ལྟར་གསལ་ཞིང་༔ ཚངས་པ་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་གནོད་སྦྱིན་ཉི་ཁྲི་ཆིག་སྟོང་གཏེར་བསྲུང་བཅས་སོ་སོའི་གཏོར་མའི་སྣང་བརྙན་སྐུའི་དཀྱིལ་འཁོར་དུ་དམིགས་པ་དང་༔ ཁྱད་པར་རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་བུམ་ལྷར་བསྒོམས་པ་ལྟར་མངོན་སུམ་དུ་སངས་རྒྱས་ཐམས་ཅད་རང་མདོག་འོད་ཟེར་གྱི་སྐུ་རང་སྣང་གི་དཀྱིལ་འཁོར་དུ་བཞུགས་པའི་ངེས་ཤེས་དྲག་པོས་སྤྱན་འདྲེན་གདན་དབུལ་ཕྱག་མཆོད་དབང་དང་བསྟོད་པ་ཚར་རྗེས༔ གཟུངས་ཀྱི་ཏིང་འཛིན་ལྟར་རིམ་བཞིན་སངས་རྒྱས་ནས་འཁོར་བདུན་གྱི་སྤྱི་བོར་ཟླ་དཀྱིལ་ས་བོན་སྔགས་འཁོར་སྤྲོ་བསྡུས་བུམ་ལྷའི་ཐུགས་རྒྱུད་བསྐུལ་བས་ཕྱོགས་དུས་རྒྱལ་བ་རྒྱ་མཚོ་རིས་སུ་མ་གྲུབ་པ་སྤྱི་དང་༔ ཁྱད་པར་བདེ་གཤེགས་རྣམས་ཀྱི་ཞིང་རབ་འབྱམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ལ་མཉེས་པའི་མཆོད་པས་མཆོད༔ སོ་སོའི་ཐུགས་རྗེ་བྱིན་རླབས་སྨོན་ལམ་གྱི་བདེན་ཚིག་ནུས་མཐུ་ཐམས་ཅད་སངས་རྒྱས་སོ་སོའི་སྐུ་མདོག་གི་འོད་ལྟར་ཉི་མའི་ཟེར་གྱི་རྡུལ་བཞིན་བསྡུས་ཏེ༔ བདག་མདུན་རྣམས་ཀྱི་སྐུ་དང་སྔགས་འཁོར་ལ་ཐིམས་པས་གཟི་བརྗིད་རྒྱས་ཤིང་ཏིང་འཛིན་རབ་ཏུ་གསལ་བས༔ བུམ་པ་ཡང་ལྷའི་མདོག་མཚུངས་འོད་ཟེར་གྱི་བདུད་རྩི་འཁྱིལ་བ་དང་༔ ཁྱད་པར་རང་གི་སྤྱི་བོའི་སངས་རྒྱས་ཐམས་ཅད་ལས་སྐུ་གསུང་ཐུགས་མཉེས་པའི་བདུད་རྩི་སྐུའི་མདོག་གསང་བའི་སྦུ་གུ་ནས་ཚངས་བུག་བརྒྱུད་ལུས་ཀྱི་ཕྱི་ནང་ཁྱབ་པར་བབས་པས་སེམས་ཅན་སྤྱི་དང་རང་གི་ཚེ་རབས་ཀྱི་སྦྱང་དཀའི་ཉེས་ལྟུང་བཤགས་འོས་ཐམས་ཅད་སོལ་དུད་ཀྱི་ཆུ་བཞིན་འོག་སྒོ་ནས་ས་གཞི་ལ་ཐིམཿ ལུས་ལྷ་སོ་སོའི་མདོག་མཚུངས་བདུད་རྩིས་གང་བས༔ བདེ་གཤེགས་སོ་སོའི་སྨོན་ལམ་གྱི་བདེན་ཚིག་ནུས་པ་བྱིན་རླབས་ཀྱི་གནང་བ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཐོབ་པའི་ངེས་ཤེས་ཀྱི་ངང་ནས་གྲངས་ཀྱི་བསྙེན་པ་འབུམ་ཚོ་གཅིག་ལ༔ དུས་ནི་བརྩོན་འགྲུས་ལྟར་བསྒྲུབས་པས་མདོ་ལས་གསུངས་པའི་ཕན་ཡོན་རྣམས་འཐོབ་པར་གདོན་མི་ཟ་ཞིང་༔ དག་པའི་སྣང་བ་ཡང་ཞལ་མཇལ་བ༔ གསུང་གི་གླེང་ལང་༔ ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་བ༔ མི་རྟག་པ་རྣལ་མར་དྲན་ཞིང་སྒོ་གསུམ་ཆོས་ལ་ཚུད་པ༔ རྒྱུ་འབྲས་ལ་ཡིད་ཆེས་ཤིང་སྤང་བླང་ལ་གནས་པ༔ སངས་རྒྱས་བསྟན་དང་བསྟན་འཛིན་རྣམས་ལ་མོས་གུས་འཐོབ་ཅིང་བླ་མ་དང་མཆེད་ལྕམ་གྱི་དམ་ཚིག་ལ་བརྩེ་བ༔ འཁོར་བ་ལ་ངེས་པར་འབྱུང་བའི་སེམས་རྙེད་པས་འགྲོ་བ་ལ་བྱམས་པ་སོགས་མདོར་ན་སྒྲུབ་པ་འདི་ལ་ཞུགས་པའི་དྲོད་རྣམས་རིམ་གྱིས་དང་ཅིག་ཅར་སོགས་ཀྱིས་འབྱུང་ངེས་པས་བརྩོན་པ་དང་ལྡན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྒྲུབ་པའི་རྗེས་ནི༔ དགོང་མོ་གཏོར་མ་མཆོད་འབུལ་བསྟོད་པ་སོགས་ཚར་རྗེས་བུམ་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་རང་གི་སྤྱི་བོའི་ལྷ་ཚོགས་རྣམས་ལ་ཐིམ་པས༔ སྔོན་གྱི་སྨོན་ལམ་གྱིས་ཐུགས་རྒྱུད་བསྐུལ༔ ཐུགས་རྗེའི་དབང་གིས་འོད་དུ་ཞུ་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ སྐུ་གསུང་ཐུགས་ཀྱི་ཏིང་འཛིན་བྱིན་རླབས་ཐམས་ཅད་བུམ་པ་ཚད་ལྡན་གཉིས་ཀྱི་བཅུད་ལྟར་རྡོ་རྗེ་གསུམ་གྱི་དཔལ་དང་ལྡན་པར་བསམས་ཤིང་༔ ན་མོཿ བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་དགོངས༔ ཐུགས་རྗེའི་སྐུ་མཆོག་ཉི་མའི་དཀྱིལ་འཁོར་ལ༔ ལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་སྤྲས༔ བདག་བློས་མི་ཕྱེད་དད་པའི་ཡིད་ཀྱིས་བཟུང་ཿ གསལ་བར་བསྐྱེད་ཅིང་མཆོད་དེ་བསྒྲུབ་པའི་མཐུས༔ མཚན་མཆོག་བརྒྱད་ལྡན་སྐུ་ཡི་དཀྱིལ་འཁོར་ནས༔ མོས་པ་གཏད་པའི་ལུས་ལ་བྱིན་གྱིས་རློབས༔ འབྱུང་བཞི་དག་པ་རང་གྲོལ་སྐུ་བཞི་སྩོལ༔ ཚངས་དབྱངས་དྲུག་ཅུ་གསུང་གི་དཀྱིལ་འཁོར་ནས༔ བཟླས་པ་མཐར་ཕྱིན་ལུང་གི་དངོས་གྲུབ་སྩོལ༔ སྐྱེ་མེད་སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ དེ་བཞིན་གཤེགས་པ་སངས་རྒྱས་དངོས་གྲུབ་སྩོལ༔ སྣང་སྲིད་རང་དག་གཞལ་ཡས་དཀྱིལ་འཁོར་ནས༔ གཟུང་འཛིན་ཡོངས་གྲོལ་ཡོན་ཏན་དངོས་གྲུབ་སྩོལ༔ སྨོན་ལམ་མཐར་ཕྱིན་དུག་ལྔ་རང་གྲོལ་ནས༔ འགྲོ་དྲུག་འཁོར་བ་དོང་སྤྲུགས་དངོས་གྲུབ་སྩོལ༔ བདག་ནི་དེ་སྔོན་འཁོར་བ་ཐོག་མེད་ནས༔ ལམ་ལོག་ལམ་ནོར་སྲིད་པའི་བཙོན་རར་ཆུད༔ རྨི་ལམ་བཞིན་དུ་འགྲོ་དྲུག་སྐྱེ་གནས་བརྒྱུད༔ སྡུག་བསྔལ་བཟོད་དཀའ་དུ་མས་རང་རྒྱུད་མནར༔ ད་ནི་ཡི་ཆད་གདུང་བའི་འོ་དོད་འབོདཿ ཐུགས་རྗེས་དགོངས་ཤིག་སངས་རྒྱས་བཅོམ་ལྡན་འདས༔ བརྩེ་བའི་ཤུགས་ཕྱུང་ཐུགས་རྗེའི་ལྕགས་ཀྱུས་བཟུང་༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ ཚེ་འདིའི་འཕེན་པ་ཟད་པར་གྱུར་མ་ཐག༔ བཻཌཱུཪྻ་ཡི་ཞིང་མཆོག་རྣམ་པ་བདུན༔ སྨོན་ལམ་འབྲེལ་མཚུངས་གང་ལྡན་མྱུར་མཐོང་ནས༔ འཕགས་མཆོག་རྒྱལ་བའི་གོ་འཕང་མཆོག་ཐོབ་སྟེ༔ ཕ་མ་འགྲོ་དྲུག་འཁོར་བ་ལས་སྒྲོལ་ཤོག༔ ཅེས་དབང་བཞི་བླང་ཞིང་སྨོན་ལམ་གྱིས་མཚམས་སྦྱར༔ སླར་ཡང་སྐད་ཅིག་དྲན་རྫོགས་ཀྱིས་རང་ལུས་འོད་ལྔ་ལས་གྲུབ་པའི་སྤྱི་བོར་འཕགས་པའི་ལྷ་ཚོགས་མངོན་སུམ་གོང་ལྟར་བསྐྱེད༔ མོས་གུས་ལྡན་བཞིན་ཡིད་ལ་དྲན་བཞིན་ངང་༔ གཟུངས་ཀྱང་ཡིད་ཀྱིས་བཟླ་བཞིན་གཉིད་དང་བསྲེ༔ དེ་ཚེ་འཕགས་པའི་བྱིན་རླབས་འཐོབ་པར་འགྱུར༔ སྒྲུབ་པ་གྲོལ་ནས་དབང་བླང་སྒྲུབ་རྫས་རོལ༔ ལྷ་ཚོགས་འོད་ཞུ་རང་ལ་ཐིམ་པ་དང་༔ དངོས་གྲུབ་མ་ལུས་མངོན་དུ་གྱུར་པར་བསྒོམ༔ གཤེགས་གསོལ་བྱེད་དམ་རྫས་ལ་ཡེ་ཤེས་བསྟིམ༔ ཅི་བདེར་སྤྱོད་ཅིང་སྒྲུབ་རྫས་བླ་རྡོར་བཅང་༔ བཀའ་གཏེར་བསྲུང་མ་མཆོད་གཤེགས་གཞུང་ལྟར་སྤྱད༔ ཨེ་མ་ཚུལ་འདིར་ཞུགས་པའི་འགྲོ་བ་རྣམས༔ སྦྱང་དཀའི་སྡིག་ལྟུང་དྲུང་ནས་ཕྱུང་བ་དང་༔ བག་ཆགས་ལུས་རྒྱ་ཞིག་ནས་ཞིང་ཁམས་མཐོང་༔ མཚན་འཆང་གཟུངས་བཟླས་ཏིང་འཛིན་མ་ཤོར་ཅིག༔ ལས་འཕྲོ་ལྡན་པའི་བུ་དང་འཕྲད་པར་ཤོག༔ བཀའ་ཡི་བསྲུང་མ་ལྷ་དང་གནོད་སྦྱིན་གྱིས༔ གཏེར་འདིའི་སྲུང་མ་ཁོལ་པོ་ཁ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་གནས་མཆོག་དམ་པ་ཀློང་ཐང་སྒྲོལ་མ་འམ་ཀོ་ས་ལ་ནས་ལྕགས་རྟ་ཧོར་ཟླ་བདུན་པའི་ཚེས་བཅུ་ལ་གཏེར་ནས་གདན་དྲངས་ཤིང་མཚོ་རྒྱལ་གྱི་ཕྱག་བྲིས་ལས་བསྒྱུར་བ་མངྒ་ལཾ།། །།

ནང་སྒྲུབ་དགོས་འདོད་ཀུན་འབྱུང་།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ བདེ་གཤེགས་བརྒྱད་ཀྱི་ནང་སྒྲུབ་དགོས་འདོད་ཀུན་འབྱུང་བཞུགས༔ མཚོ་རྒྱལ་གྱི་ཕྱག་བྲིས་ཤོག་དྲིལ་ལས་བཤུས།བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ གུ་རུ་རིན་པོ་ཆེ་སྤྲུལ་པའི་སྐུ་བདེ་གཤེགས་བརྒྱད་ཀྱི་ནང་སྒྲུབ་ཀྱང་བཀའ་སྩལ་དུ་གསོལ༔ མོས་གུས་ཀྱི་ཕྱག་དང་དངོས་འབྱོར་གྱི་མཆོད་པ་རྣམས་ཀྱང་བཞེས་ཤིག་ཞུས་ཤིང་དངུལ་སྐྱོགས་འབྲས་ཆང་གིས་གཏམས་ནས་ཞུས༔ རིན་ཆེན་གསེར་གྱི་མཎྜལ་དང་ཕྱག་སྐོར་མང་པོས་མཆོད་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ ཇོ་མོ་མཚོ་རྒྱལ་ཞུས་པ་ལྟར་དུ་བཤད་ཀྱིས་ཉོན་ལ་ཡི་གེར་ཐོབ་ཅིག༔ དེ་ཡང་བདེ་གཤེགས་བརྒྱད་ནང་ལྟར་སྒྲུབ་པར་འདོད་པའི་གང་ཟག་གིས་ཕྱི་སྒྲུབ་ལྟར་གྱི་སྟ་གོན་སོར་བཞག་བུམ་པའི་མལ་དུ་མཎྜལ་བཀོད་པའི་སྟེང་དུ་ཨ་རུ་རྣམ་རྒྱལ་གསེར་མདོག་སོགས་གང་འཛོམ་བརྒྱད་ཚོམ་བུར་སྐྲ་ཚིལ་གྱི་འབྱར་རྩི་བྱེད༔ བཀོད་པ་བཤམས་སྒྲུབ་པོ་ཁྲུས་ནས་ཕྱུངས་གདན་ལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔གཉིས་པ་དངོས་གཞི་ནིཿ གསང་བའི་བདག་པོ་ལས་གནང་བ་སོགས་ཀྱང་སྔར་ལམ་ལྟར་ལ་སྒྲུབ་རྫས་རྣམས་བསངས་སྦྱངས༔ སྟོང་པའི་ངང་ལས་མཎྜལ་ཞིང་ཁམས་ཨ་རུ་བདེ་གཤེགས་བརྒྱད་ལ་འཁོར་བྱང་སེམས་དགྲ་བཅོམ་བཀའ་གཏེར་སྲུང་མ་ཐམས་ཅད་གཞུང་ལྟར་བསྐྱེད་ཅིང་༔ ཁྱད་པར་རང་མི་དམིགས་སྟོང་པར་རྒྱས་གདབ༔ སྟོང་བའི་ངང་ལས་བསྟན་པའི་བདག་པོར་གསལ་བའི་ཐུགས་ཀར་ཟླ་གདན་གྱི་འཁོར་ལོའི་ལྟེ་བར་སྨན་པའི་རྒྱལ་པོ་འཁོར་དྲུག་གིས་བསྐོར་བར་བསྐྱེད་ཅིང་ལས་ཀྱི་གཞུང་བསྲང་བསྟོད་པ་ཚར་རྗེས་གཟུངས་ཀྱི་ཏིང་འཛིན་ལྟར་རིམ་བཞིན་སངས་རྒྱས་ནས༔ དེ་བཞིན་གཤེགས་པ་བདུན་པོ་སོ་སོའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཟླ་གདན་ལ་ས་བོན་ཧཱུྃ་རང་མདོག་ལ་གཟུངས་སྔགས་བསྐོར་བའི་འོད་ཟེར་སྤྲོ་བསྡུས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ༔ ཕྱོགས་བཅུའི་རྒྱལ་བ་སྤྱི་དང་རྒྱལ་བ་མཆེད་བརྒྱད་འཁོར་བཅས་ལ་མཉེས་པའི་མཆོད་པས་དགྱེས་པ་ཆེན་པོར་མཆོད་ནས་བདེ་གཤེགས་སོ་སོའི་ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་རླབས་ནུས་སྟོབས་ཐུགས་རྗེའི་རྩལ་ཐམས་ཅད་སོ་སོའི་མདོག་གི་རྣམ་པའི་འོད་དང་ཟེར་བསམ་གྱིས་མི་ཁྱབ་པར་བསྡུས་ཏེ༔ གསལ་བ་སྐུའི་དཀྱིལ་འཁོར་བཟླས་པ་སྔགས་ལོངས་སྤྱོད་ཀྱི་འཁོར་ལོ་རྣམས་ལ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་ཐིམ་པས༔ མདུན་གྱི་སྒྲུབ་རྫས་མངོན་སུམ་རྒྱལ་བའི་ཕོ་བྲང་ལ་ཁྱད་པར་རང་ཉིད་དེ་བཞིན་གཤེགས་པ་རྣམས་དང་གཉིས་སུ་མེད་པའི་ངེས་ཤེས་བརྟན་ཞིང་ང་རྒྱལ་ལྡན་པས་རྣམ་དག་དྲན་བཞིན་སྣང་བའི་ཕྱི་སྣོད་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ལ་སྲིད་པའི་གཟུགས་ཅན་གཟུགས་མེད་ཐམས་ཅད་བདེ་གཤེགས་རྒྱལ་བ་རྣམས་དང་གཉིས་སུ་མེད་བཞིན་གཟུངས་ཀྱི་སྔགས་འཁོར་གྱི་རང་སྒྲ་སྒྲ་གྲགས་ཐམས་ཅད་བཟུངས་ཀྱི་རང་སྐད་དུ་ལྷང་ལྷང་༔ དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་ཡེ་ཤེས་སུ་ཟང་ཐལ་ཐལ་དུ་བསམས་ཤིང་གཞུང་ལྟར་བསྒོམ་བཟླས་ལ་འབད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ དེ་ལྟར་བརྩོན་འགྲུས་བསྐྱེད་དེ་ཉམས་སུ་བླངས་ནས་ཁྲི་བརྒྱད་བཟླས་པས་མདོ་ལས་གསུངས་བའི་ཡོན་ཏན་ཐམས་ཅད་འཐོབ་པར་གདོན་མི་ཟ་བས་ཡིད་གཉིས་ཀྱི་འཛིན་པ་སྤངས་ཏེ་ཉམས་སུ་བླང་བར་བྱའོ༔ ཁྲུས་བྱས་རྒྱན་བཏགས་གོས་གསར་གྱོན༔ དར་འཕྱར་དུང་འབུད་རོལ་མོ་འཁྲོལ༔ རྣག་ཁྲག་ཟགས་དང་གྲུ་ཟམ་སྒྲོལ༔ ཐུན་མོང་དངོས་གྲུབ་འཐོབ་པའི་རྟགས༔ གཏེར་རྙེད་མཁར་འཕུར་རྒྱལ་མཚན་བསྒྲེངས༔ རིན་ཆེན་རྣམ་ལྔའི་ཁྲི་ལ་བསྡད༔ ཉི་ཟླ་ཤར་དང་ཞོན་དང་བཟུང་༔ མཆོད་རྟེན་འཛེག་དང་བཟོས་ལ་སོགས༔ མཆོག་གི་དངོས་གྲུབ་ཐོབ་པའི་རྟགས༔ དེ་དག་རྣམས་ལས་མ་གསལ་བའི༔ ཞལ་མཇལ་གསུང་ཐོས་ཞིང་ཁམས་མཐོང་༔ དགེ་བའི་རྟགས་ནི་སྣ་ཚོགས་འབྱུང་༔ མུན་པར་འཐུམས་དང་ངན་སྐྱུགས་ཟོས༔ དགྲ་དམག་ཅེ་སྤྱང་ཆུར་བྱིངས་འཐབས༔ དེ་སོགས་མི་འདོད་ལྟས་ཀྱང་སྲིད༔ བཟང་རིགས་དེར་མཐུན་མཆོག་ཐུན་དབང་༔ ངན་རིགས་སྡིག་སྒྲིབ་ཆེ་དང་གདོན༔ བར་ཆད་ཡོད་རྟགས་སྒྲུབ་པ་བསྐྱར༔ སྙིང་ནས་བརྩོན་བཞིན་གནད་དུ་བསྣུན༔ ལར་ནི་བཟང་ངན་གང་ཤར་ཡང་༔ སེམས་ཉིད་སྟོང་བའི་རང་མདངས་ལས༔ གཞན་དུ་མེད་པའི་ཤེས་པ་ཡི༔ རེ་དོགས་འཛིན་པའི་རྣམ་རྟོག་སྤོངས༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ གཉིད་ཀྱི་རྣལ་འབྱོར་སྒྲུབ་རྫས་རྗེས༔ ཕྱི་ལྟར་སྤྱོད་ཅིང་ཉམས་སུ་བླང་༔ སྐུ་དང་སྤུ་རིའི་གཟུངས་གཞུག་ལ༔ རིང་བསྲེལ་ལ་སོགས་ལྡན་པ་མཆོག༔ བླ་རྡོ་སྐུ་གསུང་ཐུགས་རྟེན་གསུམ༔ ནམ་ཡང་རང་དང་འབྲལ་མེད་འཆང་༔ སངས་རྒྱས་སྐུ་གསུང་ཐུགས་སུ་དམིགས༔ དམ་མེད་སྡིག་ཅན་རྣམས་ལ་སྦ༔ རང་ཉིད་འཆི་བའི་དུས་བྱུང་ཚེ༔ རྟེན་གསུམ་བཤམས་ཏེ་མཆོད་པ་འབུལ༔ རྣམ་ཤེས་སངས་རྒྱས་ཐུགས་ཀར་གཏད༔ སྟོང་ཉིད་བློ་འདས་ཆོས་ཀྱི་སྐུ༔ སངས་རྒྱས་ཐུགས་ཀྱི་ངོ་བོ་དང་༔ རང་གི་རིག་པ་དྲི་མེད་གཉིས༔ གཉིས་མེད་གཉིས་སུ་མི་དམིགས་པའི༔ ཏིང་འཛིན་གོམས་པའི་རྩལ་གྱིས་བསྲེ༔ ཆགས་ཞེན་སྤང་བླང་བྲལ་བཞིན་འཕོ༔ ཨེ་མ་མ་འོངས་བསྐལ་པ་ལ༔ མི་དགེ་བཅུ་ལ་འཆོལ་ཉོག་སྤྱོད༔ འགྲོ་བ་ཕལ་ཆེར་ངན་སོང་སྙོག༔ ཆོས་ཚུལ་འཆང་ཞིང་སྡིག་ལ་སྤྱོད༔ དེ་དུས་དམ་ཆོས་ཐིགས་པ་འདིས༔ འབྲེལ་ཚད་ངན་སོང་སྐྱེ་སྒོ་གཅོད༔ གཏེར་གནས་ཟབ་མོའི་ནུབ་ཕྱོགས་ནས༔ སྔོན་ལས་ངན་པའི་མཚམས་སྦྱོར་གྱིས༔ འདི་འཆང་སྐྱེས་བུར་སྙིང་ནས་དམོད༔ ཡུལ་དེར་མི་འདོད་སྣ་ཚོགས་འབྱུང་༔ གནས་མཆོག་དེ་ཡི་ཤར་ཕྱོགས་ནས༔ སྐལ་བཟང་བདུད་རྩི་ཨ་མྲྀ་འགྱུར༔ གནས་དེའི་ཤར་རམ་ལྷོ་འདབས་ནས༔ རྟ་སྦྲུལ་ལོ་པས་ཆོས་མཛོད་འཆང་༔ ལོག་ལམ་འཁྲིད་པའི་དགེ་བཤེས་གསུམ༔ དུས་དེར་འབྱུང་ཞིང་སྙིང་ནས་དམོད༔ ཆོས་བསྲུང་ཁྲོས་པས་དབང་པོ་བསྣུབ༔ ལྷ་ལ་བདུད་ཀྱི་བསླུ་བ་འཕོག༔ མི་རུང་སྣ་ཚོགས་འཕྲལ་དུ་འབྱུང་༔ བཀྲ་ཤིས་བསྟན་པ་བློ་བཟང་དཔལ༔ ནོར་བུ་དཀོན་མཆོག་ལྷ་དབང་བཙུན༔ འཕགས་པ་ཡེ་ཤེས་དྷརྨ་མགོན༔ མིང་ཟུར་འདི་དག་འཆང་བ་ཡི༔ སྐལ་ལྡན་བུ་དགུས་ཆོས་འདི་འཆང་༔ འགྲོ་བ་འགའ་ཞིག་ཐར་པར་སྦྱོར༔ ཅེས་གསུངས་པ་རྣམས་ཀྱང་བདག་བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བསྲུང་མ་རྣམས་ཀྱིས་བྱ་ར་མཛོད༔ བསྟན་དང་འགྲོ་ལ་ཕན་པར་ཤོག༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་ཁམས་ཀློང་ཐང་སྒྲོལ་མ་ནས། ལྕགས་རྟ་ཧོར་ཟླ་བདུན་པའི་ཚེས་བཅུ་་ལ་གདན་དྲངས་པའོ། །མངྒ་ལཾ།། །།

གསང་སྒྲུབ་མཆོག་གི་ནོར་བུ།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ བདེ་གཤེགས་བརྒྱད་ཀྱི་གསང་སྒྲུབ་མཆོག་གི་ནོར་བུ་གཞུང་དང་འབྲེལ་བ་བཞུགས༔ མཚོ་རྒྱལ་གྱི་ཕྱག་བྲིས་ཤོག་དྲིལ་ལས་བཤུས། བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ གུ་རུ་དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ༔ བདེ་བར་གཤེགས་པ་རྣམས་ཀྱི་གསང་སྒྲུབ་ཀྱང་བཀའ་སྩལ་དུ་གསོལ༔ ཞེས་ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ནས༔ ཉོན་ཅིག་ཇོ་མོ་མཁར་ཆེན་མཚོ་རྒྱལ་མ༔ བདེ་གཤེགས་རྣམས་ནི་ནམ་མཁའི་དཀྱིལ་འཁོར་འདྲ༔ རིས་སུ་མ་གྲུབ་ཕྱོགས་སུ་ལྷུང་བ་མེད༔ གཅིག་ཏུ་མ་ངེས་དུ་མ་རོ་གཅིག་སྟེ༔ དུས་གསུམ་སྐྱེ་འགག་གནས་གསུམ་སྤྲོས་དང་བྲལ༔ གང་འདུལ་ཚུལ་སྟོན་ཉི་ཟླ་འཇའ་ཚོན་ལྟར༔ སོ་སོར་སྣང་ཞིང་འགྲོ་བ་ཐབས་ཀྱིས་འདུལ༔ བཅོམ་ལྡན་སྨན་རྒྱལ་མཆེད་བདུན་ཐུགས་རྗེའི་རྩལ༔ འདྲེན་པ་མཉམ་མེད་ཟས་གཙང་སྲས་ལ་བབས༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་༔ བྱང་ཆུབ་སེམས་དཔའ་དགྲ་བཅོམ་འཕགས་པའི་སྡེ༔ འཁོར་གྱི་འདུས་པ་ཕུན་སུམ་ཚོགས་རྣམས་དང་༔ འཛམ་གླིང་ལས་ཀྱི་ས་པ་གདུལ་བྱར་སྨིན༔ རིགས་གསུམ་མགོན་པོས་བཀའ་ཡི་གཉེར་བྱང་འཆང་༔ ད་ལྟ་རྩོད་ལྡན་དུས་ཀྱི་ཡར་ཚེས་དཀར༔ སྟོན་པའི་ཞལ་སྐྱིན་བྷོ་དྷི་ས་ཏྭ་བཞུགས༔ ཆོས་རྒྱལ་ཡབ་སྲས་ལོ་པཎ་འདི་དག་རྣམས༔ ད་ལྟ་མི་ཡི་གཟུགས་བརྙན་ཚུལ་འཆང་ཡང་༔ དོན་ལ་རྒྱལ་བ་སྲས་བཅས་གཉིས་སུ་མེད༔ སེམས་ཅན་འགྲོ་བ་ནམ་མཁའི་མཐར་ཁྱབ་པར་༔ རྒྱལ་བ་སྲས་བཅས་དེ་དང་དེར་མཚུངས་ཁྱབ༔ དེང་སང་མཐའ་འཁོབ་གངས་རིའི་ལྗོངས་འདི་རུ༔ ཐབས་མཁས་ཐུགས་རྗེའི་འོད་ཟེར་སྣ་ཚོགས་པ༔ ཉི་ཟླ་གཟའ་སྐར་བཞིན་དུ་རབ་ཏུ་བཀྲ༔ བོད་འབངས་འགྲོ་བ་ཡོད་དོ་ཆབས་ཅིག་གྲོལ༔ ཐམས་ཅད་དག་པའི་ཞིང་མཐོང་མངོན་བྱང་ཆུབ༔ འདི་ནས་དུས་དང་བསྐལ་བ་རིམ་གྱིས་འབྲི༔ ཁྱད་པར་སྙིགས་མ་ལྔ་ལྡན་དུས་ཀྱི་མཐར༔ སེམས་ཅན་ཐམས་ཅད་མི་དགེའི་ལས་ལ་འབུང་༔ མཐའ་མི་མང་པོ་བོད་ཁམས་ལྗོངས་འདིར་འཚོག༔ མི་རྒོད་གཤིན་རྗེའི་ཚུལ་ལྡན་གསེབ་དྲི་ཅན༔ ཟས་སུ་སེམས་ཅན་ཤ་ཁྲག་དྲོན་མོར་སྤྱོད༔ གོས་སུ་པགས་རིགས་སྣ་ཚོགས་ལྷབ་ལྷུབ་གྱོན༔ མོན་བུ་ནག་པོ་སྐྲ་ལོ་ལྟག་པར་འཕྱོ༔ བོད་ཀྱི་རྗེ་ལ་ཁྲལ་གྱིས་མཆོད་པའི་དུས༔ དཔལ་རྡོར་སྤྲུལ་པས་ཁྲིམས་ཀྱི་དྲང་ཤིང་འཕྱར༔ དེ་དུས་ད་ལྟ་བཤད་པའི་དམ་པའི་ཆོས༔ བདུད་རྩིའི་ཐིགས་པས་འབྲེལ་ཐོགས་ཐར་པར་སྦྱོར༔ དེ་ཕྱིར་ཡི་གེའི་རིས་སུ་གསལ་བར་ཐོབ༔ བོད་ཀྱི་ཡུལ་མཐའ་རྒྱ་ནག་ཡུལ་གྱི་མགོ༔ ཀོ་ས་ལ་ཞེས་བྱ་བའི་གསང་མཛོད་དུ༔ རྒྱ་བདུན་ཐོབ་ལ་ཁོལ་པོ་ཁ་ལ་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ སྨན་བླའི་བདག་བསྐྱེད་ནི། གསང་སྒྲུབ་གསང་བའི་གདམས་པ་སྤྱད་པའི་ཐབས༔ ལས་གཞུང་སོར་བཞག་སྐུ་གསུང་ཐུགས་ཀྱི་རྟེན༔ ཕྱོགས་སུ་འགོད་ཅིང་གནང་བ་ཞུ་བ་སོགས༔ ལས་ཀྱི་གཞུང་བསྲང་མདུན་བསྐྱེད་གཞུང་མཐུན་གསལ༔ བདག་བསྐྱེད་སྐད་ཅིག་མི་དམིགས་སྟོང་བའི་ངང་༔ མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ དེ་བཞིན་གཤེགས་པ་སྨན་རྒྱལ་བཻཌཱུར་མདོག༔ མཆོག་སྦྱིན་མཉམ་གཞག་ཨ་རུ་རྣམ་རྒྱལ་མཚན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ རྒྱལ་བ་མཚན་ལེགས་གསེར་མདོག་གཟི་བརྗིད་འབར༔ སྐྱབས་སྦྱིན་མཉམ་གཞག་ཕྱག་རྒྱ་མཚན་དཔེས་སྤྲས༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ནི༔ བཙོ་མ་གསེར་གྱི་མདོག་ལ་འོད་སྟོང་འཕྲོ༔ མཆོག་སྦྱིན་མཉམ་གཞག་ཕྱག་རྒྱའི་རྟགས་ཀྱིས་སྤྲས༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ བདེ་གཤེགས་གསེར་བཟང་དྲི་མེད་རིན་ཆེན་སྣང་༔ གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ༔ སྐྱབས་སྦྱིན་མཉམ་པར་གཞག་པའི་ཕྱག་རྒྱར་ལྡན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ མྱ་ངན་མེད་མཆོག་འཕགས་པ་དེ་བཞིན་གཤེགས༔ སྐུ་མདོག་དམར་སྐྱ་མཉམ་གཞག་ཏིང་འཛིན་ཅན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དཔལ༔ དྲི་མེད་དུང་མདོག་ཆོས་འཆད་ཕྱག་རྒྱ་ཅན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ ཆོས་ཀྱི་བློ་གྲོས་དམར་པོ་གཟི་འོད་རྒྱས༔ མཆོག་སྦྱིན་མཉམ་གཞག་ཕྱག་རྒྱའི་འཁོར་ལོར་ལྡན༔ རང་མདོག་འོད་ལས་གྲུབ་པའི་སྐུ་རུ་གསལ༔ སྣང་སྟོང་ཟུང་འཇུག་ཁྱབ་བརྡལ་རྒྱལ་བའི་ཞིང་༔ ཅེས་པ་ནས༔ ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་སྐུ་མདོག་ལྟར་ལ་དམིགས་པའི་འདུ་འཕྲོ་བདག་བསྐྱེད་ཀྱིས་མདུན་བསྐུལ༔ མདུན་བསྐྱེད་འོད་ཟེར་གཟུངས་ཀྱི་ཏིང་ངེ་འཛིན་ལྟར་བསྒྱུར་ཞིང་བརྩོན་འགྲུས་ལྡན་པས་ཉམས་སུ་བླངས་པས་ཕན་ཡོན་མདོ་ལས་གསུངས་པ་ལྟར་ལ་རྟགས་ཀྱི་རིམ་པ་ཕྱི་ནང་གི་གཞུང་ལྟར་འབྱུང་བར་འགྱུར་རོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ རྗེས་ནི་གཏོར་མ་བསང་སྦྱངས་བྱིན་བརླབས་ནས༔ ཧཱུྃ་གཏོར་སྣོད་རིན་ཆེན་སྣ་ཚོགས་གཞོང་པ་རུ༔ གཏོར་མའི་ངོ་བོ་ལྷ་མིའི་ལོངས་སྤྱོད་བཤོས༔ དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་སྤོས༔ ཨ་བར་སྐྱུར་གསུམ་ལ་སོགས་སྨན་སྣ་སྟོང་༔ ནས་འབྲས་གྲོ་སྲན་ལ་སོགས་འབྲུ་སྣ་སྟོང་༔ ཨིཎྜ་རྙིལ་སོགས་ལྷ་ཡི་ཤིང་འབྲས་དང་༔ ཅོ་ལེ་ཉོ་ལེ་སྟར་ག་རྒུན་འབྲུ་སྒ༔ ཁམ་བུ་ཀུ་ཤུ་བསེ་ཡབ་ཏ་ལའི་འབྲུ༔ སྤང་ལས་སྐྱེས་དང་ཆུ་དང་ནགས་ལས་རྡོལ༔ འབྱུང་བཞིའི་དྭངས་མ་ཟས་ཀྱི་རོ་མཆོག་རིགས༔ སྟོང་གསུམ་འཇིག་རྟེན་ཁམས་ཀྱི་བཅུད་འཛིན་རྣམས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ནམ་མཁའི་མཐར་ཁྱབ་ཁེངས་པའི་གཏོར་མ་འདི༔ དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས༔ མ་ལུས་མཆོད་གནས་རྣམས་ལ་འབུལ་བར་བགྱིད༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ན་མཿ སརྦ་ཏ་ཐཱ་ག་ཏ་བུདྡྷ་བྷོ་དྷི་སཏྭ་ཨརྷ་ཏེ་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྔའམ་བདུན་གྱིས་མཆོད་ཅིང་བསྟོད་ནས་དབང་བཞི་བླངས་རྗེས༔ མདུན་བསྐྱེད་ལས་འོད་ཟེར་སྣ་ཚོགས་འཕྲོས་རང་གི་སྤྱི་བོའི་ལྷ་ཚོགས་རྣམས་ལ་ཐིམ་པས་སྨོན་ལམ་གྱི་སྟོབས་ཀྱི་ཐུགས་རྒྱུད་བསྐུལ༔ ཆོས་ཀྱི་བློ་གྲོས་འོད་དུ་ཞུ༔ ཆོས་གྲགས་རྒྱ་མཚོ་ལ་ཐིམ༔ ཆོས་གྲགས་འོད་དུ་ཞུ༔ མྱ་ངན་མེད་མཆོག་ལ་ཐིམ༔ མྱ་ངན་མེད་མཆོག་འོད་དུ་ཞུ༔ གསེར་བཟང་དྲི་མེད་རིན་ཆེན་སྣང་ལ་ཐིམ༔ གསེར་བཟང་དྲི་མེད་འོད་དུ་ཞུ༔ མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཐིམ༔ གཟི་བརྗིད་སྒྲ་དབྱངས་འོད་དུ་ཞུ༔ མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ལ་ཐིམ༔ མཚན་ལེགས་འོད་དུ་ཞུ༔ སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཐིམ༔ སྨན་བླ་འོད་དུ་ཞུ༔ བཅོམ་ལྡན་འདས་ལ་ཐིམ༔ སངས་རྒྱས་འོད་དུ་ཞུཿ གཟུངས་དང་ཟླ་དཀྱིལ་ལ་ཐིམ༔ གཟུངས་དང་ཟླ་དཀྱིལ་འོད་དུ་ཞུཿ ཧཱུྃ་ལ་ཐིམ༔ ཧཱུྃ་འོད་དུ་ཞུ་ཞབས་ཀྱུ་འ་ཆུང་ཧ་ཁོག་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་ད་ཚེག་དྲག་དམིགས་མེད་དུ་ཡལ་བར་བསམ་ཞིང་༔ དུས་གསུམ་གྱི་འཛིན་རྟོག་དང་བྲལ་བ་དམིགས་སུ་མེད་པ་རིས་སུ་མ་གྲུབ་པ༔ བློས་སྣང་གི་ཡུལ་ལས་འདས་པར་བཞག་པར་བྱའོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ སླར་ཡང་བར་སྣང་ལ་འཇའ་ཚོན་བཀྲ་བ་ལྟར་བསྐྱེད་རིམ་སྔར་བཞིན་གསལ་གཏབ་སྟེ། ཐུགས་ཀའི་སྔགས་འཁོར་སོགས་ཡིད་ལ་བཀོད་ནས་རླུང་གི་བཟླས་པའི་ངང་དུ་གཉིད་དང་བསྲེས་པས་དྲོད་ཐོབ་པའི་དུས་སུ་འཕགས་པའི་ཞལ་མཇལ་གསུང་གི་གླེང་ཡང་ལང་བར་འགྱུར་རོ༔ སྒྲུབ་པའི་རྫས་དང་རྫས་རྣམས་གཞན་ལྟར་སྤྱོད༔ ལས་འཕྲོ་ལྡན་པའི་བུ་དང་འདི་འཕྲད་ཤོག༔ སྲུང་མ་རྣམས་ཀྱིས་བཀའ་ཡི་བྱ་ར་གྱིས༔ གཏེར་གྱི་བདག་པོས་སྲུངས་ཤིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་གནས་མཆོག་ཆེན་པོ་ཀོ་ས་ལ་ནས་གདན་དྲངས་པའོ། །མངྒ་ལཾ།། །།

སྨན་བླའི་གསོལ་འདེབས།

དམ་ཆོས་བདུད་རྩིའི་ཐིགས་པ་ལས། སངས་རྒྱས་སྨན་བླའི་གསོལ་འདེབས་བཞུགས། གུ་རུ་ལ་ཞུས་པའི་གསུང་བཞིན་བདག་ལོ་ཙཱ་བས་བྲིས་པའི་ཤོག་དྲིལ། འཕགས་པ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཁོར་བཅས་རང་མདུན་ནམ་མཁར་དམིགས་ཤིང་མོས་གུས་གདུང་བས་གསོལ་བ་འདི་ལྟར་གདབ། ཨོཾ་ཨཱཿཧཱུྃ། ན་མོ་བུདྡྷ་ཨརྷ་ཏེ་སརྦ་སིདྡྷི་ཕ་ལ་ཧཱུྃ། འཕགས་ཡུལ་ཡངས་པ་ཅན་གྱི་ཞིང་ཁམས་ནས། །སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ་འདེབས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །ཚེ་འདིའི་རྐྱེན་ངན་འབྱུང་བཞིའི་ནད་རྣམས་སོལ། །དག་པའི་ཞིང་ལ་སྨོན་ལམ་སྟོབས་ཀྱིས་དྲོངས། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿཧཱུྃ། ན་མོ་བུདྡྷ་ཨརྷ་ཏེ་སརྦ་སིདྡྷི་ཕ་ལ་ཧཱུྃཿ བཻཌཱུརྱ་ལྟར་དངས་པའི་ཞིང་ཁམས་ནས། །སངས་རྒྱས་སྨན་པའི་རྒྱལ་པོ་ལ༴ སྔོན་གྱི་ཐུགས་བསྐྱེད༴ ཚེ་འདིའི༴ དག་པའི་ཞིང་ལ༴ ཐུགས་རྗེས་དགོངས༴ ཨོཾ་ཨཱཿཧཱུྃ་ན་མོ་བུདྡྷ༴ །གཞན་གྱིས་མི་ཐུབ་པ་ཡི་ཞིང་ཁམས་ནས། ཡོངས་གྲགས་དཔལ་གྱི་རྒྱལ་པོ་ལ་གསོལ༴ སྔོན་གྱི༴ ཚེ་འདིའི༴ དག་པའི༴ ཐུགས་རྗེས༴ ཨོཾ་ཨཱཿཧཱུྃ་ན་མོ༴ །རིན་པོ་ཆེ་དང་ལྡན་པའི་ཞིང་ཁམས་ནས། །གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་གསོལ༴ ཨོཾ་ཨཱཿཧཱུྃ་ན་མོ༴ །རིན་ཆེན་སྤོས་ཀྱིས་བརྒྱན་པའི་ཞིང་ཁམས་ནས། །གསེར་བཟང་དྲི་མེད་སྣང་ལ་གསོལ༴ ཨོཾ་ཨཱཿཧཱུྃ་ན་མོ༴ །མྱ་ངན་མེད་པའི་ཞིང་མཆོག་དམ་པ་ནས། །འཕགས་པ་མྱ་ངན་མེད་ལ་གསོལ༴ ཨོཾ་ཨཱཿཧཱུྃ་ན་མོ༴ ཆོས་ཀྱི་རྒྱལ་མཚན་ཞེས་བྱའི་ཞིང་ཁམས་ནས། །ཆོས་གྲགས་རྒྱ་མཚོའི་དབྱངས་ལ་གསོལ༴ ཨོཾ་ཨཱཿཧཱུྃ་ན་མོ༴ །རིན་ཆེན་རྒྱ་མཚོ་ལེགས་གནས་ཞིང་ཁམས་ནས། ཆོས་བློ་མངོན་པར་མཁྱེན་ལ་གསོལ༴ རྒྱལ་བ་རྒྱ་མཚོའི་ཆོས་ཀྱི་གཉེར་བྱང་འཆང་། །འཕགས་མཆོག་རིགས་གསུམ་མགོན་པོ་ལ་གསོལ༴ བདེ་གཤེགས་བརྒྱད་ཀྱི་འདུལ་ཞིང་དག་པ་ནས། །བྱང་སེམས་དགྲ་བཅོམ་དཔག་མེད་ལ་གསོལ༴ གནས་མཆོག་དཔལ་གྱི་མཆིམས་ཕུའི་དགེའུ་ནས། །གྷུ་རུ་པདྨ་འབྱུང་གནས་ལ་གསོལ༴ སྒྲུབ་གནས་མཚོ་རྒྱལ་ཕུག་གི་གཞལ་ཡས་ནས། །སྒྲུབ་ཟླ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ༴ གཟན་ཡང་དཔལ་གྱི་དབེན་རྩའི་ཀེའུ་ཚང་ནས། །མཁན་པོ་ཞི་བ་འཚོ་ལ་གསོལ༴ མཆིམས་ཀྱི་སྒྲུབ་གནས་བྲག་དམར་ཀེའུ་ཚང་ནས། །ཚངས་པ་ལྷ་ཡི་མེ་ཏོག་ལ་གསོལ༴ བསམ་ཡས་མཆིམས་ཕུ་དབེན་རྩའི་སྒྲུབ་ཕུག་ནས། །བཻ་རོ་ནམ་སྙིང་ཀླུ་དབང་ལ་གསོལ༴ དབེན་རྩ་དཔལ་གྱི་གཙུག་ལག་ཁྱམས་ཆེན་ནས། །རིག་འཛིན་འདུས་པའི་ལྕམ་དྲལ་ལ་གསོལ༴ ཟབ་གཏེར་ཆོས་ཀྱི་ཕོ་བྲང་ཆེན་པོ་ནས། །རིགས་འཛིན་ཉི་མ་གྲགས་པ་ལ་གསོལ་བ་འདེབས། རང་སྣང་དག་པའི་ཞིང་ཁམས་ཡངས་པ་ནས། །རྒྱལ་སྲས་ཆོས་ཀྱི་རྗེ་ལ་གསོལ༴ ལམ་འདིའི་སྨིན་བྱེད་དགའ་བའི་སྐྱེད་ཚལ་ནས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་གསོལ༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ༴ སྟེང་ཕྱོགས་དག་པ་ལྷ་ཡི་གཞལ་ཡས་ནས། །ལྷ་དབང་ཚངས་པ་བརྒྱ་བྱིན་ལ་གསོལ་བ་འདེབས། །མོས་པའི་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ནད་གདོན་བགེགས་དང་བར་ཆད་དབྱིངས་ནས་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །རིན་ཆེན་རི་རྒྱལ་ལྷུན་པོའི་ལྕོག་བཞི་ནས། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ་གསོལ་བ་འདེབས། །མོས་པའི༴ ནད་གདོན༴ མཆོག་དང་༴ བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཞིང་མཆོག་ནས། །གནོད་སྦྱིན་འབུམ་འབུམ་འཁོར་བཅས་ལ་གསོལ༴ གནས་མཆོག་ཀློང་ཐང་སྒྲོལ་མའི་གཞལ་ཡས་ནས། །དམ་ཆོས་བདུད་རྩི་ཐིགས་པ་ལ་གསོལ༴ བཀའ་ལྟར་ཕྲིན་ལས་སྐྱོང་བའི་གཞལ་ཡས་ནས། །གཏེར་བསྲུང་ཁོལ་པོ་ཁ་ལ་གསོལ༴ ཅེས་གསོལ་འདེབས་ཀྱི་རིམ་པ་འདི་ཡང་གྷུ་རུ་མཆོག་གི་བཀའ་ལྟར་ལོ་ཙཱ་བ་བདག་གིས་ཡི་གེར་བཀོད་པའོ། བཀའ་ཡི་སྲུང་མ་ལ་བཅོལ་ལོ། ཐུབ་པར་སྲུངས་ཤིག་མངྒ་ལཾ། སྟེང་ཕྱོགས་དག་པ་ཕྱིན་བདག་ཁམས་པ་ཉི་མ་གྲགས་ཀྱི་འདོད་གསོལ་ལ་སྦྱར་བ་ཡིན་པས་ངེས་པར་མཛོད།། །།

མཆོད་པའི་རིམ་པ།

༈ དམ་ཆོས་བདུད་རྩིའི་ཐིགས་པ་ལས། བདེ་གཤེགས་སྨན་པའི་རྒྱལ་པོ་མཆོད་པའི་རིམ་པ་བཞུགས། སློབ་དཔོན་ཆེན་པོའི་བཀའ་ལྟར་བདག་ལོ་ཙཱ་བས་བྲིས་པའི་ཤོག་དྲིལ། །སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ལ་བདག་ལོ་ཙཱ་བ་ཀླུ་དབང་བསྲུང་གིས་གུས་པའི་ཕྱག་དང་བསྐོར་བ་མང་དུ་ཕུལ། བདེར་གཤེགས་སྨན་པའི་རྒྱལ་པོ་མཆོད་པའི་གདམས་པ་ཞིག་གནང་བར་གསོལ་བ་བཏབ་པར། སློབ་དཔོན་ཆོས་ཀྱི་དབང་ཕྱུག་གུ་རུ་རིན་པོ་ཆེའི་ཞལ་ནས། ལོ་ཙཱ་བ་སྨན་རྒྱལ་མཆོད་པའི་ཆོ་ག་སྤྱི་ལྟར་མདོ་ལས་གསུངས་པའི་ལག་ལེན་རྒྱ་གར་སོར་བཞག་ཡིན་ཏེ། བྲམ་ཟེ་དང་རྒྱལ་རིགས་སོགས་གཙང་སྤྱོད་ཆེ་བའི་ཚུལ་བསྟུན་ལ། བོད་ཁམས་གདོལ་སྤྱོད་མཐའ་འཁོབ་དང་བསྟུན་འབྱུང་བ་སོགས་ཚ་གྲང་སྣ་ཚོགས་ཁ་ཟས་སྤྱོད་ལམ་དེར་མཐུན་མཆོད་པར་འོས་པའི་ལག་ལེན་གྱི་རིམ་པ་ནི། གནས་ཁང་སྐྱང་ནུལ་སྟེགས་བུར་མཚམས་པར་བཟོ་ཞིང་། རིན་པོ་ཆེའམ་དངུལ་གྱི་མཎྜལ་གྱི་སྟེང་དུ་འབྲས་སམ་ནས་བུ་རམ་སྦྲང་རྩི་མར་སོགས་གང་འབྱོར་གྱིས་སྦྲུས་པ་ལ་ཚོམ་བུ་བརྒྱད་བཀོད་པ་སྟེགས་བུའི་དབུས་སུ་འགོད། སྣོད་གཙང་མའི་ནང་དུ་ཕྱེ་གཙང་ལ་ཟླུམ་གཏོར་རྒྱན་ལྡན་གཙོ་བོ་གཅིག་ལ་འཁོར་བདུན་ཨུག་ཀྱུས་སུམ་རིམ་བསྐོར་བ་མདུན་དུ་བཤམས། དེའི་གཡས་སུ་གནོད་སྦྱིན་སྤྱི་གཏོར་བཤོས་ཟླུམ་རིལ་བུ་མང་པོས་མཐའ་བསྐོར་རྒྱན་ལྡན། །གཡོན་དུ་ཁོལ་པོ་ཁ་ལ་བཤོས་བུ་རྒྱན་ལྡན་རིལ་བུས་བསྐོར་བ། སྟེགས་ཀྱི་མཐར་མཆོད་པ་ཅི་འབྱོར་རྒྱས་པར་བཤམས། དམིགས་རྟེན་སྐུ་རྣམས་ཡོད་ཀྱང་འགོད། རབ་བྱུང་ཕོ་མོ་ཡིན་ན་རུང་གོས་བགོ །ཁྱིམ་པ་ཡིན་ཀྱང་རྒྱབ་གོས་བཅས་གསོ་སྦྱོང་ལེན་དང་བསྙེན་གནས་བྱུང་ན་རབ། མཆིལ་ལྷམ་ཕུད་ཅིང་ཆབ་བླང་གྲལ་ལ་འཁོད། སྐྱབས་སེམས་མོས་འདུན་རྩེ་གཅིག་ལྡན་པར་བྱ་སྟེ། མདུན་གྱི་ནམ་མཁར་ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའི་ཚུལ་ལ་དཀོན་མཆོག་བརྒྱུད་ལྡན་སངས་རྒྱས་བྱང་སེམས་ཐམས་ཅད་ཁྲོམ་ཚོགས་པ་ལྟར་དམིགས་ཤིང་། ན་མོ་དེ་བཞིན་གཤེགས་པ་མཐུ་ཆེན་ཐོབ་དང་སྐྱབས་གནས་བརྒྱུད་ལྡན་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་འདིར་འདུས་པ་རྣམས་ཀྱི་ཕ་མ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་ལམ་གྱི་ཐུགས་རྗེའི་བྱིན་རླབས་རྗེས་སུ་བསྐུལ་ཞིང་རྗེས་སུ་འཐོབ་པར་འདོད་པས་བཀའི་གནང་བ་ཅི་འཚལ། ལན་གསུམ་བརྗོད་པས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་དུ་སྤྱོད་འཚལ། ཞེས་གསུངས་ཤིང་རང་ལ་ཐིམ་པར་བསྒོམ། དེ་ནས་སྣོད་གཙང་ནང་དུ་བཤོས་དང་ཆང་བུ་ཆབ་ཀྱིས་སྦྲན། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། ཧཱུྃ། ཡུལ་འདིར་གཉུག་མར་གནས་པ་དང་། །ས་བདག་ས་ཡི་ལྷ་མོ་སོགས། །ཕྱི་རྒྱུད་སྐྱོང་བ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གནས་རྟེན་གཞན་དུ་ཁྱོད་སྤོས་ཏེ། །ས་འདི་བཀྲ་ཤིས་དགེ་ལེགས་སྩོལ། །སེམས་ཅན་དོན་དུ་སེམས་བསྐྱེད་བྱོས། །དེ་བཞིན་གཤེགས་པའི་དམ་མ་བཀྲལ། །རྡོ་རྗེ་ཅན་གྱི་བཀའ་མ་གཅོག །སྦྱིན་པའི་ཟས་ཟོ་རང་གནས་སོང་། །ཨོཾ་སུམ་བྷ་ནི་སོགས། ཧཱུྃ། ཟབ་མོའི་དོན་ལ་མི་སེམས་དང་། །རྒྱལ་བའི་བཀའ་ལ་མི་ཉན་རྣམས། །དམ་ཚིག་ཡེ་ཤེས་རྡོ་རྗེ་ཡི། །སྲུང་བའི་འཁོར་ལོས་མཚམས་བཅད་དོ། །ཧཱུྃ་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ། བསྲུང་བའི་རྒྱས་གདབ། དེ་ནས་ཚོམ་བུ་མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་སྦྱང་ཞིང་ངག་ནས་ཀྱང་རཾ་ཡཾ་ཁཾ་གསུམ། ཨོཾ་སྭ་བྷཱ་ཝ་གསུམ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་མཐིང་ག་ཡོངས་སུ་གྱུར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟར་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱ་ཧཱུྃཿ སོགས་ནས་ཤཔྟའི་བར་ཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། གསུམ། རང་གི་སྙིང་གར་ཟླ་བའི་གདན་ལ་ཧཱུྃ་ཡིག་སེར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་རྫོགས་པའི་སངས་རྒྱས་ལ་དེ་བཞིན་གཤེགས་པ་བདུན་འཁོར་དང་བཅས་པས་བསྐོར་བ་བཛྲ་ས་མ་ཡ་ཛཿཛཿ རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨརྒྷཾ་ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཅེས་མཆོད། ན་མོ། བླ་མ་སངས་རྒྱས་བདེར་གཤེགས་བཅོམ་ལྡན་འདས། །སྨན་རྒྱལ་མཆེད་བདུན་བྱང་ཆུབ་སེམས་དཔའི་ཚོགས། །སྐྱབས་གནས་མ་ལུས་ཇི་སྙེད་ཐམས་ཅད་ལ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི། །གསུམ། ན་མོ། མཁའ་མཉམ་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །སྡུག་བསྔལ་འཁོར་བའི་གྲོང་ཁྱེར་ཆེན་པོ་ལས། །བསྒྲལ་ཞིང་བྱང་ཆུབ་མཆོག་ལ་འགོད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྨོན་ལམ་རྗེས་སུ་བསྐུལ། །བླ་མེད་བྱང་ཆུབ་མཆོག་ལ་རེག་པར་ཤོག ན་མོ། རྒྱལ་བ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས་ཀྱིས་མཆོད། །མི་དགེ་སྡིག་སྒྲིབ་ཉེས་ལྟུང་བསགས་རྣམས་བཤགས། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་འགྲོ་བའི་མགོན་དུ་བཞུགས། །དུས་གསུམ་དགེ་བའི་ཚོགས་ལ་ཡི་རང་ངོ་། །འགྲོ་དྲུག་མ་ལུས་སངས་རྒྱས་མངོན་གྱུར་ཤོག །གསུམ། འཕགས་པ་ཚོགས་ཀྱི་ཞིང་རྣམས་རང་ལ་ཐིམ་པར་གྱུར་པས་བྱིན་རླབས་ཐོབ་པར་བསམས། ཨོཾ་མ་ཧཱ་ཤུ་ནེ་ཏ་ཛྙ་ན་སོགས། ཨོཾ་སྭ་བྷཱ་བ་སོགས། ཧཱུྃ། ཕྱི་ནང་སྣོད་བཅུད་བདག་འཛིན་ལས་བྱུང་བའི། །དངོས་དང་དངོས་མིན་སྣང་བའི་ཆོས་རྣམས་ཀུན། །སྟོང་ཉིད་ཆེན་པོ་བློ་བྲལ་མུ་མཐའ་མེད། །རྣམ་དག་རྒྱལ་བའི་ཞིང་མཆོག་རབ་འབྱམས་བརྡལ། །བཻཌཱུརྱ་ཡི་འོད་ཀྱིས་སྤྲས་པའི་མདངས། །ཀུན་ཏུ་འཁྲིག་ཅིང་འཚེར་ལ་གཟི་འོད་འབར། །རིན་ཆེན་རྣམ་མང་སྐུད་པས་དྲ་བར་སྤྲས། །དྲི་བསུང་ལྡན་པའི་སྤོས་ངད་ཕྱོགས་བཅུར་ཁྱབ། །ཡན་ལག་བརྒྱད་ལྡན་ཆུ་དང་རྫིང་བུ་འཁྱིལ། །མེ་ཏོག་སྣ་ཚོགས་དོ་ར་དོ་རས་མཛེས། །དཔག་བསམ་སྡོང་པོ་མང་པོར་འདོད་ཡོན་འཕྲོ། །སྣ་ཚོགས་རོལ་མོ་སྤྲུལ་པའི་འདབ་ཆགས་ལས། །ཐེག་མཆོག་བླ་མེད་ཆོས་ཀྱི་སྒྲ་དབྱངས་སྒྲོག །ཡེ་ཤེས་རོལ་པའི་ལྷུན་གྲུབ་ཞིང་གིས་དབུས། །བློ་འདས་དཔག་དཀའ་བརྗོད་མི་ལང་བའི་ས། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ། །ཆོས་དབྱིངས་ཡེ་ཤེས་བཻཌཱུཪྻ་ཡི་འོད། །རྣམ་པར་འཕྲུལ་པའི་གཞལ་ཡས་ལྟ་ན་སྡུག རྒྱ་ཆེ་དཔངས་མཐོ་བཀོད་མཛེས་ཁོར་ཡུག་སྒོ། །ཚད་མེད་བཞི་ལྡན་འདོད་ཡོན་ཕ་གུ་དང་། །དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས། །རྣམ་པར་བྱང་ཆུབ་རིན་ཆེན་འོད་འབར་ཏོག །ཆོས་ཀྱི་རྒྱལ་མཚན་གསེར་གྱི་གཡེར་ཁ་འཁྲོལ། །པད་རྡོར་མེ་རི་འོད་ལྔའི་དྲ་བས་འབྲེལ། །ཕྱི་གསལ་ནང་གསལ་ཀུན་ཁྱབ་རྒྱལ་བའི་ཞིང་། །མ་བཅོས་ལྷུན་གྲུབ་གཞལ་ཡས་ཆེན་པོའི་དབུས། །བདུད་བཞིའི་གདན་དང་མི་འཇིགས་སེང་གེའི་ཁྲི། །པདྨ་ཟླ་བས་མཚན་པའི་ཁྲི་བརྒྱད་ཀྱི། །དབུས་དང་ཁོར་ཡུག་རང་མདོག་ས་བོན་ཧཱུྃ། ཨཱ་ལི་ཀཱ་ལིའི་སྒྲ་དབྱངས་སྒྲོག་པས་མཚན། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་མཆོད། །ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་སྦྱངས། །བརྩེ་ཆེན་རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས། །འཕགས་པ་མཆོག་གི་ས་བོན་རྣམས་ལ་ཐིམ། །ཡོངས་སུ་གྱུར་པས་དེ་བཞིན་གཤེགས་པ་བརྒྱད། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རང་རྟགས་ཕྱག་རྒྱ་རང་འོད་གཟི་མདངས་ལྡན། །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་མཚན། །ངུར་སྨྲིག་ཆོས་གོས་ན་བཟའ་སྐུ་ལ་གསོལ། །བྱང་ཆུབ་སེམས་དཔའ་འཕགས་པ་སྐྱབས་གྲོལ་དང་། །འཇམ་དཔལ་གཞོན་ནུ་འཕགས་པ་མཐུ་ཆེན་ཐོབ། །ཉི་མ་ལྟར་སྣང་ཟླ་བ་ལྟར་སྣང་དང་། །བྱང་སེམས་དགྲ་བཅོམ་ཁྲི་སྟོང་བརྒྱད་བརྒྱ་དང་། །ཐེར་འབུམ་ཐེར་འབུམ་འཕགས་པ་ཕྱིར་མི་ལྡོག །བདེར་གཤེགས་བརྒྱད་ཀྱི་སྨོན་ལམ་སྟོབས་འཕྲུལ་འཁོར། །མ་ལུས་ལྷན་ཅིག་དཀྱིལ་འཁོར་འཁོར་ལོའི་ཞིང་། །མ་འགགས་རོལ་པའི་ཏིང་འཛིན་རང་མདངས་ལས། །ལྷང་ངེ་ལྷམ་མེ་ལྷན་ནེར་གསལ་བར་བསྒོམ། །གཞལ་ཡས་ཕྱི་རོལ་བར་ཁྱམས་ཁོར་ར་ཁོར། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བྲན་འཁོར་དང་། །གནོད་སྦྱིན་བརྒྱད་དང་བདུན་འབུམ་བདུན་འབུམ་དང་། །བཀའ་ཡི་སྲུང་མ་ལས་བྱེད་འཁོར་བཅས་གསལ། །གནས་གསུམ་ཡིག་འབྲུ་ཐུགས་ཀའི་ས་བོན་ལས། །འོད་ཟེར་འཕྲོས་པས་བསྐྱེད་པའི་དེ་བཞིན་གཤེགས། །མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས། །སྤོས་དང་ཕེག་རྡོབ་རོལ་མོ་རྣམས་ཀྱིས་མཚམས་སྦྱར། མོས་གུས་གདུང་ཤུགས་དྲག་པོས་འདུན་པ་རྩེ་གཅིག་བཅས། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་རོལ་ནས། །མངོན་པར་བྱང་ཆུབ་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེས་ཡལ་བར་དོར་བའི་བླུན་རྨོངས་བདག །སྐྱབས་དང་མགོན་མེད་སྡུག་བསྔལ་རྒྱ་མཚོར་བྱིང་། །ཀྱེ་མ་ཀྱི་ཧུད་ཉམ་ཐག་ང་རོས་འབོད། །བརྩེ་བའི་ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས། །བསྐལ་པའི་ཡང་མཐའ་ཕྱི་མའི་ཕྱི་མ་འདིར། །སྙིང་ནས་འབོད་ལ་རྗེས་སུ་མ་དགོངས་ན། །འཕགས་མཆོག་ཐུགས་རྗེ་ཆེ་ཡང་ཅི་ཞིག་འཚལ། །མཆོད་པའི་རྫས་བཤམས་གདུང་བའི་ཤུགས་བསྐྱེད་པས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །བསྐྱེད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐུགས་རྗེའི་མཐུ་ཡིས་གནས་འདིར་གཤེགས་སུ་གསོལ། །བྱིན་རླབས་སྟོབས་ཀྱིས་གནས་འདིར་གཤེགས་སུ་གསོལ། །རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་བཛྲ་ས་མ་ཡ་ཕེཾ་ཕེཾ་ཛཿཛཿ གདན་དབུལ་བ་ནི། ཧཱུྃ། དེ་བཞིན་གཤེགས་པ་མ་ལུས་འཁོར་དང་བཅས། །ཟླ་བ་དང་ནི་ཆུ་ཟླ་ཇི་བཞིན་དུ། །བསྐྱེད་པའི་གནས་འདིར་བྱིན་གྱིས་བརླབ་ཕྱིར་བཞུགས། །མ་ལུས་འཁོར་དང་བཅས་པ་ཏིཥྛ་ལྷན། །མཆོད་པ་ནི། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །མ་ལུས་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་ཨརྒྷཾ་ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དབང་ནི། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་བརྒྱན་གྱུར། ཧཱུྃ། བདུད་བཞིའི་དཔུང་བཅོམ་ཉོན་མོངས་གཡུལ་ལས་རྒྱལ། །ཟབ་ཅིང་སྤྲོས་བྲལ་བྱང་ཆུབ་མངོན་དུ་གྱུར། །ལྷ་ཡི་ལྷ་མཆོག་འཕགས་པ་དེ་བཞིན་གཤེགས། །རྒྱལ་བ་སྲས་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་བདག་བསྐྱེད་རང་དེ་བཞིན་གཤེགས་པ་ནས་སངས་རྒྱས་བདུན་ཐོ་བརྩེགས་དང་། །དབང་གི་བུམ་པ་བསྐྱེད་ཆོག་འདོན་དང་དམིགས་པ་རྣམས་ཀྱང་སོ་སོར་བསྒྱུར། གཟུངས་ཀྱི་ཏིང་ངེ་འཛིན་ནི། ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས། །གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས། །ཐུགས་ཀར་ཟླ་དཀྱིལ་ཧཱུྃཿཡིག་སེར་པོའི་མཐར། །གཟུངས་སྔགས་འཁོར་བས་འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། །རྒྱལ་བ་སྲས་བཅས་མཆོད་ནས་བྱིན་རླབས་བསྡུས། །བསྐྱེད་པའི་གཞལ་ཡས་བདག་དང་འགྲོ་ལ་ཐིམ། །ཐུགས་བསྐྱེད་སྨོན་ལམ་ཏིང་འཛིན་དབང་གིས་ཕྱུག །སྦྱངས་བསྒྲོད་མཐར་ཕྱིན་བྱང་ཆུབ་མངོན་གྱུར་བསམས། །ཏདྱ་ཐཱ། སིདྡྷེ་སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོཀྵ་ནི་མུཀྟེ་བི་མུཀྟེ། ཨ་མ་ལེ་བི་མ་ལེ་མཾ་ག་ལྱེ། ཧི་ར་ནྱ་གརྦྷེ་རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མརྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུ་ཏེ་ཨ་ཏྱད་བྷུ་ཏེ། བྷཱི་ཏ་བྷ་ཡེ་སུ་ཝརྞེ་བྲཧྨ་གྷོ་ཥེ། བྲ་ཧྨ་དྷྱུ་ཥི་ཏེ། སརྦ་ཨརྠེ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཿཤཥྛི་བུདྡྷ་ཀོ་ཊི་བྷཱ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏ་ནཾ་སྭཱ་ཧཱ། བརྒྱ་སྟོང་ཉེར་གཅིག་བདུན་སོགས་སྐབས་ལྟར་བཟླ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་བརྒྱད་སྟོང་གི་དགེ་འདུན་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། སོགས་ནས། ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཧཱུྃ། གྲངས་མེད་བསྐལ་མང་བསགས་སྦྱང་མཐར་ཕྱིན་ནས། །སྨོན་ལམ་ཁྱད་འཕགས་རྩོད་ལྡན་འགྲོ་བའི་སྐྱབས། །ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལས་ངན་པའི་རྒྱུ་ལས་བྱུང་བའི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་ཞི་བ་དང་། ཚེ་དང་དཔལ་འབྱོར་དགེ་བའི་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །དེ་བཞིན་གཤེགས་པ་སྨན་རྒྱལ་བཻཌཱུར་མདོག །མཆོག་སྦྱིན་མཉམ་བཞག་ཨ་རུ་རྣམ་རྒྱལ་མཚན། །ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་མཐིང་ཀའི་མཐར། །གཟུངས་སྔགས་འཁོར་བས་འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། །རྒྱལ་བ་སྲས་བཅས་མཆོད་ནས་བྱིན་རླབས་བསྡུས། །བསྐྱེད་པའི་གཞལ་ཡས་བདག་དང་འགྲོ་ལ་ཐིམ། །ཐུགས་བསྐྱེད་སྨོན་ལམ་ཏིང་འཛིན་དབང་གིས་ཕྱུགས། །སྦྱངས་སྒྲོད་མཐར་ཕྱིན་བྱང་ཆུབ་མངོན་གྱུར་བསམས། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ། ས་མཱ་དྷྱ་དྷིཥྛཱི་ཏེ། ཨ་ཏི་མ་ཏེ། པཱ་ལེ་པཱ་པཾ་ཤྭ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བྷུདྡྷེ་བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤྭ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ་མེ་རུ། ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་པཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷཱིིཥྛཱི་ཏེ་ན། རཀྵནྟུ་མེ། སརྦ་དེ་བཱ། ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བྷོ་དྷི་ས་ཏྭ། ཤ་མེ་ཤ་མེ་པྲ་ཤ་མནྟུ་མེ། སརྦ་ཨི་ཏྱུ་པ་དྲ་བཱ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ཎི་པཱུ་ར་ཡ་མི། སརྦ་ཨཱ་ཤཱ་ཡ། བཻ་ཌཱུརྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། གོང་ལྟར་བཟླ། དེ་བཞིན་གཤེགས་པ་སྨན་རྒྱལ་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །སོགས་ཤཔྟའི་བར་གྱིས་མཆོད། ཧཱུྃ། ཉི་མ་ལྟ་བུས་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུས་ཉོན་མོངས་དུག་ལྔ་འཇོམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། འཇིག་རྟེན་འོད་ཀྱིས་ཁྱབ་ཅིང་འགྲོ་བ་མཚན་བཟང་དང་ལྡན་པ། སྐུའི་འོད་ཀྱིས་མུན་པའི་འཇིགས་པ་སེལ་བ། ཡིད་ལ་དྲན་པས་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་བདེ་བ་དང་ལྡན་པ།ཉན་རང་རྣམས་ཐེག་པ་ཆེན་པོའི་ལམ་ལ་སྦྱོར་བ། ཚུལ་ཁྲིམས་བསྲུང་བ་ཐམས་ཅད་རྣམ་པར་དག་པ། ལོག་པ་རྣམས་ཀྱང་ངན་སོང་དུ་མི་ལྟུང་བ། དབང་པོ་སྐྱོན་ཅན་ཐམས་ཅད་དབང་པོ་ཚང་ཞིང་བདེ་བ་དང་ལྡན་པ། ནད་ཀྱིས་བཏབ་པ་སྐྱབས་མགོན་མེད་ཅིང་བཀྲེས་ཕོངས་ཀྱིས་མནར་བ་ནད་དང་སྡུག་བསྔལ་ལས་ཐར་བ། བུད་མེད་རྣམས་བུད་མེད་ཀྱི་སྐྱེ་གནས་ལས་ཐར་བ། ལྟ་བ་ལོག་པ་རྣམས་ཡང་དག་གི་ལྟ་བ་ལ་སྦྱོར་བ། །རྒྱལ་པོའི་ཆད་པ་སོགས་འཇིགས་ཚོགས་རྣམས་ལས་ཐར་བ། །བཀྲེས་སྐོམ་ཕོངས་པ་རྣམས་བཟའ་བཏུང་འཐོབ་པ། །རྒས་འཁོགས་སྐྱབས་མེད་ཟས་གོས་འཐོབ་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྒྱལ་བ་མཚན་ལེགས་གསེར་མདོག་གཟི་བརྗིད་འབར། །སྐྱབས་སྦྱིན་མཉམ་གཞག་ཕྱག་རྒྱ་མཚན་དཔེས་སྤྲས། །ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་སེར་པོའི་མཐར། །གཟུངས་སྔགས་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། །རྒྱལ་བ་སྲས་བཅས་མཆོད་ནས་བྱིན་རླབས་བསྡུས། །བསྐྱེད་པའི་གཞལ་ཡས་བདག་དང་འགྲོ་ལ་ཐིམ། །ཐུགས་བསྐྱེད་སྨོན་ལམ་ཏིང་འཛིན་དབང་གིས་ཕྱུགས། །སྦྱངས་སྒྲོད་མཐར་ཕྱིན་བྱང་ཆུབ་མངོན་གྱུར་བསམས། །ཏདྱ་ཐཱ། གྷུ་མེ་གྷུ་མེ་སོགས་གོང་ལྟར། དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །ཤཔྟའི་བར་གྱིས་མཆོད། ཧཱུྃ། བྱང་ཆུབ་རྒྱལ་བའི་སྐུ་མཆོག་དྲི་མེད་ཞལ། །མཚན་གྱི་མེ་ཏོག་དཔེ་བྱད་འོད་སྟོང་འཕྲོ། །མཐོང་ཐོས་དྲན་རེག་བྱང་ཆུབ་ལམ་ལ་སྦྱོར། །མཚན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། ལུས་གྱི་ནད་གདོན་ཐམས་ཅད་ཞི་བ། དབང་པོ་ཉམས་པ་ཐམས་ཅད་སོས་ནས་ཚང་བ། མཚམས་མེད་ལྔའི་ལས་སྒྲིབ་རྒྱུན་འཆད་པ། བཀྲེས་ཕོངས་དཔལ་འབྱོར་རྒྱས་པ། བརྡུངས་རྡེག་བསད་བཅད་ཉེས་པ་ཞི་བ། འཇིགས་པ་བརྒྱད་ཀྱི་གནོད་པ་ཞི་བ། འཐབ་འཛིང་རྩོད་པ་སེལ་བ། གྲུ་དང་ཆུ་བོར་ཞུགས་པ་ལ་ཆུའི་འཇིགས་པ་སྐྱོབ་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ནི། །བཙོ་མ་གསེར་གྱི་མདོག་ལས་འོད་སྟོང་འཕྲོ། །མཆོག་སྦྱིན་མཉམ་བཞག་ཕྱག་རྒྱའི་རྟགས་ཀྱིས་སྤྲས། །ཐུགས་ཀར་ཟླ་དཀྱིལ་ཧཱུྃཿཡིག་སེར་བོའི་མཐར། །གཟུངས་སྔགས་འཁོར་བའི་སོགས། །ཏདྱ་ཐཱ་སོགས། དེ་བཞིན་གཤེགས་པ་སྒྲ་དབྱངས་རྒྱལ་པོ་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །སོགས་ཤཔྟའི་བར་གྱིས་མཆོད། ཧཱུྃ། ཟླ་དཀྱིལ་པདྨས་སྤྲས་པ་རྒྱལ་བའི་སྐུ། །འགྲོ་བའི་མགོན་མཆོག་སྟོང་ཁམས་ལམ་མེ་བ། །ཤེས་བྱ་ཀུན་མཁྱེན་མཚན་དཔེའི་དཀྱིལ་འཁོར་རྒྱས། །སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་བརླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། ཞིང་ལས་དང་ཚོང་གིས་ལས་ངན་བསགས་པ་དག་ནས་དཔལ་འབྱོར་རྒྱས་པ། སྐྱེ་གནས་བཞིའི་སྡུག་བསྔལ་ལས་ཐར་བ། བུད་མེད་ཀྱི་སྐྱེ་སྒོ་ཆོད་པ། འཆི་བའི་དགྲ་དང་སྡུག་བསྔལ་སེལ་བ། མུན་ནག་དང་གདོན་གྱི་འཇིགས་པ་སྐྱོབ་པ། །ཆོས་ལས་ལོག་པའི་ལས་སྤྱོད་པ་ལས་ལོག་ནས་ཆོས་ལ་སྤྱོད་པ། ཉན་རང་ལས་ལོག་ནས་ཐེག་ཆེན་ལ་སྦྱོར་བ། བསྐལ་པ་ཆེན་པོ་ཞིག་པའི་མེ་ཡི་འཇིགས་པ་སྐྱོབ་ནས་ཉིད་ཀྱི་ཞིང་དུ་སྐྱེ་བ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །བདེ་གཤེགས་གསེར་བཟང་དྲི་མེད་རིན་ཆེན་སྣང་། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །སྐྱབས་སྦྱིན་མཉམ་པར་བཞག་པའི་ཕྱག་རྒྱར་ལྡན། །ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་སེར་པོའི་མཐར། །གཟུངས་སྔགས་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། །སོགས། ཏདྱ་ཐཱ། སོགས། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་སྟེ། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །སོགས་ཤཔྟའི་བར་གྱིས་མཆོད། ཧཱུྃ། འཕགས་མཆོག་རྒྱལ་བ་དེ་བཞིན་གཤེགས་པ་ནི། །ཉི་མ་སྟོང་གི་གཟི་མདངས་འོད་ཀྱིས་འཁྱུད། །ངོ་མཚར་ཡ་མཚན་བཀོད་རབ་མཆོག་མངའ་བ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། སྲོག་བཅད་པའི་ཉེས་པས་ཚེ་ཐུང་བ་རྣམས་ཚེ་རིང་བ། བརྐུས་ཕྲོགས་བཅོམ་པས་མེད་ཕོངས་རྣམས་བཀྲེས་ཕོངས་ལས་ཐར་བ། འཐབ་འཛིང་གི་འཇིགས་པ་ལས་གྲོལ་བ། ཚུལ་ཁྲིམས་འཆལ་བའི་ཉེས་པ་མེད་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །མྱ་ངན་མེད་མཆོག་འཕགས་པ་དེ་བཞིན་གཤེགས། །སྐུ་མདོག་དམར་སྐྱ་མཉམ་གཞག་ཏིང་འཛིན་ཅན། །ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་དམར་པོའི་མཐར། གཟུངས་སྔགས་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། །སོགས། ཏདྱ་ཐཱ། སོགས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །སོགས་ཤཔྟའི་བར་གྱིས་མཆོད། ཧཱུྃ། ཐམས་ཅད་མཁྱེན་མངའ་སྟོན་པ་དེ་བཞིན་གཤེགས། །མ་ལུས་འགྲོ་བའི་མགོན་མཆོག་ཐུགས་རྗེའི་གྲུ། །མཚན་ཙམ་ཐོས་པས་འགྲོ་དྲུག་འཇིགས་པ་སྐྱོབ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། མྱ་ངན་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བ། དམྱལ་བ་ཚ་གྲང་གི་འཇིགས་པ་ལས་སྐྱོབ་པ། །བཀྲེས་ཕོངས་ལས་ཐར་ཞིང་འདོད་ཡོན་ཕུན་སུམ་ཚོགས་པ། གནོད་སྦྱིན་དང་ཤ་ཟ་འབྱུང་པོའི་གནོད་པ་ཞི་བ་སོགས་སྨོན་ལམ་ཆེན་པོ་དེ་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུཾ་ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དཔལ། །དྲི་མེད་དུང་མདོག་ཆོས་འཆད་ཕྱག་རྒྱ་ཅན། །ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་དཀར་པོའི་མཐར། །གཟུངས་སྔགས་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། །སོགས། ཏདྱ་ཐཱ། སོགས། དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོ་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོ། བཅོམ་ལྡན་འདས་དེ་བཞིགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཆོས་གྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །སོགས་ཤཔྟའི་བར་གྱིས་མཆོད། ཧཱུྃ། དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །ཆོས་ཀྱི་གྲགས་པས་ཁམས་གསུམ་དབུགས་འབྱིན་ཅིང་། །སྲིད་གསུམ་མི་གནས་མྱ་ངན་འདས་ལ་འགོད། །ཆོས་གྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། ལོག་པར་ལྟ་བའི་ལམ་ལས་ལྡོག་སྟེ་ཐར་པའི་ལམ་རྙེད་པ། མཐའ་འཁོབ་ཏུ་སྐྱེས་ནས་ལམ་ལོག་པ་རྣམས་ཐར་པའི་ལམ་ཟིན་པ། བཀྲེས་ཕོངས་ཀྱིས་མནར་ནས་སྡིག་པ་བྱེད་པ་རྣམས་དཔལ་འབྱོར་དང་ལྡན་ནས་སྡིག་ལས་ལྡོག་པ། འཐབ་རྩོད་གསོད་གཅོད་ཀྱི་འཇིགས་པ་སེལ་བ་སོགས་སྨོན་ལམ་ཆེན་པོ་དེ་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །ཆོས་ཀྱི་བློ་གྲོས་དམར་པོ་གཟི་འོད་རྒྱས། །མཆོག་སྦྱིན་མཉམ་གཞག་ཕྱག་རྒྱའི་འཁོར་ལོར་ལྡན། །ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་དམར་པོའི་མཐར། །གཟུངས་སྔགས་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། །སོགས། ཏདྱ་ཐཱ། སོགས། དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ཡིད་ལ་དྲན་བཞིན་ཐལ་མོ་སྦྱར་ཏེ། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་འཕགས་པ་ཆོས་ཀྱི་བློ་གྲོས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་བརྗོད། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་ཚོགས། །སོགས་ཤཔྟའི་བར་གྱིས་མཆོད། ཧཱུྃ། པདྨ་རཱ་གའི་མདངས་ལ་མཚན་དཔེས་སྤྲས། །གསུང་དབྱངས་ཆོས་ཀྱིས་ཐེག་མཆོག་ལམ་ལ་འགོད། །དུས་གསུམ་མཁྱེན་མངའ་ཁམས་གསུམ་འགྲོ་བ་སྒྲོལ། །ཆོས་བློ་མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་ཆོས་རྒྱ་མཚོ་མཆོག་གི་བློ་གྲོས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་འཁོར་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན་གཟུངས་བཟླས་པ་དང་མཚན་བརྗོད་པའི་མཐུས། ཚོང་དང་ཞིང་ལས་འཐབ་རྩོད་ཀྱི་སྡིག་པ་དང་སྡུག་བསྔལ་སེལ་བ། །དམྱལ་བའི་སྐྱེ་སྒོ་ཆོད་པ། སྲོག་ལ་བར་དུ་གཅོད་པའི་རྐྱེན་ཐམས་ཅད་སེལ་བ། །འཆི་བའི་འོག་ཏུ་ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས་ནས་མཐོ་རིས་འཐོབ་པ་སོགས་སྨོན་ལམ་ཆེན་པོ་དེ་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ན་མོ། རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་བཛྲེ་པཱ་ཤ་དྷ་ར་ཎི། ས་མ་ས་མ། ས་མནྟ། ཨ་པྲ་ཏི་ཧ་ཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ་སརྦ་བྱཱ་དྷ་ཡ། ཀུ་རུ་ཀུ་རུ་སརྦ་ཀརྨྨ་ཎི་ས་མ་ཡ་མ་ནུ་སྨ་ར་བྷ་ག་ཝན། བཛྲ་པཱ་ཎི། སརྦཱ་ཨཱ་ཤཾ་མེ་པ་རི་པཱུ་ར་ཡེ་སྭཱ་ཧཱ། གོང་ལྟར་བཟླས། ན་མོ། རྒྱལ་བ་སྲས་བཅས་ཁྱེད་རྣམས་ཀྱིས་ཇི་ལྟར་སྩལ་བའི་ཐུགས་བསྐྱེད་སྨོན་ལམ་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཏོར་མ་འབུལ་བ། མཆོད་བསྟོད། །རྟགས་བརྒྱད་སྣ་བདུན་འབུལ་བ་གཤེགས་གསོལ་སོགས་རྒྱས་སྡུས་སྐབས་ལྟར་ཐུན་མོང་བཞིན་ཀྱང་སྤྱོད་པར་བྱའོ། ཅེས་པ་འདི་རྣམས་དུས་གསུམ་མཁྱེན་པའི་གྷུ་རུ་རིན་པོ་ཆེ་ལ་ཞུས་པ་ལྟར་བཀའ་སྩལ་བའི་གདམས་པ། བདག་ཀླུ་དབང་བསྲུང་གིས་ཡི་གེའི་རིས་སུ་བཏབ། དབེན་རྩ་དཔལ་གྱི་ལྷ་ཁང་དུ་མཁན་པོ་རྒྱལ་བློན་འཁོར་བཅས་ཀྱི་ཚོགས་ནས་ཕྱག་དང་སྐོར་བ་རིན་པོ་ཆེའི་རིགས་མང་པོའི་མཎྜལ་གྱིས་མཆོད། རོ་བདའ་བའི་སྐྱེམས་མང་པོ་ཟ་འོག་གི་བེར་སོགས་སྐུ་ལ་སྒྲོན་ཞིང་ཞལ་དུ་མཆོད་ནས་བདག་རྒྱལ་པོས་འདི་སྐད་ཞུས་སོ། །སློབ་དཔོན་ཆེན་པོ་སྤྱིར་ཁམས་གསུམ་ཐམས་ཅད་འདུས་བྱས་འགྱུར་བའི་རང་བཞིན་ཡང་། འཕགས་ཡུལ་རྒྱ་གར་སོགས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དུས་སྲིད་ཀྱི་རྒྱལ་པོ་སོགས་དེང་སང་བར་ལ་རྒྱལ་རབ་གསལ་བར་བཞུགས་ཐོས་དེ་བཞིན་ཀྱང་བོད་ཁམས་ཀྱི་ཡུལ་འདིར་ད་ནས་བཟུང་རྒྱལ་རབས་རྣམས་ལ་འཕེལ་འགྲིབ་མང་དུ་འབྱུང་ཚུལ་གསང་སྔགས་ཀྱི་ཆོས་སྐོར་འདི་དག་ལས་མང་དུ་སྩལ་བ་འདིའི་རྒྱུ་རྐྱེན་ཇི་ལྟར་ལགས། མཁན་ཞི་བ་མཚོས་སྨན་བླའི་མདོ་ཆོག་ལྟར་མཆོད་པ་དང་། །སློབ་དཔོན་ཆེན་པོའི་བཀའི་སྐོར་ལ་ཁྱད་ཆེ་ཙམ་ལ་དགོངས་པ་འདི་བཞིན་ཟབ་ཁྱད་ཆེ་བས། ད་ནས་བོད་ཀྱི་གཙུག་ལག་ཁང་རྣམས་སུ་མཆོད་ཆོག་འདི་བཞིན་སྤྱད་དམ་ལགས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས་རྒྱལ་པོ་འགྱུར་བའི་སྡུག་བསྔལ་སྤྱིར་ཁམས་གསུམ་སྒོས་འཛམ་གླིང་སྤྱི་ལ་ལས་ཀྱིས་སྒྱུར་བ་སྤྱི་མཐུན་ཡིན། སེམས་ཅན་རྣམས་ཀྱི་ཚེ་བསོད་བྲི་བཞིན་དུག་ལྔ་ཇེ་རགས་ཉོན་མོངས་ཇེ་རྒྱས་རྨུ་ཇེ་རྒོད་ལ་འགྲོ་བས་འགྱུར་བའི་སྡུག་བསྔལ་ཡང་དེ་བཞིན་ཆེ། བདེར་གཤེགས་རྣམས་མཆོད་པའི་གདམས་པ་གཞི་ལ་ཁྱད་མེད། ཅུང་ཟད་ཀྱི་ཁྱད་བྱུང་བ་བདག་སངས་རྒྱས་ཐམས་ཅད་ཀྱི་བཀའི་དགོངས་པ་རྗེས་སུ་ཐོབ་ཅིང་དག་པའི་ཞིང་ཁམས་ཐམས་ཅད་དང་། ཁྱད་པར་སྨན་བླ་མཆེད་བདུན་གྱི་ཞིང་དུ་ཡང་ཡང་སོང་ཞིང་ཐུགས་རྗེ་དང་བྱིན་རླབས་དེ་བཞིན་ཐ ོབ་པས་གདམ་སྐོར་འདི་ཅུང་ཟབ་པར་ཡོད་ཀྱང་། མཁན་རིན་པོ་ཆེ་ཆོ་རིགས་བཙུན་པ་ཟ་ཧོར་གྱི་རྒྱལ་རིགས་ཀྱི་མདོ་ཆོག་སྤྱད་པ་འདི་དེང་སང་ཤིན་ཏུ་བཟང་ཞིང་། འདི་ནས་རིམ་བཞིན་ཆོས་སྤྱི་དང་མདོ་ཆོག་གི་གདམས་པ་འདི་ཡང་གྲུབ་མཐའ་ངན་པས་བསླད་པ་ཡང་མང་པོ་འབྱུང་བས། མ་འོངས་པའི་དུས་ན་རྒྱལ་པོ་ཡབ་སྲས་སྐྱེ་བ་དབུས་སུ་འབྱུང་། མཁན་པོའི་སྤྲུལ་པ་གཙང་ནས་འབྱུང་། རྒྱལ་པོའི་བླ་སྨན་ཛྙ་ན་ཤྲཱིའི་སྤྲུལ་པས་བསམ་ཡས་ཀྱི་གཉེར་ཁ་འཛིན་ཅིང་བླ་ན་མཆོད། ལྷ་ལུང་དཔལ་རྡོར་སྤྲུལ་པས་བོད་ཀྱི་ཁྲིམས་ཁ་བསྲུང་བའི་དུས་སུ་ལོ་ཙཱ་བ་ཀླུ་དབང་བསྲུང་གིས་གདམས་པ་འདི་ལ་སྤྱོད་དུས་ཉམས་སུ་ལེན་ཞིང་སེམས་ཅན་ལ་ཕན་པའི་སྨོན་ལམ་ཐོབ་གསུངས་པ་དང་། དེ་བཞིན་སྨོན་ལམ་སོ་སོར་བཏབ་ཅིང་རྒྱལ་པོས་ཞུས་པ། སློབ་དཔོན་རིན་པོ་ཆེ་ཀླུ་དབང་བསྲུང་གིས་གདམས་པ་འབྱིན་ཅིང་མཁན་པོ་བདག་ཅག་རྣམས་གཙང་དབུས་སུ་འབྱུང་གསུངས་པའི་དུས་སུ་ས་རྟགས་སོགས་ཅི་ལྟར་འོང་ལགས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། དེ་ཙ་ན་ས་རྟགས་དུས་རྟགས་མང་པོ་འབྱུང་ཡང་རྟགས་སླ་བ་ཞི་བ་འཚོའི་དབུ་ཐོད་བདུད་ཀྱི་སྤྲུལ་པས་ཡས་མས་དབྱེ་བའི་དུས་འབྱུང་བས། མདོ་སྔགས་ཆོས་ལ་བདུད་སྤྲུལ་མང་པོས་གཟུ་ལུམ་རས་གཅོད་མང་དུ་བྱེད་ཅིང་བཀའ་ཡི་བསྲུང་མ་ཐམས་ཅད་འཁྲུག་སྟེ་འགྲོ་བའི་བདེ་བ་བཅོམ་པའི་དུས་འབྱུང་། དེ་ནས་ཐོད་པའི་གའུ་འགྲིགས་པའི་དུས་སུ་ཁྱེད་རྣམས་ཀྱི་སྤྲུལ་པ་འབྱུང་བ་དང་གཏེར་འདི་ཡང་རྡོལ་ཞིང་། བློན་ཀླུ་གོང་དང་བཙུན་མོའི་དམོད་པས་མ་བསླུས་ན་མདོ་སྔགས་ཆོས་ཀྱི་བསྟན་པ་ཟུང་ཅིག་རྒྱས་ཤིང་། སྲོང་བཙན་སྤྲུལ་པ་བསྟན་པའི་དཔལ་དུ་འབྱུང་། དེ་དུས་སོ་སོར་ལས་ཀྱིས་ཤེས་རྒྱུད་བསྐུལ། །བྱེ་བྲག་གསལ་བས་དག་སྣང་འཆར་བའི་དུས། །ཕྱི་བཤོལ་བདུད་དབང་མ་གཏོང་ལུང་བྱང་ལ། །སྨོན་ལམ་མཚམས་སྦྱོར་ཡོད་པ་ངོ་ཤེས་བཞིན། །རྡོ་རྗེ་གདན་གསུམ་སྒྲུབ་པའི་གནས་རྣམས་སུ། །ཆོས་འདིའི་གཉེར་བྱང་མཆོད་ཆོག་དང་དུ་ལོངས། །མཐའ་བདེ་དབུས་འཇམ་སྐྱེ་འགྲོ་བདེ་ལ་སྤྱོད། ནད་མུག་མཚོན་འཁྲུག་འཚུབ་མ་རང་སོར་ཞི། །ཀློང་ཐང་བུ་ཆུ་པྲ་དུན་བྱམས་པ་སྤྲིན། །མཆོད་ཆོག་འདི་ཚུགས་འདྲ་འབག་ལྷ་ཁང་བཞེངས། །ལས་སྒོ་བཞི་དར་ཕྱོགས་བཞིའི་འགྲོ་བ་བདེ། །ཁྱད་པར་གནས་དགོན་ཡུལ་གྲོང་ཇི་སྙེད་དུ། །མཆོད་པ་འདི་བཟུང་བདེར་གཤེགས་འདྲ་འབག་བཞེངས། །བཙའ་སད་སེར་གསུམ་ནད་མུག་བབ་ཀྱིས་ཉུང་། །འོན་ཀྱང་བདུད་འགོང་སྤྲུལ་པའི་རྩལ་ཤུགས་ཀྱིས། །བོད་ཁམས་འགྲོ་བ་སྡུག་ལ་བཀོལ་ཀྱང་སྲིད། །ཅེས་གསུངས་པའི་དུས་སུ་དེར་འདུས་པ་ཐམས་ཅད་ཀྱིས་བདུད་ཀྱི་བར་གཅོད་ཟློག་པ་དང་། ཆོས་ཀྱི་བསྟན་པས་འགྲོ་བ་སྐྱོབ་པའི་སྨོན་ལམ་བཏབ། འདི་དག་རྣམས་ཀྱང་བདག་ཀླུ་དབང་བསྲུང་གིས་བྲིས་པ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ནས་བདུད་ཀྱི་སྟོབས་ཐམས་ཅད་ཉམས་ཤིང་སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག །མངྒ་ལཾ། །ཁམས་པ་ཉི་མ་གྲགས་ཀྱིས་ལྕགས་རྟ་ལ་ཀློང་ཐང་སྒྲོལ་མ་ནས་གདན་དྲངས་པའོ། །ལགས་གདམ་སྐོར་འདིའི་ཡིག་བྲིས་ལ་མ་མྱ་ད་དྲག་སྔགས་སོགས་འདོན་མི་བདེ་འདྲ་འདུག་ལ་ལོ་ཙཱ་བའི་ཕྱག་བྲིས་སོར་བཞག གཞུང་གིས་མདོ་ལ་ཅི་འཁྱོངས་གཟུངས་རྣམས་ཀྱང་འབྲུ་ལེན་བྱས་ཡོད་ཅིང་། ཆ་ལག་སྐོར་འབྲི་གང་ཐུབ་ལས་ཕྱག་བྲིས་སོར་བཞག་གི་མ་མྱ་ད་དྲག་སོགས་མ་འཁྱོངས་པ་དགོངས་འཚལ། །ཨཱོཾ་སྭཱ་སྟི་པྲ་ཛྙཱ་བྷྱཿ ཐུབ་དབང་སྨན་གྱི་རྒྱལ་པོ་བདེར་བཤེགས་བདུན། །ལྷར་བཅས་སྐྱེ་དགུའི་འདྲེན་མཆོག་ཁྱད་པར་ཅན། །དུས་འདིར་ཐུགས་བསྐྱེད་རྗེས་དགོངས་མཐུ་དཔུང་བསྐྱེད། །སྲིད་གསུམ་དུཿཁའི་ཉེན་ལས་སྒྲོལ་བར་མཛོད། །འཁོར་བའི་ཆོས་ཉིད་དུག་གསུམ་བག་ཆགས་ཀྱིས། །བསྐོས་པའི་ཟུག་རྔུ་གཞིལ་བྱེད་དམ་པའི་ཆོས། །བདུད་རྩིའི་ཐིགས་པས་ཡུན་དུ་སྲོག་འཚོའི་དཔྱིད། །སྩོལ་མཛད་བདེ་གཤེགས་མཆེད་བདུན་མཆོད་ཆོག་འདི། །མཆོག་གསུམ་བླ་མ་བཀུར་བའི་ཐབས་ཀྱི་མཆོག །བརྩོན་པས་པར་དུ་བགྱིས་པའི་བསོད་ནམས་དེས། །བསྟན་དང་བསྟན་འཛིན་ཆོས་ལྡན་རྒྱལ་པོ་རྣམས། །ཡུན་འཚོ་དབུ་འཕང་མཐོ་ཞིང་ཆོས་སྲིད་རྒྱས། །འཇིག་རྟེན་ཀུན་ཏུ་སྐྱོ་སྔོགས་ཞི་བ་དང་། །མི་གེ་མེད་ཅིང་རྐང་འགྲོ་ལོ་ཏོག་འཕེལ། །ལུས་སེམས་བདེ་སྐྱིད་ལང་ཚོ་སྒེག་པ་དངོམ། །མཐར་ཐུག་རྒྱལ་བའི་ཞིང་དུ་བསྙེགས་གྱུར་ཅིག །ཅེས་པ་འདི་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་པར་བྱང་དུ་སྨྲས་པ་དགེ། །།མངྒ་ལཾ། །༈ དམ་ཆོས་བདུད་རྩིའི་ཐིགས་པ་ལས།

སློབ་མ་སྨིན་པའི་གདམས་པ།

འཕགས་པ་དེ་བཞིན་གཤེགས་པ་སྨན་རྒྱལ་གྱི་སྒོ་ནས་སློབ་མ་སྨིན་པའི་གདམས་པ་བཞུགས། འཕགས་པ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ལོ་ཙཱ་བ་ཀླུ་དབང་སྲུང་གིས་གུ་རུ་རིན་པོ་ཆེ་ལ་གུས་པའི་ཕྱག་དང་སྐོར་བ་བྱས། གསེར་གྱི་མཎྜལ་ཕུལ། དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས་ནས་ཕྱི་མའི་འགྲོ་བ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་དབང་གི་གདམས་པ་རིན་པོ་ཆེ་ཟབ་ལ་འདྲིལ་བ་ཞིག་གནང་དུ་གསོལ་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས་རིགས་ཀྱི་བུ་ཚུལ་བཞིན་ཉོན་ལ་ཡི་གེར་ཐོབ་ཅིག འཕགས་པ་དེ་བཞིན་གཤེགས་པ་མཆོག་གི་སྨོན་ལམ་གྱི་དབང་བསྐུར་བར་འདོད་པས་གནས་ཁང་སྐྱང་ནུལ་དང་དྲི་བཟང་གིས་ཆག་ཆག་གདབ་སྟེ། སྟེགས་བུ་གནས་ཀྱི་ཁྱོན་ལྟར་མཛེས་པར་བྱས་ཤིང་ག་བུར་གྱི་ཆུས་བྱུག དེ་སྟེང་བུམ་པ་ལྷ་གྲངས་དྲི་བཟང་གི་ཆུས་སུམ་ཆ་བཀང་བ་གཟུངས་ཐག་དུང་ཆོས་འབྲས་བུ་ཅན་གྱི་ཤིང་དང་རྨ་བྱས་བརྒྱན་པ་བརྒྱད་དབུས་དང་ཕྱོགས་སུ་འགོད། རིན་པོ་ཆེའི་མཎྜལ་གྱི་སྟེང་དུ་སྦྲང་རྩི་བུ་རམ་མར་དྲི་བཟང་གི་ཆུ་སོགས་གང་འབྱོར་གྱིས་སྦྲུས་པའི་ཚོམ་བུ་བཟང་པོ་གཙོ་བུམ་གྱི་མདུན་དུ་འགོད། འབྲས་སམ་ཕྱེ་གཙང་ལ་ཟླུམ་གཏོར་རྒྱན་ལྡན་ལྷ་གྲངས་དེའི་ཕྱི་ནས་བཀྲམ། རས་བྲིས་ཀྱི་ཙཀ་ལི་དམིགས་རྟེན་བུམ་པ་རྣམས་ཀྱི་ཁ་རྒྱན་དུ་བྱུང་ཡང་ལེགས། བཀྲ་ཤིས་པའི་རྫས་བརྒྱད་དང་རྟགས་བརྒྱད་སོགས་ཀྱང་འགོད། བཀའ་གཏེར་སྲུང་མའི་གཏོར་མ་རྣམས་བཟང་དུ་བཤམས། མཆོད་པ་སྣ་ཚོགས་སྤོས་དང་མེ་ཏོག་མར་མེ་སོགས་གྱ་ནོམ་པར་བཤམས་ཤིང་། བུམ་པ་བསྐྱེད་ཆོག་མཆོད་བསྟོད་བཟླས་པ་སོགས་གྲུབ་ནས་བདག་འཇུག་བླངས། ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཡན་ལག་ལྔ་ཁྲུས་བྱས། ལག་གཡོན་མཎྜལ་བཟང་པོ་ཐོགས་ནས་འདི་སྐད་ཞུ། ན་མོ། ཕྱག་འཚལ་ལོ་མཆོད་དོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །སློབ་དཔོན་གྱིས། ཉོན་ཅིག་འདིར་ཚོགས་རིགས་ཀྱི་བུ། །སྡུག་བསྔལ་འཁོར་བའི་འཇིགས་པ་ལས། །ཐར་འདོད་ངེས་འབྱུང་སེམས་ཡོད་ན། །བླ་མེད་སྟོན་པ་བཅོམ་ལྡན་འདས། །བདེ་གཤེགས་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཁྱེད་རྣམས་རྗེས་སུ་འཛིན་པར་བྱ། །ཡན་ལག་བརྒྱད་པའི་སྡོམ་པ་ལོངས ། ཞེས་གནང་བ་བྱིན། རྒྱུན་ཞུགས་རྣམས་གསོ་སྦྱོང་དང་ཁྱིམ་པ་རྣམས་ལ་བསྙེན་གནས་འབོགས། དེ་ནས་དངོས་གཞིའི་དབང་དོན་དུ། །མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར། །གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ། རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། ཞེས་ཞུ། སྐྱབས་སེམས་འབོགས། ད་ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ཀྱི་སྟེང་དུ་ས་བོན་སྐུ་མདོག་ལྟར་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས། ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་མདོག་སོ་སོ་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་རང་གཞུང་གི་ཕྱག་རྒྱར་ལྡན་པ་དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་། བླ་གོས་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿ ས་མཚན་པ། ཐུགས་ཀར་རྡོ་རྗེ་ཧཱུྃ་རང་མདོག་གིས་མཚན་པ་ལས་འོད་ཟེར་མདོག་ལྟར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་རང་རང་གི་ཞིང་ཁམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དྭངས་ལ་རྣམ་པ་གསལ་བ། གསུང་ཨཱ་ལི་ཀཱ་ལིའི་ཡིག་འབྲུ་རང་སྒྲ་ཅན། ཐུགས་རྡོ་རྗེའི་མདོག་མཚུངས་འོད་ཟེར་དང་གཟི་མདངས་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་རྩེ་གཅིག་གཏོད་ཅིག །ཅེས་བརྗོད་སྤྱན་འདྲེན། ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག ཨཱོཾ་ཨཱཿ ཧཱུྃ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ་བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིགས་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཆེ་གེ་མོ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གསུམ། །འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་ཞལ་འཛུམ་མདངས་ཀྱིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག་གསུངས་ནས་འོད་ཕུང་དུ་གྱུར་ཏེ་སྒོ་གསུམ་ལ་ཐིམ་པས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ། རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། སོགས། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཅེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་བརྒྱན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། སོགས། ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་ཆེ་གེའི་དབང་བསྐུར་བས་ཁྱེད་རང་རྣམས་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ། རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་སོགས། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་བཅོམ་ལྡན་འདས་ཆེ་གེར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་མདོག་མཚུངས་ཀྱི་རྟ་ལ་ཞོན། ཁྱེད་རང་རྣམས་བཅོམ་ལྡན་འདས་ཆེ་གེར་གསལ་བའི་ཞལ་དུ་ཞུགས། ས་བོན་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་ཆེ་གེའི་གསུང་གི་བྱིན་རླབས་ཐོབ་པར་སྒོམས་ལ་འདིའི་རྗེས་ཟློས་མཛོད། གཟུངས་རིང་དང་ཉེ་སྙིང་བཟླ། གསུམ། སློབ་མ་རྣམས་ཀྱིས་ལྷའི་མདོག་མཚུངས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་དབུལ་ཞིང་།རིན་ཆེན་མེ་ཏོག་མདོག་མཚུངས་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ། རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་སོགས། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་ཆེ་གེར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་ལྷའི་མདོག་མཚུངས་འོད་ཟེར་ཀྱང་མདོག་མཚུངས་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས་ཁྱེད་རང་རྣམས་ལྷར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་སྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་དེ་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་རྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་མདོག་མཚུངས་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས། དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། ཤིས་པ་བརྗོད་མེ་ཏོག་འཐོར། །དེ་ལྟར་དེ་བཞིན་གཤེགས་པ་ཆེ་གེའི་ཐུགས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། དེས་དེ་བཞིན་གཤེགས་པ་ཆེ་གེའི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། སོགས། དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་ཆེ་གེ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཅེས་པ་ནས་དེ་བཞིན་གཤེགས་པ་སོ་སོའི་སྨོན་ལམ་ལྟར་བརྗོད། མཐའ་བརྟེན་རྣམས་ཀྱང་སྤྱི་ལྟར་བསྐུར། ཤིས་པ་བརྗོད་མེ་ཏོག་འཐོར། དབང་གི་དམ་ཚིག་ཏུ་གཟུངས་དང་དེ་བཞིན་གཤེགས་པའི་མཚན་ཉིན་ལན་གསུམ་མཚན་ལན་གསུམ་མ་ཆག་པར་འཛིན་པ་དང་། ཆོ་འཕྲུལ་ཟླ་བའི་ཡར་ངོ་ལ་འཕགས་པ་རྣམས་མཆོད་པར་བཅོལ་ལོ། །དེ་དག་གི་ཕན་ཡོན་ནི་མདོ་ལས་གསུངས་པ་ལྟར་འཐོབ་པའི་ལོ་རྒྱུས་ཀྱང་སྤྲོ་ཞིང་སློབ་མ་རྣམས་ཡིད་དབྱུང་བར་བྱའོ། །ཅེས་པ་འདི་ཡང་གུ་རུ་རིན་པོ་ཆེའི་གསུང་བཞིན་བདག་ལོ་ཙཱ་བས་ཡི་གེར་བྲིས་པའོ། །གནོད་སྦྱིན་དམ་པ་ཁོལ་པོ་ཁས་བཀའ་འདི་ཟུང་ས་ཤིག རྗེས་སུ་སྐྱོངས་ཤིག མངྒ་ལཾ། ཀླུ་དབང་སྲུང་གི་བྲིས་ལས་དཔེ་བཤུས་པའོ།། །།

མན་ངག་ལམ་རིམ་གྱི་ཁྲིད།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ མན་ངག་ལམ་རིམ་གྱི་ཁྲིད་ཡིག་དེ་བཞིན་གཤེགས་པ་བཞུགས༔ མཚོ་རྒྱལ་གྱི་ཕྱག་བྲིས་ལས་བཤུས༔༁ྃ༔ བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ༔ བདག་བུད་མེད་སྐྱེ་བ་དམན་ཡང་གུ་རུའི་སྐུ་དྲིན་གྱིས་དེ་བཞིན་གཤེགས་པ་སྨན་གྱི་བླ་འཁོར་བཅས་ཞལ་མཐོང་༔ སངས་རྒྱས་སྨན་བླ་གཉིས་པ་ཁྱེད་གྱི་དྲུང་དུ་འཁོད་ནས་ཆོས་ཟབ་གྱི་བདུད་རྩི་ངོམས་མེད་ལ་སྤྱོད་པ་སྐལ་བ་རེ་བཟང་ལགས༔ ད་བདག་གི་གཙུག་གཡུ་རིན་ཆེན་འོད་འབར་འདི་མཎྜལ་དུ་བཞེས་ནས་བདག་དང་ཕྱི་མའི་འགྲོ་དོན་དུ་དམ་ཆོས་བདུད་རྩིའི་ཐིགས་པའི་སྙིང་པོ་རྫོགས་རིམ་གྱི་གདམས་པ་ཞིག་བཀའ་སྩལ་དུ་གསོལ༔ ཞེས་ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ནས༔ ཇོ་མོ་མཚོ་རྒྱལ་དེ་ལྟར་ཞུས་པ་ལེགས༔ ཉོན་ལ་ཡི་གེར་ཐོབ་དང་འགྲོ་བའི་དོན་དུ་བཤད་པར་བྱའོ༔ ཞེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་མན་ངག་ལམ་རིམ་དུ་ཉམས་སུ་ལེན་པར་འདོད་པས་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་དུ་ཤེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ལ་ཐུན་མོང་དང་ཁྱད་པར་རོ༔ ཐུན་མོང་གི་སྔོན་འགྲོ་ནི༔ དལ་འབྱོར་རྙེད་དཀའ༔ འཆི་བ་མི་རྟག་པ༔ ལས་འབྲས་བསླུ་མེད༔ འཁོར་བའི་སྡུག་བསྔལ་རྣམས་སྤྱི་ལྟར་ཤེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་གྱི་སྔོན་འགྲོ་ནི༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ ཡན་ལག་བདུན་པ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས༔ མཎྜལ་དང་བཅས་ནན་དུ་བསྐྱེད་དེ་ཐུན་དུ་བཅད་ནས་ཡུན་དུ་སྦྱངས་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ཚེ་རབས་ཀྱི་སྡིག་སྒྲིབ་ཐམས་ཅད་རྣམ་པར་བྱང་ནས༔ འཁོར་བ་ལས་རྒྱབ་གྱེས་ཏེ་ཡིད་དབྱུངས་ནས་བསོད་ནམས་ཀྱི་བསགས་རྒྱབ་བཟང་ངན་གྱི་རིམ་གྱིས་དང་ཅིག་ཅར་ལྟར་བྱང་ཆུབ་མངོན་དུ་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་འཕགས་པ་བླ་མེད་ཀྱི་སྔོན་འགྲོ་ནི༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བླ་མ་ལ་བརྟེན་ནས་འཚང་རྒྱ་བ་ཡིན་པས༔ བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་འདེབས་པ་ནི༔ རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་ཧཱུྃ་ཡིག་སེར་པོ་ཨཱ་ལི་ཀཱ་ལིས་བསྐོར་བ་ལས་འོད་ཟེར་འཕྲོས༔ བདེ་གཤེགས་རྒྱལ་བ་སྲས་བཅས་མཆོད༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་འོད་དང་ཟེར་གྱི་རང་བཞིན་དུ་གྱུར་ས་བོན་ལ་ཐིམ༔ གཟི་བརྗིད་དང་འོད་ཟེར་དཔལ་དུ་འབར༔ ཁམས་གསུམ་གྱི་སེམས་ཅན་ལ་ཕོག༔ ལས་ཉོན་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས༔ སྐུ་གསུམ་གྱི་ས་བོན་རྒྱུད་ལ་བཞག༔ སླར་ཧཱུྃ་ཡིག་ཨཱ་ལི་ཀཱ་ལི་བཅས་གནས་གྱུར་པ་ལས་ངོ་བོ་རང་ལ་ཆོས་སྟོན་པའི་བླ་མ་ལ༔ རྣམ་པ་སངས་རྒྱས་བཅོམ་ལྡན་འདས་གསེར་གྱི་ལྷུན་པོ་ལྟར་བརྗིད་པའི་སྐུ་ལ་མཚན་བཟང་དང་དཔེ་བྱད་འོད་དུ་འབར་བའི་སྤྱི་བོར་རྗོགས་པའི་སངས་རྒྱས་སྨན་བླ༔ དེའི་སྤྱི་བོར་མཚན་ལེགས༔ དེའི་སྤྱི་བོར་སྒྲ་དབྱངས་རྒྱལ་པ ོ༔ དེའི་སྤྱི་བོར་གསེར་བཟང་དྲི་མེད༔ དེའི་སྤྱི་བོར་མྱ་ངན་མེད་མཆོག༔ དེའི་སྤྱི་བོར་ཆོས་གྲགས་རྒྱ་མཚོ༔ དེའི་སྤྱི་བོར་ཆོས་ཀྱི་བློ་གྲོས་རྣམས་ཁྲུ་རེའི་བར་ལ་བཏེགས་པའི་ནམ་མཁར་མངོན་སུམ་དུ་བཞུགས་པ་ལ་རྒྱལ་བ་སྲས་བཅས་ཐམས་ཅད་ནམ་མཁའི་སྐར་ཚོགས་ལྟར་གསལ་ཞིང་ཡིད་ཁྱེད་ཤེས་ཀྱི་དད་པ་རྩེ་གཅིག་ཏུ་གཏད་དེ་ངེས་འབྱུང་དྲག་པོས་སྙིང་ནས་གསོལ་བ་དར་དྲག་ལ་ཡུན་རིང་བར་གདབ་ཅིང་༔ དབང་བཞི་བླང་༔ སངས་རྒྱས་སྲས་བཅས་ཐམས་ཅད་འོད་དུ་ཞུ་སྟེ་གཅིག་ནས་གཉིས་སུ་རིམ་གྱིས་ཡར་འཛེགས་ལྟར་མས་འབེབས་སུ་སྤྱི་བོའི་བླ་མ་སངས་རྒྱས་ལ་ཐིམ༔ བླ་མ་སངས་རྒྱས་ཀྱང་རྡོ་ཚན་གྱི་སྟེང་ན་མར་བཞག་པ་ལྟར་ལྟེམ་གྱིས་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྤྱིར་རྒྱལ་བ་སྲས་བཅས༔ ཁྱད་པར་བདེ་གཤེགས་བརྒྱད་ཀྱི་ཐུགས་རྗེ་བྱིན་རླབས་སྨོན་ལམ་གྱི་ནུས་མཐུ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་རང་གིས་ཐོབ་པས༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དཔལ་དུ་གྱུར་པར་བསམ་ཞིང་མ་བཅོས་པར་བཞག༔ འདི་ནི་བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་སྒོ་ཆེན་པོ་ཡིན་ཏེ༔ བླ་མ་ཆོས་སྐུར་མཐོང་བའི་སྐལ་ལྡན་གྱིས་ཚེ་འདིར་དངོས་གྲུབ་འཐོབ་མཆོག་གི་ས་ལ་རེག༔ ལོངས་སྐུར་མཐོང་བས་བར་དོར་གྲོལ་དག་པའི་ཞིང་དུ་སྐྱེ༔ སྤྲུལ་སྐུར་མཐོང་བས་ཆོས་ལྟར་སྤྱོད་པའི་ལུས་འཐོབ་ཐར་ལམ་ཟིན་དེ་དག་ལས་ལོག་པ་དང་བླ་མ་ལ་དད་མོས་ཆུང་རིམ་རྣམས་ནི་ཆོས་དང་སངས་རྒྱས་ལ་མོས་པ་ཇི་ལྟར་གཏད་ཀྱང་སྐྱ་བ་མེད་པའི་གྲུ་ཆུ་བོར་བྱིངས་པ་ལྟར་འཁོར་བ་ལས་མི་གྲོལ༔ ཁྱད་པར་ཐར་པའི་དེད་དཔོན་བླ་མ་མི་འདོད་བཞིན་ཆོས་ལ་སྦྲང་མ་དང་སྦྲང་རྩི་ལྟར་བྱེད་པ་རྣམས་ནི༔ བླ་མ་སྤངས་པས་སངས་རྒྱས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་ཏེ༔ ཡུལ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་དོར་བ་ཞེས་བྱ་བས་བླ་མ་བརྒྱ་ལས་གདམས་པ་ནོས་ཀྱང་གྲོལ་བར་མི་འགྱུར་ཞིང་གཅིག་ལ་ཉམས་པས་ཀྱང་ཐམས་ཅད་ཉམས་པར་འགྱུར་རོ༔ དེ་ནི་ཉམས་པ་ཅན་ཞེས་བྱ་བ་སྟེ་རིང་དུ་བོར་བའི་རིགས་ཏེ་འབྲེལ་བ་རྣམས་ཀྱང་མཉམ་དུ་འཕུང་བར་འགྱུར་རོ༔ བླ་མ་ལ་མོས་པ་དང་མཆོད་པ་དང་བསྟོད་པ་དང་འདུན་པ་རྣམས་ནི༔ སངས་རྒྱས་ཐམས་ཅད་ལ་མོས་པ་འདུན་པ་བསྟོད་པ་མཆོད་པ་གསོལ་བ་བཏབ་པ་དང་ཁྱད་མེད་ཅིང་༔ ཁྱད་པར་བདེ་གཤེགས་རྒྱལ་བ་བརྒྱད་ཀྱི་ཐུགས་བསྐྱེད་དང་༔ སྨོན་ལམ་གྱི་སྒོ་བྱིན་རླབས་ཀྱི་འབྱུང་གནས་ཡང་དག་པའང་བླ་མའི་རྣལ་འབྱོར་འདི་ཉིད་གཅིག་པུ་ལ་རག་ལུས་པས༔ སྤྱིར་འབྲས་བུ་མ་ཐོབ་ཀྱི་བར་དང་ཁྱད་པར་ཇི་སྲིད་འཚོའི་བར་དུ་ཡང་དག་བརྩོན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་ཡང་གཉིས་ཏེ༔ དང་པོ་སེམས་རྩད་བཅད་པ་དང་གཉིས་པ་ངོ་སྤྲད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་རྩད་བཅད་པ་ལ་གསུམ་སྟེཿ བྱུང་ས་དང་གནས་ས་དང་ངོ་བོ་ཉིད་ལ་བརྟག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་བྱུང་ས་ལ་བརྟག་པ་ནི༔ འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་ཡན་ཆད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་ཞིང་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་བྱེད་ལས་ཕྱི་སྣོད་ནང་བཅུད་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་བྱེད་པོ་འཁྲུལ་གཞི་གྲོལ་གཞི་ཐམས་ཅད་སེམས་ཀྱིས་གཞི་བྱས་སེམས་ཀྱིས་རྒྱུ་བྱས་སེམས་ཀྱིས་རྐྱེན་བྱས་སེམས་ཀྱིས་འབྲས་བུར་སྨིན་པ་དངོས་སུ་སྣང་བ་འཁོར་འདས་ལམ་གསུམ་འདི་དག་ཡིན་པས༔ དེ་ལྟར་གྱི་བྱེད་མཁན་ད་ལྟའི་རང་རེའི་སེམས་འདི་དང་པོ་གཞི་རྐྱེན་ཇི་ལྟར་བྱས་ནས་བྱུང་ཚུལ་ཇི་ལྟར་བྱས་ནས་གྲུབ་ལེགས་པར་དཔྱད་ཅིང་ལེགས་པར་བརྟག་པར་བྱའོ༔ དང་པོའི་བྱུང་ཁུངས་མི་འདུག་ཞེ་ན༔ སངས་རྒྱས་བྱུང་ངོ་༔ སེམས་ཅན་བྱུང་ངོ་༔ འཁོར་བ་བྱུང་ངོ་༔ མྱ་ངན་ལས་འདས་པ་བྱུང་ངོ་༔ ཡོད་པ་ལྟར་སྣང་བ་བྱུང་ངོ་༔ མེད་པར་ལྟར་སྣང་བ་བྱུང་ངོ་༔ འོད་བྱུང་ངོ་༔ སྒྲ་བྱུང་ངོ་༔ དྲི་བྱུང་ངོ་༔ རོ་བྱུང་ངོ་༔ རེག་བྱུང་ངོ་༔ གཟུགས་བྱུང་ངོ་༔ ཚོར་བ་བྱུང་ངོ་༔ འདུ་ཤེས་བྱུང་ངོ་༔ འདུ་བྱེད་བྱུང་ངོ་༔ རྣམ་པར་ཤེས་པ་བྱུང་ངོ་༔ མིག་བྱུང་ངོ་༔ རྣ་བ་བྱུང་ངོ་༔ སྣ་བྱུང་ངོ་༔ ལྕེ་བྱུང་ངོ་༔ ལུས་བྱུང་ངོ་༔ ཡིད་བྱུང་ངོ་༔ ཡིད་ཀྱི་རྣམ་པར་ཤེས་པ་ཡང་བྱུང་ངོ་༔ ལམ་བྱུང་ངོ་༔ ཡེ་ཤེས་བྱུང་ངོ་༔ ཐོབ་པ་བྱུང་ངོ་༔ མ་ཐོབ་པ་ཡང་བྱུང་བས༔ དེ་ལྟ་བས་ན་བརྟགས་ཤིང་དཔྱད་དེ་གཏན་ལ་དབབ་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གནས་་ལ་བརྟག་ཅིང་ངོས་འཛིན་པ་ནི༔ འཁོར་འདས་ལམ་གསུམ་གྱི་བྱེད་པོ་ཆེན་པོ་ཐོག་མེད་ནས་བྱུང་ཞིང་མཐའ་མེད་ལ་འཁྱམ་མཁན་ང་ཞེས་མིང་དུ་འ བོད་པའི་གཡེར་པོ་ཆེ་འདི༔ ཕྱི་སྣོད་ཀྱི་འཇིག་རྟེན༔ ནང་བཅུད་འབྱུང་བ་ལྔའི་ཁམས༔ ད་ལྟའི་རང་ལུས་ཤ་ཁྲག་གི་སྒྱུ་མའི་ཕུང་པོ་འདི་དང་བཅས་པའི་ཕྱི་ནང་བར་གསུམ་གང་ན་གནས༔ ཚུལ་ཇི་ལྟར་དུ་གནས༔ གནས་མཁན་གྱི་ངོ་བོ་དང་གནས་ཡུལ་གྱི་གྲུབ་ཚུལ་ཇི་ལྟ་བུར་ངེས་པ་མ་རྙེད་ཀྱི་བར་དུ་བརྟག་ཅིང་ཡང་དག་པར་དཔྱད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ངོ་བོ་ཉིད་ལ་བརྟག་པ་ནི༔ ཐོག་མའི་བྱུང་ས་བྱུང་ཁུངས༔ བར་དུ་གནས་ས་གནས་ཡུལ་ཐམས་ཅད་ཀྱི་རྩ་བ་རང་སེམས་འདིའི་ངོ་བོ་གཟུགས་ཁ་དོག་དབྱིབས་ཇི་ལྟ་བུ་ཞིག་འདུག༔ ཡོད་པ་རེད་དམ་མ་རེད༔ མེད་ན་འཁོར་འདས་སུས་བྱས༔ ཡོད་ན་ཚུལ་མངོན་པར་གྱིས་ཤིག༔ ཅེས་སྤྲོས་ནས་སྔ་ཕྱི་འདི་གསུམ་གྱི་དམིགས་ཐུན་རེ་ལ་ཞག་བདུན་ནམ་ལྔ་དང་གསུམ་ལས་མ་ཉུང་བའི་གད་བདར་བཅད་པས༔ དང་པོ་འཁྲུལ་པའི་ཚང་རྡིབ་ནས་མ་རིག་པ་རང་བཞིན་གྱིས་སངས་ཏེ་ངོ་བོ་གཏན་ལ་ཕེབས༔ གཉིས་པས་སྣང་སེམས་ཀྱི་འཛིན་པ་རང་སར་གྲོལ་ནས་གཉིས་འཛིན་གྱི་མཁར་འགྱེལ་ཏེ་གཟུང་འཛིན་གྱི་གཟེབ་ལས་གྲོལ༔ གསུམ་པས་བདག་འཛིན་དག་ནས་བདག་མེད་སྟོང་པ་ཉིད་ལ་ཐག་ཆོད་པའི་དགོས་པ་ཡོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་སེམས་ཉིད་གཅེར་མཐོང་ངོ་སྤྲོད་པ༔ མཉམ་པར་བཞག་པ༔ རྩལ་སྦྱང་བ༔ བོགས་དབྱུང་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ཅེར་མཐོང་རང་གྲོལ་དུ་ངོ་སྤྲོད་པ་ལ༔ མཚོན་བྱ་ཚིག་གི་ངོ་སྤྲོད༔ དཔེ་དོན་ལུང་གི་ངོ་སྤྲོད༔ བརྗོད་མེད་དོན་གྱི་ངོ་སྤྲོད་དང་གསུམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་མཚོན་བྱ་ཚིག་གི་ངོ་སྤྲོད་ནི༔ དཔོན་སློབ་ཐམས་ཅད་ལུས་གནད་བསྲང་འདུག་སྟངས་བཟང་པོ་བཅས༔ ཀྱེ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཁྱེད་རྣམས་མ་ཡེངས་པར་ཉོན་ཅིག༔ དང་པོ་ཐོག་མེད་ནས་དེ་རིང་བར་དུ་རིགས་དྲུག་གི་གནས་འགྲིམ་ནས་སྐྱེ་གནས་བཞིའི་ལམ་བརྒྱུད་དེ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དལ་མེད་དུ་སྤྱོད་མཁན་དེ༔ ད་ལྟའི་རང་གི་སེམས་ཞེས་ང་མེད་ཀྱང་ངར་བཟུང་༔ བདག་མེད་ཀྱང་བདག་ཏུ་བཟུང་བ་པོ་འདི་ཡིན༔ ལུས་དང་ངག་གཉིས་ནི་སེམས་ཀྱིས་ལས་བསགས་པའི་རང་གཟུགས་ལ་བཟང་ངན་མཐོ་དམན་སྣ་ཚོགས་སུ་བྱུང་བ་ཡིན་གྱི༔ ལུས་ཀྱིས་སེམས་མ་བྱས་སོ༔ ལུས་ལས་ནི་སེམས་མ་བྱུང་ངོ་༔ སེམས་ཀྱིས་ནི་ལུས་བྱས་སོ༔ སེམས་ལས་ནི་ལུས་བྱུང་ངོ་༔ ངག་གིས་སེམས་མ་བྱས་སོ༔ ངག་ལས་ནི་སེམས་མ་བྱུང་ངོ་༔ དེ་ལྟར་ན་སངས་རྒྱས་ཐམས་ཅད་ཀྱང་རང་གི་སེམས་འདིའི་དོན་རྟོགས་པས་སངས་རྒྱས་པ་ཡིན༔ སེམས་ཅན་ཐམས་ཅད་རང་གི་སེམས་ཀྱི་དོན་མ་རྟོགས་ནས་འཁྲུལ་ཏེ་འཁོར་བར་འཁྱམས་པ་ཡིན༔ སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བྱེད་པོ་འཁོར་འདས་ཐམས་ཅད་ཡོངས་སུ་ཚང་པའི་རང་སེམས་དེ་ཇི་ལྟར་ཞེ་ན༔ མན་ངག་ལམ་གྱི་རིམ་པས་ངོ་སྤྲོད་པ་ནི༔ རང་ངོར་རང་གིས་བརྟགས་ཤིང་བལྟས་ཀྱང་མཐོང་དུ་མེད་པའི་སྟོང་པ༔ བརྗོད་དུ་མེད་པའི་ངོ་བོ༔ ཡིན་མིན་ཡོད་མེད་རེ་དོགས་སྤངས་བླང་དགག་སྒྲུབ་ཐམས་ཅད་དང་བྲལ་བ་འདི་རང་སེམས་རྣམ་པར་དག་པ་ཞེས་བྱ་བ་དེ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དོན་རྟོགས་པར་གྱིས་ཤིག༔ ཕྱི་སྣོད་ཀྱི་འཇིགས་རྟེན་རྒྱ་ཆེ་དཔངས་མཐོ་སྟོང་གསུམ་རྒྱུ་བཟང་བཀོད་ལེགས་རི་རབ་གསེར་རི་ཁང་ཁྱིམ་དང་བཅས་པ་གཟུགས་ཅན་གཟུགས་མེད་སྲིད་རྩེ་མནར་མེད་ཀྱི་ཁམས་འདི་རྣམས་ཀྱང་༔ རང་སེམས་འཁྲུལ་པའི་སྲིད་འཛིན་ཨ་འཐས་པ་འདི་ལྟར་སྲིད་ཀྱང་མཐར་སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི༔ འདུས་པ་ཐམས་ཅད་ཀྱི་མཐའ་འབྲལ༔ བསགས་པ་ཐམས་ཅད་ཀྱི་མཐའ་མཛད༔ བསླངས་པ་ཐམས་ཅད་ཀྱི་མཐའ་འགྱེལ་ཏེ༔ བསྐལ་པའི་མཐའ་མེ་བདུན་ཆུ་གཅིག་ཡན་གྱིས་ཐམས་ཅད་ཆམ་གཅིག་སྟོང་པ་ཉིད་དེ༔ ད་ལྟའི་རང་གི་སེམས་ཉིད་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས༔ ཀྱེ་རིགས་ཀྱི་བུ་རྣམས་གཟུགས་སུ་གྲུབ་པ་འདི་ཐམས་ཅད་ཀྱང་སྟོང་པ་ཉིད་དོ་༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་ན་མེད༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་ན་མེད་པས༔ གཟུགས་སྣང་རང་གྲོལ་ཆེན་པོར་དོན་རྟོགས་པར་གྱིས་ཤིག༔ རང་གི་གཟུགས་སྣང་གི་སྐད་ཕྱི་ནས་འབྱུང་བའི་སྒྲ་ནང་འགྲོ་བའི་སྐད་བཟང་ངན་ཆེ་ཕྲ་ཇི་སྲིད་ཐམས་ཅད་ཀྱང་༔ གྲག་པ་ཙམ་གྱིས་སྟོང་པར་གྱུར་པ་ལས་དངོས་སུ་གྲུབ་པ་མེད་པ་འཛིན་བྲལ་གྲག་སྟོང་བརྗོད་དུ་མེད་པའི་དོན་རྟོགས་པར་གྱིས་ཤིག༔ དེ་བཞིན་དུ་ཚོར་བ་འདུ་བྱེད་རྣམ་པར་ཤེས་པ་དང་བཅས་པ་རྣམས་ཀྱང་རང་སེམས་སྟོང་པར་མ་རྟོགས་པའི་རྩལ་ལས་བྱུང་བས་སྟོང་པ་ཉིད་ལས་གཞན་དུ་མེད་པ་ཤེས་པར་གྱིས་ཤིག༔ སྲིད་ཞིའི་ཁམས་ཐམས་ཅད་སྟོང་པ་ཉིད་དེ་ངོ་བོ་ཉིད་ལ་མཚོན་བརྗོད་དང་བྲལ་བ༔ ཐོག་མར་མ་སྐྱེས་པ༔ བར་དུ་མི་གནས་པ་༔ ཐ་མར་མི་གནས་པ༔ སྒྲིབ་པ་ཡང་མེད༔ སྒྲིབ་པ་དང་བྲལ་ཞེས་ཀྱང་མི་འདོགས་པའི་ངོ་བོ་དེ་ལ་གཟུགས་ཀྱང་མེད༔ ཁ་དོག་ཀྱང་མེད༔ དབྱིབས་སུ་གྲུབ་པ་ཡང་མེད༔ ཚོར་བ་ཡང་མེད༔ འདུ་ཤེས་ཀྱང་མེད༔ འདུ་བྱེད་ཀྱང་མེད༔ རྣམ་པར་ཤེས་པ་ཡང་མེད༔ མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ལུས་དང་༔ ཡིད་དང་༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཁམས་དང་བཅས་པ་ཡང་མེད༔ དེ་ལྟར་ན་མེད་ལ་ཡོད་པར་གཟུང་བའི་འཛིན་སྣང་༔ ཕྱི་ནང་སྣོད་བཅུད་སྒྱུ་ལུས་དང་བཅས་པ་སྟོང་པ་ཉིད་ལས་གཞན་དུ་མེད་པའི་དོན་རྟོགས་པར་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དཔེ་དོན་ལུང་གི་ངོ་སྤྲོད་ནི༔ ཡུམ་ལས༔ ནམ་མཁའ་ལ་ནི་ཤར་ཕྱོགས་ཀྱང་དམིགས་སུ་མེད་དོ༔ ལྷོ་དང་༔ ནུབ་དང་༔ བྱང་དང་༔ སྟེང་དང་༔ འོག་དང་༔ ཕྱོགས་དང་༔ མཚམས་རྣམས་ཀྱང་དམིགས་སུ་མེད་དོ༔ ནམ་མཁའ་ནི་ཟླུམ་པོ་ཡང་མ་ཡིན༔ གྲུ་བཞི་ཡང་མ་ཡིན༔ སྔོན་པོ་ཡང་མ་ཡིན༔ སེར་པོ་ཡང་མ་ཡིན༔ འདས་པ་ཡང་མ་ཡིན༔ མ་འོངས་པ་ཡང་མ་ཡིན༔ ད་ལྟར་བྱུང་བ་ཡང་མ་ཡིན༔ ནམ་མཁའ་ལ་ནི་སྐྱེ་བའམ་འགག་པའམ་གཞན་དུ་འགྱུར་པ་ཡང་མེད་དོ༔ ནམ་མཁའ་ནི་ཤེས་པར་བྱ་བ་ཡང་མ་ཡིན༔ ཐོབ་པར་བྱ་བ་ཡང་མ་ཡིན༔ ནམ་མཁའ་ནི་གཟུགས་དང་ལྡན་པ་ཡང་མ་ཡིན༔ གཟུགས་མེད་པ་ཡང་མ་ཡིནཿ ནམ་མཁའ་ནི་རྟག་པ་ཡང་མ་ཡིན༔ མི་རྟག་པ་ཡང་མ་ཡིན༔ ནམ་མཁའ་ནི་སྣང་བ་ཡང་མ་ཡིན༔ མུན་པ་ཡང་མ་ཡིན༔ ནམ་མཁའ་ནི་སེམས་ཅན་ཚད་མེད་པའི་གོ་སྐབས་འ བྱེད་དོ་ཞེས་ཟེར་བ་ནི༔ སེམས་མེད་པའི་ཕྱིར་ན་ནམ་མཁའ་མེད་པར་རིག་པར་བྱའོ༔ ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ༔ ཅེས་དང་༔ དཀོན་ཅོག་བརྩེགས་པ་ལས༔ ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་མ་འདྲ༔ ངོ་བོ་ཉིད་ཀྱིས་སྟོང་ཞིང་བདག་མེད་ལ༔ བྱིས་པས་ཡོད་ཅེས་མེད་ཅེས་ཐག་བཅད་དོ༔ ཅེས་དང་༔ ཏིང་འཛིན་རྒྱལ་པོ་ལས༔ རྟག་དང་མི་རྟག་འདི་ཡང་མཐའ་གཉིས་ཡིན༔ གཙང་དང་མི་གཙང་འདི་ཡང་མཐའ་གཉིས་ཡིནཿ དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ཏེ༔ མཁས་པ་དབུས་ལའང་གནས་པར་མི་བྱའོ༔ ཅེས་དང་༔ ཏིང་འཛིན་རྒྱལ་པོ་ལས༔ འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོད་པ༔ ཆུ་ཡི་ཕུང་པོ་འདི་ཡི་འོག་ཏུ་འགྲོ༔ འོག་ཏུ་ཅི་འདྲ་སྟེང་དུའང་དེ་བཞིན་ཏེ༔ ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ༔ ཞེས་དང་༔ དེ་ཉིད་ལས༔ ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས༔ སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་༔ ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ༔ ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ༔ ཅེས་པས་རྒྱལ་བའི་བཀའ་ལས་ལུང་གི་ཚིག་གི་དཔེ་ནམ་མཁས་མཚོན་ནས༔ དོན་ཀུན་བྱེད་མཁན་པོ་སེམས་ཉིད་སྟོང་པར་ངོ་སྤྲད་པའི་རིམ་པ་ལ་གདེང་ཆོས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་བརྗོད་མེད་དོན་གྱི་ངོ་སྤྲོད་ནི༔ ལུས་གནད་དང་ལྡན་པས་བླ་མའི་རྣལ་འབྱོར་ཚུལ་བཞིན་བསྒོམ་ནས་མོས་གུས་དྲག་པོས་གསོལ་བ་བཏབ་ཅིང་དབང་བཞི་ལེན་དར་ཅིག་བརྗོད་མེད་དུ་བཞག༔ ཀྱེ་རིགས་ཀྱི་བུ་རྣམས་རང་སེམས་ཀྱི་ངོ་བོ་ལ་ལྟོས་དང་༔ མཐོང་དུ་མེད་པའི་སྟོང་ངེ་བ༔ བརྗོད་དུ་མེད་པའི་ཝང་ངེ་བ༔ བསམ་དུ་མེད་པའི་ལྷན་ནེ་བ༔ སྐྱེ་བ་མེད་པའི་རྗེན་ནེ་བ༔ འགག་པ་མེད་པའི་ཆམ་མེ་བ ༔གནས་པ་མེད་པའི་ལྷུག་གེ་བ༔ ཡིན་མིན་བསམ་བརྗོད་ཐམས་ཅད་དང་༔ རེ་དོགས་གཉིས་འཛིན་མཐའ་བྲལ་བའི༔ ཡིད་དང་བློ་འདས་སྟོང་པ་ཆེ༔ གང་གིས་ཡང་ནི་མཚོན་མེད་འདི ༔ངོ་བོ་ཉིད་ལ་ཐག་ཆོད་ཅིག༔ ཅེས་བསྒོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་མཉམ་པར་བཞག་པའི་རིམ་པ་ནི༔ ལྟ་སྟངས་དང་ལྡན་པའི་མཉམ་གཞག༔ ཡུལ་ལ་གཏད་པའི་མཉམ་གཞག༔ བརྗོད་དུ་མེད་པའི་མཉམ་གཞག་དང་གསུམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ལྟ་སྟངས་དང་ལྡན་པའི་མཉམ་གཞག་ནི༔ ལུས་འདུག་སྟངས་བཟང་པོ་ལག་པ་མཉམ་གཞག་བྱས་ནས༔ སྣ་རྩེའི་ཐད་ཀྱི་ཁྲུ་གང་གི་ནམ་མཁར་མིག་ཟིམ་བུས་ཐོག་མར་བལྟ༔ དེ་ནས་ལྷོད་ཀྱིས་ཀློད་ནས་བདག་མེད་དུ་དུར་ཁྲོད་ན་མི་རོ་དོར་བ་ལྟར་ལིངས་ཀྱིས་བསྐྱུར་ནས་མཉམ་པར་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་དུས་སྒོམ་ཤིང་མལ་ཁྲི་སོགས་ཡོད་ན་ཟབ༔ གཉིས་པ་ཡུལ་ལ་གཏད་པའི་མཉམ་གཞག་ནི༔ རིའམ་ཁང་པ་སོགས་མཐོ་བ་ཞིག་ཏུ་ཕྱིན་ནས༔ འདུག་སྟངས་སོགས་སྔར་ལྟར་ལ༔ མིག་གཉིས་འདོམ་གང་གི་སྨིན་ཕྲག་གི་ནམ་མཁར་ཅེར་གྱིས་གཏད༔ ཆམ་གྱིས་བཞག་ནས་ལྷ་ཁང་ནང་གི་ལྡེར་བཟོ་ལྟར་སྤང་བླང་བྲལ་བར་མཉམ་པར་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་བརྗོད་དུ་མེད་པའི་མཉམ་གཞག་ནི༔ ལུས་ཀྱི་འདུག་སྟངས་སོགས་ཅི་བདེའི་ངང་ནས༔ ངོ་བོ་བརྗོད་མེད་ཡེ་སྟོང་བློ་འདས་གཞི་མེད་རྩ་བྲལ་མཚོན་བརྗོད་ཀུན་ཟད་རེ་དོགས་གཉིས་མེད་ཀྱི་ངང་ལ་སོག་མའི་ཕོན་ཐག་བཅད་པ་ལྟར་མཉམ་པར་བཞག་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉམས་བྱིང་ན་བཞག་ཐབས་དང་པོ༔ འཐིབ་ན་བཞག་ཐབས་གཉིས་པ༔ རྒོད་ན་བཞག་ཐབས་གསུམ་པ་སོར་འདོན་ཏེ་གནས་ལུགས་ཀྱི་ཡེ་ཤེས་བསམ་བརྗོད་དུ་མེད་པ་ཀློང་དུ་འཁྱོལ་བར་བྱའོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གསུམ་པ་རྩལ་སྦྱང་བ་ནི༔ ཡོངས་སུ་འབད་རྩོལ་གྱིས་རྩལ་སྦྱང་བ་དང་༔ རང་བཞིན་སྤྱོད་ལམ་གྱིས་རྩལ་སྦྱང་བ་གཉིས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡོངས་སུ་འབད་རྩོལ་གྱིས་རྩལ་སྦྱང་བ་ནི༔ ཕྱི་ནང་གི་སྒྲུབ་པ་བསྐྱེད་རྫོགས་ཀྱི་རིགས་ངག་འདོན་སྒོམ་བཟླས་ཆོས་ཀྱི་བྱེད་ལས༔ ཅི་དང་ཇི་ལྟར་སྤྱད་ཀྱང་ངོ་བོ་ཆོས་ཉིད་བློ་འདས་ཀྱི་དགོངས་པ་མ་བཅོས་པའི་རྩལ་སྣང་སྒྱུ་མས་སྤྲུལ་པའི་རྒྱུ་ལྟར་སྤང་བླང་མེད་པའི་རོལ་པར་བསྲེ་ཞིང་རྩལ་སྦྱང་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་རང་བཞིན་སྤྱོད་ལམ་གྱིས་རྩལ་སྦྱང་བ་ནི༔ ཇི་སྲིད་འཚོའི་བར་དུ་སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ཀྱི་དུས་བརྗོད་མེད་ལྷན་ཅིག་སྐྱེས་པའི་རང་མདངས་ལྡན་བཞིན་རྨི་ལམ་གྱི་སྣང་བར་བཟང་ངན་ཇི་ལྟར་ཡང་བདེན་འཛིན་མེད་པ་ལྟར་ལམ་དུ་འཁྱེར་བ་བཞིན་རྩལ་སྦྱང་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩལ་སྦྱང་དང་པོས་ཆོས་ལ་བདག་མེད་རྟོགས༔ རྩལ་སྦྱང་གཉིས་པས་གང་ཟག་བདག་མེད་རྟོགས༔ དགྲ་བཅོམ་བྱང་སེམས་འཕགས་པ་དེ་བཞིན་གཤེགས༔ མངོན་པར་བྱང་ཆུབ་སྐུ་གཉིས་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བོགས་དབྱུང་བ་ནི༔ གཉན་ས་བརྒྱ་ལས་མ་ཉུང་བར་གདམས་པའི་སྙིང་པོ་ལྡན་བཞིན་གཅོད་ཡུལ་གྱི་གདམས་པ་གཞན་ལྟར་སྤྱད་ཅིང་༔ ཚར་ལྷོངས་མཐར་ཕྱིན་སྦྱངས་པས་མྱུར་དུ་བྱང་ཆུབ་གདོད་མའི་དབྱིངས་སུ་གྲོལ་བ་ནི་གདོན་མི་ཟའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཆོས་ཁྱད་འཕགས་བདུད་རྩིའི་ཐིགས་པ་འདི༔ ད་ལྟ་བཞུགས་པའི་མཁན་ཆེན་ཆོས་རྒྱལ་དང་༔ ལོ་པཎ་སྐྱེས་མཆོག་འདུས་པའི་ལྕམ་དྲལ་ལ༔ ཆོས་ཀྱི་དགའ་སྟོན་གདམས་པའི་སྙིང་པོར་བཤད༔ ཉམས་སུ་ལོངས་དང་མ་འོངས་ཕྱི་མའི་དུས༔ བདག་གཞན་དོན་གཉིས་དཔལ་ལ་སྤྱོད་པ་ཡོང་༔ འདི་ནས་རིང་འདས་དུས་ཀྱི་ཐ་མ་ལ༔ ཉེར་བཞིའི་གནས་ཀྱི་ཡ་གཅིག་ཀོ་ས་ལ༔ རཱུ་ཏྲའི་མིག་འབྲས་མིག་ཆུ་དཀར་ནག་ལ༔ སྒྲོལ་མ་མཆེད་གཉིས་རང་བྱོན་ལྡན་པའི་ལུང་༔ བོད་ཁམས་སྲིན་མོ་གན་རྐྱལ་འགྱེལ་འདྲ་ཡི༔ ལག་མཐིལ་གཡས་པ་ཁམས་ཀྱི་ཀློང་ཐང་སྒྲོལ༔ སྲོང་བཙན་ཆོས་ཀྱི་རྒྱལ་པོས་ས་གནད་བསྡམས༔ ད་ལྟའི་ཚངས་པ་ལྷ་ཡི་མེ་ཏོག་གིས༔ ཞིག་རལ་བསུབས་པའི་གནས་མཆོག་དམ་པ་འདི༔ དར་ན་བོད་ཁམས་འགྲོ་བ་ཡོངས་ལ་ཕན༔ གུད་ན་དེ་བཞིན་སྤྱི་ཡི་བསོད་ནམས་ཉམས༔ བདུད་དབང་བཙན་པས་ཞིག་རལ་མང་དུ་འབྱུང་༔ འོན་ཀྱང་ས་ལ་གནས་པའི་བྱང་སེམས་ཀྱིས༔ གཏེར་འདི་བརྡོལ་དུས་ཞིག་རལ་བསུབ་ཀྱང་སྲིད༔ བོད་ཁམས་ཡོངས་ལ་སྐྱིད་ཐེབས་ཐང་གཅིག་འབྱུང་༔ བར་ཆད་དབང་གིས་ཕྱི་བཤོལ་ལུས་པ་ན༔ བོད་ཁམས་བདུད་སྤྲུལ་མགོ་དགུ་བདུན་གྱིས་འགང་༔ སྐྱེ་འགྲོ་ཕལ་ཆེར་སྡུག་བསྔལ་འབའ་ཞིག་སྤྱོད༔ འོན་ཀྱང་པདྨ་ང་ཡི་སྨོན་ལམ་གྱིས༔ འགྲོ་བའི་སྐྱབས་མཆོག་ཉི་མ་ཤར་འདྲ་འབྱུང་༔ ཅེས་པ་འདི་རྣམས་གུ་རུ་རིན་པོ་ཆེའི་བཀའ་ལྟར་བདག་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེའི་རིས་སུ་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པ་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གཏེར་གྱི་སྲུང་མས་བཀའ་འདི་བྱ་ར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་ཁམས་ཀློང་ཐང་སྒྲོལ་མ་ནས་གདན་དྲངས་པའོ། མངྒ་ལཾ།། །།

སྨན་མདོ།

དམ་ཆོས་བདུད་རྩིའི་ཐིགས་པ་ལས། འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས། ལོ་ཙཱ་བའི་ཕྱག་དཔེ་ལས་བཤུས། རྒྱ་གར་སྐད་དུ། ཨཱརྱ་སཔྟ་ཏ་ཐཱ་ག་ཏ་པཱུཪྦ་པྲ་ནི་དྷཱ་ན་བི་ཤེ་ཥ་བི་སྟཱ་ར་ནཱ་མ་མ་ཧཱ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་རྒྱུ་བ་རྒྱུ་ཞིང་ཡངས་པ་ཅན་ན་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་བརྩེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གནོན་པ་དོན་ཡོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་ན་སྡུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུན་ནག་ཐམས་ཅད་འཇོམས་པའི་བློ་གྲོས་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ལེགས་པ་རྣམ་པར་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩེ་འཛིན་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་དྲུག་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོའི་ཆོས་སྟོན་ཅིང་ཆོས་ཀྱི་གཏམ་གྱིས་སེམས་ཅན་ཐམས་ཅད་ཚིམ་པར་མཛད། སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྒྱལ་བུ་འཇམ་དཔལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་པོ་དང་། བློན་པོ་དང་། མི་དང་མི་མ་ཡིན་ལ་སོགས་པ་མང་པོ་ཆོས་ཉན་པའི་སླད་དུ་འདུས་ཤིང་མཆིས་ན་དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ་ཐོས་ན་ཅི་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ཟློག་པར་འགྱུར་བ་དང་། སྡིག་པ་ཐམས་ཅད་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་ཟད་པར་འགྱུར་བ་དང་། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བ་དེ་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་གནས་སུ་བཤད་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་ནི་མི་གཟིགས་པའམ་མི་གསན་པའམ་རྣམ་པར་མི་མཁྱེན་པ་མི་མངའ་བས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀྱང་། དཔེར་ན་དེང་ངམ་སང་གི་ལྟར་དགོངས་པ་ལགས་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་དང་པོ་བྱང་ཆུབ་ཀྱི་ཐུགས་ཡིད་ལ་མཛད་པ་དང་། སྔོན་གྱི་སྨོན་ལམ་དང་། དེ་བཞིན་གཤེགས་པ་ལ་དམིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བརྗོད་པ་དང་། ཡང་དག་པར་བསྟན་པར་སྤྱོད་ན། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བས་ན་སེམས་ཅན་རྗེས་སུ་བཟུང་བའི་སླད་དུ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཀ་ལ་པིང་ཀའི་སྒྲ་སྐད་དང་དབྱངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་སྙིང་རྗེ་དང་ལྡན་པ་སྟེ། འཇམ་དཔལ་ཁྱོད་ཀྱིས་སྙིང་རྗེ་དཔག་ཏུ་མེད་པ་བསྐྱེད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པའི་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་གསོལ་བ་འདེབས་པ་ནི་ལེགས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་ཁྱོད་ཀྱི་སྤོབས་པ་འདི་སྐྱེས་སོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་ཞམ་རིང་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །འཇམ་དཔལ་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་ཤིན་ཏུ་ཡོངས་སུ་དག་པ་ཐ་གྲུ་དཔག་ཚད་བརྒྱ་སྟོང་དུ་མ་ཡོད་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ན། ངན་སོང་དང་སྡུག་བསྔལ་གྱི་དགྲ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ཚེར་མ་དང་། གཡང་ས་དང་། རི་དང་། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ་། འཇམ་པའི་ངོས་རེག་ན་བདེ་བ། ལྷའི་དྲི་བསུང་དང་ལྡན་པ། ལྷའི་རིན་པོ་ཆེའི་ཤིང་ལྗོན་པ་དང་། མེ་ཏོག་དང་། འབྲས་བུས་མཛེས་པར་བྱས་པ། རིན་པོ་ཆེའི་སེང་གེའི་ཁྲི་ལེགས་པར་བརྒྱན་པ། བྱང་ཆུབ་སེམས་དཔའ་དག་པ་ཕྱིར་མི་ལྡོག་པའི་ས། འཛམ་བུ་ཆུ་བོའི་གསེར་དང་མུ་ཏིག་གིས་བརྒྱན་པའི་རྫིང་གིས་མཛེས་པར་བྱས་པའོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་ཐམས་ཅད་ནི་བརྫུས་ཏེ་སྐྱེས་པ། རིན་པོ་ཆེ་སྣ་བདུན་གྱི་པདྨ་ལས་བྱུང་བ་ཤ་སྟག་གོ །དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བའི་སྨོན་ལམ་ཐོབས་ཤིག འཇམ་དཔལ་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་དེ། ཐུགས་དང་པོར་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་སྤྱད་བ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བརྒྱད་རྒྱུན་མ་ཆད་པར་བཏབ་བོ། །བརྒྱད་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པ་ན་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་ལ་ལ་དག་ན་བའི་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། རིམས་དང་། གཤེད་བྱེད་དང་། བྱད་དང་། རོ་ལངས་དང་། འཇིགས་པ་རྣམས་ཀྱིས་གཙེས་པ་དེ་ཐམས་ཅད་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པས་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བྱང་ཆུབ་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་རྣམས་མེད་པར་གྱུརད་ཅིག རབ་ཏུ་ཞི་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོས་པ་དང་། ཤ་བཀྲ་དང་། ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པ་དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུརད་ཅིག སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུརད་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པའི་མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པ་ལ་ཡིན་པར་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པ་དེ་དག་གིས་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་ཟད་པར་གྱུརད་ཅིག བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་སེམས་ཅན་དམྱལ་བ་དང་། ངན་འགྲོར་འགྲོ་བར་མ་གྱུརད་ཅིག ལྷ་ཡུལ་པའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་བ་ནི། གང་གི་ཚེ་བདག་མ་འོངས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་སུ་དག་དབུལ་པོར་གྱུརད་ཏེ། ཟས་དང་། སྐོམ་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་མི་བདོག་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་དབྱིག་དང་། གོས་དང་།ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་འཕེལ་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་བཅིངས་པ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་བཅིངས་པ་དང་བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུརད་ཅིག ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་འཆད་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དྲུག་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེངྒེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པའི་ནང་དུ་ཚུད་དེ། སྲོག་ལ་འཇིགས་ནས་སྐྲག་ཅིང་མགོན་མེད་དེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་ཡིད་ཀྱིས་བརྗོད་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་ཞི་བར་གྱུརད་ཅིག སེངྒེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུརད་ཅིག འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། རྩོད་པ་དང་། འགྱེད་པར་གྱུར་ཏེ། འཁྲུགས་ཤིང་འཇིགས་སྐྲག་ནས་སྔངས་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་ཡིད་ཀྱིས་བརྗོད་པ་དེ་དག་ཐམས་ཅད་བྱང་ཆུབ་མཐར་ཐུག་གི་བར་དུ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུརད་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ཆུ་ཡི་ནང་དུ་སོན་ཏེ། གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ། །སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། མིང་ཡིད་ལ་གནས་ཤིང་བདག་གི་མིང་ཡིད་ཀྱིས་ལན་བདུན་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། ཆུ་ཀླུང་ཆེན་པོ་དེར་དབུགས་འབྱིན་པ་སྦྱིན་པར་གྱུརད་ཅིག འཇིགས་པ་མེད་པར་བརྒལ་བར་གྱུརད་ཅིག ཅེས་བཏབ་བོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་དེས་སྨོན་ལམ་ཆེན་པོ་བརྒྱད་པོ་དེ་དག་བཏབ་བོ། །འཇམ་དཔལ་དེ་དག་དང་བཅོམ་ལྡན་འདས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་དེས་ཐུགས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། སྨོན་ལམ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱི་གནས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་མཛད་པ་དང་། རྣམ་པར་འཕྲུལ་བ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཞམ་རིང་བ་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལོ་བརྒྱར་ཡང་བརྗོད་པར་མི་ནུས་སོ། །འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། རྒྱལ་པོའམ། བློན་པོའམ། ཁྱིམ་བདག་ཡོན་ཏན་དོན་དུ་གཉེར་བ་རྣམས་ཀྱི་ཞེ་སྡང་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་དེ་བཞིན་གཤེགས་པ་དེའི་མཚན་བཟུང་བར་བྱ། བཀླག་པར་བྱ་སྟེ། རབ་ཏུ་གུས་པར་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བྱས་ན་དེའི་སྡིག་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་སྟོན་པ་ཡོད་དོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བརྒྱད་བཏབ་བོ། །བརྒྱད་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ཞིང་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པ་དང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་པ་དེ་དག་འཁོར་བའི་སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་གྱུརད་ཅིག །སོ་སོར་འཁོར་བའི་སྡུག་བསྔལ་རྣམས་ཡོངས་སུ་མྱོང་བ་དང་། རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བསམས་མ་ཐག་ཏུ་བགོ་བ་དང་། བཟའ་བ་དང་། བཏུང་བ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་རྣམས་འབྱུང་བར་གྱུརད་ཅིག དགེ་བའི་ཆོས་ཀྱང་རྣམ་པར་འཕེལ་བར་གྱུརད་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུརད་ཅིག །ངན་སོང་གསུམ་དང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་གྱུརད་ཅིག བཅོམ་ལྡན་འདས་དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྒོ་ང་ལས་སྐྱེས་པའམ་མངལ་ལས་སྐྱེས་པའམ་དྲོད་གཤེར་ལས་སྐྱེས་པའམ། བརྫུས་ཏེ་སྐྱེས་པའི་སེམས་ཅན་གང་དག་གྲང་བ་དང་། ཚ་བ་དང་བཀྲེས་པ་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་བ དག་གི་མཐུས། བདག་གི་མིང་རྣ་ལམ་དུ་གྲགས་ཤིང་དེ་དག་གིས་བདག་གི་མིང་དྲན་པ་དང་། བརྗོད་པས་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་བར་གྱུརད་ཅིག སྐྱེ་བ་དེ་ཡང་ཐ་མར་གྱུརད་ཅིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུརད་ཅིག ལྷ་ཡུལ་བའི་ལྷའི་བདེ་བ་མྱོང་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བུད་མེད་གང་དག་ཀུན་ནས་ཉོན་མོངས་པ་སྣ་ཚོགས་ཀྱིས་ཡོངས་སུ་གང་ཞིང་། བུད་མེད་ཀྱི་སྐྱེ་གནས་ལ་ཡོངས་སུ་དམོད་པ་དང་། གང་དག་བཙའ་བའི་དུས་ན་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་རྣ་ལམ་དུ་གྲགས་ཤིང་དེ་དག་གིས་བདག་གི་མིང་དྲན་པ་དང་བརྗོད་པ་ཚོར་བ་ཐམས་ཅད་དང་། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུརད་ཅིག སྐྱེ་བ་དེ་ཡང་ཐ་མར་གྱུརད་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་འཐོབ་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པ་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་འཆི་བ་དང་། དགྲ་དང་། དགོན་པས་གཙེས་པ་དང་། ཕན་ཚུན་ཕ་དང་། མ་དང་། སྲིང་མོ་དང་། མཛའ་བཤེས་དང་། ཉེ་དུས་མྱ་ངན་མྱོང་ཞིང་སྡུག་བསྔལ་དང་། མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་བདག་གི་མཐུས། བདག་གི་མིང་རྣ་ལམ་དུ་གྲགས་ཤིང་། དེ་དག་གི་རྣ་ལམ་དུ་བདག་གི་མིང་གྲགས་པ་དང་། ཁ་ཏོན་དུ་བཏོན་པས་བྱང་ཆུབ་མཐར་ཐུག་གི་བར་དུ་འཆི་བ་དང་། དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུརད་ཅིག མྱ་ངན་དང་སྡུག་བསྔལ་བྲལ་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པས་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུརད་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུརད་ཅིག །མཆོད་པ་དང་རིམ་གྲོར་བྱ་བ་ཐམས་ཅད་ལ་མངོན་པར་བརྩོན་པར་གྱུརད་ཅིག །ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དྲུག་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་བ། དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་། དྲན་པ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།གཟུངས་གྱི་སྒོ་རྣམས་མངོན་དུ་གྱུརད་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་དམན་པ་ལ་མོས་ཤིང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་སྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བླ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུརད་ཅིག ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་རྒྱབ་ཀྱིས་ཕྱོགས་པར་གྱུརད་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུརད་ཅིག ཅེས་བཏབ་བོ། །དེས་སྨོན་ལམ་ཆེན་པོ་བརྒྱད་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་བསྐལ་བ་ཆེན་པོ་ཟད་པའི་ཚེ། འཛམ་བུ་གླིང་ཀུན་འབར་ཞིང་རབ་ཏུ་འབར་བར་འཁྲུག་པར་གྱུརད་ཏེ། ངུ་ཞིང་མྱ་ངན་བྱེད་པ་རྣམས་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་མྱོང་ཞིང་། སྐྱབས་མེད་མགོན་མེད་པའི་སེམས་ཅན་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་སྡུག་བསྔལ་དང་མྱ་ངན་ཐམས་ཅད་དང་བྲལ་བར་གྱུརད་ཅིག བསིལ་བའི་དངོས་པོ་འཐོབ་པར་གྱུརད་ཅིག དེ་ནས་ཤི་འཕོས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོར་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་གྱུརད་ཅིག ཅེས་བཏབ་སྟེ་འཇམ་དཔལ་བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བརྒྱད་པོ་དེ་དག་བཏབ་བོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་མཉམ་པ་ཐ་གྲུ་ཆེ་བ་ཡངས་པ་ལག་མཐིལ་ལྟར་མཉམ་པར་གྱུར་པ། ལྷའི་སྤོས་ཤིང་ལྗོན་པ་རྣམས་ཀྱིས་རབ་ཏུ་བརྒྱན་པ། ཡོངས་སུ་གཙང་ཞིང་སྐྱོན་མེད་པ་དང་། ལྷའི་སྤོས་དང་མེ་ཏོག་གིས་རབ་ཏུ་བརྒྱན་པ། ལྷའི་རོལ་མོའི་སྒྲ་སྐད་དང་གླུའི་ང་རོ་འབྱུང་བ། ལྷའི་རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བས་ལེགས་པར་བརྒྱན་པ། ལྷའི་རིན་པོ་ཆེའི་སེང་གེའི་ཁྲིས་མཛེས་པར་བྱས་པ། ལྷའི་མེ་ཏོག་རིན་པོ་ཆེའི་རྫིང་གིས་རབ་ཏུ་བརྒྱན་པ། ས་གཞི་འཇམ་ཞིང་སྙི་བ། རི་དང་། རྡོ་དང་། གསེག་མ་དང་ཚེར་མ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ཉེ་བའི་ཉོན་མོངས་པ་མེད་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སར་གྱུརད་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་བྱུང་བ་ལྷའི་རིན་པོ་ཆེའི་རྒྱན་དང་གོས་ཀྱིས་ལུས་ལེགས་པར་བརྒྱན་པ་ཤ་སྟག་གོ །སངས་རྒྱས་ཀྱི་ཞིང་ཁམས་དེ་ན་བསམ་མ་ཐག་པ་ཙམ་གྱིས་གོས་དང་། ཟས་དང་། སྐོམ་དང་། མལ་ཆ་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། རྒྱན་དང་། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་པ་ཐམས་ཅད་དང་སེམས་ཅན་གྱི་འཚོ་ཆས་ཐམས་ཅད་དང་། ལྷའི་རིན་པོ་ཆེའི་ལོངས་སྤྱོད་ཐམས་ཅད་འབྱུང་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེ་དང་ལྡན་པ་ཞེས་བྱའོ། །འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པོའམ། རྒྱལ་བུ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨོས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་མཚན་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡིད་ལ་བྱ། རབ་ཏུ་གུས་པས་བཟུང་བར་བྱ། དད་པར་བྱ། དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་ཀྱང་བྱེད་དུ་གཞུག མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། མར་མེ་རྣམས་ཀྱིས་མཆོད་པར་བྱ། ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་ལ། ཉིན་བདུན་གཙང་མར་བྱས་ཏེ་ཕྱོགས་གཙང་མར་གནས་པར་བྱ། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་ཅིང་། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་སུ་བྱས་ན། དེ་ལ་དེ་བཞིན་གཤེགས་པ་དེས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་འབྱང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་རོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་འབྲལ་བར་འགྱུར་རོ། །ཡུན་རིང་འཚོ་ཞིང་ནད་མེད་པར་འགྱུར་རོ། །གང་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་སྡིག་པ་ཐམས་ཅད་ཟད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་པདྨོའི་སྙིང་པོར་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བ་ལེན་པར་འགྱུར་རོ། །སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་མངོན་དུ་འགྱུར་རོ། །འཇམ་དཔལ་བཅོམ་ལྡན་འདས་དེའི་མཚན་འཛིན་པ་དེ་ནི་དེ་ལྟར་ཡོན་ཏན་མང་པོ་དང་ལྡན་པ་ཡིན་ནོ། །འཇམ་དཔལ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་པོ་ཆེ་བསགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཅིང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་ཡོད་དོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཞི་བཏབ་བོ། །བཞི་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སྲོག་གཅོད་པ་སྲོག་གཅོད་པའི་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་སྲོག་གཅོད་པ་དེ་སྲོག་གཅོད་པར་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་། ཆུ་དང་། དུག་དང་། མཚོན་དང་། མེ་དང་། ནད་སྣ་ཚོགས་ཀྱིས་འཆི་བར་གྱུར་པ་དེ་དག་གིས་བདག་གི་མིང་ཐོས་ནས་འཛིན་པ་དང་མཆོད་པས་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུརད་ཅིག ནད་མེད་པར་གྱུར་ཅིག སུ་ཡང་དུས་མ་ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མ་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་ཕྲོགས་པས་དབུལ་པོའི་ཁྱིམ་དུ་སྐྱེས་ཏེ། སྒྲེན་མོ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་གིས་མིང་ཐོས་ནས་བཟུང་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྡིག་པ་ཐམས་ཅད་བྱང་བར་གྱུརད་ཅིག མ་ཚང་བ་མེད་པ་ཐོབ་པར་གྱུརད་ཅིག ཅེས་བཏབ་བོ། དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་གཅིག་ལ་གཅིག་ཀུན་ཏུ་གནོད་སེམས་དང་ལྡན་ཞིང་། ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་འཐབ་པ་དེ་དག་གིས་བདག་གི་མིང་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ། ཚུལ་ཁྲིམས་འཆལ་བར་གྱུར་ན་དེ་དག་གིས་སྡིག་པ་ཀུན་ཏུ་སྤྱད་དེ། དེ་བཞིན་གཤེགས་པའི་བསླབ་པ་རལ་བས་ངན་སོང་གསུམ་དུ་ལྟུང་བ་དང་། སེམས་ཅན་དམྱལ་བར་འགྲོ་བ་དེ་དག་བདག་གི་མཐུས། བདག་གི་མིང་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བ་གྱུརད་ཅིག ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུརད་ཅིག ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་། ལུས་དང་། ངག་དང་། ཡིད་ཀྱི་སྡོམ་པ་ལ་གནས་པར་གྱུརད་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུརད་ཅིག ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས་སྨོན་ལམ་ཆེན་པོ་བཞི་པོ་དེ་དག་བཏབ་བོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སངས་རྒྱས་ཀྱི་ཞིང་དེ་ན། ས་གཞི་ལ་རིན་པོ་ཆེའི་སྤོས་སྣ་ཚོགས་གནས་པ་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་དང་ལྡན་པ། མཉམ་པ། ཡངས་པ། ཐ་གྲུ་ཆེ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲིའི་ཤིང་ལྗོན་པས་མཛེས་པར་བྱས་པ། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་། རིན་པོ་ཆེའི་སྤྱད་པ། ལྷའི་ནོར་བུ་རིན་པོ་ཆེའི་རྫིང་སྤོས་ཆུས་ཡོངས་སུ་གང་བས་མཛེས་པར་བྱས་པ། དར་གྱི་ལྡ་ལྡི་བྲེས་ཤིང་དཔྱངས་པ། རིན་པོ་ཆེའི་སྐུད་པ་མིག་མང་རིས་སུ་བྲེས་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། སྡུག་བསྔལ་དང་ཡིད་མི་བདེ་བ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། བྱང་ཆུབ་སེམས་དཔའ་དག་པ་རྣམས་ཀྱིས་རོལ་མོའི་སྒྲ་དང་། སིལ་སྙན་དང་། གླུ་དབྱངས་མ་བླངས་པར་སྒྲ་འབྱུང་བ། སིལ་སྙན་དེ་དག་ལས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྒྲ་དང་། ཐེག་པ་ཆེན་པོའི་གཏམ་གྱི་སྒྲ་འབྱུང་བ། སྒྲ་དེ་ཐོས་པས་སེམས་ཅན་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འཇམ་དཔལ་བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱིས་ཐབས་མཁས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དེ་ལྟ་བུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པ་རྣམས་གཟིགས་ཤིང་ནད་སྣ་ཚོགས་ཀྱིས་གཟིར་བ། འཆི་བ་དང་། དགྲ་དང་། དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུག་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་ལ་གཟིགས་ནས་སེམས་ཅན་དེ་དག་གི་དོན་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་འདི་དག་གསུངས་སོ། ཏདྱ་ཐཱ། སིདྡྷེ་སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོ ཀྵ་ཎི་མུཀྟེ་བི་མུཀྟེ། ཨ་མེ་ལེ་བི་མ་ལེ་མཾ་ག་ལྱེ། ཧི་ར་ནྱ་གརྦྷེ་རཏྣ་གརྦྷེ། སརྦ་ཨཪྠ་སཱ་དྷ་ནི། པ་ར་མཪྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུ་ཏེ་ཨ་ཏྱད་བྷུ་ཏེ། བྷཱི་ཏ་བྷ་ཡེ་སུ་ཝརྞེ་བྲཧྨ་གྷོ་ཥེ། བྲཧྨ་དྷྱུ་ཥི་ཏེ། སརྦ་ཨཪྠེ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཿཤཥྛི་བུདྡྷ་ཀོ་ཊི་བྷ་ཥི་ཏེ་ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་གཟུངས་འདི་གསུངས་པ་ན། བྱང་ཆུབ་སེམས་དཔའི་འཁོར་འདུས་པ་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་བཅོམ་ལྡན་འདས་དེ་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་ཁྱོད་ཀྱིས་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་སྡིག་པ་ཐམས་ཅད་བསལ་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དང་། རེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་འདི་ལྟ་བུ་འདི་དག་བཀའ་སྩལ་པ། གྲོགས་པོ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། རྒྱལ་པོའམ། རྒྱལ་བུའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཡོན་ཏན་དོན་དུ་གཉེར་བ་གང་སུ་ཡང་རུང་སྟེ། གཟུངས་ཀྱི་ཚིག་འདི་དག་འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དད་པ་བྱེད་དང་། ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་ཅན་ཐམས་ཅད་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མར་མེ་རྣམས་ཀྱིས་མཆོད་པ་དང་། གཙང་མར་བྱས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་བྱས་ན་དེའི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་འགྱུར་ཏེ། པདྨའི་སྙིང་པོར་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་འགྱུར། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་དེ་བཞིན་གཤེགས་པས་དགོངས་པ་འགྱུར། རེ་བ་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། འཇམ་དཔལ་ཤར་ཕྱོགས་ནས་ཡོངས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་བདུན་འདས་པ་ན། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ་དང་། ཡངས་པ། མྱ་ངན་མེད་པ། ངན་སོང་དང་སྡུག་བསྔལ་གྱི་དགྲ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ས་གཞི་འཇམ་ཞིང་ཤིན་ཏུ་སྙི་བ། །ལྷའི་སྤོས་ཀྱིས་བདུག་པ། ལྷའི་ནོར་བུ་རིན་པོ་ཆེའི་ཤིང་ལྗོན་པས་མཛེས་པར་བྱས་པ། ལྷའི་འཛམ་བུ་ཆུ་བོའི་གསེར་གྱི་རྫིང་སྤོས་ཆུས་ཡོངས་སུ་གང་བ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་དང་། མེ་ཏོག་དང་། འབྲུ་རིན་པོ་ཆེ་དང་ལྡན་པ། ལྷའི་རོལ་མོའི་སྒྲ་དང་ལྡན་པ་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཇི་ལྟ་བ་བཞིན་དུ། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པའང་དེ་འདྲའོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཞི་བཏབ་བོ། །བཞི་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་མྱ་ངན་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མང་བ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེར་སེམས་ཅན་གང་དག་བདག་གི་མིང་ཐོས་ནས་ཀྱང་ཡིད་ལ་བྱེད་པ་དེ་དག་བདག་གི་མཐུས། མྱ་ངན་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་གྱུརད་ཅིག སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུརད་ཅིག ཚེ་རིང་པོར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་བསྟིར་མེད་པ་ཆེན་པོར་མུན་པ་མུན་ནག་ཅན་དུ་སྐྱེས་པ་དེ་དག་ལ་བདག་གིས་མཐུས། བདག་གི་ལུས་ལས་འོད་ཟེར་ཀྱི་སྣང་བ་འདི་ལྟ་བུ་བྱུང་སྟེ། དེས་སེམས་ཅན་དམྱལ་བ་དེ་དག་རེག་ཅིང་མཐོང་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ལས་ཡོངས་སུ་ཐར་བར་གྱུརད་ཅིག །སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རྒྱུན་འཆད་པར་གྱུརད་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུརད་ཅིག །ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སྔོན་གྱི་སྡིག་པ་མི་དགེ་བ་བྱས་ཏེ། གཞན་གྱི་རྫས་ཕྲོགས་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས། གོས་དང་། བཟའ་བ་དང་། བཏུང་བ་དང་།མལ་ཆ་དང་རྒྱན་མི་བདོག་པ། གྲང་བ་དང་། ཚ་བའི་སྡུག་བསྔལ་མྱོང་བ་དང་། བཀྲེས་པ་དང་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པ་དེ་དག་གིས་བདག་གི་མིང་ཐོས་ནས། བརྗོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བགོ་བ་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་ཐམས་ཅད་ཡོངས་སུ་སྤྱོད་པར་གྱུརད་ཅིག ལུས་ལྷའི་ཁ་དོག་གིས་བརྒྱན་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་གནོད་སྦྱིན་དང་། སྲིན་པོ་དང་འབྱུང་པོ་དང་། ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ། ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བདག་གི་མིང་ཐོས་ནས་བདག་གི་མཐུས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གནོད་སྦྱིན་དང་། སྲིན་པོ་དང་།འབྱུང་པོ་དང་། ཤ་ཟས་མདངས་འཕྲོག་པ་ཐམས་ཅད་རབ་ཏུ་ཞི་བར་གྱུརད་ཅིག བྱམས་པ་ལ་གནས་པར་གྱུརད་ཅིག ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུརད་ཅིག འཇམ་དཔལ་བཅོམ་ལྡན་འདས་དེས་སྨོན་ལམ་ཆེན་པོ་བཞི་པོ་དེ་དག་བཏབ་བོ། །འཇམ་དཔལ་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་དེའི་མཚན་ཐོས་ནས། ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་པ་དང་སེམས་ཅན་ལ་བྱམས་པར་བྱས་ཏེ། དེ་བཞིན་གཤེགས་པ་དེ་ལ་ཡང་མཆོད་པ་བྱེད་པ་དེ་དག་གིས་ལས་ཀྱིས་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། མྱ་ངན་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། རྟག་ཏུ་ནད་མེད་པ་དང་ལྡན་པར་འགྱུར། ཡུན་རིང་དུ་འཚོ་ཞིང་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། སྐྱེ་བ་དྲན་པར་འགྱུར། དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་རིན་པོ་ཆེ་སྣ་བདུན་གྱི་པདྨའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་འགྱུར། ལྷ་ཐམས་ཅད་ཀྱིས་རྗེས་སུ་བསྲུང་བར་འགྱུར་ཏེ། འཇམ་དཔལ་བཅོམ་ལྡན་འདས་དེའི་མཚན་ཐོས་པ་དེ་ནི། དེ་ལྟར་ཡོན་ཏན་མང་པོ་དང་ལྡན་ནོ། །འཇམ་དཔལ་བཅོམ་ལྡན་འདས་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་བརྗོད་པར་མི་ནུས་སོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་མཚན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་ཤིན་ཏུ་ཡོངས་སུ་དག་པས་མཉམ་པ། དྲི་མ་མེད་པ། འོད་གསལ་པ། ཨནྡ་རྙིལ་གྱི་རང་བཞིན་ཅན། རྩིག་པ་དང་། ར་བ་དང་། སྐར་ཁུང་དང་། རྟ་བབས་དང་། དྲ་བ་དང་། བ་གམ་ཤེལ་ལས་གྲུབ་པ། ས་གཞི་ལྷའི་རིན་པོ་ཆེའི་ཤིང་ལྗོན་པས་མཛེས་པར་བྱས་པ། གསེར་གྱི་སྐུད་པས་མིག་མང་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ལ་ཡང་དྲིལ་བུ་གཡེར་ཁའི་དྲ་བས་བྲིས་ཤིང་དཔྱངས་པ། ལྷའི་དར་ཀྱི་ལྡ་ལྡི་དང་། ལྷའི་མེ་ཏོག་དང་སྤོས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་རྫིང་བུ་སྤོས་ཆུས་ཡོངས་སུ་གང་བ། དྲིལ་བུ་གཡེར་ཁའི་དྲ་བ་དེ་དག་ཀྱང་རླུང་གིས་བསྐྱོད་ཅིང་བསྐུལ་ན་ལྷའི་ཡིད་དུ་འོང་བ་སེམས་ཅན་ཡང་དག་པར་རྗེས་སུ་དགའ་བར་བྱེད་པ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྒྲ་སྐད་འབྱུང་བ། ལྷའི་སིལ་སྙན་དང་རོལ་མོ་རྣམས་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་སྐད་འབྱུང་བ། སེམས་ཅན་གང་དག་ཆོས་ཀྱི་སྒྲ་དེ་ཐོས་པས། དེ་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བར་གྱུར་པ། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་བའོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་དེ་ནི་ངན་སོང་དང་སྡུག་བསྔལ་གྱི་སྒྲ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པའོ། །བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་བཞི་བཏབ་བོ། །བཞི་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སེམས་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་གིས། བདག་གི་མིང་ཐོས་ནས་བདག་གི་མཐུས། ལས་ཀྱི་སྒྲིབ་པ་ཟད་པར་གྱུར་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཁྱད་པར་ཅན་དུ་གྱུརད་ཅིག སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུརད་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སངས་རྒྱས་ཀྱི་སྒྲ་མི་གྲག་པ། ཆོས་ཀྱི་སྒྲ་མི་གྲག་པ། དགེ་འདུན་གྱི་སྒྲ་མི་གྲག་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ། མི་དགེ་བའི་བཤེས་གཉེན་གྱི་རྒྱུ་སྡིག་པའི་ལས་བྱེད་པ་དེ་དག །དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྷུང་ཞིང་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་གྱུར་པ་དེ་དག་བདག་གི་མཐུས་བདག་གི་མིང་རྣ་ལམ་དུ་གྲག་ཅིང་ཆོས་ཀྱི་སྤྲིན་རྒྱ་མཚོའི་སྒྲ་འབྱུང་བར་གྱུརད་ཅིག དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུརད་ཏེ། བྱང་ཆུབ་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་གོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་། སྡིག་པ་བྱེད་པ་དེ་དག་བདག་གི་མཐུས། གོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོངས་སུ་སྤྱད་པ་དང་། ལོངས་སྤྱོད་རྣམས་བསམ་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་རྣམས་མེད་པར་གྱུརད་ཅིག བྱང་ཆུབ་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་དང་། རྩོད་པ་དང་། འགྱེད་པར་གྱུརད་ཅིང་གཅིག་ལ་གཅིག་གནོད་པ་བྱ་བ་དང་། བསད་པར་བྱ་བའི་ཕྱིར་བརྟུལ་བ་དང་། མཚོན་དང་། མདའ་དང་། དབྱུག་པ་དག་གིས་བསྣུན་པ་དེ་ན། གང་དག་གིས་དེའི་ཚེ་བདག་གི་མིང་ཡིད་ལ་གནས་པ་དེ་དག་བདག་གི་མཐུས་ཡིད་ཀྱིས་བརྗོད་ན། མདའ་དང་། མཚོན་དང་། དབྱུག་པ་ལ་སོགས་པ་སླར་ལོག་པ་གྱུརད་ཅིག ཕྱིར་ཕྱོགས་པར་གྱུརད་ཅིག དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུརད་ཅིག སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུརད་ཅིག བྱང་ཆུབ་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་། ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུརད་ཅིག ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་བཞི་པོ་དེ་དག་བཏབ་བོ། འཇམ་དཔལ་གང་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་དེའི་མཚན་ཐོས་པ་དང་། འཛིན་པ་དང་། རབ་ཏུ་གུས་པས་མཆོད་པར་བྱེད་པ་དེ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར། ནམ་དུའང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་འཕྲད་པར་འགྱུར། རྟག་ཏུ་ནད་མེད་ཚེ་རིང་བར་འགྱུར། འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་འགྱུར། གཞན་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། གང་དང་གང་དུ་སྐྱེས་པར་བསམ་མ་ཐག་ཏུ་གོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། ཡོ་བྱད་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་ལྡན་པར་འགྱུར་རོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་དེའི་མཚན་འཛིན་པ་དང་། ཉན་པ་དེ་ནི་དེ་ལྟར་ཡོན་ཏན་མང་པོ་དང་ལྡན་ནོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཁམས་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱ་མཚོར་ལེགས་པར་གནས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་གྲོས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །འཇམ་དཔལ་བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་བཞི་བཏབ་བོ། །བཞི་གང་ཞེ་ན་དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་སུ་དག་ཞིང་ལས་དང་། ས་བོན་འདེབས་པ་དང་། ཚོང་བྱེད་པ་དང་། འཐབ་མོ་དང་། རྩོད་པ་ལ་སྤྲོ་བ། སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་ཀྱིས་བདག་གི་མིང་ཐོས་ནས་བདག་གི་མཐུས། བསམ་མ་ཐག་ཏུ་འཚོ་ཆས་ཐམས་ཅད་ཀྱིས་འབྱོར་བར་གྱུར་ཅིག གནོད་སེམས་མེད་པར་གྱུརད་ཅིག རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་མི་དགེ་བའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་གྱུར་པ་དེ་དག་གིས་བདག་གི་མིང་ཐོས་ནས། བདག་གི་མཐུས་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུརད་ཅིག སེམས་ཅན་གང་ཡང་སེམས་ཅན་དམྱལ་བར་འགྲོ་བར་མ་གྱུརད་ཅིག ཅེས་བཏབ་བོ། དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་མས་ཅན་གང་ཇི་སྙེད་ཅིག་གཞན་གྱི་དབང་དུ་སོང་སྟེ། ཆད་པས་བཅད་པ་དང་། བརྡེགས་པ་དང་། གོ་རར་གཞུག་པ་དང་། བསད་པར་འོས་པ་དེ་དག་གིས་མིང་ཐོས་ནས། བདག་གི་འོད་ཀྱིས་བྱང་ཆུབ་མཐར་ཐུག་གི་བར་དུ་བཅིངས་པ་དང་བརྡེགས་པ་དེ་དག་རྒྱུན་འཆད་པར་གྱུརད་ཅིག ཅེས་བཏབ་པོ། དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྨོན་ལམ་ཆེན་པོ་བཞི་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་ཚེ་ཐུང་བར་གྱུརད་པའི་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ཏེ་འཆི་བར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བདག་གི་མིང་རྣ་ལམ་དུ་གྲག་པར་གྱུརད་ཅིག དེ་དག་གིས་བདག་གི་མིང་ཐོས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུརད་ཅིག བྱང་ཆུབ་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུརད་ཅིག སྡིག་པའི་ལས་ཐམས་ཅད་ཡོངས་སུ་འབྱང་བར་གྱུརད་ཅིག ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་བཞི་པོ་དེ་དག་བཏབ་བོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱ་མཚོར་ལེགས་པར་གནས་པ་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ནི། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན་ཅི་འདྲ་བ་ཡོད་པ་དེ་འདྲའོ། །འཇམ་དཔལ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་གི་མཚན་ཐོས་ལ་ཐོས་ནས་ཀྱང་། འཛིན་པ་དང་། ནང་པར་ལངས་ནས་ཡིད་ལ་བྱེད་པ་དང་། དད་པར་བྱེད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་།རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེབ་རྡོབ་པ་དག་གིས་མཆོད་པ་དང་། གླེགས་བམ་ལ་བྲིས་ཏེ་འཆང་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དང་། ཡི་གེར་འབྲིར་བཅུག་པ་དང་།སེམས་བཏུད་དེ་གཞན་ལས་ཉན་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་ཆས་དང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་དེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བམ་པོ་གཉིས་པ། འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་ཀྱི་ཁམས་བཻཌཱུརྱར་སྣང་བ་ཞེས་བྱ་བ་ཡོད་དོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཅེས་བྱ་བ་བཞུགས་སོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་བཅུ་གཉིས་པོ་འདི་དག་བཏབ་བོ། །བཅུ་གཉིས་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་གི་ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་ཅིང་དཔག་གིས་མི་ལང་པ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུརད་ཅིག སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་ལུས་ནོར་བུ་བཻཌཱུརྱ་ཅི་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་མེད་པར་འོད་གསལ་བ་དང་། ཁོ་ལག་ཡངས་ཤིང་རྒྱ་ཆེ་བ་དང་། དཔལ་དང་གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་། ཟླ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུརད་ཅིག དེས་ན་སེམས་ཅན་གང་དག་ལྷའི་འཇིག་རྟེན་གྱི་བར་དུ་སྐྱེས་པ་དག་དང་། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་བར་གྱུརད་ཅིག ལས་རྣམས་ཀྱང་བྱེད་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། བདག་གི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་དཔག་གིས་མི་ལང་པ་དག་ལོངས་སྤྱོད་མི་ཟད་པ་དང་ལྡན་པར་གྱུརད་ཏེ། སུའང་ཅིས་ཀྱང་བྲེལ་བ་མེད་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དེ་དག་བྱང་ཆུབ་ཀྱི་ལམ་ལ་འགོད་པར་བྱའོ། །ཉན་ཐོས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་གཟུད་པར་བྱའོ། །ཞེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་དག་བདག་གི་གན་ན་ཚངས་པར་སྤྱད་པ་སྤྱོད་པ་དང་། དེ་བཞིན་དུ་སེམས་ཅན་གཞན་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་པ་དེ་ཐམས་ཅད་བདག་གི་མིང་ཐོས་ནས། བདག་གི་མཐུས་སྡོམ་པ་གསུམ་གྱིས་བསྡམས་པ་དང་ཚུལ་ཁྲིམས་ཉམས་པ་མེད་པར་གྱུརད་ཅིག སུ་ཡང་ཚུལ་ཁྲིམས་ཉམས་སམ་ལོག་པར་ཞུགས་ཏེ་ངན་པར་འགྲོ་བར་མ་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དྲུག་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་། མདོག་མི་སྡུག་པ་དང་། བེམ་པོ་དང་། ཡན་ལག་སྐྱོན་ཅན་དང་། སྒུར་པོ་དང་། ཤ་བཀྲ་ཅན་དང་། ཞར་བ་དང་། ལོང་བ་དང་། འོན་པ་དང་། སྨྱོན་པར་གྱུརད་པ་དང་། གཞན་ཡང་གང་དག་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་གིས། བདག་གི་མིང་ཐོས་ནས་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་བ། སྐྱབས་མེད་པ། མགོན་མེད་པ། འཚོ་ཆས་དང་སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་གང་དག་གི་རྣ་ལམ་དུ་བདག་གི་མིང་གྲགས་པས་དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུརད་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པར་གནས་པར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་གིས་བྱང་ཆུབ་ཐོབ་པ་ན། བུད་མེད་གང་དག་ལ་བུད་མེད་ཀྱི་སྐྱོན་བརྒྱད་དག་གིས་ཀུན་ནས་ཉོན་མོངས་པར་གྱུརད་པ། བུད་མེད་ཀྱི་དངོས་པོ་ལ་སྨོད་པ། བུད་མེད་ཀྱི་སྐྱེ་གནས་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་བུད་མེད་ཀྱི་དངོས་པོ་ལས་ཡོངས་སུ་ལོག་པར་གྱུརད་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་འབྱུང་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དགུ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་བདུད་ཀྱི་ཞགས་པ་རྣམས་ལས་ཡོངས་སུ་ཐར་བར་བྱའོ། །ལྟ་བ་ཐ་དད་པ་མི་མཐུན་པས་གཟེངས་གཟེངས་པས་མི་མཐུན་པར་གྱུར་པ་དག་ཡང་དག་པའི་ལྟ་བ་ལ་འགོད་པར་བྱའོ། །མཐར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྟེན་པར་བྱའོ། །ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཅུ་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་དག་རྒྱལ་པོའི་འཇིགས་པས་སྐྲགས་པ་དང་། གང་གིས་བཅིངས་པ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། བསད་པར་འོས་པ། རྒྱུ་དུ་མས་ཀུན་ཏུ་གཙེས་པ་སྐྱབས་དང་བྲལ་བ། ལུས་དང་། ངག་དང་། སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུརད་ཅིག ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཅུ་གཅིག་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་བཀྲེས་པ་དང་། སྐོམ་པའི་མེས་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་། དྲི་དང་། རོར་ལྡན་པའི་ཁ་ཟས་ཀྱིས་ལུས་ཚིམ་པར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་དགོད་པར་བྱའོ། །ཅེས་བཏབ་བོ། །དེ་བཞིན་གཤེགས་པ་དེའི་སྨོན་ལམ་ཆེན་པོ་བཅུ་གཉིས་པ་ནི། གང་གི་ཚེ་བདག་མ་འོངས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། སེམས་ཅན་གང་སུ་དག་སྒྲེན་མོ་བགོ་བ་མེད་པ། དབུལ་བ། སྡུག་བསྔལ་བ་དང་། གྲང་བ་དང་། ཚ་བ་དང་། སྦྲང་བུ་དང་ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ལ། བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་རྣམས་སུ་ཁ་དོག་བསྒྱུར་བ་དག་སྦྱིན་པར་བྱའོ། །ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། སྤུད་པ་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། རོལ་མོ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུརད་ཅིག ཅེས་བཏབ་བོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་དེ།སྔོན་བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་ཆེན་པོ་བཅུ་གཉིས་པོ་དེ་དག་བཏབ་པར་གྱུརད་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་སྨོན་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཟད་པར་བྱ་མི་ནུས་སོ། །སངས་རྒྱས་ཀྱི་ཞིང་དེ་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ་དང་། འདོད་པའི་སྐྱོན་མེད་པ་དང་། ངན་སོང་དང་། སྡུག་བསྔལ་གྱི་སྒྲ་མེད་པ་དང་། བུད་མེད་ཀྱི་དངོས་པོ་མེད་པ་དང་། ས་དང་། རྩིག་པ་དང་། ར་བ་དང་། རྟ་བབས་དང་། སྐར་ཁུང་གི་དྲ་བ་དང་། བ་གམ་ནི་བཻཌཱུརྱའི་རང་བཞིན། ཀ་གཞུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་དེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཅི་འདྲ་བ་བཞིན་དུ་འཇིགས་རྟེན་གྱི་ཁམས་བཻཌཱུརྱར་སྣང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་འདྲའོ། །འཇིགས་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དེ་དག་གི་ནང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙོ་བོ་གཉིས་ཏེ། གཅིག་གི་མིང་ནི་ཉི་མ་ལྟར་རྣམ་པར་སྣང་བྱེད་ཅེས་བྱ། གཉིས་པའི་མིང་ནི་ཟླ་བ་ལྟར་སྣང་བྱེད་ཅེས་བྱ་སྟེ། དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་དམ་པའི་ཆོས་ཀྱི་མཛོད་འཛིན་པའོ། །འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་ཐོབ་ཅིག ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སེམས་ཅན་སོ་སོའི་སྐྱེ་བོ་གང་དག་དགེ་བ་དང་བྲལ་བ། དགེ་བ་དང་མི་དགེ་བ་མི་ཤེས་པ་དག་ཡོད་དེ། དེ་དག་ནི་ཆགས་པས་ཟིལ་གྱིས་ནོན་པ། སྦྱིན་པ་དང་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་མི་ཤེས་པའོ། །དེ་དག་ནི་བྱིས་པ་གླེན་པ་དད་པའི་དབང་པོ་དང་བྲལ་བ། ནོར་གསོག་ཅིང་བསྲུང་བ་ལ་མངོན་པར་བརྩོན་གྱི། སྦྱིན་པ་ཡང་དག་པར་འགོད་པ་ལ་དེ་དག་གི་སེམས་མི་འགྲོ་བ་སྟེ། སྦྱིན་པའི་དུས་ཉེ་བར་གནས་པ་ན། རང་གི་ལུས་ཀྱི་ཤ་ལས་བཅད་པ་བཞིན་དུ་ཡིད་མི་དགའ་བར་གྱུར་པའོ། །སེམས་ཅན་དེ་དག་ནི་བདག་ཉིད་ཀྱང་དུ་མ་ཡོངས་སུ་མི་སྤྱོད་ན། ཕ་དང་། མ་དང་། ཆུང་མ་དང་། བུ་དང་། བུ་མོ་ལ་ཡང་མི་སྟེར་བ་ལྟ་སྨོས་ཀྱང་ཅི་དགོས། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་རྣམས་ལ་ཡང་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་སློང་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་དེ་ལྟ་བུ་དེ་དག་ནི། འདི་ནས་ཤི་འཕོས་ནས་ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཡང་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །དེ་ལ་གང་དག་སྔོན་མིར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུརད་པ་དེ་དག་ནི། གཤིན་རྗེའི་འཇིག་རྟེན་ན་གནས་ཀྱང་རུང་། །དུད་འགྲོའི་སྐྱེ་གནས་ན་གནས་ཀྱང་རུང་སྟེ། དེར་དེ་བཞིན་གཤེགས་པ་དེའི་མཚན་མངོན་དུ་འགྱུར་ཞིང་དྲན་མ་ཐག་པ་ཙམ་གྱིས། དེ་ནས་ཤི་འཕོས་ནས་ཡང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར། ཚེ་རབས་དྲན་པར་འགྱུར་རོ། །ངན་འགྲོའི་འཇིགས་པར་སྐྲག་ནས་འདོད་པའི་ཡོན་ཏན་དག་དོན་དུ་མི་གཉེར་པ་དང་། སྦྱིན་པ་ལ་མངོན་པར་དགའ་བ་དང་། སྦྱིན་པའི་བསྔགས་པ་བརྗོད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་གྱུརད་ཏེ། རིམ་གྱིས་རང་གི་མགོ་བོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་ཀྱང་སློང་བ་རྣམས་ལ་རབ་ཏུ་སྦྱིན་པར་གྱུརད་ན། ནོར་གྱི་ཕུང་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་རྣམས་ཀྱི་བསླབ་པའི་གནས་འཛིན་པ་དག་ཡོད་དེ། དེ་དག་ཚུལ་ཁྲིམས་ལོག་པར་ཞུགས་ཤིང་། ལྟ་བ་ལོག་པར་ཞུགས་ནས་གང་དག་ཚུལ་ཁྲིམས་དང་ལྡན་པ་དེ་དག་གི་ཚུལ་ཁྲིམས་ཙམ་བསྲུང་གི །མང་དུ་ཐོས་པ་ཡོངས་སུ་མི་འཚོལ་ཏེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཀྱི་དོན་ཟབ་མོ་མི་ཤེས། གང་ཟག་མང་དུ་ཐོས་པ་དེ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་གྱུརད་ཏེ། ང་རྒྱལ་གྱིས་ནོན་པས་གཞན་དག་ལ་ཕྲག་དོག་བྱེད་ཅིང་དམ་པའི་ཆོས་ལ་དབང་ཟ་བར་འགྱུར། སྤོང་བར་འགྱུར་རོ། །མི་བླུན་པོ་དེ་ལྟ་བུ་དེ་དག་ནི་བདུད་ཀྱི་ཕྱོགས་པ་སྟེ། བདག་ཀྱང་ལམ་ངན་པར་ཞུགས་ལ། སེམས་ཅན་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་ཀྱང་གཡང་ས་ཆེན་པོར་ལྟུང་བར་བྱེད་པའོ། །སེམས་ཅན་དེ་ལྟ་བུ་དེ་དག་ནི་དམྱལ་བ་མི་བཟད་པར་འགྲོ་བར་འགྱུར་རོ། །གང་དག་སྔོན་མིར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུརད་པ་དེ་དག་གི་སེམས་ཅན་དམྱལ་བ་ན་གནས་ཀྱང་དེར་སངས་རྒྱས་ཀྱི་མཐུས། དེ་བཞིན་གཤེགས་པ་དེའི་མཚན་མངོན་དུ་འགྱུར་ཏེ། །དེ་དག་ནས་ཡང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར། ཡངས་པའི་ལྟ་བ་ཅན་དང་། བརྩོན་འགྲུས་དང་ལྡན་པ་དང་། དགེ་བའི་བསམ་པ་ཅན་དུ་འགྱུར་རོ། །དེ་དག་ཁྱིམ་སྤངས་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་མཐར་གྱི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་གང་དག་བདག་གི་བསྔགས་པ་བརྗོད་ཅིང་། ཕྲག་དོག་གིས་གཟན་དག་ལ་མི་སྙན་པ་བརྗོད་པ་ཡོད་དེ། བདག་ལ་བསྟོད་ཅིང་གཞན་ལ་དམོད་པའི་སེམས་ཅན་དེ་དག་ངན་སོང་གསུམ་པོ་དག་ཏུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་དག་ལོ་སྟོང་ཕྲག་དུ་མ་འདས་ཏེ་དེ་ནས་ཤི་འཕོས་ནས་བ་ལང་དང་། རྟ་དང་། རྔ་མོ་དང་། བོང་བུ་ལ་སོགས་པ་དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ། །ལྕུག་ལྕག་དང་དབྱུག་ལྕག་རྣམས་ཀྱིས་བརྡེག་པ་དང། བཀྲེས་པ་དང། སྐོམ་པས་ལུས་ཉེན་པ་དང། ཁལ་ཆེན་པོ་བཀལ་ཏེ་ལམ་དུ་འགྲོ་བར་འགྱུར་རོ། །གལ་ཏེ་རྒྱ་ལ་མིར་སྐྱེ་བ་རྙེད་ནའང་རྟག་ཏུ་རིགས་དམན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། བྲན་དུ་འགྱུར་ཞིང་གཞན་གྱི་དབང་དུ་འགྱུར་རོ། །གང་དག་སྔོན་གྱི་མིར་གྱུརད་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུརད་པ་དེ་དག་ནི། དགེ་བའི་རྩ་བ་དེས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། དབང་པོ་རྣོ་བར་འགྱུར། མཁས་པ་དང་། གསལ་བ་དང་། ཡིད་གཞུངས་པ་དང་། དགེ་བ་ཡོངས་སུ་བཙལ་བ་ལ་སྨོན་པ་རྩོལ་བ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་ལ་འགྲོགས་པ་རྙེད་པར་འགྱུར། བདུད་ཀྱི་ཞགས་པ་གཅོད་པ་དང་། མ་རིག་པའི་སྒོ་ངའི་སྦུབས་གཅོག་པ་དང་། ཉོན་མོངས་པའི་ཆུ་ཀླུང་སྐེམ་པར་འགྱུར། སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་དགྲ་དང་ཕྲ་མ་ལ་མངོན་པར་དགའ་ཞིང་། སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། རྩོད་པ་དང་། འགྱེད་པ་བྱེད་དུ་གཞུག་པ་དག་ཡོད་དེ། སེམས་ཅན་དེ་དག་རྣམ་པར་རྩོད་པའི་སེམས་སུ་གྱུར་པས་ལུས་དང་། ངག་དང་། ཡིད་ཀྱིས་མི་དགེ་བ་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་དོ། །གཅིག་ལ་གཅིག་ཕན་པ་མ་ཡིན་པར་འདོད་ཅིང་། རྟག་ཏུ་ཕན་ཚུན་གནོད་པར་བྱ་བའི་ཕྱིར་བརྩོན་ཏེ། དེ་དག་ནགས་ཚལ་གྱི་ལྷ་དང་ཤིང་ལྷ་དང་། རིའི་ལྷ་དགུག་པར་བྱེད། དུར་ཁྲོད་རྣམས་སུ་འབྱུང་པོ་ཐ་དད་དག་དགུག་པར་བྱེད། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་ཅིང་། ཤ་དང་ཁྲག་བཟའ་བའི་གནོད་སྦྱིན་དང་། སྲིན་པོ་རྣམས་མཆོད་པ་བྱེད་དེ། དགྲ་བོ་དེའི་མིང་ནས་བརྗོད་པའམ། གཟུགས་བྱས་ནས་དེར་རིག་སྔགས་དྲག་པོ་བསྒྲུབ་ཅིང་། བྱད་དང་རོ་ལངས་ཀྱི་སྦྱོར་བས་སྲོག་གི་བར་ཆད་བྱ་བ་དང་། ལུས་རྣམ་པར་གཞིག་པར་འདོད་པ་ལ། གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་ལ། གང་གིས་ཀྱང་བར་གཅོད་བྱ་བར་མི་ནུས་ཏེ། དེ་དག་ཕན་ཚུན་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གནོད་སེམས་མེད་པའི་སེམས་སུ་གནས་པར་འགྱུར་རོ། །རང་རང་གི་བདོག་པས་ཆོག་ཤེས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་འཁོར་བཞི་པོའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ་ཟླ་བ་གསུམ་དུ་བསླབ་པའི་གནས་རྣམས་འཛིན་ཞིང་། གང་གི་བསམ་པས་བདག་གི་དགེ་བའི་རྩ་བ་འདིས། ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་པ་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅིག ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པ་དག་ལས་གང་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་དེར་པདྨ་ཚོན་ཁ་དོག་སྣ་ཚོགས་ཅན་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །གང་ལ་ལ་གང་དག་ལྷའི་འཇིག་རྟེན་དུ་སྐྱེ་བར་གྱུརད་པ་དེ་དག་ནི་དེར་སྐྱེས་ནས། སྔོན་གྱི་དགེ་བའི་རྩ་བ་དེ་ཟད་པར་མི་འགྱུར་ཞིང་། ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་ནས་ཤི་འཕོས་ནས་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་འགྱུར་རོ། །གཞན་དུ་ན་ཡང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་འགྱུར། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་འབྱོརད་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། གཡོག་ཕུན་སུམ་ཚོགས་པ་དང་། དཔའ་བ་དང་། རྟུལ་ཕོད་པ་དང་། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པ་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་མདོ་སྡེ་འདི་འཆད་པ་དང་། ཀློག་པ་དང་། འཆང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། ཡི་གེར་འདྲི་བ་དང་། གླེགས་བམ་ལ་ཐིམ་སྟེ་མེ་ཏོག་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་རྣམས་ཀྱིས་བཀུར་སྟི་བགྱིད་པ་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བགྱིད་དོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲུབ་པར་བགྱིའོ། །ཚོན་སྣ་ལྔ་ཆས་རྣམས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན། གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆི་བར་འགྱུར་རོ། །གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་འཛིན་པ་དེ་དག་དུས་མ་ལགས་པར་འགུམ་པར་མི་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ། ཕྲོགས་ནའང་སླར་ལྡོག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །འཇམ་དཔལ་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱེད་པ་དེ་དག་གིས། དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་བྱ། ཉིན་ཞག་བདུན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཁ་ཟས་གཙང་མ་བཟའ་ཞིང་། ལུས་ལེགས་པར་བཀྲུས་ཏེ། གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་ཕྱོགས་གཙང་ལ་མེ་ཏོག་སྣ་ཚོགས་སིལ་མ་བཀྲམ་པ། སྤོས་སྣ་ཚོགས་ཀྱིས་བདུག་པ། རས་དང་། གདུགས་དང་། རྒྱལ་མཚན་སྣ་ཚོགས་ཀྱིས་ལེགས་པར་རྒྱན་པའི་ས་ཕྱོགས་སུ་དྲི་མ་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། གནོད་པ་མེད་པའི་སེམས་དང་། བྱམས་པའི་སེམས་དང་། བཏང་སྙོམས་ཀྱི་སེམས་དང་། མཉམ་པའི་སེམས་སུ་བྱ། རོལ་མོའི་སྒྲ་དང་། སིལ་སྙན་དང་། གླུ་དབྱངས་བླངས་ཤིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལ་བསྐོར་བ་བྱ་སྟེ། དེའི་སྔོན་གྱི་སྨོན་ལམ་ཡང་ཡིད་ལ་བྱ་ཞིང་། མདོ་སྡེ་འདི་ཡང་སྟོན་ན་གང་བསམས་པ་དང་། གང་སྨོན་པའི་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། གལ་ཏེ་ཚེ་རིང་བར་སྨོན་ན་ནི་ཚེ་རིང་པོར་འགྱུར་རོ། །གལ་ཏེ་ལོངས་སྤྱོད་དང་ལྡན་པར་སྨོན་ན་ནི་ལོངས་སྤྱོད་འབྱོར་བར་འགྱུར་རོ། །གལ་ཏེ་དབང་ཕྱུག་དང་ལྡན་པར་འདོད་ན་ནི་ཚེགས་ཆུང་ངུས་རྙེད་པར་འགྱུར་རོ། །གལ་ཏེ་བུ་འདོད་ན་ནི་བུ་རྙེད་པར་འགྱུར་རོ། །གང་དག་སྡིག་པ་ཅན་གྱི་རྨི་ལམ་རྨིས་སམ། གང་དུ་བྱ་ཁྲ་དང་། ལྟས་ངན་མཐོང་ངམ། གནས་གང་དུ་བཀྲ་མི་ཤེས་པ་བརྒྱ་དག་གནས་པར་གྱུར་པ་ལ། གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་མཆོད་པ་སྣ་ཚོགས་ཀྱིས་བཀུར་སྟི་བྱེད་ན། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་མཐོང་བར་མི་འགྱུར་རོ། །གང་དག་མེས་འཇིགས་པ་དང་། ཆུས་འཇིགས་པ་དང་། མཚོན་གྱིས་འཇིགས་པ་དང་། དུག་གིས་འཇིགས་པ་དང་། གཡང་ས ས་འཇིགས་པ་དང་། གླང་པོ་ཆེ་གཏུམ་པོས་འཇིགས་པ་དང་། སེང་གེས་འཇིགས་པ་དང་། སྟག་གིས་འཇིགས་པ་དང་། དོམ་དང་། དྲེད་དང་། སྤྲུལ་གདུག་པས་འཇིགས་པ་དང་། སྡིག་པ་དང་། རྐང་ལག་བརྒྱད་པས་འཇིགས་པ་དེ་དག་གིས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས་ན་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་དག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། རྐུན་པོས་འཇིགས་པ་དང་། ཆོམ་པོས་འཇིགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བྱའོ། །འཇམ་དཔལ་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་ཞིང་ལྷ་གཞན་མི་འཛིན་པ་དང་། གང་དག་ཡང་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང་། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང་། ཁྱིམ་གྱི་གནས་ལས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང་། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང་། གང་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པ་དེ་དག་གི་ནང་ནས་བསླབ་པའི་གཞི་གང་ཡང་རུང་བ་ཞིག་ལས་ཉམས་པར་གྱུར་ཏེ། ངན་འགྲོ་ངན་སོང་གི་འཇིགས་སྐྲག་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན་དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །བུད་མེད་གང་ལ་ལ་བུ་བཙའ་བའི་དུས་སྡུག་བསྔལ་མ་རུང་བ་དྲག་པོ་མི་བཟད་པ་མྱོང་བ་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་མཆོད་ན། དེ་མྱུར་དུ་ཡོངས་སུ་ཐར་བར་འགྱུར། བུ་ཡང་ཡན་ལག་ཡོངས་སུ་ཚང་བར་བཙའ་ཞིང་གཟུགས་བཟང་བ་དང་། མཛེས་པ་དང་། ལྟ་ན་སྡུག་པ་དང་། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། ནད་མེད་ཅིང་གནོད་པ་ཉུང་བར་འགྱུར་རོ། །དེ་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཕྱིར་ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་ཡོན་ཏན་བརྗོད་པར་ཁྱོད་དད་དམ། ཡིད་ཆེས་སམ། ཡང་ན་ཁྱོད་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་འདི་ལ་ཡིད་གཉིས་སམ། སོམ་ཉིའམ། ཐེ་ཚོམ་ཟ་བ་མེད་དམ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ། སོམ་ཉིའམ། ཐེ་ཚོམ་འཚལ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་། གསུང་དང་། ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བའི་སླད་དུའོ། །བཅོམ་ལྡན་འདས་གདུགས་དང་དགུང་ཟླ་འདི་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་བ་འདི་གཉིས་ནི་དོག་ས་ལ་ལྷུང་ཡང་གདའ། རིའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གདའ་ཡིས། །སངས་རྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མི་འགྱུར་བ་ལགས་སོ། བཙུན་པ་བཅོམ་ལྡན་འདས་དེ་ལྟར་ལགས་ཀྱིས་ཀྱང་། །སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ན། དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དེའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་། ཕན་ཡོན་དུ་འགྱུར་སྙམ་ནས་དེ་དག་མི་དད་ཅིང་ཡིད་མི་ཆེས་ཏེ་སྤོང་བས་ཡུན་རིང་པོར་གནོད་པ་དང་། མི་དམན་པ་དང་། མི་བདེ་བ་དང་། ལོག་པར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲག་པར་གྱུརད་ཏེ། ངན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དེ། གོ་སྐབས་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ། །ཀུན་དགའ་བོ་ཁྱོད་དད་ཅིང་ཡིད་ཆེས་པ་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གི་ཐོགས་པ་རྣམས་མ་གཏོགས་པར་འདི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མ་ཡིན་ནོ། །ཀུན་དགའ་བོ་མིར་གྱུར་པ་རྙེད་པ་ནི་དཀའོ། །དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་ཡང་རྙེད་པར་དཀའོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཡང་རྙེད་པ་ཤིན་ཏུ་དཀའོ། །ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཚད་མེད་དོ། །ཐབས་ལ་མཁས་པ་ཡང་ཚད་མེད་དོ། །སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཚད་མེད་དོ། །དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ་པའམ་བསྐལ་པ་ལས་ལྷག་པར་རྒྱ་ཆེར་ཡང་དག་པར་བཤད་པར་འདོད་ཀྱང་བསྐལ་པ་ཟད་པར་འགྱུར་གྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མཐའ་རྟོགས་པར་མི་འགྱུར་རོ། །ཡང་དེའི་ཚེ་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱབས་གྲོལ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བར་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སླད་མའི་དུས་ན། སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཏེ། ཡུན་རིང་པོའི་བྲོ་ནད་ཀྱིས་ལུས་ཀྱི་ཤ་བས་ཤིང་བཀྲེས་པ་དང་། སྐོམ་པས་གྲེ་བ་དང་མཆུ་ནི་སྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་། རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ཁྲིད་ཅིང་། མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་ཅི་བགྱིས་པ་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤེན་རྗེ་ལ་ཕུལ་བ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཅི་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་སྐྱབས་སུ་མཆི་ཞིང་། འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་སྙེད་ལ། དེས་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་དུ་གྱུར་ཏེ། སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད་དོ། །དེ་ལྟར་ལགས་པས་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་ཇི་ལྟར་མཆོད་པར་བྱ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས། ནད་པ་དེའི་དོན་དུ་ཉིན་བདུན་མཚན་བདུན་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱའོ། །དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་། ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་རིམ་གྲོ་བྱའོ། །ཉིན་ལན་གསུམ་མཚན་ལན་གསུམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཡིད་ལ་བྱའོ། །མདོ་འདི་ལན་བཞི་བཅུ་རྩ་དགུ་འདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་དབུལ་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་ཡང་མར་མེ་བདུན་བདུན་བཞག་གོ །མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱ་སྟེ། ཅི་ནུས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་མཐོ་ཚད་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱིས་གནོད་པའམ། རང་གི་དམག་གི་ཚོགས་སམ། ཕ་རོལ་གྱི་དམག་གི་ཚོགས་ཀྱིས་གནོད་པའམ། རྒྱུ་སྐར་གྱིས་གནོད་པའམ། གཟའི་གནོད་པའམ། གཟའ་ཉི་མའི་གནོད་པའམ། དུས་མ་ཡིན་པའི་རླུང་དང་ཆར་གྱིས་གནོད་པའམ། ཐན་པའི་གནོད་པ་ཡང་རུང་སྟེ། གནོད་པ་དང་། ནད་འགོ་བ་དང་།འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་བཏང་བར་བྱ་ཞིང་། གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་དགེ་བའི་རྩ་བ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་ལོ་ལེགས་པར་འགྱུར། རླུང་དང་ཆར་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་། བདེ་བ་དང་། མཆོག་ཏུ་དགའ་བ་མང་བར་འགྱུར་རོ། །ཡུལ་དེར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མ་རུངས་པས་སེམས་ཅན་རྣམས་གཙེས་པར་མི་འགྱུར་རོ། །ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་ཚེ་དང་། མདོག་དང་། སྟོབས་དང་། ནད་མེད་པ་དང་། དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཇི་ལྟར་ན་ཚེ་ཡོངས་སུ་ཟད་ན་ཡང་མངོན་པར་བསྐྱེད། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་དུས་མ་ཡིན་པར་འཆི་བ་དགུ་ཡོད་པར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལས་མ་ཐོས་སམ། དེའི་ཕྱིར་སྔགས་དང་སྨན་གྱི་སྦྱོར་བ་རྣམས་བསྟན་ཏོ། །སེམས་ཅན་ནད་གྱིས་བཏབ་པ་ལ། དེ་ལ་ནད་ཚབས་མི་ཆེ་ཡང་སྨན་དང་། རིམ་གྲོ་བྱེད་པ་དང་མི་ལྡན་ནམ། ཡང་ན་སྨན་པ་སྨན་མ་ཡིན་པ་བྱེད་པའང་ཡོད་དེ། འདི་ནི་དུས་མ་ཡིན་པར་འཆི་བ་དང་པོའོ། །དུས་མ་ཡིན་པ་འཆི་བ་གཉིས་པ་ནི། གང་དག་རྒྱལ་པོའི་ཆད་པས་འཆི་བའི་དུས་བྱེད་པའོ། །དུས་མ་ཡིན་པར་འཆི་བ་གསུམ་པ་ནི། གང་དག་ཧ་ཅང་བག་མེད་དེ། བག་མེད་པར་གནས་པ་དེ་དག་ལ། མི་མ་ཡིན་པ་དག་མདངས་འཕྲོག་པའོ། །དུས་མ་ཡིན་པར་འཆི་བ་བཞི་པ་ནི། གང་དག་མེས་ཚིག་སྟེ་འཆི་བའི་དུས་བྱེད་པའོ། །དུས་མ་ཡིན་པར་འཆི་བ་ལྔ་པ་ནི། གང་དག་ཆུས་འཆི་བའོ། །དུས་མ་ཡིན་པར་འཆི་བ་དྲུག་པ་ནི། གང་དག་སེང་གེ་དང་། སྟག་དང་། ཝ་དང་། སྦྲུལ་དང་། གཅན་གཟན་ཁྲོ་བོའི་ནང་དུ་ཆུད་དེ་འཆི་འཕོ་བའོ། །དུས་མ་ཡིན་བར་འཆི་བ་བདུན་པ་ནི། གང་དག་རི་ཁ་ནས་གཡང་དུ་ལྷུང་བའོ། །དུས་མ་ཡིན་པར་འཆི་བ་བརྒྱད་པ་ནི། །གང་དག་དུག་དང་། བྱད་དང་། རོ་ལངས་ཀྱི་སྦྱོར་བས་གསོད་པའོ། །དུས་མ་ཡིན་པར་འཆི་བ་དགུ་པ་ནི། །གང་དག་ཟས་སྐོམ་མ་རྙེད་ནས་བཀྲེས་པ་དང་། སྐོམ་པས་ཉེས་ཏེ་འཆི་བའི་དུས་བྱེད་པའོ། །མདོར་ན་དེ་དག་གི་དེ་བཞིན་གཤེགས་པས་དུས་མ་ཡིན་པར་འཆི་བ་ཆེན་པོར་བསྟན་པ་དེ། གཞན་དུས་མ་ཡིན་པར་འཆི་བ་ནི་གྲངས་མེད་དཔག་ཏུ་མེད་དོ། །དེ་ནས་འཁོར་དེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འདུས་པར་གྱུརད་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་ཀྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་ཀྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་དེ་དག་གོ །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རེ་རེ་ལའང་གཡོག་གནོད་སྦྱིན་བདུན་འབུམ་བདུན་འབུམ་ཡོད་པ་སྟེ། དེ་དག་གི་ཚིག་གཅིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱི་མཐུས་བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་ཏེ། བདག་ཅག་ཡང་ངན་འགྲོར་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་བདེ་བའི་ཆེད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་ནི། གྲོང་ངམ་གྲོང་ཁྱེར་རམ་གྲོང་བརྡལ་ལམ། དགོན་པའི་གནས་གང་ན་མདོ་འདི་སྤྱོད་པ་དང་། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་འཆང་བ་དང་། མཆོད་པ་དང་རིམ་གྲོར་བགྱིད་པའི་སེམས་ཅན་དེ་དག་བདག་གིས་བཟུང་བར་བགྱིད། ཡོངས་སུ་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིད། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་གང་གི་ཕྱིར་ཁྱེད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་བྱ་བ་གཟོ་ཞིང་རྗེས་སུ་དྲན་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཤེས་རབ་ཆུང་ངུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་ཐོས་པ་དང་། བཟུང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུར་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལྷའི་བུ་བློ་ཆུང་ངུ་དེ་དག་གི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་སོ། །ལྷའི་ཙན་དན་གྱི་ཕྱེ་མ་དང་། མེ་ཏོག་གི་སྤྲིན་གྱི་ཆར་ཡང་བབས་སོ། །དེ་བཞིན་གཤེགས་པ་བདུན་པོ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གཤེགས་སོ། །དེ་བཞིན་གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་བྱུང་བའི་ལྷའི་སེང་གེའི་ཁྲི་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་བསྐོར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་ཆོས་སྟོན་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཐབས་ཅིག་ཀུན་ཏུ་སྣང་ངོ་། །དེ་ནས་ལྷའི་བུ་དེ་དག་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་ལེགས་སོ་ཞེས་བྱ་བ་གསོལད་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ནས། འཁོར་དེ་དག་ཐམས་ཅད་རང་རང་གི་དགེ་བའི་རྩ་བའི་བསོད་ནམས་ལས་བྱུང་བའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སྤུད་པ་དང་། རྒྱན་རྣམས་དང་། ལྷའི་རོལ་མོའི་སྒྲ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ལ་མངོན་པར་མཆོད་དེ། ལན་གསུམ་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡུལ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང་། ཐབས་ལ་མཁས་པ་ནི་ངོ་མཚར་དུ་བགྱི་བ་ལགས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡུལ་གྱི་ཏིང་ངེ་འཛིན་འདི་ལྟ་བུ་ཐོབ་པར་གྱུརད་ཅིག ཅེས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྨོན་ལམ་དེ་ལྟར་བཏབ་བོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་དེ་དག་ལ་ལན་བདུན་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་བྱིན་རླབས་དང་། ཐབས་ལ་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་བསམ་གྱིས་མི་ཁྱབ་བོ། །ཡང་བཅོམ་ལྡན་འདས་ཇི་ལྟར་སླད་མའི་ཚེ་སླད་མའི་དུས་ན། སེམས་ཅན་བསོད་ནམས་ཆུང་བ། བྲོ་ནད་ཀྱིས་ཡོངས་སུ་གཟིར་བ། གནོད་སེམས་སུ་གྱུར་པ། གཟའ་དང་རྒྱུ་སྐར་གྱི་གནོད་པ་བྱུང་བ། འཆི་བ་དང་། དགྲ་དང་། དགོན་པས་གནོད་པར་གྱུར་པ་ཐམས་ཅད་འཇིགས་པ་ལས་བསྐྱབ་པ་དང་། མགོན་བགྱིད་པ་དང་། སེམས་ཅན་དེ་དག་གིས་བཅངས་སམ་ཡི་གེར་འབྲིའམ། ཡི་གེར་འབྲིར་གསོལ་ཏམ། འདོན་ན་དེ་བཞིན་གཤེགས་པས་དགོངས་པ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། ལོག་པར་ལྟུང་བར་མི་མཆི་བ་དང་། དུས་མ་ལགས་པར་འགུམ་པར་མི་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས་བརླབས་པའི་གཟུངས་ཀྱི་ཚིག་དེ་ལྟ་བུ་བཤད་དུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་དོན་དང་སྙིང་རྗེ་བའི་ཕྱིར་ཁྱོད་ཀྱི་སྤོབས་པ་དེ་ནི་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་སྐྱེས་སོ། །ཡང་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཏེང་ངེ་འཛིན་གྱི་སྟོབས་ཀྱི་རྒྱལ་པོ་བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས་ཡོད་དོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སེམས་ཅན་ཐམས་ཅད་ལ་སྙེང་རྗེ་བའི་སེམས་ཀྱིས་གཟུངས་དེ་བཟུང་ངམ་བཀླགས་སམ་མཆོད་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་གཤེགས་པས་དགོངས་ཤིང་། དེ་བཞིན་གཤེགས་པ་མཐོང་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྱའི་འོད་ཅེས་བགྱི་བའི་གཟུངས་གང་ལགས། དེ་ནས་དེ་བཞིན་གཤེགས་པ་དེ་དག་གི་གསུང་དབྱངས་གཅིག་གིས་གཟུངས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནི་མི་ཧི་མ་ཏི་མ་ཏི་སཔྟ་ཏ་ཐཱ་ག་ཏ། ས་མཱ་ངྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ་མ་མ། བུདྡྷ་བདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ་མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། ནི་པཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷིཥྛ་ན། རཀྵནྟུ་མེ། སརྦ་དེ་བ་ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ། སརྦ་བུདྡྷ་བོ་དྷི་སཏྭ། ཤ་མེ་ཤ་མེ་པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱ་ཏ་ཡ། པཱུ་ར་ཎེ་པཱུ་ར་ཎེ་པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ། བཻཌཱུཪྻ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡངྐ་རི་སྭཱ་ཧཱ། གཟུངས་འདི་བཀའ་སྩལ་བའི་ཚེ་སྣང་བ་ཆེན་པོ་བྱུང་སྟེ། ས་ཆེན་པོ་གཡོས་ནས་རྫུ་འཕྲུལ་རྣམ་པར་འཕྲུལ་བ་དག་སྣང་ངོ་། །འཁོར་ཇི་ལྟར་ལྷགས་པ་དེས་ཀྱང་ལྷའི་སྤོས་དང་། བདུག་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ནས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། ལན་བདུན་བསྐོར་བ་བྱས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག གཟུངས་འདི་འཆང་ངམ། ཀློག་གམ། མཆོད་དམ། གཙང་མར་བྱས་ཏེ། ཕྱོགས་གཙང་མར་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བས་དེས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་གི་གཟུགས་བྱས། དེ་བཞིན་གཤེགས་པ་བདུན་པོ་དེ་དག་ལ། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། སྤོས་དང་། ཕྲེང་བ་དང་། རོལ་མོའི་སྒྲ་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པར་བྱེད་ཅིང་། ཉི་མ་བདུན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་གནས་ཏེ། གཟུངས་ཀྱི་ཚིག་འདི་དག་ལན་སྟོང་རྩ་བརྒྱད་དུ་བཏོན་ན། དེ་བཞིན་གཤེགས་པ་རྣམས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་པར་འགྱུར། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱང་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང་། བརྒྱ་བྱིན་དང་ཚངས་པ་ཐམས་ཅད་དང་། རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་ཡོངས་སུ་སྐྱོང་བར་འགྱུར། །མཚམས་མེད་པ་ལ་སོགས་པ་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་སྟེ་མཆོད་པར་བགྱིས་སོ། །ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་། གཟུངས་ཀྱི་ཚིག་འདི་སྤྱོད་པ་དེར་བདག་ཅག་གཡོག་འཁོར་དང་བཅས་ཏེ་མཆི་བར་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་འཆང་བ་དང་། ཀློག་པ་དང་། མཆོད་པར་བགྱིད་པ་དང་། ཡི་གེར་འབྲི་བ་དང་། ཡི་གེར་འབྲིར་གསོལ་པ་དེར། བདག་ཅག་མཐུན་པར་ལྷན་ཅིག་ཏུ་མཆིས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། རྒྱལ་པོའམ་རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང་འབྲི་བ་དེ་ལ། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་བསྲུང་བར་བྱའོ། །གྲོང་དང་། གྲོང་ཁྱེར་དང་། ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ། །འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བ་བགྱིའོ། །བདག་དེ་བཞིན་གཤེགས་པ་དང་། སེམས་ཅན་ལ་བྱས་པ་གཟོ་བ་ལགས་ཏེ། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱིའོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཇི་ལྟར་བསམས་པ་ཡིད་བཞིན་དུ་འགྲུབ་པ་དང་། སེམས་དང་ལུས་བདེ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། ནོར་དང་། འབྲུ་རྣམས་འཕེལ་བར་བགྱིའོ། །ཐམས་ཅད་དུ་བསྲུང་བར་བགྱིའོ། བཅོམ་ལྡན་འདས་བདག་ཅག་གིས་བྲོ་བོར་བ་དང་། དམ་བཅའ་བ་འདི་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་གྷུ་མ་གྷུ་ཏ་ར་གྷུ་མ་མ་གྷུ། གྷུ་རེ། ཧ་ཧུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རེ་ཛུ་རེ་སྭཱ་ཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང་། གཟུངས་ཀྱི་ཚིག་འདི་དག་འཆང་བ་དང་། ཀློག་པ་དང་། ཡེ་གེར་འབྲི་བ་དང་། ཡི་གེར་འབྲིར་གསོལ་བ་དང་། རབ་ཏུ་གུས་པས་མཆོད་པར་བགྱིད་པ་དེ་དག་ངན་སོང་གསུམ་དུ་མི་མཆི་བར་རིག་པར་བགྱིས་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་འགྱུར། ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར། དེ་བཞིན་གཤེགས་པ་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་འཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་མདོ་སྡེ་འདི་འཛིན་པ་དེ་དག་གི་དོན་དུ་བདག་གིས་གཟུངས་ཀྱི་སྔགས་ཀྱི་གཞི་རྣམས་རབ་ཏུ་སྩལ་བར་བགྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་ཁྱོད་ལ་དགོངས་ཟིན་གྱིས། མདོ་སྡེའི་དབང་པོ་འདི་འཛིན་པ་དེ་དག་ལ་ཕན་པར་འདོད་པ་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གཟུངས་ཀྱི་སྔགས་ཀྱི་གཞི་དེ་དག་སྨྲོས་ཤིག དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་གཟུངས་ཀྱི་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་བཛྲ་པཱ་ཤ་དྷ་ར་ཎི། ས་མ་ས་མ། མ་མནྟ། ཨ་པྲ་ཏི་ཧ་ཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ་སརྦ་བྱཱ་དྷ་ཡ། ཀུ་རུ་ཀུ་རུ་སརྦ་ཀརྨཱ་ཎི། ས་མ་ཡ་མ་ནུ་སྨ་ར་བྷ་ག་ཝན། བཛྲ་པཱ་ཎི། སརྦ་ཨ་ཤཾ་མེ་པ་རི་པཱུ་ར་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་། ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། །ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱིད། དོན་ཐམས་ཅད་ཀྱང་བསྒྲུབ་པར་བགྱིའོ། །གལ་ཏེ་དེས་བདག་མཐོང་བར་འཚལ་ན། ཆོས་ཀྱི་རྣམས་གྲངས་འདི་ཡི་གེར་འབྲིར་སྩལ་བར་བགྱིད། དེ་བཞིན་གཤེགས་པ་དེ་དག་གི་སྐུ་གཟུགས་བདུན་ཡང་བགྱིད། རྡོ་རྗེ་འཛིན་ཀྱང་སྐུ་གདུང་དང་བཅས་པར་བགྱིད། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་ལྟར་གོང་དུ་སྨོས་པ་བཞིན་དུ། སྤོས་དང་། བདུག་པ་དང་། མར་མེ་དང་། ཕྲེང་བ་དང་། རྒྱན་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱིད། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱིད། སེམས་ཅན་ལ་ཡང་ཕན་པའི་སེམས་དང་། བྱམས་པའི་སེམས་སུ་བགྱིད། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ། ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱིད། ཚེས་བརྒྱད་ནས་བརྩམས་ཏེ། ཟླ་བ་ཕྱི་མ་བཅོ་ལྔ་ཉའི་བར་དུ་ཉིན་གཅིག་བཞིན་རིགས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན། དེ་ལ་བདག་གི་རྨི་ལམ་དུ་མཐོང་བ་སྩལ་བར་བགྱི། འབེལ་བའི་བཀའ་མཆིད་ཀྱང་བགྱིད། རེ་བ་ཐམས་ཅད་ཡོངས་སུ་བསྐང་བར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་དེ་སྐད་ཅེས་བཀའ་སྩལ་ཏོ། ལག་ན་རྡོ་རྗེ་ངེད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་།ཕན་པ་དང་། རེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་ཕྱིར་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་བྱིན་གྱིས་བརླབས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ལ་བོས་ཏེ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་རྣམས་ལ་ཆོས་ཀྱི་རྣམ་གྲངས་འདི་རྗེས་སུ་གཏད་ཀྱིས། ཁྱེད་ཀྱིས་ཅི་ནས་ཀྱང་ཆོས་ཀྱི་རྣམ་གྲངས་ཆེན་པོ་དེ་བཞིན་གཤེགས་པ་དང་མཚུངས་པ། སྡིག་པ་ཐམས་ཅད་བྱང་བར་བྱེད་པ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་འདི་ཕྱི་མའི་ཚེ་ཕྱི་མའི་དུས། ལྔ་བརྒྱ་པའི་ཐ་མ་ལ་སེམས་ཅན་བསོད་ནམས་ཆུང་དུས་དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་འདེབས་པ་རྣམས་ཀྱི་ལག་ཏུ་ནུབ་པར་མི་འགྱུར་བར་སྲུངས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བར་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམས་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་བཟུང་བར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བར་ཟུངས་ཤིག བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དམ་བཅས་པ་ཞེས་བྱ་བར་ཟུངས་ཤིག ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་།རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བར་ཟུངས་ཤིག །གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱིས་དམ་བཅས་པ་ཞེས་བྱ་བར་ཟུངས་ཤིག བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་ཀྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་རྗེས་མ་འོངས་པ་ན་དཔེ་ཆོས་སྐོར་འདི་རྣམས་དང་བདག་འཕྲད་པའི་དུས། བདུད་ཀྱི་བར་གཅོད་རྣམས་ཀྱིས་མི་ཚུགས་ཤིང་། བསྟན་པ་དང་སེམས་ཅན་ལ་ཕན་རྒྱ་ཆེན་པོ་ཐོགས་ཏེ། ཆོས་འདི་ལ་འབྲེལ་ཚད་སངས་རྒྱས་བདུན་གྱི་ཞིང་ཁམས་སུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་མཐོང་བར་གྱུརད་ཅིག །བདག་ཀླུ་དབང་སྲུང་གིས་སྨྲས་པ་མངྒ་ལམ།། །།

བཀའ་སྲུང་གནོད་སྦྱིན་མཆོད་ཐབས།

དམ་ཆོས་བདུད་རྩིའི་ཐིགས་པ་ལས། སངས་རྒྱས་སྨན་བླའི་བཀའ་སྲུང་གནོད་སྦྱིན་མཆོད་ཐབས་ཤོག་དྲིལ་བཞུགས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །སྣོད་གཙང་མར་འབྲུའི་ཕྱེ་བཟང་ལ་ཟླུམ་གཏོར་གཙོ་འཁོར་དགུ་པ་རྒྱན་ལྡན་མཐའ་ཨུག་ཀྱུ་སུམ་རིམ་གྱིས་བསྐོར་ཞིང་མཛེས་པར་བྱས་པ་དཀྱིལ་འཁོར་མཆོད་ཚོགས་ཀྱི་མཐར་བཀོད། འབྲུ་སྨན་རིན་ཆེན་དཀར་མངར་རྣམས་ཅི་འབྱོར་བཏབ། གཙང་མར་བྱས་ཏེ་ཆུ་གཙང་གི་ཆབ་སྦྲན། ཨོཾ་སྭ་བྷཱ་ཝས་སྦྱངས། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷ་མིའི་འདོད་ཡོན་དཔལ་འབྱོར་ཕུན་སུམ་ཚོགས་པ་ལས་གྲུབ་པ། གཟུགས་སྒྲ་དྲི་རོ་རེག་བྱ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུྃ་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་སོགས་བདུན་བརྗོད། ཧཱུྃ། འདོད་ཡོན་ལྔ་ཡི་གཏོར་མ་རྒྱན་ལྡན་འདི། །སྔོན་ཚེ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། །སྨན་བླ་མཆེད་བདུན་འཁོར་བཅས་སྤྱན་སྔ་རུ། །ཁས་བླངས་དམ་བཅས་སྲུང་མ་དམ་ཚིག་ལྡན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བྲན་འཁོར་གཡོག །ཁྱད་པར་གནོད་སྦྱིན་ཆེན་པོ་བཅུ་གཉིས་བྲན། །བདུན་འབུམ་བདུན་འབུམ་ཉི་ཁྲི་ས་ཡ་བཅས། །མ་ལུས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །སྔོན་གྱི་ཐ་ཚིག་བོར་བ་རྗེས་སུ་དགོངས། །མཆོད་གཏོར་འདི་བཞེས་སངས་རྒྱས་བསྟན་པ་སྐྱོངས། །ནད་མུག་མཚོན་གསུམ་མི་མཐུན་བར་ཆད་སོལ། །ལོ་ལེགས་དཔལ་འཕེལ་འབྲུ་དང་ཆོས་རྣམས་འཕེལ། ནད་མེད་ཚེ་བསྲིངས་བདེ་སྐྱིད་ལྡན་པར་མཛོད། ཅེས་བརྗོད་གཏོར་མར་འབྲུ་སྣ་འཐོར་ཞིང་ཐལ་སྦྱར་མོས་པ་རྩེ་གཅིག་དང་བཅས། ན་མོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཏདྱ་ཐཱ། ཨ་གྷུ་མ་གྷུ་ཏ་ར་གྷུ། མ་མ་གྷུ་གྷུ་རེ། ཧ་ཧུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རེ་ཛུ་རེ་སྭཱ་ཧཱ། གསུམ། མདོ་སྡེ་ནས་གསུངས་པའི་ཕན་ཡོན་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་ཚངས་པ་དང་བརྒྱ་བྱིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །མདོ་སྡེ་ནས་གསུངས་པའི་ཕན་ཡོན་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ༴ མདོ་སྡེ་ནས་༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཀུ་བཻ་ར་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ༴ མདོ་སྡེ་ནས༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བྲན་གཡོག་བདུན་འབུམ་བདུན་འབུམ་ཉི་ཁྲི་ས་ཡ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་འཛིན་ཅིང་བསྟན་པ་སྐྱོང་བ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །མདོ་སྡེ་ནས་གསུངས་པའི་ཕན་ཡོན་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་སྤོས་དང་མར་མེ་གཏོར་མ་གཙང་མར་གཤེགས་ཤིང་། ཧཱུྃ། ཡང་དག་རྫོགས་པའི་སངས་རྒྱས་སྲས་བཅས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་བསྟན་སྐྱོང་རྣམས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་ཆེན་འདི། །དགྱེས་པར་བཞེས་ལ་རྒྱལ་བའི་སྤྱན་སྔ་རུ། །དམ་བཅའ་དགོངས་ལ་མཆོག་ཐུན་བདེ་ལེགས་སྩོལ། །ནད་མེད་ཚེ་འཕེལ་བདེ་སྐྱིད་དབང་ཕྱུག་དང་། །དཔལ་དང་འབྱོར་བ་སྙན་གྲགས་རྒྱས་པར་མཛོད། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། ཅེས་བརྗོད་ཅིང་མཐའ་སྐྱོང་བར་བྱའོ། །ཅེས་པ་འདི་ཡང་གྷུ་རུ་རིན་པོ་ཆེའི་གསུང་བཞིན་བདག་ཀླུ་དབང་བསྲུང་གིས་ཡི་གེར་བྲིས་པ་སྲུང་མ་དམ་པ་ཁོལ་པོ་ཁ་ལ་བཅོལ། །ཁམས་པ་ཉི་མ་གྲགས་པས་ཁམས་ཀློང་ཐང་ནས་ལྕགས་རྟ་ཧོར་ཟླ་བདུན་པའི་ཚེས་བཅུ་ལ་གདན་དྲངས་པའོ། །མངྒ་ལཾ།། །།

གཏེར་སྲུང་ཁོལ་པོ་ཁ་མཆོད་ཐབས།

༈ དམ་ཆོས་བདུད་རྩིའི་ཐིགས་པ་ལས། སངས་རྒྱས་སྨན་བླའི་གཏེར་སྲུང་ཁོལ་པོ་ཁ་མཆོད་ཐབས་ཤོག་དྲིལ་བཞུགས། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། རིན་པོ་ཆེའི་སྣོད་དུ་ཟླུམ་གཏོར་གཅིག་ལ་ཀྱུ་གུའམ་རིལ་བུ་མང་པོས་བསྐོར་བ་རྒྱན་མཛེས་པར་བྱས། འབྲུ་སྨན་དང་དཀར་མངར་ཅི་འབྱོར་བཏབ། ཆུ་གཙང་གིས་བྱིན་གྱིས་བརླབས་ནས། རང་ཉིད་སྐད་ཅིག་གིས་གསང་བའི་བདག་པོའི་སྐུར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཅི་མང་བཟླ། ཧཱུྃ། ཡན་ལག་བརྒྱད་ལྡན་རྒྱ་མཚོ་ཆེན་པོའི་ཟུར། །དཔག་བསམ་ཤིང་ཆེན་ལོ་འདབ་རྒྱས་པའི་དྲུང་། །རིན་ཆེན་པདྨ་ལྗང་སེར་ཟེའུ་འབྲུའི་དབུས། །ཧཱུྃ། སྔོན་ཡོངས་གྱུར་གནོད་སྦྱིན་དབང་གི་རྒྱལ། །མཐིང་མདོག་ཞལ་གཅིག་ཕྱག་གཉིས་སྒྲོམ་བུ་བསྣམས། །ཁྲོ་འཛུམ་སྨ་ར་སྨིན་མ་དམར་སེར་འབར། །རྒྱན་དང་ཕྲེང་བ་དར་ཟབ་ན་བཟའ་འཕྱོ། །སྐྱིལ་ཀྲུང་ཕྱེད་པའི་གར་ལ་འོད་ཟེར་འབར། །གཡུ་རལ་གྱེན་བརྫེས་མཐུར་འཕྱང་ནོར་བུས་སྤྲས། །དགྱེས་སྡེ་ཡུམ་སྲས་བཀའ་འཁོར་མང་པོ་ཡང་། །སྣ་ཚོགས་མདོག་ལ་རང་འདྲའི་རྒྱན་གོས་བཅས། །མངོན་སུམ་ཁྲོམ་ཚོགས་ལྟར་གསལ་འོད་ཟེར་འཕྲོས། །བྱང་ཕྱོགས་གནོད་སྦྱིན་རྫོང་ནས་སྤྱན་འདྲེན་ནོ། །ཧཱུྃ། སྟོན་པ་བདེ་གཤེགས་སངས་རྒྱས་སྤྱན་སྔ་རུ། །ཁས་བླངས་དམ་བཅས་གནོད་སྦྱིན་དབང་གི་ལྷ། །ད་ཚུར་ད་ཚུར་མཆོད་པའི་གནས་འདིར་སྤྱོན། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་ཅིང་བསྟོད། །བྷ་ལིང་གཏོར་མ་འདོད་ཡོན་རྒྱན་གྱིས་སྤྲས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་མཐར་ཁྱབ་པའི། །ཉེར་སྤྱོད་རྣམ་ལྔ་གཟུགས་སྒྲ་དྲི་རོ་རེག །མཆོད་པར་འབུལ་ལོ་དགྱེས་པར་ཡོངས་བཞེས་ཏེ། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱེས་བུ་སྲུངས། །མདོ་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །ཁྱད་པར་མདོ་སྡེ་ཉན་འཆད་མཆོད་བསྟོད་འཆང་། །ཁྱོད་ཀྱིས་སྲུངས་ཤིག་ཁྱོད་ཀྱིས་སྡོངས་གྲོགས་མཛོད། །སྔོན་གྱི་ལས་ངན་ཐམས་ཅད་ཟད་པ་དང་། །འཕྲལ་གྱི་རྐྱེན་ངན་ཐམས་ཅད་ཞི་བ་དང་། །རྒྱལ་ཁམས་འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་དགེ་བཅུ་ཆོས་འཕེལ་དང་། །བསམ་པའི་དོན་ཀུན་ཡིད་བཞིན་གྲུབ་པར་མཛོད། །གཏོར་མ་སྤོས་རེང་དང་མར་མེ་བཅས་བཏེགས་ལ་གཙང་སར་དབུལ་ཞིང་། ཧཱུྃ། རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉན་གྱི་སྲུང་མ་ཁོལ་པོ་ཁ། །མ་གཡེལ་མ་གཡེལ་དམ་བཅས་རྗེས་སུ་དགོངས། །བདག་ཉིད་སློབ་དཔོན་པདྨ་སམྦྷ་ཝས། །ལྷ་ལུང་རྡོ་རྗེའི་བྲག་གི་གཞལ་ཡས་སུ། །གནས་མཆོག་ཆེན་པོ་ཀློང་ཐང་སྒྲོལ་མ་ཡི། །བསྲུང་མར་བསྐོས་ཤིང་གཏེར་གྱི་གཉེར་བྱང་གཏད། །མ་འོངས་རྗེས་འཇུག་བསྟན་པ་བསྲུང་བར་ཆད། །དམ་རྫས་རྒྱན་གྱིས་མཆོད་གཏོར་འདི་འབུལ་བཞེས། །རྣལ་འབྱོར་སྒྲུབ་པ་པོ་ཡི་མགོན་སྐྱོབ་མཛོད། །བཅོལ་བའི་ཕྲིན་ལས་བཀའ་བཞིན་གཉེར་གཏད་སྒྲུབས། །ཅེས་པ་འདི་ཡང་སློབ་དཔོན་ཆེན་པོའི་གསུང་བཞིན་བདག་ལོ་ཙཱ་བ་ཀླུ་དབང་བསྲུང་གིས་ཡི་གེར་བྲིས་པས་སྲུང་མས་བྱ་ར་མཛོད། །ཁམས་པ་ཉི་མ་གྲགས་ཀྱིས་ཀློང་ཐང་སྒྲོལ་མ་ནས་རྟ་ལོར་གདན་དྲངས་པའོ།། །།མངྒ྄་ལཾ།། །།

དབང་གི་ཟུར་རྒྱན་ལོ་རྒྱུས།

དམ་ཆོས་བདུད་རྩིའི་ཐིགས་པ་ལས་དབང་གི་ལོ་རྒྱུས་ནི། བདག་མདུན་བུམ་སྒྲུབ་ལས་བུམ་བདག་འཇུག་བཅས་གྲུབ་ནས། སློབ་མ་རྣམས་ལ་ཁྲུས་བྱས་བགེགས་སྤྲད་གསོལ་འདེབས་ཞུ་འབུལ་དང་གནང་བ་སྦྱིན་པ་གསོ་སྦྱོང་དང་སྙེན་གནས་འབོགས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། ཁྱེད་རང་རྣམས་ཀྱི་ཆོས་ཉན་པའི་ཀུན་སྤྱོད་བག་ཡོད་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ཡང་རང་ཅག་རྣམས་ཀྱི་མི་ལུས་རིན་པོ་ཆེ་ཐོབ་དུས་འདིར་དམ་པའི་ཆོས་ཁོ་ན་ལ་མ་བརྩོན་ན། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ཡིན། ཆོས་ཀྱི་འཇུག་སྒོ་མང་ན་ཡང་། ཚེ་འདིའི་གེགས་དང་བར་ཆད་སེལ་ཞིང་ཕྱི་མ་སངས་རྒྱས་ཀྱི་ཞིང་ཁམས་བསྒྲོད་པ་ལ་དེ་བཞིན་གཤེགས་པ་སངས་རྒྱས་བརྒྱད་ཀྱི་སྨོན་ལམ་བསྐུལ་བ་ཟབ་ཆེ། དེ་སྒྲུབ་ཐབས་བཀའ་གཏེར་དག་སྣང་བསམ་གྱིས་མི་ཁྱབ་ཀྱང་། འདི་ནི་བསྟན་པ་སྔ་འགྱུར་གྱི་དུས་སུ་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་སྐབས་སུ། མཁན་པོ་བྷོ་དྷི་ས་ཏྭས་སངས་རྒྱས་སྨན་བླའི་མཆོད་སྒྲུབ་ཁོ་ན་ལ་ཐུགས་དམ་མཛད་ནས་སྤེལ་བའི་ཚེ། ལོ་ཙཱ་བ་ཀླུ་དབང་གིས་མཁན་པོ་ལ་སྨན་བླའི་མཆོད་སྒྲུབ་འདི་ཡང་གཏེར་གནས་ཞིག་དུ་སྦ་བར་ཞུ་བ་དང་མཁན་པོས་སློབ་དཔོན་ལ་ཞུས་ན་ལེགས་གསུངས་པས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁན་ཆེན་བྷོ་དྷི་ས་ཏྭ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙཱ་ན། མཁོན་ཀླུ་ཡི་དབང་པོ་རྣམས་ཀྱིས། གུ་རུ་རིན་པོ་ཆེ་ལ་གུས་པའི་ཕྱག་དང་བསྐོར་བ་བྱས་ནས་གསེར་གྱི་མཎྜལ་དང་དངུལ་སྐྱོག་སྦྲང་ཆང་གིས་བཀང་བ་ཕུལ་ཞིང་། ཀྱེ་སློབ་དཔོན་ཆེན་པོ་ལགས། མ་འོངས་སྙིགས་མ་ལྔ་བདོ་བའི་དུས་སུ་སྐྱེ་འགྲོ་རྣམས་ནད་མཚོན་མུ་གེ་འཁྲུག་རྩོད་རིམས་ཡམ་སོགས་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ཆེད་དུ་སངས་རྒྱས་སྨན་རྒྱལ་མཆེད་བདུན་མཆོད་ཅིང་སྒྲུབ་པའི་གདམ་པ་ཟབ་གནད་ཅན་ཞིག་གནང་བ་ཞུ། ཞེས་གསོལ་བ་བཏབས་པའི་ཚེ། གུ་རུ་རིན་པོ་ཆེ་སྐུ་མདོག་བཻཌཱུརྱའི་མདོག་ལྟར་འཚེར་ཞིང་ཤ་བའི་སྙན་ཞུ་བཞེས་ཏེ་འོད་ལྔ་འཁྲིགས་པའི་ཀློང་དུ་བཞུགས་ནས་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་བསྒྱུར་ཞིང་། ཐུགས་ཀ་ནས་འོད་ཟེར་སྣ་ལྔ་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་ཁྱབ་པར་སྤྲོས་པའི་དབྱིངས་སུ་སྨན་བླ་མཆེད་བརྒྱད་བྱང་ཆུབ་སེམས་ད པའ་སྐྱབས་གྲོལ་དང་། འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་སོགས་བྱང་སེམས་བྱེ་བ་གྲངས་མེད་དང་བཅས་པ་མངོན་གསུམ་དུ་སྤྱན་དྲངས་ནས་མཁན་སློབ་ཀུན་གྱིས་མཇལ་བས། ཆོས་རྒྱལ་ཡབ་སྲས་མཁན་པོ་རྣམས་ཀྱིས་ཕྱག་འཚལ་ཞིང་སངས་རྒྱས་ཀྱི་ཡོན་ཏན་རྗེས་དྲན་གྱི་སྨོན་ལམ་མང་པོ་བཏབ། སློབ་དཔོན་གྱིས་སྨན་བླ་མཆེད་བདུན་སྟོན་པ་ཤཱཀྱ་ཐུབ་པ་དང་བཅས་པ་ཆོ་ག་གཅིག་ཏུ་སྒྲུབ་པའི་དམ་ཆོས་བདུད་རྩིའི་ཐིགས་པ་ཕྱི་ནང་གསང་སྒྲུབ་མཆོད་ཆོག་དབང་དང་ལོ་རྒྱུས་སོགས་ཁ་ཚང་ཞིང་དོན་འདུས་པ་ལག་ཏུ་ལེན་བདེ་བ་འདི་མཛད་ནས། ནམ་མཁའི་སངས་རྒྱས་བྱང་སེམས་དང་འོད་ཐམས་ཅད་གཅིག་ཏུ་འདུས་ནས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཁྲུ་ཚད་ཙམ་དུ་གྱུར་ནས་གུ་རུ་རིན་པོ་ཆེ་ལ་ཐིམ་པ་གྱུར་ཏེ། གུ་རུའི་ཞལ་ནས་ཆོས་རྒྱལ་མཁན་སློབ་རྣམས་ལ་འདི་སྐད་གསུངས་སོ། ད་ལྟ་བསྐལ་བ་བཟང་ཞིང་མི་རྣམས་བག་ཡོད་དང་ལྡན་པས་འཇམ་དཔལ་ནས་བརྒྱུད་པའི་མཁན་པོ་ཞི་བ་འཚོ་ཡི་ལུགས། མདོ་ཆོག་ལྟར་ཤིན་ཏུ་བཟང་མོད་ཀྱང་། ད་ནས་བཟུང་སྟེ་རིམ་གྱིས་སེམས་ཅན་གྱི་བསོད་ནམས་མར་མར་བྲི་བའི་དུས་སུ་ཐ་མ་བསྐལ་བ་སྙིགས་མ་སེམས་ཅན་རྣམས་ལས་ངན་གྱི་དབང་བཙན་པས་དགེ་སྡིག་འཆོལ། ཉོན་མོངས་འཆོལ་ཉོག་སྤྱོད། གཙང་སྦྲ་ཆུང་བའི་དུས་སུ་བྱ་སྤྱོད་ཀྱི་མཆོད་སྒྲུབ་བྱས་ཀྱང་། སྤང་བླང་མི་ནུས་ཤིང་ཉེས་པ་འཕེལ་བས་པདྨ་བདག་གིས་གསང་བདག་ཕྱག་ན་རྡོ་རྗེ་ལས་ལུང་བླང་བའི་སྨན་བླ་མཆེད་བརྒྱད་ཀྱི་མཆོད་སྒྲུབ་གསང་སྔགས་ཕྱི་པ་ལྟར་བྱས་པ་འདི་ཉིད་སྙིགས་དུས་ཀྱི་སེམས་ཅན་གྲོལ་བ་ལ་མཆོག་ཏུ་བསྔགས་པ་ཡིན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ཚད་མ་རྒྱ་གར་སོར་བཞག་མདོ་ཆོག་ལྟར་དང་། གསང་སྔགས་ཕྱི་ནང་གི་ཟབ་གནད་གཅིག་ཏུ་དྲིལ་བའི་ཟབ་ཆོས་འདི་ཉིད་རིགས་བཞི་མཁའ་འགྲོ་མ་རྣམས་ཀྱིས་ཁྱེར་ལ། གནས་མཆོག་གླང་ཐང་སྒྲོལ་མ་སྔོན་མོའི་མཁལ་ཁང་གཡོན་མར་སྦོས་དང་མ་འོངས་པ་ན་མཁོན་པ་ཀླུ་དབང་བསྲུང་གི་སྐྱེ་བ། མདོ་ཁམས་མཆོད་རྟེན་དཀར་པོའི་ཉེ་ལོགས་ནས་འབྱུང་ཞིང་། ཟབ་མོའི་གདམས་བསྐོར་འདི་དང་འཕྲད་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། ཅེས་གསུང་ཞིང་གཏེར་དུ་སྦས་པ། དུས་ལ་བབས་ཚེ་ལོ་ཙཱ་བ་ཀླུ་དབང་གི་སྤྲུལ་པ་རིག་འཛིན་ཉ྄ི༵་མ྄༵་གྲག྄༵ས་པ྄༵ས་གཏེར་ནས་གདན་དྲངས་པའི་དམ་ཆོས་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ལ་མངོན་རྫོགས་སྟོན་པ་བཅུ་གཉིས་བསྐལ་མགོན་དྲུག་ཁྲི་དང་། བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་རྣམས་ཀྱིས་ཐུགས་རྗེ་དང་འཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད། སྨན་བླ་མཆེད་བརྒྱད་ཀྱི་སྨོན་ལམ་གྱི་རྗེས་སུ་བསྐུལ་བའི་མཆོད་ཆོག་འདི་ཉིད་རྣ་བར་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ཆོད་ཅིང་ཁྱད་པར་མདོ་ཁམས་སྨད་ཀྱི་ཤར་ཕྱོགས་འདིར་དར་ན། བསྟན་འགྲོའི་བདེ་སྐྱིད་འཕེལ་བ་རིག་འཛིན་པདྨའི་རྡོ་རྗེའི་ལུང་གིས་བསྟན་ཏེ། རྩ་བ་ལས། རི་ལ་སྒྲུབ་སྡེ་ཐང་ལ་དགོན་བཏབ་ནས། །བཤད་སྒྲུབ་རྒྱས་ན་ཤར་ཕྱོགས་འགྲོ་རྣམས་བདེ། །མཐའ་ཡི་དུཿཁ་རྣམས་ཀྱང་རང་སར་ཞི། ལས་སྒོ་དར་ཞིང་ཤར་དང་བྱང་རྣམས་འཇམ། ཞེས་དང་། འགྲོ་ལ་བདེ་སྐྱིད་མཐོང་ཁའི་ཉི་ཞུར་ཙམ༔ མ་འོངས་ཕྱི་མིའི་དུས་སུ་འབྱུང་ཡང་སྲིད༔ ཅེས་གསུངས་པ་ལྟར་ཡིན་ཅིང་། བརྒྱུད་པ་ནི་རྒྱལ་བ་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུ་ཡི་དབང་པོ། གཏེར་ཆེན་ཉི་མ་གྲགས་པ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན་ནས་བརྒྱུད་པ་ལྟར། དྲིན་ཅན་རྩ་བའི་བླ་མའི་བཀའ་དྲིན་ལས་བདག་ཅག་གིས་ཐོབ་པ་ཡིན་ཞིང་། བདག་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་མཁས་གྲུབ་བླ་མའི་ཕྱག་བཞེས་ལྟར་གྲུབ་ཟིན་པས་སློབ་མའི་ངོ་སྐལ་དུ་མཎྜལ་ཕུལ། ཅེས་ཕུལ་ཞིང་། བདུད་རྩིའི་ཐིགས་པའི་ལོ་རྒྱུས་འདི། རིག་འཛིན་ཉི་མ་གྲགས་པ་ཡི། །རྩལ་ལས་རོལ་པར་ཤར་བའོ། །མཐའ་འཁོབ་སྦས་ཚུལ་བཀའ་རྒྱས་བཏབ། །ཡུད་ཙམ་ཞིག་ལ་བསྟན་ནས་ཐལ། བཀའ་ཡི་སྲུང་མས་སྲུངས་སྤེལ་མཛོད། ས་མ་ཡཱ།། །།

མཆོད་བསྟོད་དང་རྟགས་བརྒྱད་སྣ་བདུན་འབུལ་ཐབས།

མཆོད་བསྟོད་དང་རྟགས་བརྒྱད་སྣ་བདུན་འབུལ་ཐབས། །རྗེས་ནི་གཏོར་མ་བསངས་སྦྱངས་བྱིན་བརླབས་ནས། ཧཱུྃ། གཏོར་སྣོད་རིན་ཆེན་སྣ་ཚོགས་གཞོང་པ་རུཿ གཏོར་མའི་ངོ་བོ་ལྷ་མིའི་ལོངས་སྤྱོད་བཤོསཿ དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་སྤོསཿ ཨ་བར་སྐྱུར་གསུམ་ལ་སོགས་སྨན་སྣ་སྟོང་ཿ ནས་འབྲས་གྲོ་སྲན་ལ་སོགས་འབྲུ་སྣ་སྟོང་ཿ ཨཎྜ་ཉིལ་སོགས་ལྷ་ཡི་ཤིང་འབྲས་དང་ཿ ཅོ་ལེ་ཉོ་ལེ་སྟར་སྒ་རྒུན་འབྲུམ་སྒཿ ཁམ་བུ་ཀུ་ཤུ་བསེ་ཡབ་ཏ་ལའི་འབྲུཿ སྤང་ལས་སྐྱེས་དང་ཆུ་དང་ནགས་ལས་རྡོལཿ འབྱུང་བཞིའི་དངས་མ་ཟས་ཀྱི་རོ་མཆོག་རིགསཿ སྟོང་གསུམ་འཇིག་རྟེན་ཁམས་ཀྱི་བཅུད་འཛིན་རྣམསཿ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེཿ ནམ་མཁའི་མཐར་ཁྱབ་ཁེངས་པའི་གཏོར་མ་འདིཿ དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅསཿ མ་ལུས་མཆོད་གནས་རྣམས་ལ་འབུལ་བར་བགྱིདཿ བཞེས་ནས་མཆོག་དང་ཐུན་མོངས་དངོས་གྲུབ་སྩོལཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷུདྡྷ་བོ་དྷི་སཏྭ་ཨརྷ་ཏེ་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྔའམ་བདུན་གྱིས་མཆོད་ཅིང་བསྟོད་ནས་དབང་བཞི་བླང་གསུངས་པས། བསྟོད་པ། ཧཱུྃ། བདུད་བཞིའི་དཔུང་བཅོམ་ཉོན་མོངས་གཡུལ་ལས་རྒྱལ། །ཟབ་ཅིང་སྤྲོས་བྲལ་བྱང་ཆུབ་མངོན་དུ་གྱུར། །ལྷ་ཡི་ལྷ་མཆོག་འཕགས་པ་དེ་བཞིན་གཤེགས། །རྒྱལ་བ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ། ༈ དངོས་གྲུབ་བླང་བ་ནི། ན་མོ། བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་དགོངས། །ཐུགས་རྗེའི་སྐུ་མཆོག་ཉི་མའི་དཀྱིལ་འཁོར་ལ། །བལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་སྤྲས། །བདག་བློའི་མི་ཕྱེད་དད་པའི་ཡིད་ཀྱིས་བཟུང་། །གསལ་བར་བསྐྱེད་ཅིང་མཆོད་བསྟོད་སྒྲུབ་པའི་མཐུས། །མཚན་མཆོག་བརྒྱད་ལྡན་སྐུ་ཡི་དཀྱིལ་འཁོར་ནས། །མོས་པ་གཏད་པའི་ལུས་ལ་བྱིན་གྱིས་རློབས། །འབྱུང་བཞི་དག་པ་རང་གྲོལ་སྐུ་བཞི་སྩོལ། །ཚངས་དབྱངས་དྲུག་ཅུ་གསུང་གི་དཀྱིལ་འཁོར་ནས། །བཟླས་པ་མཐར་ཕྱིན་ལུང་གི་དངོས་གྲུབ་སྩོལ། །སྐྱེ་མེད་སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས། །དེ་བཞིན་གཤེགས་པ་སངས་རྒྱས་དངོས་གྲུབ་སྩོལ། །སྣང་སྲིད་རང་དག་གཞལ་ཡས་དཀྱིལ་འཁོར་ནས། །གཟུང་འཛིན་ཡོངས་གྲོལ་ཡོན་ཏན་དངོས་གྲུབ་སྩོལ། །སྨོན་ལམ་མཐར་ཕྱིན་དུག་ལྔ་རང་གྲོལ་ནས། །འགྲོ་དྲུག་འཁོར་བ་དོང་སྤྲུག་དངོས་གྲུབ་སྩོལ། །བདག་ནི་དེ་སྔོན་འཁོར་བ་ཐོག་མེད་ནས། །ལམ་ལོག་ལམ་ནོར་སྲིད་པའི་བཙོན་རར་ཆུད། །རྨི་ལམ་བཞིན་དུ་འགྲོ་དྲུག་སྐྱེ་གནས་བརྒྱུད། །སྡུག་བསྔལ་བཟོད་དཀའ་དུ་མས་རང་རྒྱུད་མནར། །ད་ནི་ཡི་ཆད་གདུང་བས་འོ་དོད་འབོད། །ཐུགས་རྗེས་དགོངས་ཤིག་སངས་རྒྱས་བཅོམ་ལྡན་འདས། །བརྩེ་བའི་ཕྱག་སྐྱོངས་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །ཡལ་ཡོལ་ལེ་ལོ་བཏང་སྙོམས་མ་མཛད་པར། །ཚེ་འདིའི་འཕན་པ་ཟད་པར་གྱུར་མ་ཐག །བཻཌཱུཪྻ་ཡི་ཞིང་མཆོག་རྣམ་པ་བདུན། །སྨོན་ལམ་འབྲེལ་མཚུངས་གང་ལྡན་མྱུར་མཐོང་ནས། །འཕགས་མཆོག་རྒྱལ་བའི་གོ་འཕང་མཆོག་ཐོབ་ཏེ། །ཕ་མ་འགྲོ་དྲུག་འཁོར་བ་ལས་སྒྲོལ་ཤོག ༈ ཧཱུྃ། རིན་ཆེན་གདུགས་མཆོག་རཏྣའི་ཡུ་བ་ཅན། །འཁོར་བའི་ཚ་གདུང་འཇིགས་པ་སྐྱོབ་པར་བྱེད། །མ་ལུས་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་ཚ་ཏྲཾ་ཀ་པཱུ་ཛི་ཏེ་ཨཱཿཧཱུྃ། ཧཱུྃ། རིན་ཆེན་གསེར་གྱི་ཉ་མོ་འོད་བྱེད་འཁྱུག །སྒྲིབ་པ་ཀུན་བསལ་ཡེ་ཤེས་སྤྱན་ལྡན་པ། །མ་ལུས་བཅོམ་ལྡན་འཁོར་དང་༴ ཐུགས་རྗེས་འགྲོ་བའི༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་ལཉྩ་པཱུ་ཛི་ཏེ་ཨཱཿཧཱུྃ། ཧཱུྃ། དྲི་མེད་ཡིད་འོང་མདངས་ལྡན་དྲི་བསུང་འཆངས། །གསུང་དབྱངས་ཆོས་ཀྱིས་འགྲོ་བ་སྒྲོལ་བྱེད་པ། །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་པདྨ༴ ཧཱུྃ། དྲི་མེད་རབ་དཀར་གཡས་འཁྱིལ་བཀྲ་ཤིས་དུང་། །ཆོས་ཀྱི་སྒྲ་སྒྲོག་ཆོས་ཀྱི་དོན་སྟོན་པ། །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ་བའི༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་ཤངྐ༴ ཧཱུྃ། རིན་ཆེན་བུམ་པ་དཔག་བསམ་ནོར་བུའི་མཆོག །མཆོག་ཐུན་དངོས་གྲུབ་འདོད་དགུ་སྩོལ་བྱེད་པ། །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ་བའི༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་སམྦྷ་༴ ཧཱུྃ། དཔལ་གྱི་བེའུ་དཔལ་གྱི་ཐུགས་ཀྱི་མཆོག །ཐམས་ཅད་མཁྱེན་ལྡན་ཐོས་བསམ་མཐར་ཕྱིན་པ། །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ་བའི༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་ཤྲཱིཿཝ་ར་ས༴ ཧཱུྃ། ཆོས་ཀྱི་རྒྱལ་མཚན་བདུད་ཀྱི་གཡུལ་ལས་རྒྱལ། །བསྟན་པ་མི་ནུབ་རྒྱས་པར་བྱེད་པ་འདི། །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ་བའི༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་དྷྭ་ཛ༴ ཧཱུྃ། འཁོར་ལོ་རིན་ཆེན་རྣམ་བཅུའི་དཔལ་དང་ལྡན། །ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར་བྱེད་པ། །མ་ལུས་བཅོམ་ལྡན ༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མངྒ་ལ་ཙཀྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཧཱུྃ། འཁོར་ལོ་རིན་ཆེན་དབང་བཅུའི་དཔལ་དང་ལྡན། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །མ་ལུས་བཅོམ་ལྡན་འཁོར་དང་བཅས་པ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ན་མ་སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཧཱུྃ། ནོར་བུ་རིན་ཆེན་བཻཌཱུར་སྔོན་པོའི་མདོག །དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་བདག །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་མ་ཎི་རཏྣ་པཱུ་༴ ཧཱུྃ། བཙུན་མོ་རིན་ཆེན་ལྷ་མོ་སྒྱུ་འཕྲུལ་མ། །ཁ་དོག་དབྱིབས་ལེགས་བལྟ་ན་སྡུག་པའི་དཔལ། །མ་ལུས་བཅོམ་ལྡན ༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་ས་ཏྲི་རཏྣ༴ ཧཱུྃ། བློན་པོ་རིན་ཆེན་ཤེས་བྱའི་དབང་པོ་ཅན། དོན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ། །མ་ལུས་བཅོམ་ལྡན ༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་པུཪྵ་རཏྣ༴ ཧཱུྃ། གླང་པོ་རིན་ཆེན་བཞིན་མཛེས་ལྟ་ན་སྡུག །ཕ་རོལ་འཇོམས་པའི་དཔུང་མཆོག་བླ་ན་མེད། །མ་ལུས་བཅོམ་ལྡན ༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་ཧསྟི་རཏྣ་པཱུ༴ ཧཱུྃ། རྟ་མཆོག་རིན་ཆེན་གཡུ་མདོག་མཐིང་འོད་འབར། །རྫུ་འཕྲུལ་ཤུགས་འཆང་བསོད་ནམས་དཔལ་དང་ལྡན། །མ་ལུས་བཅོམ་ལྡན ༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་ཨ་ཤྭ་རཏྣ་པཱུ་ཛི༴ ཧཱུྃ། དམག་དཔོན་རིན་ཆེན་རཏྣའི་གོ་ཁྲབ་ཅན། །སྟོབས་རྩལ་ནུས་ལྡན་ཕ་རོལ་བརྒོལ་བ་པོ། །མ་ལུས་བཅོམ་ལྡན༴ ཐུགས་རྗེས་འགྲོ་བའི༴ ན་མཿ སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ། ཨོཾ་ཁཏྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ༈ བཀྲ་ཤིས་རྟགས་བརྒྱད་ཕྱག་རྒྱའི་རྩ་ཚིག་ནི། །ལག་གཡོན་ཁུ་ཚུར་བསྡམས་ཤིང་། །མཐེ་བོང་བསླང་བའི་རྩེར་གཡས་ཀྱི་མཐིལ་བཀབ་པ་གདུགས། །ལག་གཉིས་མཐེ་བོས་སྲིན་དང་མཐེའུ་ཆུང་གཉིས་ནང་དུ་མནན་ཞིང་། །གུང་མོ་གཉིས་ཀྱི་རྒྱབ་ནས་མཛུབ་མོ་གཉིས་ཀྱིས་དཀྲིས་པ་ལྟ་བུའི་རྩེ་སྤྲད་པ་གསེར་ཉ་དང་། གཡས་གཡོན་གྱི་མཁྲིག་མ་གཉིས་སྦྱར་ཞིང་། །སོར་མོ་རྣམས་གྱེན་དུ་བསླངས་ཏེ་ཁ་ཕྱེ་བ་ལྟ་བུ་པདྨ་དང་། ལག་གཡོན་བརྐྱང་བའི་ངོས་ལ་གཡས་གྱི་སོར་མོ་རྣམས་ནང་དུ་ཅུང་ཟད་བསྐུམས་པ་སྦྱར་བ་དུང་དང་། གཡོན་གྱི་གུང་སྲིན་གཉིས་ཀྱི་རྒྱབ་ནས་གཡས་ཀྱི་གུང་སྲིན་གཉིས་འཁྱུད་ཅིང་། མཐེའུ་ཆུང་གཉིས་སྦྱར་ཏེ། མཛུབ་མོ་གཉིས་བསྣོལ་བ་མཐེ་བོ་གཉིས་རྟེན་པ་བུམ་པ་དང་། གཡས་གཡོན་མཐེ་བོ་གཉིས་ཀྱིས་མཐེའུ་ཆུང་གཉིས་ནང་དུ་མནན། །སོར་མོ་གཞན་རྣམས་བརྐྱང་ཞིང་གཡོན་གྱི་སྟེང་དུ་གཡས་བསྣོལ་ཏེ་བཀབ་པ་དཔལ་བེའུ་དང་། །གཡས་ཀྱི་མཐེ་བོས་སྲིན་ཆུང་གཉིས་ནང་དུ་བཀུག །གུང་མཛུབ་གཉིས་གྱེན་དུ་སྒྲེང་བ། གཡོན་པའང་དེ་བཞིན་ལ་གཡས་ཀྱིས་མཁྲིག་མའི་ཐད་དུ་མདུན་གཉིས་སྦྱར་བ་རྒྱལ་མཚན་དང་། སོར་བཅུ་རྒྱབ་སྤྲད་པའི་རྩེ་མོ་རྣམས་བསྣོལ་བ་འཁོར་ལོའོ། །སརྦ་མངྒ་ལཾ།། །།

དབང་ཆོག་ཁྲིགས་སུ་བཏབ་པ་བྱིན་རླབས་དཔལ་སྟེར།

དམ་ཆོས་བདུད་རྩིའི་ཐིགས་པའི་སྨིན་བྱེད་དབང་ཆོག་ཁྲིགས་སུ་བཏབ་པ་བྱིན་རླབས་དཔལ་སྟེར་བཞུགས་སོ། །འཕགས་པ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ལོ་ཙཱ་བ་ཀླུ་དབང་བསྲུང་གིས་གུ་རུ་རིན་པོ་ཆེ་ལ་གུས་པའི་ཕྱག་དང་བསྐོར་བ་བྱས། གསེར་གྱི་མཎྜལ་ཕུལ། དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས་པ། ཕྱི་མའི་འགྲོ་བ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་དབང་གི་གདམས་པ་རིན་པོ་ཆེ་ཟབ་ལ་འདྲིལ་བ་ཞིག་གནང་དུ་གསོལ། སློབ་དཔོན་ཆེན་པོའི་ཞལ་ནས། རིགས་ཀྱི་བུ་ཚུལ་བཞིན་ཉོན་ལ་ཡི་གེར་ཐོབ་ཅིག །འཕགས་པ་དེ་བཞིན་གཤེགས་པ་མཆོག་གི་སྨོན་ལམ་གྱི་དབང་བསྐུར་བར་འདོད་པས། གནས་ཁང་སྐྱང་ནུལ་དང་དྲི་བཟང་གིས་ཆག་ཆག་གདབ་སྟེ། སྟེགས་བུ་གནས་ཀྱི་ཁྱོན་ལྟར་མཛེས་པར་བྱ་ཞིང་ག་བུར་གྱི་ཆུས་བྱུག དེ་སྟེང་བུམ་པ་ལྷ་གྲངས་དྲི་བཟང་གི་ཆུས་སུམ་ཆ་བཀང་བ། གཟུངས་ཐག་དུང་ཆོས་འབྲས་བུ་ཅན་གྱི་ཤིང་དང་རྨ་བྱས་བརྒྱན་པ་བརྒྱད་དབུས་དང་ཕྱོགས་སུ་འགོད། རིན་པོ་ཆེའི་མཎྜལ་གྱི་སྟེང་དུ་སྦྲང་བུར་བུ་རམ་མར་དྲི་བཟང་གི་ཆུ་སོགས་གང་འབྱོར་གྱིས་སྦྲུས་པའི་ཚོམ་བུ་བཟང་པོ་གཙོ་བུམ་གྱི་མདུན་དུ་འགོད། འབྲས་སམ་ཕྱེ་གཙང་ལ་ཟླུམ་གཏོར་རྒྱན་ལྡན་ལྷ་གྲངས་དེའི་ཕྱི་ནས་དགྲམ། རས་བྲིས་ཀྱི་ཙཀ་ལི་དམིགས་རྟེན་བུམ་པ་རྣམས་ཀྱི་ཁ་རྒྱན་དུ་བྱུང་ཡང་ལེགས། བཀྲ་ཤིས་པའི་རྫས་བརྒྱད་དང་རྟགས་བརྒྱད་སོགས་ཀྱང་འགོད། བཀའ་གཏེར་སྲུང་མའི་གཏོར་མ་རྣམས་བཟང་དུ་བཤམས། མཆོད་པ་སྣ་ཚོགས་སྤོས་དང་མེ་ཏོག་མར་མེ་སོགས་གྱ་ནོམ་པར་བཤམས་ཤིང་། བུམ་པ་བསྐྱེད་ཆོག་མཆོད་བསྟོད་བཟླས་པ་སོགས་གྲུབ་ནས་བདག་འཇུག་བླངས ། ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཡན་ལག་ལྔ་ཁྲུས་བྱ། ལག་གཡོན་མཎྜལ་བཟང་པོ་ཐོགས་ནས། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །སློབ་དཔོན་གྱིས། ཉོན་ཅིག་འདིར་ཚོགས་རིགས་ཀྱི་བུ། །སྡུག་བསྔལ་འཁོར་བའི་འཇིགས་པ་ལས། །ཐར་འདོད་ངེས་འབྱུང་སེམས་ཡོད་ན། །བླ་མེད་སྟོན་པ་བཅོམ་ལྡན་འདས། །བདེ་གཤེགས་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཁྱེད་རྣམས་རྗེས་སུ་འཛིན་པར་བྱ། །ཡན་ལག་བརྒྱད་པའི་སྡོམ་པ་ལོང་། ཞེས་གནང་བ་སྦྱིན། རྒྱུན་ཞུགས་རྣམས་གསོ་སྦྱོང་དང་ཁྱིམ་པ་རྣམས་ལ་བསྙེན་གནས་འབོགས། དེ་ནས་དངོས་གཞིའི་དབང་དོན་དུ། །མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར། །གསོལ་བ་འདེབས་པ་འདི་བཞིན་བརྗོད། །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། ཞེས་ཞུ་སྐྱབས་སེམས་འབོགས། ད་ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས། ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གསེར་མདོག་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་ས་གནོན་མཉམ་གཞག་གི་ཕྱག་རྒྱར་ལྡན་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་བླ་གོས་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་སེར་པོ་ཧཱུྃཿགིས་མཚན་པ་ལས་འོད་ཟེར་སེར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་འཕགས་ཡུལ་ཡངས་པ་ཅན་གྱི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དྭངས་ལ་རྣམ་པ་གསལ་བ། གསུང་ཨཱ་ལི་ཀཱ་ལིའི་ཡིག་འབྲུ་རང་སྒྲ་ཅན། ཐུགས་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ་འོད་ཟེར་སེར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག །ཅེས་བརྗོད། སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་རོལ་ནས། མངོན་པར་བྱང་ཆུབ་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེས་ཡལ་བར་དོར་བའི་བླུན་རྨོངས་བདག །སྐྱབས་དང་མགོན་མེད་སྡུག་བསྔལ་རྒྱ་མཚོར་བྱིང་། །ཀྱེ་མ་ཀྱི་ཧུད་ཉམ་ཐག་ང་རོས་འབོད། །བརྩེ་བའི་ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས། །བསྐལ་པའི་ཡང་མཐའ་ཕྱི་མའི་ཕྱི་མ་འདིར། །སྙིང་ནས་འབོད་ལ་རྗེས་སུ་མ་དགོངས་ན། །འཕགས་མཆོག་ཐུགས་རྗེ་ཆེ་ཡང་ཅི་ཞིག་འཚལ། །མཆོད་པའི་རྫས་བཤམས་གདུང་བའི་ཤུགས་བསྐྱེད་པས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །བསྐྱེད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐུགས་རྗེའི་མཐུ་ཡིས་གནས་འདིར་གཤེགས་སུ་གསོལ། །བྱིན་རླབས་སྟོབས་ཀྱིས་གནས་འདིར་གཤེགས་སུ་གསོལ། །རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ བརྗོད། མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། དེ་ནས་འདུ་ཤེས་དང་། མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞལ་འཛུམ་མདངས་ཀྱིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག །གསུངས་ནས་འོད་ཕུང་དུ་གྱུར་ཏེ་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་བརྒྱན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་རྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཤཱཀྱ་ཐུབ་པས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་གྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པར་གསལ་བའི་མགྲིན་པ་ནས་སྔགས་ཕྲེང་འོད་ཟེར་སེར་པོའི་རྟ་ལ་ཞོན་ཁྱེད་རང་རྣམས་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པར་གསལ་བའི་ཞལ་དུ་ཞུགས་མགྲིན་པར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་གི་བྱིན་རླབས་ཐོབ་པར་སྒོམས་ཤིག །ཏདྱ་ཐཱ། སིདྡྷེ་སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོཀྵ་ཎི་མུཀྟེ་བི་མུཀྟེ། ཨ་མ་ལེ་བི་མ་ལེ་མཾ་ག་ལྱེ། ཧི་ར་ནྱ་གྷརྦྷེ་རཏྣ་གྷརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱརྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུ་ཏེ་ཨ་ཏྱད་བྷུ་ཏེ། བྷི་ཏཱ་བྷ་ཡེ་སུ་ཝརྞེ་བྲཧྨ་གྷོ་ཥེ། བྲཧྨ་དྷྱུ་ཥི་ཏེ། སརྦ་ཨཪྠེ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཿཤཥྛི་བུདྡྷ་ཀོ་ཊི་བྷ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ལན་གསུམ། ཁྱེད་རང་རྣམས་ཀྱིས་མེ་ཏོག་སེར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་སེར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད། སློབ་དཔོན་གྱི་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པར་གསལ་བའི་ཐུགས་ཀ་ནས་ཧཱུྃ་སེར་པོ་འོད་ཟེར་སེར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས། ཁྱེད་རང་རྣམས་སངས་རྒྱས་ཤཱཀྱ་ཐུབ་པར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་བསྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་དེ་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་རྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སེར་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས། དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམས་པས་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། །གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་ཀླུ་ཡི་དབང་པོ། དྲིན་ཅན་རྩ་བའི་བླ་མ་རྒྱལ་བ་སྲས་བཅས་སྐུ་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཁྱད་པར་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་རྡོ་རྗེའི་སློབ་མ་ཁྱེད་རྣམས་ཀྱི་ལས་ངན་པའི་རྒྱུ་ལས་བྱུང་བའི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་ཞི་བ་དང་ཚེ་དང་དཔལ་འབྱོར་དགེ་བའི་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ༈ སླར་ཡང་སྨན་པའི་རྒྱལ་པོའི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །ཞེས་ལན་གསུམ་ཞུ། དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །ལན་གསུམ། ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག །རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ཀྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས། ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པའི་རྒྱལ་པོ་བཻཌཱུཪྻའི་མདོག་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཆོག་སྦྱིན་མཉམ་གཞག་ཨ་རུ་ར་རྣམ་རྒྱལ་གྱིས་མཚན་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་བླ་གོས་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། །ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྔོན་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་པའི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དྭངས་ལ་རྣམ་པ་གསལ་བ་གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན་ཐུགས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་འོད་ཟེར་སྔོན་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་རོལ་ནས། །མངོན་པར་བྱང་ཆུབ་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེས་ཡལ་བར་དོར་བའི་བླུན་རྨོངས་བདག །སྐྱབས་དང་མགོན་མེད་སྡུག་བསྔལ་རྒྱ་མཚོར་བྱིངས། །ཀྱེ་མ་ཀྱི་ཧུད་ཉམ་ཐག་ང་རོས་འབོད། བརྩེ་བའི་ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས། །བསྐལ་བའི་ཡང་མཐའ་ཕྱི་མའི་ཕྱི་མ་འདིར། །སྙིང་ནས་འབོད་ལ་རྗེས་སུ་མ་དགོངས་ན། །འཕགས་མཆོག་ཐུགས་རྗེ་ཆེ་ཡང་ཅི་ཞིག་འཚལ། །མཆོད་པའི་རྫས་བཤམས་གདུང་བའི་ཤུགས་བསྐྱེད་པས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །བསྐྱེད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐུགས་རྗེའི་མཐུ་ཡིས་གནས་འདིར་གཤེགས་སུ་གསོལ། །བྱིན་རླབས་སྟོབས་ཀྱིས་གནས་འདིར་གཤེགས་སུ་གསོལ། །རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཅེས་བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད་དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིགས་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་སྨན་གྱི་བླ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པའི་རྒྱལ་པོའི་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག་གསུངས་ནས་འོད་ཕུང་དུ་གྱུར་ཏེ་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས། །དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏཱ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་རྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། །དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་སྨན་པའི་རྒྱལ་པོའི་སྐུའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་། །འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་སངས་རྒྱས་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་སྔོན་པོའི་རྟ་ལ་ཞོན་ཁྱེད་རང་རྣམས་བཅོམ་ལྡན་འདས་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོའི་གསུང་གི་བྱིན་རླབས་ཐོབ་པར་སྒོམས་ཤིག །ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནི་མི་ཧི་མ་ཏི་མ་ཏི་སཔྟ་ཏ་ཐཱ་ག་ཏ། ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤཱ་ཡ་མ་མ་བྷུདྡྷ་བྷུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བྷུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ་མེ་རུ་མེ་རུ་མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། ནི་པཱ་ར་ཎི། བྷུདྡྷེ་སུ་བྷུདྡྷེ། བྷུད་དྷ་ཨ་དྷིཥྛཱ་ན། རཀྵནྟུ་མེ། སརྦ་དྷེ་ཝ་ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ། སརྦ་བྷུདྡྷ་བྷོ་དྷི་སཏྭ། ཤ་མེ་ཤ་མེ་པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་ཏ་ཡ། པཱུ་ར་ཎེ་པཱུ་ར་ཎེ་པཱུ་ར་ཡ་མེ། སརྦ་ཨ་ཤཱ་ཡ། བཻཌཱུཪྻ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡངྐ་རི་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ལན་གསུམ། ཁྱེད་རང་རྣམས་ཀྱིས་མེ་ཏོག་སྔོན་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་སྔོན་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད། སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འོད་ཟེར་སྔོན་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པ་ཁྱེད་རང་རྣམས་སངས་རྒྱས་སྨན་པའི་རྒྱལ་པོར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་སྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་རྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལས། ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སྔོན་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་སྨན་པའི་རྒྱལ་པོའི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་སངས་རྒྱས་སྨན་པའི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཅིང་། །སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པའི་རྒྱལ་པོ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་ཀླུའི་དབང་པོ། དྲིན་ཅན་རྩ་བའི་བླ་མ། རྒྱལ་བ་སྲས་བཅས་སྐུ་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཁྱད་པར་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་འཇིག་རྟེན་འོད་ཀྱིས་ཁྱབ་ཅིང་འགྲོ་བ་མཚན་བཟང་དང་ལྡན་པར་མཛད་དུ་གསོལ། སྐུའི་འོད་ཀྱིས་མུན་པའི་འཇིགས་པ་སེལ་བར་མཛད་དུ་གསོལ། ཡིད་ལ་དྲན་པས་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་བདེ་བ་དང་ལྡན་པར་མཛད་དུ་གསོལ། ཉན་རང་རྣམས་ཐེག་པ་ཆེན་པོའི་ལམ་ལ་སྦྱོར་བར་མཛད་དུ་གསོལ། ཚུལ་ཁྲིམས་བསྲུང་བ་ཐམས་ཅད་རྣམ་པར་དག་པར་མཛད་དུ་གསོལ། ལོག་པ་རྣམས་ཀྱང་ངན་སོང་དུ་མི་གཏོང་བར་མཛད་དུ་གསོལ། དབང་པོ་སྐྱོན་ཅན་ཐམས་ཅད་དབང་པོ་ཚང་ཞིང་བདེ་བ་དང་ལྡན་པར་མཛད་དུ་གསོལ། ནད་ཀྱིས་བཏབ་པ་སྐྱབས་མགོན་མེད་ཅིང་བཀྲེས་ཕོངས་ཀྱིས་མནར་བ་ནད་དང་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ། བུད་མེད་རྣམས་བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་མཛད་དུ་གསོལ། །ལྟ་བ་ལོག་པ་རྣམས་ཡང་དག་པའི་ལྟ་བ་ལ་སྦྱོར་བར་མཛད་དུ་གསོལ། རྒྱལ་པོའི་ཆད་པ་སོགས་འཇིགས་ཚོགས་རྣམས་ལས་ཐར་བར་མཛད་དུ་གསོལ། བཀྲེས་ཤིང་ཕོངས་པ་རྣམས་བཟའ་བཏུང་ཐོབ་པར་མཛད་དུ་གསོལ། རྒན་འཁོགས་སྐྱབས་མེད་ཟས་གོས་འཐོབ་པ་སོགས་སྨོན་ལམ་ཆེན་པོ་དེ་དག་གི་བཀའ་དྲིན་དང་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་ཐོབ་པར་མཛད་དུ་གསོལ། ༈ སླར་ཡང་མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོའི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། ཞེས་ལན་གསུམ་ཞུ། དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་པོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །གསུམ། ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་གསེར་གྱི་མདོག་ཞལ་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་སྐྱབས་སྦྱིན་མཉམ་བཞག་མཛད་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ངུར་སྨྲིག་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སེར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་གཞན་གྱིས་མི་ཐུབ་པའི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དྭངས་ལ་རྣམ་པ་གསལ་བ། གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན་ཐུགས་རྡོ་རྗེ་སེར་པོ་འོད་ཟེར་སེར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག ཅེས་བརྗོད། སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། སོགས། ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་མེ་ཏོག་སྤྱི་བོར་བཀོད། རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོས་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག གསུངས་ཏེ་འོད་ཕུང་དུ་གྱུར་ནས་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུ་ཡི་དབང་ཞུ་བའི་དོན་དུ་འདི་ལྟར་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས། དེ་བཞིན་གཤེགས་པའི་སྐུ་ཡི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་རྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོའི་སྐུའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་སེར་པོའི་རྟ་ལ་ཞོན། ཁྱེད་རང་རྣམས་བཅོམ་ལྡན་འདས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་གདན་ཀྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་སངས་རྒྱས་མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོའི་གསུང་གི་བྱིན་རླབས་ཐོབ་པར་སྒོམ་ལ་གཟུངས་རིང་དང་ཉེ་སྙིང་ལན་གསུམ་བཟླས། ཁྱེད་རང་རྣམས་ཀྱིས་མེ་ཏོག་སེར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་སེར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་སློབ་མ་འདི་ལ་ལེགས་སྩལ་བས། འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་སེར་པོ་འོད་ཟེར་སེར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས་ཁྱེད་རང་རྣམས་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་སྒོམ་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སེར་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས། དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། ཤིས་པ་བརྗོད་མེ་ཏོག་མཐོར་། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོའི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཅིང་སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། །ཁྱད་པར་དུ་བཅོམ་ལྡན་འདས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོས་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་ལུས་ཀྱི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། དབང་པོ་ཉམས་པ་ཐམས་ཅད་གསོས་ནས་ཚང་བར་མཛད་དུ་གསོལ། མཚམས་མེད་ལྔའི་ལས་སྒྲིབ་རྒྱུན་འཆད་པར་མཛད་དུ་གསོལ། བཀྲེས་ཕོངས་རྣམས་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། བརྡུང་རྡེག་བསད་བཅད་ཀྱི་ཉེས་པ་ཞི་བར་མཛད་དུ་གསོལ། འཇིགས་པ་བརྒྱད་ཀྱི་གནོད་པ་ཞི་བར་མཛད་དུ་གསོལ། འཐབ་འཛིང་གི་རྩོད་པ་སེལ་བར་མཛད་དུ་གསོལ། གྲུ་དང་ཆུ་བོར་ཞུགས་པ་ལ་ཆུའི་འཇིགས་པ་སྐྱོབ་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་འཐོབ་པར་མཛད་དུ་གསོལ། ༈ སླར་ཡང་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །ཞེས་ལན་གསུམ་ཞུ། །དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་བ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །ལན་གསུམ། ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག །རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་གསེར་གྱི་མདོག་ཞལ་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཆོག་སྦྱིན་དང་མཉམ་གཞག་མཛད་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་དཀར་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སེར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། རིན་པོ་ཆེ་དང་ལྡན་པའི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དངས་ལ་རྣམ་པ་གསལ་བ་གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན། ཐུགས་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སེར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག ཅེས་བརྗོད་སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད༴ ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོས་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ནས་སྣོད་དང་ལྡན་པར་གྱུར་ཅིག གསུངས་ཏེ་འོད་ཕུང་དུ་གྱུར་ནས་སྒོ་གསུམ་ལ་ཐིམ་པས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། །ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་རྒྱན་གྱུར། སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་སེར་པོའི་རྟ་ལ་ཞོན། ཁྱེད་རང་རྣམས་བཅོམ་ལྡན་འདས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་གསུང་གི་བྱིན་རླབས་འཐོབ་པར་སྒོམས་ལ། གཟུངས་རིང་དང་ཉེ་སྙིང་བཟླ། ཁྱེད་རང་རྣམས་ཀྱི་མེ་ཏོག་སེར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་སེར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱི་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་སེར་པོ་འོད་ཟེར་སེར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས་ཁྱེད་རང་རྣམས་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་སྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ། བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སེར་པོ་གཟི་མདངས་དང་ལྡན་པས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན་ཤིས་པ་བརྗོད་མེ་ཏོག་འཐོར། །དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཁྱད་པར་དུ་བཅོམ་ལྡན་འདས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་ཞིང་ལས་དང་ཚོང་གི་ལས་ངན་བསགས་པ་དག་ནས་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། སྐྱེ་གནས་བཞིའི་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ། བུད་མེད་ཀྱི་སྐྱེ་སྒོ་གཅོད་པར་མཛད་དུ་གསོལ། འཆི་བའི་དགྲ་དང་སྡུག་བསྔལ་སེལ་བར་མཛད་དུ་གསོལ། མུན་ནག་དང་གདོན་གྱི་འཇིགས་པ་སྐྱོབ་པར་མཛད་དུ་གསོལ། ཆོས་ལས་ལོག་པའི་ལས་སྤྱོད་པ་ལས་ལོག་ནས་ཆོས་ལ་སྤྱོད་པར་མཛད་དུ་གསོལ། ཉན་རང་ལས་ལོག་ནས་ཐེག་ཆེན་ལ་སྦྱོར་བར་མཛད་དུ་གསོལ། བསྐལ་པ་ཆེན་པོ་ཞིག་པའི་མེ་ཡི་འཇིགས་པ་ལས་སྐྱོབ་ནས་ཉིད་ཀྱི་ཞིང་དུ་སྐྱེ་བ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་དང་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་འཐོབ་པར་མཛད་དུ་གསོལ། ༈ སླར་ཡང་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །ཞེས་ལན་གསུམ་ཞུ། །དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །ལན་གསུམ། ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག །རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་གསེར་གྱི་མདོག་ཞལ་གཅིག་མཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་སྐྱབས་སྦྱིན་མཉམ་གཞག་མཛད་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། །ཐུགས་ཀར་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སེར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་དང་རིན་ཆེན་སྤོས་ཀྱིས་བརྒྱན་པའི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དངས་ལ་རྣམ་པ་གསལ་བ་གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན་ཐུགས་རྡོ་རྗེ་སེར་པོ་འོད་ཟེར་སེར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག །ཅེས་བརྗོད་སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་༴ ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཅེས་བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག གསུངས་ཏེ་འོད་ཕུང་དུ་གྱུར་ནས་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་སྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་རྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ནས་དེ་བཞིན་གཤེགས་པ་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་སྐུའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་སེར་པོ་འོད་ཟེར་སེར་པོའི་རྟ་ལ་ཞོན་ཁྱེད་རང་རྣམས་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པར་གསལ་བའི་ཞལ་དུ་ཞུགས་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་གསུང་གི་བྱིན་རླབས་ཐོབ་པར་སྒོམས་ལ་གཟུངས་རིང་དང་ཉེ་སྙིང་བཟླ། ཁྱེད་རང་རྣམས་ཀྱིས་མེ་ཏོག་སེར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་སེར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་སེར་པོ་འོད་ཟེར་སེར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས་ཁྱེད་རང་རྣམས་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་སྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སེར་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། །ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། །སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན་ཤིས་པ་བརྗོད་མེ་ཏོག་འཐོར། །དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། །སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། སྲོག་བཅད་པའི་ཉེས་པས་ཚེ་ཐུང་བ་རྣམས་ཚེ་རིང་བར་མཛད་དུ་གསོལ། བརྐུས་ཕྲོགས་བཅོམ་པས་མེད་ཕོངས་རྣམས་བཀྲེས་ཕོངས་ལས་ཐར་བར་མཛད་དུ་གསོལ། འཐབ་འཛིང་གི་འཇིགས་པ་ལས་ཐར་བར་མཛད་དུ་གསོལ། །ཚུལ་ཁྲིམས་འཆལ་བའི་ཉེས་པ་འདག་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་འཐོབ་པར་མཛད་དུ་གསོལ། ༈ །སླར་ཡང་མྱ་ངན་མེད་མཆོག་རྒྱལ་པོའི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །ཞེས་ལན་གསུམ། དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་བ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །ལན་གསུམ། ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་སྐུ་མདོག་དམར་སྐྱ་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་མཛད་པ་དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་དམར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་དམར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་མྱ་ངན་མེད་པའི་ཞིང་མཆོག་དམ་པ་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དྭངས་ལ་རྣམ་པ་གསལ་བ་གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན་ཐུགས་རྡོ་རྗེ་དམར་པོ་འོད་ཟེར་དམར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་མཛོད་ཅིག ཅེས་བརྗོད་སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་༴ ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཅེས་བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་ཞིང་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིགས་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་མྱ་ངན་མེད་མཆོག་དཔལ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་རྒྱལ་པོས་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག གསུངས་ཏེ་འོད་ཕུང་དུ་གྱུར་ནས་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་བརྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་མྱ་ངན་མེད་མཆོག་རྒྱལ་པོའི་སྐུའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དམར་པོའི་རྟ་ལ་ཞོན་ཁྱེད་རང་རྣམས་བཅོམ་ལྡན་འདས་མྱ་ངན་མེད་མཆོག་ཏུ་གསལ་བའི་ཞལ་དུ་ཞུགས་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་གྱི་གསུང་གི་བྱིན་རླབས་ཐོབ་པར་བསྒོམ་ལ་གཟུངས་རིང་དང་ཉེ་སྙིང་བཟླ། ཁྱེད་རང་རྣམས་ཀྱིས་མེ་ཏོག་དམར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་དམར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དམར་པོ་འོད་ཟེར་དམར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས། །ཁྱེད་རང་རྣམས་མྱ་ངན་མེད་མཆོག་དཔལ་དུ་གསལ་བ་ལ་ཕོགས་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་སྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་དམར་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿ སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན་ཤིས་པ་བརྗོད་མེ་ཏོག་འཐོར། །དེ་ལྟར་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོའི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། །སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་སྐད་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཁྱད་པར་དུ་བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་མྱ་ངན་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ། དམྱལ་བ་ཚ་གྲང་གི་འཇིགས་པ་ལས་སྐྱོབ་པར་མཛད་དུ་གསོལ། བཀྲེས་ཕོངས་ལས་ཐར་ཞིང་འདོད་ཡོན་ཕུན་སུམ་ཚོགས་པར་མཛད་དུ་གསོལ། གནོད་སྦྱིན་དང་ཤ་ཟ་འབྱུང་པོའི་གནོད་པ་ཞི་བ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་འཐོབ་པར་མཛད་དུ་གསོལ། ༈ སླར་ཡང་དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུངས་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །ཞེས་ལན་གསུམ་ཞུ། དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབ། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །ལན་གསུམ། ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག །རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ལ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་སྐུ་མདོག་དཀར་པོ་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཞིང་མཆོག་དམ་པ་ནས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དངས་ལ་རྣམ་པ་གསལ་བ། གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན་ཐུགས་རྡོ་རྗེ་དཀར་པོ་འོད་ཟེར་དཀར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག ཅེས་བརྗོད་སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་རོལ་ནས། །མངོན་པར༴ ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་བུ་མོའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག གསུངས་ཏེ་འོད་ཕུང་དུ་གྱུར་ནས་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་བརྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། །དེ་ལྟར་དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་སྐུའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་སུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དཀར་པོའི་རྟ་ལ་ཞོན། ཁྱེད་རང་རྣམས་བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས། བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་གསུང་གི་བྱིན་རླབས་འཐོབ་པར་སྒོམས་ལ་གཟུངས་རིང་དང་ཉེ་སྙིང་བཟླ། ཁྱེད་རང་རྣམས་མེ་ཏོག་དཀར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་དཀར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དགོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱི་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་འཐོར། གསུམ་པ་ཐུགས་ཀྱིདབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་ཆོས་གྲགས་རྒྱ་མཚོར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དཀར་པོ་འོད་ཟེར་དཀར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས། ཁྱེད་རང་རྣམས་ཆོས་གྲགས་རྒྱ་མཚོར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་བསྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་དཀར་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས། དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། །ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཀྱི་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། །འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་སྐད་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོ་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཁྱད་པར་བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་ལོག་པར་ལྟ་བའི་ལམ་ལས་ལྡོག་སྟེ་ཐར་བའི་ལམ་རྙེད་པར་མཛད་དུ་གསོལ། མཐའ་འཁོབ་ཏུ་སྐྱེས་ནས་ལམ་ལོག་པ་རྣམས་ཐར་པའི་ལམ་ཟིན་པར་མཛད་དུ་གསོལ། བཀྲེས་ཕོངས་གྱིས་མནར་ནས་སྡིག་པ་བྱེད་པ་རྣམས་དཔལ་འབྱོར་དང་ལྡན་ནས་སྡིག་ལས་ལོག་པར་མཛད་དུ་གསོལ། འཐབ་རྩོད་གསོད་གཅོད་ཀྱི་འཇིགས་པ་སེལ་བ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་འཐོབ་པར་མཛད་དུ་གསོལ། ༈ སླར་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ཀྱི་དབང་ཞུ་བའི་དོན་དུ་མོས་གུས་ཤུགས་ཕྱུང་ཐལ་མོ་སྦྱར་གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །ཞེས་ལན་གསུམ་ཞུ། དེ་ནས་སྐྱབས་སེམས་ནི། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག །རང་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོ་ཨཱ་ལི་ཀཱ་ལིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་སྐུ་མདོག་དམར་པོ་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཆོག་སྦྱིན་མཉམ་བཞག་གི་ཕྱག་རྒྱ་མཛད་པ་དབུ་གཙུག་ཏོར་ཞབས་འཁོར་ལོ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཞིང་ངུར་སྨྲིག་གིས་བཀླུབས་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་དམར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་དམར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་རིན་ཆེན་རྒྱ་མཚོ་ལེགས་པར་གནས་པ་ཞེས་བྱ་བའི་ཞིང་མཆོག་དམ་པ་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དངས་ལ་རྣམ་པ་གསལ་བ་གསུང་ཨཱ་ལི་ཀཱ་ལིའི་རང་སྒྲ་ཅན་ཐུགས་རྡོ་རྗེ་དམར་པོ་འོད་ཟེར་དམར་པོ་གཟི་མདངས་དང་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་གཏོད་ཅིག །ཞེས་བརྗོད་སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ༴ ན་མཿསརྦ་ཏ་ཐཱ་ག་ཏྱ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་མེ་ཏོག་སྤྱི་བོར་བཀོད་རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་ཞིང་ངག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། གསུམ། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཞལ་འཛུམ་མདངས་དང་བཅས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག གསུངས་ཏེ་འོད་ཕུང་དུ་གྱུར་ནས་སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་གསལ་བའི་ཕྱག་ན་ཟག་པ་མེད་པའི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་སྦྱིན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་བརྒྱན་གྱུར། །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་སྐུའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་བཅོམ་ལྡན་འདས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དམར་པོའི་རྟ་ལ་ཞོན་ཁྱེད་རང་རྣམས་བཅོམ་ལྡན་འདས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་གདན་གྱི་སྟེང་དུ་གཡས་སུ་འཁོར་བས་བཅོམ་ལྡན་འདས་ཆོས་ཀྱི་བློ་གྲོས་ཀྱི་གསུང་གི་བྱིན་རླབས་ཐོབ་པར་བསྒོམ་ལ་གཟུངས་རིང་དང་ཉེ་སྙིང་བཟླས། ཁྱེད་རང་རྣམས་མེ་ཏོག་དམར་པོའི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་དམིགས་ཤིང་། རིན་ཆེན་མེ་ཏོག་དམར་པོའི་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཅེས་བརྗོད་སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །ཤིས་པ་བརྗོད་མེ་ཏོག་མཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དམར་པོ་འོད་་ཟེར་དམར་པོ་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས་ཁྱེད་རང་རྣམས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་བསྒོམས་ལ་མ་བཅོས་པར་ཞོག་ཅིག །བླ་མས་ཕྱག་མཚན་ནམ་མཁར་གདེང་ཞིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ་བར་སྣང་ལས་འཇའ་ཤར་བ་ལྟར་སྐད་ཅིག་གིས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་དམར་པོ་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་ཟེར་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་ཐུགས་ཀྱི་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་སྐད་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ། འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་སྔོན་གྱི་སྨོན་ལམ་དང་། ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཁྱད་པར་དུ་བཅོམ་ལྡན་འདས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཁྱེད་ཀྱི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། ཚོང་དང་ཞིང་ལས་འཐབ་རྩོད་ཀྱི་སྡིག་པ་དང་སྡུག་བསྔལ་མེད་པར་མཛད་དུ་གསོལ། དམྱལ་བའི་སྐྱེ་སྒོ་ཆོད་པར་མཛད་དུ་གསོལ། སྲོག་ལ་བར་དུ་གཅོད་པའི་རྐྱེན་ཐམས་ཅད་སེལ་བར་མཛད་དུ་གསོལ། ཤི་བའི་འོག་ཏུ་ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས་ནས་མཐོ་རིས་འཐོབ་པ་སོགས། སྨོན་ལམ་ཆེན་པོ་དེ་དག་གི་བཀའ་དྲིན་དང་ཐུགས། །རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་འཐོབ་པར་མཛད་དུ་གསོལ། །ཞེས་པ་འདི་གཏེར་གཞུང་གི་དབང་འགྲེས་ཡིན་ནོ། །མངྒ་ལཾ།། །།

དབང་ཆོག་ཆིག་དྲིལ་ནག་འགྲོས་སུ་བཀོད་པ།

དམ་ཆོས་བདུད་རྩིའི་ཐིགས་པ་ཡི། དབང་ཆོག་ཆིག་དྲིལ་ནག་འགྲོས་སུ་བཀོད་པ་འདི་རང་གཞན་འགའ་ཞིག་ལ་གྲོང་ཆོག་སོགས་ལ་མཁོ་ཕྱིར་བྲིས་པ་བཞུགས་སོ།འཕགས་པ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ལོ་ཙཱ་བ་ཀླུ་དབང་གིས་གུ་རུ་རིན་པོ་ཆེ་ལ་གུས་པས་ཕྱག་དང་སྐོར་བ་བྱས། གསེར་གྱི་མཎྜལ་ཕུལ། དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས་ནས། ཕྱི་མའི་འགྲོ་བ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་བརླབས་དབང་གི་གདམས་པ་རིན་པོ་ཆེ་ཟབ་ལ་འདྲིལ་བ་ཞིག་གནང་དུ་གསོལ་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། རིགས་ཀྱི་བུ་ཚུལ་བཞིན་ཉོན་ལ་ཡི་གེར་ཐོབ་ཅིག འཕགས་པ་དེ་བཞིན་གཤེགས་པ་མཆོག་གི་སྨོན་ལམ་གྱི་དབང་བསྐུར་འདོད་པས། གནས་ཁང་སྐྱང་ནུལ་དང་དྲི་བཟང་གིས་ཆག་ཆག་གདབ་སྟེ། སྟེགས་བུ་གནས་ཀྱི་ཁྱོན་ལྟར་མཛེས་པར་བྱས་ཤིང་ག་བུར་གྱི་ཆུས་བྱུག དེ་སྟེང་བུམ་པ་ལྷ་གྲངས་དྲི་བཟང་གི་ཆུས་སུམ་ཆ་བཀང་བ་གཟུངས་ཐག་དུང་ཆོས་འབྲས་བུ་ཅན་གྱི་ཤིང་དང་རྨ་བྱས་བརྒྱན་པ་བརྒྱད་དབུས་དང་ཕྱོགས་སུ་འགོད། རིན་པོ་ཆེའི་མཎྜལ་གྱི་སྟེང་དུ་སྦྲང་བུ་རམ་མར་དྲི་བཟང་གི་ཆུ་སོགས་གང་འབྱོར་གྱིས་སྦྲུས་པའི་ཚོམ་བུ་བཟང་པོ་གཙོ་བུམ་མ དུན་དུ་འགོད། འབྲས་སམ་ཕྱེ་གཙང་ལ་ཟླུམ་གཏོར་རྒྱན་ལྡན་ལྷ་གྲངས་དེའི་ཕྱི་ནས་བཀྲམ། རས་བྲིས་ཀྱི་ཙཀླི་དམིགས་རྟེན་བུམ་པ་རྣམས་ཀྱི་ཁ་རྒྱན་དུ་བྱུང་ཡང་ལེགས། བཀྲ་ཤིས་པའི་རྫས་བརྒྱད་དང་། རྟགས་བརྒྱད་སོགས་ཀྱང་འགོད། བཀའ་གཏེར་སྲུང་མའི་གཏོར་མ་རྣམས་ཀྱང་བཟང་དུ་བཤམས། མཆོད་པ་སྣ་ཚོགས་སྤོས་དང་མེ་ཏོག་མར་མེ་སོགས་གྱ་ནོམ་པར་བཤམས་ཤིང་བུམ་པ་བསྐྱེད་ཆོག་མཆོད་བསྟོད་བཟླས་པ་སོགས་གྲུབ་ནས་བདག་འཇུག་བླངས། ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཡན་ལག་ལྔ་ཁྲུས་བྱ། ལག་གཡོན་མཎྜལ་བཟང་པོ་ཐོགས་ནས་འདི་སྐད་ཞུ། ན་མོ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་མཆིའོ། །དེ་བཞིན་གཤེགས་པ་ས་རྒྱལ་བ། །འཇོམས་པ་ཆེན་པོ་རྡོ་རྗེའི་སྐུ། །དཔའ་བོ་ཆེན་པོ་མཐུ་ཆེན་ལྡན། །བདག་ཅག་འཁོར་བའི་འཇིགས་ལས་སྐྱོབས། །ཐར་པ་མཆོག་གི་ཞིང་ལ་སྦྱོར། །ཡང་དག་མཆོག་ལ་སྨིན་པར་མཛོད། །སློབ་དཔོན་གྱིས། ཉོན་ཅིག་འདིར་ཚོགས་རིགས་ཀྱི་བུ། །སྡུག་བསྔལ་འཁོར་བའི་འཇིགས་པ་ལས། །ཐར་འདོད་ངེས་འབྱུང་སེམས་ཡོད་ན། །བླ་མེད་སྟོན་པ་བཅོམ་ལྡན་འདས། །བདེ་གཤེགས་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཁྱེད་རྣམས་རྗེས་སུ་འཛིན་པར་བྱ། །ཡན་ལག་བརྒྱད་པའི་སྡོམ་པ་ལོངས། ཞེས་གནང་བ་བྱིན། རྒྱུན་ཞུགས་རྣམས་ལ་གསོ་སྦྱོང་དང་། ཁྱིམ་པ་རྣམས་ལ་བསྙེན་གནས་འབོག །དེ་ནས་དངོས་གཞི་དབང་དོན་དུ། །མོས་གུས་ཤུགས་ཕྱུང་ཐལ་མོ་སྦྱར། །གསོལ་བ་འདེབས་པ་འདི་བཞིན་བརྗོད། ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། ཞེས་ཞུ། སྐྱབས་སེམས་སོགས་འབོག་པ་ནི། ན་མོ་བླ་མ་སངས་རྒྱས་བདེ་གཤེགས་བཅོམ་ལྡན་འདས། །སྨན་རྒྱལ་མཆེད་བདུན་བྱང་ཆུབ་སེམས་དཔའི་ཚོགས། །སྐྱབས་གནས་མ་ལུས་ཇི་སྙེད་ཐམས་ཅད་ལ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི། །ལན་གསུམ། ན་མོ་མཁའ་མཉམ་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །སྡུག་བསྔལ་འཁོར་བའི་གྲོང་ཁྱེར་ཆེན་པོ་ལས། །བསྒྲལ་ཞིང་བྱང་ཆུབ་མཆོག་ལ་འགོད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྨོན་ལམ་རྗེས་སུ་བསྐུལ། བླ་མེད་བྱང་ཆུབ་མཆོག་ལ་རེག་པར་ཤོག །ན་མོ་རྒྱལ་བ་རྣམས་ལ་གུས་པས་ཕྱལ་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས་ཀྱིས་མཆོད། །མི་དགེ་སྡིག་སྒྲིབ་ཉེས་ལྟུང་བསགས་རྣམ་བཤགས། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་འགྲོ་བའི་མགོན་དུ་བཞུགས། །དུས་གསུམ་དགེ་བའི་ཚོགས་ལ་ཡི་རང་ངོ་། །འགྲོ་དྲུག་མ་ལུས་སངས་རྒྱས་མངོན་གྱུར་ཤོག །ལན་གསུམ། ད་ཁྱེད་རང་རྣམས་འདུག་སྟངས་བཟང་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་གཏོད་ཅིག རང་རང་གི་སྤྱི་བོར་དབུས་སུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ས་བོན་ཧཱུྃ་ཡིག་སེར་པོ་དང་། དེ་མཐར་མདུན་ནས་གཡས་བསྐོར་དུ་པད་ཟླའི་གདན་ལ་ཧཱུྃ་ཡིག་སྔོན་པོ། སེར་པོ་གསུམ། དམར་སྐྱ། དཀར་པོ། དམར་པོ་རྣམས་ཨ་ལི་ཀཱ་ལིས་མཚན་པ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས་བྱིན་རླབས་བསྡུས། ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། དབུས་སུ་ཤཱཀ་ཐུབ་སེར་པོ་ས་གནོན་དང་མཉམ་གཞག་ཅན། དེ་མཐར་སྨན་བླ་སྔོན་པོ་ཕྱག་གཉིས་མཆོག་སྦྱིན་མཉམ་བཞག་ཨ་རུ་རྣམ་རྒྱལ་འཛིན་པ། མཚན་ལེགས་པ་ཡོངས་གྲགས་སེར་པོ་སྐྱབས་སྦྱིན་མཉམ་གཞག །མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་སེར་པོ་མཆོག་སྦྱིན་མཉམ་གཞག གསེར་བཟང་དྲི་མེད་རིན་ཆེན་སྣང་སེར་པོ་སྐྱབས་སྦྱིན་མཉམ་གཞག མྱ་ངན་མེད་མཆོག་དཔལ་དམར་སྐྱ་མཉམ་གཞག་ཏིང་འཛིན་ཅན། ཆོས་གྲགས་རྒྱ་མཚོའི་དབྱངས་དཀར་པོ་ཆོས་འཆད། ཆོས་བློ་མངོན་མཁྱེན་དམར་པོ་མཆོག་སྦྱིན་མཉམ་གཞག་གི་ཕྱག་རྒྱ་མཛད་པ་རྣམས་ཞལ་གཅིག་འཛུམ་མདངས་དང་ལྡན་པ་ལ་རང་འོད་འབར་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་གཞུགས་པ། དབུ་གཙུག་ཏོར། ཞབས་འཁོར་ལོ། མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཅིང་བླ་གོས་ངུར་སྨྲིག་གིས་བཀླུབས་པར་གསལ་བ་རྣམས་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀ་རྡོ་རྗེ་ཧཱུྃ་རང་མདོག་གིས་མཚན་པ་ལས་འོད་ཟེར་རང་མདོག་ལྟར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་རང་རང་གི་ཞིང་ཁམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་སྐུ་དྭངས་ལ་རྣམ་པ་གསལ་བ། གསུང་ཨ་ལི་ཀཱ་ལིའི་ཡིག་འབྲུ་རང་སྒྲ་ཅན། ཐུགས་རྡོ་རྗེ་མདོག་མཚུངས་འོད་ཟེར་དང་གཟི་མདངས་ལྡན་པ་མང་པོ་རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་ལྟར་སྤྱི་བོའི་སྐུ་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་གཏོད་ཅིག ཅེས་བརྗོད་སྤྱན་འདྲེན་ནི། ཧཱུྃ། འཕགས་པ་མཆོག་སྐུ་རྒྱལ་བ་དེ་བཞིན་གཤེགས། །ཁྱེད་རྣམས་སྔོན་ཚེ་དཔག་མེད་གོང་རོལ་ནས། །མངོན་པར་བྱང་ཆུབ་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེས་ཡལ་བར་དོར་བའི་བླུན་རྨོངས་བདག །སྐྱབས་དང་མགོན་མེད་སྡུག་བསྔལ་རྒྱ་མཚོར་བྱིང་། །ཀྱཻ་མ་ཀྱི་ཧུད་ཉམ་ཐག་ང་རོས་འབོད། །བརྩེ་བའི་ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས། །བསྐལ་པའི་ཡང་མཐའ་ཕྱི་མའི་ཕྱི་མ་འདིར། །སྙིང་ནས་འབོད་ལ་རྗེས་སུ་མ་དགོངས་ན། །འཕགས་མཆོག་ཐུགས་རྗེ་ཆེ་ཡང་ཅི་ཞིག་འཚལ། །མཆོད་པའི་རྫས་བཤམས་གདུང་བའི་ཤུགས་བསྐྱེད་པས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །བསྐྱེད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐུགས་རྗེའི་མཐུ་ཡིས་གནས་འདིར་གཤེགས་སུ་གསོལ། །བྱིན་རླབས་སྟོབས་ཀྱིས་གནས་འདིར་གཤེགས་སུ་གསོལ། །རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ན་མཿསརྦ་ཏཱ་ཐ་ག་ཏྱ་ཕེཾ་ཕེཾ་ཨ་བེ་ཤ་ཡ་ཨ་ཨཱཿ བརྗོད་མེ་ཏོག་སྤྱིར་བོར་བཀོད། རྡོ་རྗེ་གནས་གསུམ་དུ་འཇོག །ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། དེ་ནས་འདུ་ཤེས་དང་མོས་པ་གཏད་ཅིང་ཐལ་མོ་སྦྱར་བཞིན་ངག་ནས། ན་མོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་གསུམ། དེ་བཞིན་ཐོག་མཐའ་འདྲ་བ་ལས། སངས་རྒྱས་སྨན་པའི་རྒྱལ་པོ་སྐུ་འཁོར་དང་བཅས༴ སངས་རྒྱས་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་སྐུ་འཁོར་དང་བཅས༴ མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་སྐུ་འཁོར་དང་བཅས༴ སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་སྐུ་འཁོར་དང་བཅས༴ སངས་རྒྱས་བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་སྐུ་འཁོར་དང་བཅས་པ༴ སངས་རྒྱས་བཅོན་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་སྐུ་འཁོར་དང་བཅས་༴ སངས་རྒྱས་བཅོམ་ལྡན་འདས་ཆོས་རྒྱ་མཚོའི་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་སྐུ་འཁོར་དང་བཅས༴ ཞེས་སོ་སོར་ལན་གསུམ་རེ་བརྗོད། འོ་དེ་ལྟར་གསོལ་བ་བཏབ་ཅིང་མོས་པ་གཏད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་གཤེགས་བརྒྱད་ཞལ་འཛུམ་མདངས་ཀྱིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་ཅིག །གསུངས་ནས་འོད་ཕུང་དུ་གྱུར་ཏེ། སྒོ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྤྱོད་པའི་སྐལ་ལྡན་དུ་གྱུར་པར་བསྒོམ། དེ་ནས་སྐུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དབང་ལྷར་རྒྱལ་བར་རིགས་ལྔ་འཁོར་གསལ་བའི་ཕྱག་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དུ་མངོན་སུམ་དུ་གྱུར་པར་བསྒོམས་ཏེ། དེ་ཡང་ཁྱེད་རང་རྣམས་བསྟན་པའི་བདག་པོར་གསལ་བའི་ཐུགས་ཀར་ཟླ་གདན་གྱི་འཁོར་ལོའི་ལྟེ་བར་སྨན་བླ་དང་། དེ་མཐར་མཚན་ལེགས་སོགས་སངས་རྒྱས་དྲུག་གིས་བསྐོར་བར་གསལ་ཞིང་རང་གི་ལུས་ངག་ཡིད་གསུམ་དག་པའི་སྣང་ཆ་ལས་ཡོངས་སུ་གྲུབ་པའི་ལྷ་དེ་རྣམས་ཀྱང་ཞལ་བླ་མ་ལ་ཕྱོགས་ཏེ་བཞེངས་པར་མོས་ཤིག །བློ་དམན་རྣམས་ཀྱིས་གནས་སྐབས་ཀྱི་མོས་ངོར་འདི་ལྟར་བྱས་ན་རྣམ་པ་གསལ་བ་ལྟར་སྣང་ཞིང་། གཞན་དུ་ནི། ཞལ་ཕྱོགས་ལུགས་ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། ཞེས་གསུངས་པ་ལྟར་ཤེས་པར་བྱའོ། ཧཱུྃ། ཇི་ལྟར་དུས་གསུམ་མཁྱེན་མངའ་དེ་བཞིན་གཤེགས། །ཇི་སྙེད་མཁྱེན་པའི་ཏིང་འཛིན་ཡེ་ཤེས་རྩལ། །བླ་ན་མེད་པའི་དབང་མཆོག་འདི་ཕུལ་བས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་དབང་བསྐུར་བུམ་ཆུ་སྩལ་ཞིང་སྤྱི་བོར་བརྒྱན་ཏེ། ཧཱུྃ། ཏིང་འཛིན་རོལ་པ་དབང་ལྷས་དབང་བསྐུར་བས། །མཆོག་གི་ཡེ་ཤེས་རྒྱས་ནས་སྤྱི་བོའི་རྒྱན། །རང་རང་རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་ལྡན་པས་དབུ་རྒྱན་གྱུར། །ཞེས་དང་། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ཀྱི་བཀྲ་ཤིས་ཤོག །སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཤཱཀྱ་ཐུབ་པས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གསང་སྒྲུབ་ལྟར་བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་དུ་གསལ་བའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་སེར་པོའི་རྟ་ལ་ཞོན། ཁྱེད་རང་རྣམས་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པར་གསལ་བའི་ཞལ་དུ་ཞུགས། གཏེར་སྟོན་གྱིས་མཛད་པ་ལྟར་རོ། མགྲིན་པར་ཟླ་གདན་གྱི་སྟེང་དུ་ས་བོན་གྱི་མཐར་གཡས་སུ་འཁོར་བས་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་གི་བྱིན་རླབས་ཐོབ་པར་བསྒོམས་ལ་འདིའི་རྗེས་ཟློས་མཛོད། །ཏདྱ་ཐཱ། སིདྡྷེ་སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོཀྵ་ཎི་མུཀྟེ་བི་མུཀྟེ། ཨ་མ་ལེ་བི་མ་ལེ་མཾ་ག་ལྱེ། ཧི་ར་ནྱ་གྷརྦྷེ་རཏྣ་གྷརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱརྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུ་ཏེ་ཨ་ཏྱ་བྷུ་ཏེ། བྷི་ཏཱ་བྷ་ཡེ་སུ་ཝརྞེ་བྲཧྨ་གྷོ་ཥེ། བྲཧྨ་དྷྱུ་ཏེ། སརྦྦ་ཨཪྠེ་ཥུ་ཨ་པ་རཱ་ཛི་ཏེ། སརྦྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཿཤཥྛི་བུདྡྷ་ཀོ་ཊི་བྷ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། ལན་གཅིག་གམ་གསུམ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ། ལན་གསུམ། ཡང་སློབ་དཔོན་སངས་རྒྱས་སྨན་བླ་སོགས་བདེ་བར་གཤེགས་པ་བདུན་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་སྐུའི་མདོག་མཚུངས་ཀྱི་རྟ་ལ་ཞོན། ཁྱེད་རང་རྣམས་བཅོམ་ལྡན་འདས་བདེ་བར་གཤེགས་པ་བདུན་དུ་གསལ་བའི་ཞལ་དུ་ཞུགས། གཏེར་སྟོན་གྱིས་བཞེད་པ་ལྟར་རོ། ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ས་བོན་རང་མདོག་གི་མཐར་གཡས་སུ་འཁོར་བས་བཅོམ་ལྡན་འདས་བདེ་བར་གཤེགས་པ་བདུན་གྱི་གསུང་གི་བྱིན་རླབས་ཐོབ་པར་བསྒོམ་ལ་འདིའི་རྗེས་ཟློས་མཛོད། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནི་མི་ཧི་མ་ཏི་མ་ཏི་སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱ་ངྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤཱ་ཡ་མ་མ་བྷུདྡྷ་བྷུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བྷུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ་མེ་རུ་མེ་རུ་མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། ནི་པཱ་ར་ཎི། བྷུདྡྷེ་སུ་བྷུདྡྷེ། བྷུད་དྷ་ཨ་དྷིཥྛཱ་ན། རཀྵནྟུ་མེ། སརྦ་དྷེ་ཝ་ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ། སརྦ་བྷུདྡྷ་བྷོ་དྷི་སཏྭ། ཤ་མེ་ཤ་མེ་པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་ཏ་ཡ། པཱུ་ར་ཎེ་པཱུ་ར་ཎི་པཱུ་ར་ཡ་མེ། སརྦ་ཨ་ཤཱ་ཡ། བཻཌཱུཪྻ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡངྐ་རི་སྭཱ་ཧཱ། ལན་བདུན། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷོ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ལན་བཅུ་བཞི་རྣམས་རྗེས་བཟློས་བྱེད་སློབ་མ་རྣམས་ཀྱིས་ལྷའི་མདོག་མཚུངས་མེ་ཏོག་གི་ཕྲེང་བ་རེ། སློབ་དཔོན་ལ་དབུལ་ཞིང་། རིན་ཆེན་མེ་ཏོག་མདོག་མཚུངས་ཕྲེང་བ་འདི། །རྡོ་རྗེ་འཛིན་པ་ཆེན་པོར་འབུལ་གྱིས་བཞེས། །ལྷག་པའི་ལྷ་མཆོག་རྒྱལ་བ་བཅོམ་ལྡན་འདས། །བདག་ལ་རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཞེས་བརྗོད། སློབ་དཔོན་གྱིས་སྔགས་ཕྲེང་སློབ་མ་རྣམས་ཀྱི་སྤྱི་བོར་བཀོད་ནས། འཕགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་པ་བརྒྱད། སློབ་མ་འདི་ལ་ལེགས་སྩལ་བས། །འདི་ཉིད་རྗེས་སུ་འཛིན་མཛད་ནས། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ལོངས་སྐུའི་འབྲས་བུ་མཆིས་པར་མཛོད། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། ཆོས་གྲགས་མངོན་མཁྱེན་སྨན་བླ་྄ཤཱཀྱ་ཐུབ། རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། བདེ་བར་གཤེགས་པ་བརྒྱད་ཀྱི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། མེ་ཏོག་འཐོར། གསུམ་པ་ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབས་པས་སློབ་དཔོན་དེ་བཞིན་གཤེགས་པ་བརྒྱད་དུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་ལྷའི་མདོག་མཚུངས་འོད་ཟེར་ཡང་མདོག་མཚུངས་རེག་བྱ་ཚ་ལ་རང་བཞིན་མྱུར་བ་མང་པོ་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས། ཁྱེད་རང་རྣམས་ལྷར་གསལ་བ་ལ་ཕོག་པས་དམིགས་མེད་སྟོང་པ་ཆེན་པོར་གྱུར་པར་བསྒོམ་ལ་མ་བཅོས་པར་ཞོག་ཅིག བླ་མས་ཕྱག་མཚན་ནམ་མཁར་གདེངས་ཤིང་ཧཱུྃ་སྒྲ་ལན་གསུམ་བརྗོད་ཅིང་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བའམ། བར་སྣང་ནས་འཇའ་ཤར་བ་ལྟར་སྐད་ཅིག་གིས་ཁྱེད་རང་རྣམས་དེ་བཞིན་གཤེགས་པའི་སྐུར་གསལ་བ་ལ་ཚོམ་བུ་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་མདོག་མཚུངས་གཟི་བརྗིད་དང་ལྡན་པས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པར་བསྒོམ། ཧཱུྃ། དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ། །ཚོམ་བུའི་རྣམ་པར་འོད་མདངས་གཟི་བརྗིད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་བཞིན་གཤེགས་པའི་ཐུགས་ཀྱི་དབང་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གའམ་སྤྱི་བོར་ཚོམ་བུ་སྦྱིན། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ཀྱི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དེ་བཞིན་གཤེགས་པ་བརྒྱད་ཀྱི་ཐུགས་ཀྱི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་བག་ཆགས་དང་སྡིག་སྒྲིབ་དག་ནས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་དེ་བཞིན་གཤེགས་པ་བརྒྱད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ་ཅིང་། །སླར་ཡོངས་རྫོགས་ཀྱི་དབང་ཞུ་སྙམ་པས་འདི་བཞིན་སྨྲོས་ཤིག །ན་མོ་རྡོ་རྗེ་འཆང་ཆེན་སློབ་དཔོན་དང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ། །བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དེ་བཞིན་གཤེགས་པ་བརྒྱད་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་་བརླབས་པས་སྔོན་སྨོན་ལམ་ཐུགས་བསྐྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མཁན་ཆེན་ཞི་བ་མཚོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་ཀླུ་ཡིི་དབང་པོ། རིག་འཛིན་ཉི་མ་གྲགས་པ། རྒྱས་སྲས་ཨོ་རྒྱན་བསྟན་འཛིན། རྗེ་བཙུན་བློ་གྲོས་རྒྱ་མཚོ། དྲིན་ཅན་རྩ་བའི་བླ་མ་སོགས་རྒྱལ་བ་སྲས་བཅས་སྐུ་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཁྱད་པར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། རྡོ་རྗེའི་སློབ་མ་ཁྱེད་རྣམས་ཀྱི་ལས་ངན་པའི་རྒྱུ་ལས་བྱུང་བའི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་ཞི་བ་དང་། ཚེ་དང་དཔལ་འབྱོར་དགེ་བའི་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས་འཇིག་རྟེན་འོད་ཀྱིས་ཁྱབ་ཅིང་འགྲོ་བ་མཚན་བཟང་དང་ལྡན་པ། སྐུའི་འོད་ཀྱིས་མུན་པའི་འཇིགས་པ་སེལ་བ། ཡིད་ལ་དྲན་པས་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་བདེ་བ་དང་ལྡན་པ། ཉན་རང་རྣམས་ཐེག་པ་ཆེན་པོའི་ལམ་ལ་སྦྱོར་བ། ཚུལ་ཁྲིམས་བསྲུངས་པ་ཐམས་ཅད་རྣམ་པར་དག་པ། ལོག་པ་རྣམས་ཀྱང་ང ན་སོང་དུ་མི་ལྟུང་བ། དབང་པོ་སྐྱོན་ཅན་ཐམས་ཅད་དབང་པོ་ཚང་ཞིང་བདེ་བ་དང་ལྡན་པ། ནད་ཀྱིས་བཏབ་པ་སྐྱབས་མགོན་མེད་ཅིང་བཀྲེས་ཕོངས་ཀྱིས་མནར་བ་ནད་དང་སྡུག་བསྔལ་ལས་ཐར་བ། བུད་མེད་རྣམས་བུད་མེད་ཀྱི་སྐྱེ་གནས་ལས་ཐར་བ། ལྟ་བ་ལོག་པ་རྣམས་ཡང་དག་པའི་ལྟ་བ་ལ་སྦྱོར་བ། རྒྱལ་པོའི་ཆད་པ་སོགས་འཇིགས་པ་དང་འཇིགས་ཚོགས་ལས་ཐར་བ། བཀྲེས་སྐོམ་ཕོངས་པ་རྣམས་བཟའ་བཏུང་འཐོབ་པ། རྒན་འཁོག་སྐྱབས་མེད་རྣམས་ཟས་གོས་འཐོབ་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། བཅོམ་ལྡན་འདས་མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། ལུས་ཀྱི་ནད་གདོན་ཐམས་ཅད་ཞི་བ། དབང་པོ་ཉམས་པ་ཐམས་ཅད་སོས་ནས་ཚང་བ། མཚམས་མེད་ལྔའི་ལས་སྒྲིབ་རྒྱུན་ཆད་པ། བཀྲེས་ཕོངས་རྣམས་དཔལ་འབྱོར་རྒྱས་པ། བརྡུང་བརྡེགས་བསད་བཅད་ཀྱི་ཉེས་པ་ཞི་བ། འཇིགས་པ་བརྒྱད་ཀྱིས་གནོད་པ་ཞི་བ། འཐབ་འཛིང་རྩོད་པ་སེལ་བ། གྲུ་དང་ཆུ་་བོར་ཞུགས་པ་ལ་ཆུའི་འཇིགས་པ་ལས་སྐྱོབ་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་དང་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཅོམ་ལྡན་འདས་མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། ཞིང་ལས་དང་ཚོང་གི་ལས་ངན་པ་བསགས་པ་དག་ནས་དཔལ་འབྱོར་རྒྱས་པ། སྐྱེ་གནས་བཞིའི་སྡུག་བསྔལ་ལས་ཐར་བ། བུད་མེད་ཀྱི་སྐྱེ་སྒོ་ཆོད་པ། འཆི་བའི་དགྲ་དང་སྡུག་བསྔལ་སེལ་བ། མུན་ནག་དང་གདོན་གྱི་འཇིགས་པ་སྐྱོབ་པ། ཆོས་ལས་ལོག་པའི་ལས་སྤྱོད་པ་ལས་ལོག་ནས་ཆོས་ལ་སྤྱོད་པ། ཉན་རང་ལས་ལོག་ནས་ཐེག་ཆེན་ལ་སྦྱོར་བ། བསྐལ་བ་ཆེན་པོ་ཞིག་པའ་ིམེས་འཇིགས་པ་ལས་སྐྱབས་ནས་ཉིད་ཀྱི་ཞིང་དུ་སྐྱེ་བ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པའི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། སྲོག་བཅད་པའི་ཉེས་པས་ཚེ་ཐུང་བ་རྣམས་ཚེ་རིང་བ་བརྐུ་འཕྲོག་བཅོམ་པས་མེད་ཕོངས་རྣམས་བཀྲེས་ཕོངས་ལས་ཐར་བ། འཐབ་འཛིང་གི་འཇིགས་པ་ལས་གྲོལ་བ། ཚུལ་ཁྲིམས་འཆལ་བའི་ཉེས་པ་མེད་པ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། མྱ་ངན་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བ། དམྱལ་བ་ཚ་གྲང་གི་འཇིགས་པ་ལས་སྐྱོབ་པ། བཀྲེས་ཕོངས་ལས་ཐར་ཞིང་འདོད་ཡོན་ཕུན་སུམ་ཚོགས་པ། གནོད་སྦྱིན་དང་ཤ་ཟ་འབྱུང་པོའི་གནོད་པ་ཞི་བ་སོགས། སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ལོ། །བཅོམ་ལྡན་འདས་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་རྒྱལ་པོའི་དབང་བསྐུར་བའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུས་ལོག་པར་བལྟ་བའི་ལམ་ལས་ལྡོག་ཏེ་ཐར་པའི་ལམ་རྙེད་པ། མཐའ་ཁོབ་ཏུ་སྐྱེས་ནས་ལམ་ལོག་པ་རྣམས་ཐར་བའི་ལམ་སྣ་ཟིན་པ། བཀྲེས་ཕོངས་ཀྱིས་མནར་ནས་སྡིག་པ་བྱེད་པ་རྣམས་དཔལ་འབྱོར་དང་ལྡན་ནས་སྡིག་ལས་ལྡོག་པ། འཐབ་རྩོད་གསོད་གཅོད་ཀྱི་འཇིགས་པ་སེལ་བ་སོགས་སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ལོ། །བཅོམ་ལྡན་འདས་ཆོས་རྒྱ་མཚོ་མཆོག་གི་བློ་གྲོས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་དབང་བསྐུར་བའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས།ཚོང་དང་ཞིང་ལས་འཐབ་རྩོད་ཀྱི་སྡིག་པ་དང་སྡུག་བསྔལ་སེལ་བ། དམྱལ་བའི་སྐྱེ་སྒོ་ཆོད་པ། སྲོག་ལ་བར་དུ་གཅོད་པའི་རྐྱེན་ཐམས་ཅད་སེལ་བ། འཆི་བའི་འོག་ཏུ་ངན་སོང་གསུམ་གྱི་སྐྱེ་སྒོ་ཁོག་ནས་མཐོ་རིས་འཐོབ་པ་སོགས། སྨོན་ལམ་ཆེན་པོ་འདི་དག་གི་བཀའ་དྲིན་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་བར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དེ་བཞིན་གཤེགས་པ་སོ་སོའི་སྨོན་ལམ་ལྟར་བརྗོད། མཐའ་རྟེན་རྣམས་ཀྱང་སྤྱི་ལྟར་བསྐུར། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ཀྱི་བཀྲ་ཤིས་ཤོག། ཅེས་སོགས་ཤིས་པ་བརྗོད་མེ་ཏོག་འཐོར། དབང་གི་དམ་ཚིག་ཏུ། གཟུངས་དང་དེ་བཞིན་གཤེགས་པའི་མཚན་ཉིན་ལན་གསུམ་མཚན་ལན་གསུམ་དུ་མ་ཆགས་པར་འཛིན་པ་དང་། ཆོ་འཕྲུལ་ཟླ་བའི་ཡར་ངོ་ལ་འཕགས་པ་རྣམས་མཆོད་པར་རྩོམ་པ་སོགས་བྱའོ། །དེ་དག་གི་ཕན་ཡོན་ནི་མདོ་ལས་གསུངས་པ་ལྟར་འཐོབ་པའི་ལོ་རྒྱུས་ཀྱང་སྤྲོ་ཞིང་སློབ་མ་རྣམས་ཡིད་དབྱུང་བར་བྱའོ། ཞེས་པ་འདི་ཡང་གུ་རུ་རིན་པོ་ཆེའི་གསུངས་བཞིན་བདག་ལོ་ཙཱ་བས་ཡི་གེར་བྲིས་པའོ། གནོད་སྦྱིན་དམ་པ་ཁོལ་པོ་ཁས་བཀའ་འདི་ཟུངས་ཤིག །རྗེས་སུ་སྐྱོངས་ཤིག །མངྒ་ལཾ། དེ་ལྟར་དམ་ཆོས་བདུད་རྩིའི་ཐིགས་པའི་དབང་བསྐུར་གྱི་རིམ་པ་རྩ་བ་གཏེར་གཞུང་ལས་ཇི་ལྟར་བྱུང་བ་བཞིན། གཏེར་སྟོན་སྤྲུལ་པའི་སྐུ་རིན་ཆེན་པོ་ཆེས་བཀྲལ་ཏེ། བདེ་གཤེགས་བརྒྱད་རེ་རེ་བཞིན་སྐུ་གསུང་ཐུགས་མཐའ་རྟེན་སྨོན་ལམ་དང་བཅས་སོ་སོར་བསྐུར་བ་ཕྱག་ལེན་རྒྱས་པའི་ལུགས་རྣམ་པར་དག་པ་ཤིན་ཏུ་ལེགས་པར་སྣང་ཡང་། འོན་ཀྱང་ཚིག་ཚོགས་མང་ཆེས་པ་དང་། ཕྱག་ལེན་ཤིན་ཏུ་ལྕི་བས་ཕལ་ཆེར་གྱིས་གྲོང་ཆོག་སོགས་སུ་མི་ལྕོགས་པར་འདུག་གཤིས། འདི་ལྟར་བགྱིས་ན་གནས་སྐབས་སུ་རྣམ་པ་གསལ་ཞིང་འཇུག་པ་བདེ་ལ། གཞུང་གི་དངོས་བསྟན་གྱི་དབང་གི་ཚིག་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཚང་བ་བདེ་གཤེགས་བརྒྱད་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པའི་གཤིས་ལྟར་དབང་རྣམས་ཀྱང་ཆིག་དྲིལ་དུ་བསྐུར་བ་མི་འགལ་ཞིང་། གཙོ་བོར་མཚན་དང་གཟུངས་སྔགས་སྨོན་ལམ་སོགས་རྒྱས་པར་བཀོད་པ་འདིས་དབང་གི་གདམ་དོན་ཐམས་ཅད་ལེགས་པར་ཚང་བའང་ཡིན་ནོ། །ཞེས་པ་པདྨ་ཀུན་གྲོལ་རྣམ་པར་རྒྱལ་པས་བཀོད་པ་འདིས་ཀྱང་། ཟབ་གསང་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་མཐར་དར་ཞིང་རྒྱས་པ་དང་། འགྲོ་ཀུན་རྣམ་མཁྱེན་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་པ་བརྒྱད་ཀྱི་གོ་འཕང་མངོན་དུ་གྲུབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ


previousསངས་རྒྱས་སྨན་བླའི་སྐོར། no next