Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གཉིས་པ།


   
   
  collapse section
   
   
   
   
གསང་སྒྲུབ་མཆོག་གི་ནོར་བུ།
   
   
   
   
   
   
   
   
   
   
   


 
previousགསང་སྒྲུབ་མཆོག་གི་ནོར་བུ།next

གསང་སྒྲུབ་མཆོག་གི་ནོར་བུ།

དམ་ཆོས་བདུད་རྩིའི་ཐིགས་པ་ལས༔ བདེ་གཤེགས་བརྒྱད་ཀྱི་གསང་སྒྲུབ་མཆོག་གི་ནོར་བུ་གཞུང་དང་འབྲེལ་བ་བཞུགས༔ མཚོ་རྒྱལ་གྱི་ཕྱག་བྲིས་ཤོག་དྲིལ་ལས་བཤུས། བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ གུ་རུ་དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ༔ བདེ་བར་གཤེགས་པ་རྣམས་ཀྱི་གསང་སྒྲུབ་ཀྱང་བཀའ་སྩལ་དུ་གསོལ༔ ཞེས་ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ནས༔ ཉོན་ཅིག་ཇོ་མོ་མཁར་ཆེན་མཚོ་རྒྱལ་མ༔ བདེ་གཤེགས་རྣམས་ནི་ནམ་མཁའི་དཀྱིལ་འཁོར་འདྲ༔ རིས་སུ་མ་གྲུབ་ཕྱོགས་སུ་ལྷུང་བ་མེད༔ གཅིག་ཏུ་མ་ངེས་དུ་མ་རོ་གཅིག་སྟེ༔ དུས་གསུམ་སྐྱེ་འགག་གནས་གསུམ་སྤྲོས་དང་བྲལ༔ གང་འདུལ་ཚུལ་སྟོན་ཉི་ཟླ་འཇའ་ཚོན་ལྟར༔ སོ་སོར་སྣང་ཞིང་འགྲོ་བ་ཐབས་ཀྱིས་འདུལ༔ བཅོམ་ལྡན་སྨན་རྒྱལ་མཆེད་བདུན་ཐུགས་རྗེའི་རྩལ༔ འདྲེན་པ་མཉམ་མེད་ཟས་གཙང་སྲས་ལ་བབས༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་༔ བྱང་ཆུབ་སེམས་དཔའ་དགྲ་བཅོམ་འཕགས་པའི་སྡེ༔ འཁོར་གྱི་འདུས་པ་ཕུན་སུམ་ཚོགས་རྣམས་དང་༔ འཛམ་གླིང་ལས་ཀྱི་ས་པ་གདུལ་བྱར་སྨིན༔ རིགས་གསུམ་མགོན་པོས་བཀའ་ཡི་གཉེར་བྱང་འཆང་༔ ད་ལྟ་རྩོད་ལྡན་དུས་ཀྱི་ཡར་ཚེས་དཀར༔ སྟོན་པའི་ཞལ་སྐྱིན་བྷོ་དྷི་ས་ཏྭ་བཞུགས༔ ཆོས་རྒྱལ་ཡབ་སྲས་ལོ་པཎ་འདི་དག་རྣམས༔ ད་ལྟ་མི་ཡི་གཟུགས་བརྙན་ཚུལ་འཆང་ཡང་༔ དོན་ལ་རྒྱལ་བ་སྲས་བཅས་གཉིས་སུ་མེད༔ སེམས་ཅན་འགྲོ་བ་ནམ་མཁའི་མཐར་ཁྱབ་པར་༔ རྒྱལ་བ་སྲས་བཅས་དེ་དང་དེར་མཚུངས་ཁྱབ༔ དེང་སང་མཐའ་འཁོབ་གངས་རིའི་ལྗོངས་འདི་རུ༔ ཐབས་མཁས་ཐུགས་རྗེའི་འོད་ཟེར་སྣ་ཚོགས་པ༔ ཉི་ཟླ་གཟའ་སྐར་བཞིན་དུ་རབ་ཏུ་བཀྲ༔ བོད་འབངས་འགྲོ་བ་ཡོད་དོ་ཆབས་ཅིག་གྲོལ༔ ཐམས་ཅད་དག་པའི་ཞིང་མཐོང་མངོན་བྱང་ཆུབ༔ འདི་ནས་དུས་དང་བསྐལ་བ་རིམ་གྱིས་འབྲི༔ ཁྱད་པར་སྙིགས་མ་ལྔ་ལྡན་དུས་ཀྱི་མཐར༔ སེམས་ཅན་ཐམས་ཅད་མི་དགེའི་ལས་ལ་འབུང་༔ མཐའ་མི་མང་པོ་བོད་ཁམས་ལྗོངས་འདིར་འཚོག༔ མི་རྒོད་གཤིན་རྗེའི་ཚུལ་ལྡན་གསེབ་དྲི་ཅན༔ ཟས་སུ་སེམས་ཅན་ཤ་ཁྲག་དྲོན་མོར་སྤྱོད༔ གོས་སུ་པགས་རིགས་སྣ་ཚོགས་ལྷབ་ལྷུབ་གྱོན༔ མོན་བུ་ནག་པོ་སྐྲ་ལོ་ལྟག་པར་འཕྱོ༔ བོད་ཀྱི་རྗེ་ལ་ཁྲལ་གྱིས་མཆོད་པའི་དུས༔ དཔལ་རྡོར་སྤྲུལ་པས་ཁྲིམས་ཀྱི་དྲང་ཤིང་འཕྱར༔ དེ་དུས་ད་ལྟ་བཤད་པའི་དམ་པའི་ཆོས༔ བདུད་རྩིའི་ཐིགས་པས་འབྲེལ་ཐོགས་ཐར་པར་སྦྱོར༔ དེ་ཕྱིར་ཡི་གེའི་རིས་སུ་གསལ་བར་ཐོབ༔ བོད་ཀྱི་ཡུལ་མཐའ་རྒྱ་ནག་ཡུལ་གྱི་མགོ༔ ཀོ་ས་ལ་ཞེས་བྱ་བའི་གསང་མཛོད་དུ༔ རྒྱ་བདུན་ཐོབ་ལ་ཁོལ་པོ་ཁ་ལ་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ སྨན་བླའི་བདག་བསྐྱེད་ནི། གསང་སྒྲུབ་གསང་བའི་གདམས་པ་སྤྱད་པའི་ཐབས༔ ལས་གཞུང་སོར་བཞག་སྐུ་གསུང་ཐུགས་ཀྱི་རྟེན༔ ཕྱོགས་སུ་འགོད་ཅིང་གནང་བ་ཞུ་བ་སོགས༔ ལས་ཀྱི་གཞུང་བསྲང་མདུན་བསྐྱེད་གཞུང་མཐུན་གསལ༔ བདག་བསྐྱེད་སྐད་ཅིག་མི་དམིགས་སྟོང་བའི་ངང་༔ མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ དེ་བཞིན་གཤེགས་པ་སྨན་རྒྱལ་བཻཌཱུར་མདོག༔ མཆོག་སྦྱིན་མཉམ་གཞག་ཨ་རུ་རྣམ་རྒྱལ་མཚན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ རྒྱལ་བ་མཚན་ལེགས་གསེར་མདོག་གཟི་བརྗིད་འབར༔ སྐྱབས་སྦྱིན་མཉམ་གཞག་ཕྱག་རྒྱ་མཚན་དཔེས་སྤྲས༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ནི༔ བཙོ་མ་གསེར་གྱི་མདོག་ལ་འོད་སྟོང་འཕྲོ༔ མཆོག་སྦྱིན་མཉམ་གཞག་ཕྱག་རྒྱའི་རྟགས་ཀྱིས་སྤྲས༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ བདེ་གཤེགས་གསེར་བཟང་དྲི་མེད་རིན་ཆེན་སྣང་༔ གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ༔ སྐྱབས་སྦྱིན་མཉམ་པར་གཞག་པའི་ཕྱག་རྒྱར་ལྡན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ མྱ་ངན་མེད་མཆོག་འཕགས་པ་དེ་བཞིན་གཤེགས༔ སྐུ་མདོག་དམར་སྐྱ་མཉམ་གཞག་ཏིང་འཛིན་ཅན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དཔལ༔ དྲི་མེད་དུང་མདོག་ཆོས་འཆད་ཕྱག་རྒྱ་ཅན༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ ཆོས་ཀྱི་བློ་གྲོས་དམར་པོ་གཟི་འོད་རྒྱས༔ མཆོག་སྦྱིན་མཉམ་གཞག་ཕྱག་རྒྱའི་འཁོར་ལོར་ལྡན༔ རང་མདོག་འོད་ལས་གྲུབ་པའི་སྐུ་རུ་གསལ༔ སྣང་སྟོང་ཟུང་འཇུག་ཁྱབ་བརྡལ་རྒྱལ་བའི་ཞིང་༔ ཅེས་པ་ནས༔ ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་སྐུ་མདོག་ལྟར་ལ་དམིགས་པའི་འདུ་འཕྲོ་བདག་བསྐྱེད་ཀྱིས་མདུན་བསྐུལ༔ མདུན་བསྐྱེད་འོད་ཟེར་གཟུངས་ཀྱི་ཏིང་ངེ་འཛིན་ལྟར་བསྒྱུར་ཞིང་བརྩོན་འགྲུས་ལྡན་པས་ཉམས་སུ་བླངས་པས་ཕན་ཡོན་མདོ་ལས་གསུངས་པ་ལྟར་ལ་རྟགས་ཀྱི་རིམ་པ་ཕྱི་ནང་གི་གཞུང་ལྟར་འབྱུང་བར་འགྱུར་རོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ རྗེས་ནི་གཏོར་མ་བསང་སྦྱངས་བྱིན་བརླབས་ནས༔ ཧཱུྃ་གཏོར་སྣོད་རིན་ཆེན་སྣ་ཚོགས་གཞོང་པ་རུ༔ གཏོར་མའི་ངོ་བོ་ལྷ་མིའི་ལོངས་སྤྱོད་བཤོས༔ དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་སྤོས༔ ཨ་བར་སྐྱུར་གསུམ་ལ་སོགས་སྨན་སྣ་སྟོང་༔ ནས་འབྲས་གྲོ་སྲན་ལ་སོགས་འབྲུ་སྣ་སྟོང་༔ ཨིཎྜ་རྙིལ་སོགས་ལྷ་ཡི་ཤིང་འབྲས་དང་༔ ཅོ་ལེ་ཉོ་ལེ་སྟར་ག་རྒུན་འབྲུ་སྒ༔ ཁམ་བུ་ཀུ་ཤུ་བསེ་ཡབ་ཏ་ལའི་འབྲུ༔ སྤང་ལས་སྐྱེས་དང་ཆུ་དང་ནགས་ལས་རྡོལ༔ འབྱུང་བཞིའི་དྭངས་མ་ཟས་ཀྱི་རོ་མཆོག་རིགས༔ སྟོང་གསུམ་འཇིག་རྟེན་ཁམས་ཀྱི་བཅུད་འཛིན་རྣམས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ནམ་མཁའི་མཐར་ཁྱབ་ཁེངས་པའི་གཏོར་མ་འདི༔ དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས༔ མ་ལུས་མཆོད་གནས་རྣམས་ལ་འབུལ་བར་བགྱིད༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ན་མཿ སརྦ་ཏ་ཐཱ་ག་ཏ་བུདྡྷ་བྷོ་དྷི་སཏྭ་ཨརྷ་ཏེ་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྔའམ་བདུན་གྱིས་མཆོད་ཅིང་བསྟོད་ནས་དབང་བཞི་བླངས་རྗེས༔ མདུན་བསྐྱེད་ལས་འོད་ཟེར་སྣ་ཚོགས་འཕྲོས་རང་གི་སྤྱི་བོའི་ལྷ་ཚོགས་རྣམས་ལ་ཐིམ་པས་སྨོན་ལམ་གྱི་སྟོབས་ཀྱི་ཐུགས་རྒྱུད་བསྐུལ༔ ཆོས་ཀྱི་བློ་གྲོས་འོད་དུ་ཞུ༔ ཆོས་གྲགས་རྒྱ་མཚོ་ལ་ཐིམ༔ ཆོས་གྲགས་འོད་དུ་ཞུ༔ མྱ་ངན་མེད་མཆོག་ལ་ཐིམ༔ མྱ་ངན་མེད་མཆོག་འོད་དུ་ཞུ༔ གསེར་བཟང་དྲི་མེད་རིན་ཆེན་སྣང་ལ་ཐིམ༔ གསེར་བཟང་དྲི་མེད་འོད་དུ་ཞུ༔ མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཐིམ༔ གཟི་བརྗིད་སྒྲ་དབྱངས་འོད་དུ་ཞུ༔ མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ལ་ཐིམ༔ མཚན་ལེགས་འོད་དུ་ཞུ༔ སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཐིམ༔ སྨན་བླ་འོད་དུ་ཞུ༔ བཅོམ་ལྡན་འདས་ལ་ཐིམ༔ སངས་རྒྱས་འོད་དུ་ཞུཿ གཟུངས་དང་ཟླ་དཀྱིལ་ལ་ཐིམ༔ གཟུངས་དང་ཟླ་དཀྱིལ་འོད་དུ་ཞུཿ ཧཱུྃ་ལ་ཐིམ༔ ཧཱུྃ་འོད་དུ་ཞུ་ཞབས་ཀྱུ་འ་ཆུང་ཧ་ཁོག་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་ད་ཚེག་དྲག་དམིགས་མེད་དུ་ཡལ་བར་བསམ་ཞིང་༔ དུས་གསུམ་གྱི་འཛིན་རྟོག་དང་བྲལ་བ་དམིགས་སུ་མེད་པ་རིས་སུ་མ་གྲུབ་པ༔ བློས་སྣང་གི་ཡུལ་ལས་འདས་པར་བཞག་པར་བྱའོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ སླར་ཡང་བར་སྣང་ལ་འཇའ་ཚོན་བཀྲ་བ་ལྟར་བསྐྱེད་རིམ་སྔར་བཞིན་གསལ་གཏབ་སྟེ། ཐུགས་ཀའི་སྔགས་འཁོར་སོགས་ཡིད་ལ་བཀོད་ནས་རླུང་གི་བཟླས་པའི་ངང་དུ་གཉིད་དང་བསྲེས་པས་དྲོད་ཐོབ་པའི་དུས་སུ་འཕགས་པའི་ཞལ་མཇལ་གསུང་གི་གླེང་ཡང་ལང་བར་འགྱུར་རོ༔ སྒྲུབ་པའི་རྫས་དང་རྫས་རྣམས་གཞན་ལྟར་སྤྱོད༔ ལས་འཕྲོ་ལྡན་པའི་བུ་དང་འདི་འཕྲད་ཤོག༔ སྲུང་མ་རྣམས་ཀྱིས་བཀའ་ཡི་བྱ་ར་གྱིས༔ གཏེར་གྱི་བདག་པོས་སྲུངས་ཤིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁམས་པ་ཉི་མ་གྲགས་ཀྱིས་གནས་མཆོག་ཆེན་པོ་ཀོ་ས་ལ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousགསང་སྒྲུབ་མཆོག་གི་ནོར་བུ།next