Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གཉིས་པ།


   
   
  collapse section
   
   
ཕྱི་སྒྲུབ་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   


 
previousཕྱི་སྒྲུབ་ཡིད་བཞིན་ནོར་བུ།next

ཕྱི་སྒྲུབ་ཡིད་བཞིན་ནོར་བུ།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ བདེ་གཤེགས་བརྒྱད་ཀྱི་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་བཞུགས༔བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་བྲེ་གུ་དགེའུའི་སྒྲུབ་ཕུག་ལ་བཞུགས་པའི་དུས་སུ་རིན་པོ་ཆེའི་མཎྜལ་དང་སྐྱེམས་བཅས་བདག་མཚོ་རྒྱལ་གྱིས་འདི་སྐད་ཞུས་སོ༔ གུ་རུ་དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ་ལགས༔ བདེ་གཤེགས་མཆེད་བརྒྱད་ཀྱི་དམ་ཆོས་བདུད་རྩིའི་ཐིགས་པ་བཀའ་སྩལ་པ་འགྲོ་བ་ཡོངས་དང་མ་འོངས་ཕྱི་མའི་དོན་དུ་སྐུ་དྲིན་ཆེ༔ འདི་ལྟའི་གདམས་སྐོར་ལ་ལོ་ཙཱ་བས་དབུ་ཡིག་ཐུན་མོང་ལྟར་དང་༔ གཏེར་ཚག་དབུ་ཞབས་ལ་ཕྱག་འཚལ་སྙིང་པོ་དགེ་ལེགས་སོགས་ཀྱི་བརྡ་ཡིག་ས་མ་ཡ་དང་༔ གཏེར་སྦས་ལ་རྒྱས་གདབ་ལས་འཕྲོ་ཅན་ལ་སྤྲོད་རྒྱ་སོགས་མ་ཐེབས་པས་ཆོག་གམ༔ སངས་རྒྱས་གཅིག་གྲུབ་མཆོད་བསྟོད་བྱས་པས་མ་འཐུས་པ་ཅི་ལགས་ཀྱང་༔ སེམས་ཅན་ལ་མོས་པ་ཐ་དད་ལགས་པས༔ དམ་ཆོས་བདུད་རྩིའི་ཐིགས་པ་འདིར་མོས་པ་རྣམས་ཀྱི་དོན་ལ་དགོངས་ཏེ༔ ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་འཁྱེར་བདེ་རེ་བཀའ་སྩལ་དུ་གསོལ༔ ཕྱི་མའི་དོན་དུ་བདག་གིས་ཡི་གེར་འདེབས་བསམ་ལགས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་ཇོ་མོ་མཚོ་རྒྱལ་དེ་སྐད་ཞུས་པ་ལེགས༔ དབུ་འཛིན་ལ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ་གང་རིགས་གཅིག་གམ་ལྷ་གང་ཡིན་གྱི་ས་བོན་དང་སྙིང་པོའམ་ཕྱག་མཆོད་ཀྱི་དབུ་རྒྱན་བརྡ་ཡིག༔ ཞབས་ལ་དགེ་བའི་ཚིགས་ཤིས་པའི་བརྡ་ཡིག་དང་བསྲུང་མར་བཅོལ་བ་གཏད་རྒྱཿ འབྱུང་བའི་ཁམས་ལ་མི་འཇིགས་སྦས་རྒྱཿ ལས་འཕྲོ་ལྡན་ལ་སྤྲོད་རྒྱཿ ལོག་ལྟ་ཅན་ལ་གསང་རྒྱཿ ཉམས་སུ་བླངས་ལ་ཟབ་ཁྱད་ཡོད་རྟགས་ཟབ་རྒྱ༔ དམ་ཚིག་གསུམ་གྱི་སྙིང་པོ་ས་མ་ཡཱ་རྒྱ༔ སོགས་གནས་སྐབས་མཐར་ཐུག་གི་ཆེ་བ་མང་ཡང་༔ ལོ་ཙཱ་བ་འདིའི་བྲིས་ལ་འདྲིས་ཆུང་སྐྱོན་ཞུགས་ཀྱང་སླད་མ་རྣམས་ལ་ཚུལ་ལྟར་སྤྱོད་པ་དང་༔ རྒྱལ་བ་དེ་བཞིན་གཤེགས་པ་རྣམས་ལ་མོས་འཆང་འདོད་དོན་བསྒྲུབ་པའི་རིམ་པ་ཡང་དེ་བཞིན་འཐད་པས༔ དེ་བཞིན་ཡི་གེར་ཐོབ་དང་བདག་གིས་བརྗོད་པར་བྱེད་པ་འདི་ཡང་གསང་བའི་བདག་པོའི་དགོངས་པ་ལྟར་དུ་རིག་ཅིང་སྤྱད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་བདེ་གཤེགས་མཆེད་བརྒྱད་ཕྱི་ལྟར་སྒྲུབ་པ་འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་འགྲོ་སྟ་གོན་ནི༔ ཡུལ་དགོན་སྒྲུབ་གནས་སོགས་མ་ཡིན་པའི་ས་རྒོད་ཡིན་ན་བརྟག་བླང་དང་༔ གང་ལྟར་ཡང་ལྟོ་འཕྱེ་འཁོར་བསྟུན་ལྟོ་བའི་ས་ཤར་རམ་ལྷོ་ནས་འབྲས་སྤུངས་པ་ལྟ་བུའམ༔ མེ་ལོང་བུམ་པ་རྡོ་རྗེ་དཔག་བསམ་གྱི་ཤིང་འདྲ་བའི་དབྱིབས་ལ་མདོག་ཀྱང་དཀར་སེར་དམར་བའི་ལྟེ་བ་ནས་ས་བླང་༔ སྟེགས་བུ་གནས་ཁྱོན་དང་བསྟུན་ཏེ་མཛེས་འཇམ་བཟང་བར་བཟོ་ཞིང་གི་ཝང་དང་ག་པུར་གྱི་ཆུས་ཆག་ཆག་བྱིལ་ཞིང་བུམ་སྨན་དང་ལྡན་པའི་བུམ་པ་རྒྱན་ལྡན་ཚོམ་བུ་བཀོད་པའི་དབུས་སུ་འགོད༔ གཡས་སུ་སངས་རྒྱས་ཀྱི་སྐུ་གཡོན་དུ་པུ་ཏི་རྒྱབ་ཏུ་སྒྲུབ་ཡིག་མདུན་དུ་གཏོར་མ་གཞུང་ལྟར་ལ༔ མཐའ་བསྐོར་མཆོད་པ་ཅི་འབྱོར་རྒྱས་པ་སྣ་ཚོགས་བཀའ་གཏེར་སྲུང་མའི་གཏོར་མ་སོགས་བཤམས་ཤིང་༔ དད་ལྡན་ཕོ་མོ་ཁྲུས་བྱས་གོས་གདན་གཙང་མར་བཅས་ཏེཿ བདེ་གཤེགས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡིད་ལ་དྲན་བཞིན་སེམས་བསྐྱེད་དང་བཅས་གདན་ལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ནི༔ གསང་བའི་བདག་པོ་ལ་གནང་བ་ཞུས་ནས་ཕྱི་རྒྱུད་པ་ལ་གཏོར་མ་མཚམས་ཀྱི་འཁོར་ལོ་ལས་གཞུང་ཚུལ་མཐུན་བསྲང་ཞིང་བུམ་པ་བསང་སྦྱངས༔ གཞལ་ཡས་ཁང་གི་ནང་དུ་སངས་རྒྱས་ཐུབ་པའི་དབང་པོ་ལ་འཁོར་བདེ་བར་གཤེགས་པ་བདུན་བྱང་སེམས་དགྲ་བཅོམ་ཐམས་ཅད་ཏིལ་གང་ཁ་ཕྱེ་བ་ལྟར་གསལ་ཞིང་༔ ཚངས་པ་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་གནོད་སྦྱིན་ཉི་ཁྲི་ཆིག་སྟོང་གཏེར་བསྲུང་བཅས་སོ་སོའི་གཏོར་མའི་སྣང་བརྙན་སྐུའི་དཀྱིལ་འཁོར་དུ་དམིགས་པ་དང་༔ ཁྱད་པར་རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་བུམ་ལྷར་བསྒོམས་པ་ལྟར་མངོན་སུམ་དུ་སངས་རྒྱས་ཐམས་ཅད་རང་མདོག་འོད་ཟེར་གྱི་སྐུ་རང་སྣང་གི་དཀྱིལ་འཁོར་དུ་བཞུགས་པའི་ངེས་ཤེས་དྲག་པོས་སྤྱན་འདྲེན་གདན་དབུལ་ཕྱག་མཆོད་དབང་དང་བསྟོད་པ་ཚར་རྗེས༔ གཟུངས་ཀྱི་ཏིང་འཛིན་ལྟར་རིམ་བཞིན་སངས་རྒྱས་ནས་འཁོར་བདུན་གྱི་སྤྱི་བོར་ཟླ་དཀྱིལ་ས་བོན་སྔགས་འཁོར་སྤྲོ་བསྡུས་བུམ་ལྷའི་ཐུགས་རྒྱུད་བསྐུལ་བས་ཕྱོགས་དུས་རྒྱལ་བ་རྒྱ་མཚོ་རིས་སུ་མ་གྲུབ་པ་སྤྱི་དང་༔ ཁྱད་པར་བདེ་གཤེགས་རྣམས་ཀྱི་ཞིང་རབ་འབྱམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ལ་མཉེས་པའི་མཆོད་པས་མཆོད༔ སོ་སོའི་ཐུགས་རྗེ་བྱིན་རླབས་སྨོན་ལམ་གྱི་བདེན་ཚིག་ནུས་མཐུ་ཐམས་ཅད་སངས་རྒྱས་སོ་སོའི་སྐུ་མདོག་གི་འོད་ལྟར་ཉི་མའི་ཟེར་གྱི་རྡུལ་བཞིན་བསྡུས་ཏེ༔ བདག་མདུན་རྣམས་ཀྱི་སྐུ་དང་སྔགས་འཁོར་ལ་ཐིམས་པས་གཟི་བརྗིད་རྒྱས་ཤིང་ཏིང་འཛིན་རབ་ཏུ་གསལ་བས༔ བུམ་པ་ཡང་ལྷའི་མདོག་མཚུངས་འོད་ཟེར་གྱི་བདུད་རྩི་འཁྱིལ་བ་དང་༔ ཁྱད་པར་རང་གི་སྤྱི་བོའི་སངས་རྒྱས་ཐམས་ཅད་ལས་སྐུ་གསུང་ཐུགས་མཉེས་པའི་བདུད་རྩི་སྐུའི་མདོག་གསང་བའི་སྦུ་གུ་ནས་ཚངས་བུག་བརྒྱུད་ལུས་ཀྱི་ཕྱི་ནང་ཁྱབ་པར་བབས་པས་སེམས་ཅན་སྤྱི་དང་རང་གི་ཚེ་རབས་ཀྱི་སྦྱང་དཀའི་ཉེས་ལྟུང་བཤགས་འོས་ཐམས་ཅད་སོལ་དུད་ཀྱི་ཆུ་བཞིན་འོག་སྒོ་ནས་ས་གཞི་ལ་ཐིམཿ ལུས་ལྷ་སོ་སོའི་མདོག་མཚུངས་བདུད་རྩིས་གང་བས༔ བདེ་གཤེགས་སོ་སོའི་སྨོན་ལམ་གྱི་བདེན་ཚིག་ནུས་པ་བྱིན་རླབས་ཀྱི་གནང་བ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཐོབ་པའི་ངེས་ཤེས་ཀྱི་ངང་ནས་གྲངས་ཀྱི་བསྙེན་པ་འབུམ་ཚོ་གཅིག་ལ༔ དུས་ནི་བརྩོན་འགྲུས་ལྟར་བསྒྲུབས་པས་མདོ་ལས་གསུངས་པའི་ཕན་ཡོན་རྣམས་འཐོབ་པར་གདོན་མི་ཟ་ཞིང་༔ དག་པའི་སྣང་བ་ཡང་ཞལ་མཇལ་བ༔ གསུང་གི་གླེང་ལང་༔ ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་བ༔ མི་རྟག་པ་རྣལ་མར་དྲན་ཞིང་སྒོ་གསུམ་ཆོས་ལ་ཚུད་པ༔ རྒྱུ་འབྲས་ལ་ཡིད་ཆེས་ཤིང་སྤང་བླང་ལ་གནས་པ༔ སངས་རྒྱས་བསྟན་དང་བསྟན་འཛིན་རྣམས་ལ་མོས་གུས་འཐོབ་ཅིང་བླ་མ་དང་མཆེད་ལྕམ་གྱི་དམ་ཚིག་ལ་བརྩེ་བ༔ འཁོར་བ་ལ་ངེས་པར་འབྱུང་བའི་སེམས་རྙེད་པས་འགྲོ་བ་ལ་བྱམས་པ་སོགས་མདོར་ན་སྒྲུབ་པ་འདི་ལ་ཞུགས་པའི་དྲོད་རྣམས་རིམ་གྱིས་དང་ཅིག་ཅར་སོགས་ཀྱིས་འབྱུང་ངེས་པས་བརྩོན་པ་དང་ལྡན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྒྲུབ་པའི་རྗེས་ནི༔ དགོང་མོ་གཏོར་མ་མཆོད་འབུལ་བསྟོད་པ་སོགས་ཚར་རྗེས་བུམ་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་རང་གི་སྤྱི་བོའི་ལྷ་ཚོགས་རྣམས་ལ་ཐིམ་པས༔ སྔོན་གྱི་སྨོན་ལམ་གྱིས་ཐུགས་རྒྱུད་བསྐུལ༔ ཐུགས་རྗེའི་དབང་གིས་འོད་དུ་ཞུ་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ སྐུ་གསུང་ཐུགས་ཀྱི་ཏིང་འཛིན་བྱིན་རླབས་ཐམས་ཅད་བུམ་པ་ཚད་ལྡན་གཉིས་ཀྱི་བཅུད་ལྟར་རྡོ་རྗེ་གསུམ་གྱི་དཔལ་དང་ལྡན་པར་བསམས་ཤིང་༔ ན་མོཿ བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་དགོངས༔ ཐུགས་རྗེའི་སྐུ་མཆོག་ཉི་མའི་དཀྱིལ་འཁོར་ལ༔ ལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་སྤྲས༔ བདག་བློས་མི་ཕྱེད་དད་པའི་ཡིད་ཀྱིས་བཟུང་ཿ གསལ་བར་བསྐྱེད་ཅིང་མཆོད་དེ་བསྒྲུབ་པའི་མཐུས༔ མཚན་མཆོག་བརྒྱད་ལྡན་སྐུ་ཡི་དཀྱིལ་འཁོར་ནས༔ མོས་པ་གཏད་པའི་ལུས་ལ་བྱིན་གྱིས་རློབས༔ འབྱུང་བཞི་དག་པ་རང་གྲོལ་སྐུ་བཞི་སྩོལ༔ ཚངས་དབྱངས་དྲུག་ཅུ་གསུང་གི་དཀྱིལ་འཁོར་ནས༔ བཟླས་པ་མཐར་ཕྱིན་ལུང་གི་དངོས་གྲུབ་སྩོལ༔ སྐྱེ་མེད་སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ དེ་བཞིན་གཤེགས་པ་སངས་རྒྱས་དངོས་གྲུབ་སྩོལ༔ སྣང་སྲིད་རང་དག་གཞལ་ཡས་དཀྱིལ་འཁོར་ནས༔ གཟུང་འཛིན་ཡོངས་གྲོལ་ཡོན་ཏན་དངོས་གྲུབ་སྩོལ༔ སྨོན་ལམ་མཐར་ཕྱིན་དུག་ལྔ་རང་གྲོལ་ནས༔ འགྲོ་དྲུག་འཁོར་བ་དོང་སྤྲུགས་དངོས་གྲུབ་སྩོལ༔ བདག་ནི་དེ་སྔོན་འཁོར་བ་ཐོག་མེད་ནས༔ ལམ་ལོག་ལམ་ནོར་སྲིད་པའི་བཙོན་རར་ཆུད༔ རྨི་ལམ་བཞིན་དུ་འགྲོ་དྲུག་སྐྱེ་གནས་བརྒྱུད༔ སྡུག་བསྔལ་བཟོད་དཀའ་དུ་མས་རང་རྒྱུད་མནར༔ ད་ནི་ཡི་ཆད་གདུང་བའི་འོ་དོད་འབོདཿ ཐུགས་རྗེས་དགོངས་ཤིག་སངས་རྒྱས་བཅོམ་ལྡན་འདས༔ བརྩེ་བའི་ཤུགས་ཕྱུང་ཐུགས་རྗེའི་ལྕགས་ཀྱུས་བཟུང་༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ ཚེ་འདིའི་འཕེན་པ་ཟད་པར་གྱུར་མ་ཐག༔ བཻཌཱུཪྻ་ཡི་ཞིང་མཆོག་རྣམ་པ་བདུན༔ སྨོན་ལམ་འབྲེལ་མཚུངས་གང་ལྡན་མྱུར་མཐོང་ནས༔ འཕགས་མཆོག་རྒྱལ་བའི་གོ་འཕང་མཆོག་ཐོབ་སྟེ༔ ཕ་མ་འགྲོ་དྲུག་འཁོར་བ་ལས་སྒྲོལ་ཤོག༔ ཅེས་དབང་བཞི་བླང་ཞིང་སྨོན་ལམ་གྱིས་མཚམས་སྦྱར༔ སླར་ཡང་སྐད་ཅིག་དྲན་རྫོགས་ཀྱིས་རང་ལུས་འོད་ལྔ་ལས་གྲུབ་པའི་སྤྱི་བོར་འཕགས་པའི་ལྷ་ཚོགས་མངོན་སུམ་གོང་ལྟར་བསྐྱེད༔ མོས་གུས་ལྡན་བཞིན་ཡིད་ལ་དྲན་བཞིན་ངང་༔ གཟུངས་ཀྱང་ཡིད་ཀྱིས་བཟླ་བཞིན་གཉིད་དང་བསྲེ༔ དེ་ཚེ་འཕགས་པའི་བྱིན་རླབས་འཐོབ་པར་འགྱུར༔ སྒྲུབ་པ་གྲོལ་ནས་དབང་བླང་སྒྲུབ་རྫས་རོལ༔ ལྷ་ཚོགས་འོད་ཞུ་རང་ལ་ཐིམ་པ་དང་༔ དངོས་གྲུབ་མ་ལུས་མངོན་དུ་གྱུར་པར་བསྒོམ༔ གཤེགས་གསོལ་བྱེད་དམ་རྫས་ལ་ཡེ་ཤེས་བསྟིམ༔ ཅི་བདེར་སྤྱོད་ཅིང་སྒྲུབ་རྫས་བླ་རྡོར་བཅང་༔ བཀའ་གཏེར་བསྲུང་མ་མཆོད་གཤེགས་གཞུང་ལྟར་སྤྱད༔ ཨེ་མ་ཚུལ་འདིར་ཞུགས་པའི་འགྲོ་བ་རྣམས༔ སྦྱང་དཀའི་སྡིག་ལྟུང་དྲུང་ནས་ཕྱུང་བ་དང་༔ བག་ཆགས་ལུས་རྒྱ་ཞིག་ནས་ཞིང་ཁམས་མཐོང་༔ མཚན་འཆང་གཟུངས་བཟླས་ཏིང་འཛིན་མ་ཤོར་ཅིག༔ ལས་འཕྲོ་ལྡན་པའི་བུ་དང་འཕྲད་པར་ཤོག༔ བཀའ་ཡི་བསྲུང་མ་ལྷ་དང་གནོད་སྦྱིན་གྱིས༔ གཏེར་འདིའི་སྲུང་མ་ཁོལ་པོ་ཁ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་གནས་མཆོག་དམ་པ་ཀློང་ཐང་སྒྲོལ་མ་འམ་ཀོ་ས་ལ་ནས་ལྕགས་རྟ་ཧོར་ཟླ་བདུན་པའི་ཚེས་བཅུ་ལ་གཏེར་ནས་གདན་དྲངས་ཤིང་མཚོ་རྒྱལ་གྱི་ཕྱག་བྲིས་ལས་བསྒྱུར་བ་མངྒ་ལཾ།། །།


previousཕྱི་སྒྲུབ་ཡིད་བཞིན་ནོར་བུ།next