Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གཉིས་པ།


   
   
  collapse section
   
   
   
ནང་སྒྲུབ་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   


 
previousནང་སྒྲུབ་དགོས་འདོད་ཀུན་འབྱུང་།next

ནང་སྒྲུབ་དགོས་འདོད་ཀུན་འབྱུང་།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ བདེ་གཤེགས་བརྒྱད་ཀྱི་ནང་སྒྲུབ་དགོས་འདོད་ཀུན་འབྱུང་བཞུགས༔ མཚོ་རྒྱལ་གྱི་ཕྱག་བྲིས་ཤོག་དྲིལ་ལས་བཤུས།བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ གུ་རུ་རིན་པོ་ཆེ་སྤྲུལ་པའི་སྐུ་བདེ་གཤེགས་བརྒྱད་ཀྱི་ནང་སྒྲུབ་ཀྱང་བཀའ་སྩལ་དུ་གསོལ༔ མོས་གུས་ཀྱི་ཕྱག་དང་དངོས་འབྱོར་གྱི་མཆོད་པ་རྣམས་ཀྱང་བཞེས་ཤིག་ཞུས་ཤིང་དངུལ་སྐྱོགས་འབྲས་ཆང་གིས་གཏམས་ནས་ཞུས༔ རིན་ཆེན་གསེར་གྱི་མཎྜལ་དང་ཕྱག་སྐོར་མང་པོས་མཆོད་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ ཇོ་མོ་མཚོ་རྒྱལ་ཞུས་པ་ལྟར་དུ་བཤད་ཀྱིས་ཉོན་ལ་ཡི་གེར་ཐོབ་ཅིག༔ དེ་ཡང་བདེ་གཤེགས་བརྒྱད་ནང་ལྟར་སྒྲུབ་པར་འདོད་པའི་གང་ཟག་གིས་ཕྱི་སྒྲུབ་ལྟར་གྱི་སྟ་གོན་སོར་བཞག་བུམ་པའི་མལ་དུ་མཎྜལ་བཀོད་པའི་སྟེང་དུ་ཨ་རུ་རྣམ་རྒྱལ་གསེར་མདོག་སོགས་གང་འཛོམ་བརྒྱད་ཚོམ་བུར་སྐྲ་ཚིལ་གྱི་འབྱར་རྩི་བྱེད༔ བཀོད་པ་བཤམས་སྒྲུབ་པོ་ཁྲུས་ནས་ཕྱུངས་གདན་ལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔གཉིས་པ་དངོས་གཞི་ནིཿ གསང་བའི་བདག་པོ་ལས་གནང་བ་སོགས་ཀྱང་སྔར་ལམ་ལྟར་ལ་སྒྲུབ་རྫས་རྣམས་བསངས་སྦྱངས༔ སྟོང་པའི་ངང་ལས་མཎྜལ་ཞིང་ཁམས་ཨ་རུ་བདེ་གཤེགས་བརྒྱད་ལ་འཁོར་བྱང་སེམས་དགྲ་བཅོམ་བཀའ་གཏེར་སྲུང་མ་ཐམས་ཅད་གཞུང་ལྟར་བསྐྱེད་ཅིང་༔ ཁྱད་པར་རང་མི་དམིགས་སྟོང་པར་རྒྱས་གདབ༔ སྟོང་བའི་ངང་ལས་བསྟན་པའི་བདག་པོར་གསལ་བའི་ཐུགས་ཀར་ཟླ་གདན་གྱི་འཁོར་ལོའི་ལྟེ་བར་སྨན་པའི་རྒྱལ་པོ་འཁོར་དྲུག་གིས་བསྐོར་བར་བསྐྱེད་ཅིང་ལས་ཀྱི་གཞུང་བསྲང་བསྟོད་པ་ཚར་རྗེས་གཟུངས་ཀྱི་ཏིང་འཛིན་ལྟར་རིམ་བཞིན་སངས་རྒྱས་ནས༔ དེ་བཞིན་གཤེགས་པ་བདུན་པོ་སོ་སོའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཟླ་གདན་ལ་ས་བོན་ཧཱུྃ་རང་མདོག་ལ་གཟུངས་སྔགས་བསྐོར་བའི་འོད་ཟེར་སྤྲོ་བསྡུས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ༔ ཕྱོགས་བཅུའི་རྒྱལ་བ་སྤྱི་དང་རྒྱལ་བ་མཆེད་བརྒྱད་འཁོར་བཅས་ལ་མཉེས་པའི་མཆོད་པས་དགྱེས་པ་ཆེན་པོར་མཆོད་ནས་བདེ་གཤེགས་སོ་སོའི་ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་རླབས་ནུས་སྟོབས་ཐུགས་རྗེའི་རྩལ་ཐམས་ཅད་སོ་སོའི་མདོག་གི་རྣམ་པའི་འོད་དང་ཟེར་བསམ་གྱིས་མི་ཁྱབ་པར་བསྡུས་ཏེ༔ གསལ་བ་སྐུའི་དཀྱིལ་འཁོར་བཟླས་པ་སྔགས་ལོངས་སྤྱོད་ཀྱི་འཁོར་ལོ་རྣམས་ལ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་ཐིམ་པས༔ མདུན་གྱི་སྒྲུབ་རྫས་མངོན་སུམ་རྒྱལ་བའི་ཕོ་བྲང་ལ་ཁྱད་པར་རང་ཉིད་དེ་བཞིན་གཤེགས་པ་རྣམས་དང་གཉིས་སུ་མེད་པའི་ངེས་ཤེས་བརྟན་ཞིང་ང་རྒྱལ་ལྡན་པས་རྣམ་དག་དྲན་བཞིན་སྣང་བའི་ཕྱི་སྣོད་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ལ་སྲིད་པའི་གཟུགས་ཅན་གཟུགས་མེད་ཐམས་ཅད་བདེ་གཤེགས་རྒྱལ་བ་རྣམས་དང་གཉིས་སུ་མེད་བཞིན་གཟུངས་ཀྱི་སྔགས་འཁོར་གྱི་རང་སྒྲ་སྒྲ་གྲགས་ཐམས་ཅད་བཟུངས་ཀྱི་རང་སྐད་དུ་ལྷང་ལྷང་༔ དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་ཡེ་ཤེས་སུ་ཟང་ཐལ་ཐལ་དུ་བསམས་ཤིང་གཞུང་ལྟར་བསྒོམ་བཟླས་ལ་འབད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ དེ་ལྟར་བརྩོན་འགྲུས་བསྐྱེད་དེ་ཉམས་སུ་བླངས་ནས་ཁྲི་བརྒྱད་བཟླས་པས་མདོ་ལས་གསུངས་བའི་ཡོན་ཏན་ཐམས་ཅད་འཐོབ་པར་གདོན་མི་ཟ་བས་ཡིད་གཉིས་ཀྱི་འཛིན་པ་སྤངས་ཏེ་ཉམས་སུ་བླང་བར་བྱའོ༔ ཁྲུས་བྱས་རྒྱན་བཏགས་གོས་གསར་གྱོན༔ དར་འཕྱར་དུང་འབུད་རོལ་མོ་འཁྲོལ༔ རྣག་ཁྲག་ཟགས་དང་གྲུ་ཟམ་སྒྲོལ༔ ཐུན་མོང་དངོས་གྲུབ་འཐོབ་པའི་རྟགས༔ གཏེར་རྙེད་མཁར་འཕུར་རྒྱལ་མཚན་བསྒྲེངས༔ རིན་ཆེན་རྣམ་ལྔའི་ཁྲི་ལ་བསྡད༔ ཉི་ཟླ་ཤར་དང་ཞོན་དང་བཟུང་༔ མཆོད་རྟེན་འཛེག་དང་བཟོས་ལ་སོགས༔ མཆོག་གི་དངོས་གྲུབ་ཐོབ་པའི་རྟགས༔ དེ་དག་རྣམས་ལས་མ་གསལ་བའི༔ ཞལ་མཇལ་གསུང་ཐོས་ཞིང་ཁམས་མཐོང་༔ དགེ་བའི་རྟགས་ནི་སྣ་ཚོགས་འབྱུང་༔ མུན་པར་འཐུམས་དང་ངན་སྐྱུགས་ཟོས༔ དགྲ་དམག་ཅེ་སྤྱང་ཆུར་བྱིངས་འཐབས༔ དེ་སོགས་མི་འདོད་ལྟས་ཀྱང་སྲིད༔ བཟང་རིགས་དེར་མཐུན་མཆོག་ཐུན་དབང་༔ ངན་རིགས་སྡིག་སྒྲིབ་ཆེ་དང་གདོན༔ བར་ཆད་ཡོད་རྟགས་སྒྲུབ་པ་བསྐྱར༔ སྙིང་ནས་བརྩོན་བཞིན་གནད་དུ་བསྣུན༔ ལར་ནི་བཟང་ངན་གང་ཤར་ཡང་༔ སེམས་ཉིད་སྟོང་བའི་རང་མདངས་ལས༔ གཞན་དུ་མེད་པའི་ཤེས་པ་ཡི༔ རེ་དོགས་འཛིན་པའི་རྣམ་རྟོག་སྤོངས༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ གཉིད་ཀྱི་རྣལ་འབྱོར་སྒྲུབ་རྫས་རྗེས༔ ཕྱི་ལྟར་སྤྱོད་ཅིང་ཉམས་སུ་བླང་༔ སྐུ་དང་སྤུ་རིའི་གཟུངས་གཞུག་ལ༔ རིང་བསྲེལ་ལ་སོགས་ལྡན་པ་མཆོག༔ བླ་རྡོ་སྐུ་གསུང་ཐུགས་རྟེན་གསུམ༔ ནམ་ཡང་རང་དང་འབྲལ་མེད་འཆང་༔ སངས་རྒྱས་སྐུ་གསུང་ཐུགས་སུ་དམིགས༔ དམ་མེད་སྡིག་ཅན་རྣམས་ལ་སྦ༔ རང་ཉིད་འཆི་བའི་དུས་བྱུང་ཚེ༔ རྟེན་གསུམ་བཤམས་ཏེ་མཆོད་པ་འབུལ༔ རྣམ་ཤེས་སངས་རྒྱས་ཐུགས་ཀར་གཏད༔ སྟོང་ཉིད་བློ་འདས་ཆོས་ཀྱི་སྐུ༔ སངས་རྒྱས་ཐུགས་ཀྱི་ངོ་བོ་དང་༔ རང་གི་རིག་པ་དྲི་མེད་གཉིས༔ གཉིས་མེད་གཉིས་སུ་མི་དམིགས་པའི༔ ཏིང་འཛིན་གོམས་པའི་རྩལ་གྱིས་བསྲེ༔ ཆགས་ཞེན་སྤང་བླང་བྲལ་བཞིན་འཕོ༔ ཨེ་མ་མ་འོངས་བསྐལ་པ་ལ༔ མི་དགེ་བཅུ་ལ་འཆོལ་ཉོག་སྤྱོད༔ འགྲོ་བ་ཕལ་ཆེར་ངན་སོང་སྙོག༔ ཆོས་ཚུལ་འཆང་ཞིང་སྡིག་ལ་སྤྱོད༔ དེ་དུས་དམ་ཆོས་ཐིགས་པ་འདིས༔ འབྲེལ་ཚད་ངན་སོང་སྐྱེ་སྒོ་གཅོད༔ གཏེར་གནས་ཟབ་མོའི་ནུབ་ཕྱོགས་ནས༔ སྔོན་ལས་ངན་པའི་མཚམས་སྦྱོར་གྱིས༔ འདི་འཆང་སྐྱེས་བུར་སྙིང་ནས་དམོད༔ ཡུལ་དེར་མི་འདོད་སྣ་ཚོགས་འབྱུང་༔ གནས་མཆོག་དེ་ཡི་ཤར་ཕྱོགས་ནས༔ སྐལ་བཟང་བདུད་རྩི་ཨ་མྲྀ་འགྱུར༔ གནས་དེའི་ཤར་རམ་ལྷོ་འདབས་ནས༔ རྟ་སྦྲུལ་ལོ་པས་ཆོས་མཛོད་འཆང་༔ ལོག་ལམ་འཁྲིད་པའི་དགེ་བཤེས་གསུམ༔ དུས་དེར་འབྱུང་ཞིང་སྙིང་ནས་དམོད༔ ཆོས་བསྲུང་ཁྲོས་པས་དབང་པོ་བསྣུབ༔ ལྷ་ལ་བདུད་ཀྱི་བསླུ་བ་འཕོག༔ མི་རུང་སྣ་ཚོགས་འཕྲལ་དུ་འབྱུང་༔ བཀྲ་ཤིས་བསྟན་པ་བློ་བཟང་དཔལ༔ ནོར་བུ་དཀོན་མཆོག་ལྷ་དབང་བཙུན༔ འཕགས་པ་ཡེ་ཤེས་དྷརྨ་མགོན༔ མིང་ཟུར་འདི་དག་འཆང་བ་ཡི༔ སྐལ་ལྡན་བུ་དགུས་ཆོས་འདི་འཆང་༔ འགྲོ་བ་འགའ་ཞིག་ཐར་པར་སྦྱོར༔ ཅེས་གསུངས་པ་རྣམས་ཀྱང་བདག་བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བསྲུང་མ་རྣམས་ཀྱིས་བྱ་ར་མཛོད༔ བསྟན་དང་འགྲོ་ལ་ཕན་པར་ཤོག༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་ཁམས་ཀློང་ཐང་སྒྲོལ་མ་ནས། ལྕགས་རྟ་ཧོར་ཟླ་བདུན་པའི་ཚེས་བཅུ་་ལ་གདན་དྲངས་པའོ། །མངྒ་ལཾ།། །།


previousནང་སྒྲུབ་དགོས་འདོད་ཀུན་འབྱུང་།next