Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
ཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགnext

ཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགས་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ ཛྙཱ་ན་མནྟྲ་དྷི་ནཱ་མ༔ བོད་སྐད་དུ༔ ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགས་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགས་འདི༔ ཐུགས་ཀྱི་གསང་བའི་མཛོད་འཛིན་མ༔ མཁའ་འགྲོ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོང་ལ་ཡི་གེར་ཐོབ༔ མ་འོངས་དོན་དུ་གཏེར་དུ་སྦ༔ ལན་ཅིག་ལྔ་བརྒྱའི་ཡང་མཐའ་ལ༔ འགྲོ་འདྲེན་ཐུགས་ཀྱི་སྲས་གཅིག་འབྱུང་༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཟག་མེད་དོན་གྱི་ཡེ་ཤེས་མངོན་སུམ་དུ་ཉམས་སུ་ལེན་པའི་གདམས་པ་ཟབ་མོ་འདི་སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་འགྲོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་འགྲོའོ༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི་སྔོན་འགྲོ་ལྟར་བྱ༔ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི༔ ཁྲེགས་ཆོད་ཀྱི་ཁྲིད་ཡིག་ལྟར་བྱ༔ དེ་ནས་གཞི་ཁྲེགས་ཆོད་ཀྱི་བདེན་པ་མཐོང་ཞིང་ཆོས་ཉིད་ལ་ངེས་པ་རྙེད་པའི་ལས་དང་སྐལ་བར་ལྡན་པའི་བུ་ལྔ་གསུམ་བདུན་ལས་མི་མང་བ་ལ༔ འོད་གསལ་ཆོས་སྐུ་མཛུབ་བཙུགས་ཀྱི་ཐུགས་ཁྲིད་འདི་སྟོན་པའི་ཐོག་མར༔ ཁྱད་པར་གྱི་སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་ཚུལ༔ སྒོ་གསུམ་གྱི་གནད་གཟིར་ཚུལ༔ གསང་བའི་ལམ་ནས་ཡེ་ཤེས་མངོན་སུམ་དུ་སྣང་ཚུལ་སྟོན་པ་དང་གསུམ་མོ༔ དང་པོ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བར་བྱ་སྟེ༔ ལུས་ཕྱིའི་བྱ་བ་འཇིག་རྟེན་བའི་སྤྱོད་པ་རྣམས་དང་༔ ནང་གི་བྱ་བ་རྣམ་གཡེང་འདུ་འཛི༔ གསང་བའི་བྱ་བ་ཕྱག་སྐོར་བ་ལ་སོགས་དམན་པའི་ཆོས་སྤྱོད་རྣམས་སྤངས་ཏེ་བྱར་མེད་ལྷུག་པར་གནས་པར་བྱའོ༔ ངག་ཕྱིའི་བྱ་བ་འཇིག་རྟེན་པའི་འཁྲུལ་གཏམ༔ ནང་གི་བྱ་བ་ཆོས་ཀྱི་གླེང་མོ༔ གསང་བའི་བྱ་བ་ཁ་ཏོན་བཟླས་བརྗོད་རྣམས་སྤངས་ཏེ་ལྐུགས་པ་ལྟར་གནས་པར་བྱའོ༔ ཡིད་ཕྱིའི་བྱ་བ་འཇིག་རྟེན་པའི་འཁྲུལ་རྟོག༔ ནང་གི་བྱ་བ་དྲན་རིག་གི་འགྱུ་བ༔ གསང་བའི་བྱ་བ་བསྐྱེད་རྫོགས་ལ་སོགས་སྤངས་ཏེ་རྟོག་པ་མེད་པར་གནས་པར་བྱའོ༔ དགོས་པ་ནི༔ གནས་སྐབས་བྱ་བ་བཏང་པས་འཁྲུལ་པའི་བྱ་བ་ཐམས་ཅད་རྒྱུན་འཆད༔ མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་མངོན་དུ་འཆར་བའི་དགོས་པ་ཡོད་དོ༔ གཉིས་པ་ལུས་ཀྱི་གནད་བཞུགས་སྟངས་གསུམ་ལ་བསླབ་པ་ནི༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ཞེས་བྱ་བ༔ ཙོག་པུ་རྐང་མཐིལ་གཉིས་སྤྲད་ལག་མཐིལ་བརླའི་ནང་དུ་བཙུག་པའི་མཐེ་བོང་བཅང་ནས་མགྲིན་པ་ཡུད་ཙམ་གྱེན་དུ་བསྟོད་དེ༔ མིག་མི་འགུལ་བ་སྨིན་ཕྲག་གི་ནམ་མཁའ་ལ་བལྟའོ༔ ལོངས་སྐུའི་བཞུགས་སྟངས་གླང་ཆེན་འཕྲེད་ཉལ་ནི༔ ཁ་སྦུབ་པུས་མོ་གཉིས་བྲང་ལ་སྦྱར་གྲུ་མོ་གཉིས་ས་ལ་བཙུགས་ཏེ༔ ལག་མཐིལ་གཉིས་ཀྱིས་ཨོལ་ལྐོག་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར་ཞིང་༔ རྒལ་ཚིག་བསྲང་ཏེ༔ མིག་ནམ་མཁའ་ལ་ཟུར་གྱིས་ཧྲིལ་པོར་བལྟའོ༔ སྤྲུལ་སྐུའི་བཞུགས་ལྟངས་དྲང་སྲོང་ཙོག་པུ་ནི༔ ཙོག་པུ་ལོང་བུ་གཤིབས་ཏེ་ལག་པ་གཡས་གཡོན་གྱི་གྲུ་མོ་ནས་གླན་ཏེ༔ མིག་བར་སྣང་ལ་ཟིམ་བུས་བལྟའོ༔ དགོས་པ་ནི༔ བཞུགས་སྟངས་དང་པོ་བྱས་པས༔ ཕྱི་ནང་གི་འབྱུང་བ་རྣམས་དྭངས་སྙིགས་ཕྱེད༔ གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན༔ གསུམ་པས་དྲོད་སྐྱེ་ཞིང་འབྱུང་བ་སྙོམས༔ མཐར་ཐུག་ཀ་དག་གི་དོན་རྟོགས༔ ལྷུན་གྲུབ་ཀྱི་འོད་འཆར༔ འཁྲུལ་སྣང་ཞིང་ཁམས་སུ་གྲོལ་བའི་དགོས་པ་ཡོད་དོ༔ ངག་གི་གནད་དང་པོ་འཁྲུལ་གཏམ་བཀག་པ༔ གཉིས་པ་སྨྲ་བ་གཅོད་པ༔ གསུམ་པ་བཟླས་བརྗོད་སྤང་བའོ༔ དགོས་པ་ནི༔ གནས་སྐབས་སུ་འཁྲུལ་པ་མི་འཕེལ༔ མཐར་རིག་པའི་དོན་མཐོང་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའོ༔ སེམས་གནད་ནི༔ ནམ་མཁའ་སྤྲིན་དང་བྲལ་བ་ལ་སེམས་མ་ཡེངས་པར་གཏད་པས༔ ཡུལ་སྟོང་པ་ལ་རིག་པ་སྟོང་པར་འཆར་བའོ༔ དགོས་པ་ནི༔ གནས་སྐབས་རིག་པ་མངོན་སུམ་དུ་མཐོང་ལ༔ མཐར་ཐུག་ལྷག་མེད་དུ་གྲོལ་བའི་དགོས་པ་ཡོད་དོ༔ གསུམ་པ་གསང་བའི་ལམ་ནས་ཡེ་ཤེས་མངོན་སུམ་སྣང་ཚུལ་སྟོན་པ་ནི༔ སྙིང་ནས་མིག་གི་བར་དུ་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ༔ ཡེ་ཤེས་མཐོང་ཞིང་འཆར་བའི་ལམ་མཆོག་ཏུ་གྱུར་པ་བཞུགས་པས༔ མིག་གི་གནད་གཟིགས་སྟངས་གསུམ་སྟེ༔ ཆོས་སྐུའི་གཟིགས་སྟངས་གྱེན༔ ལོངས་སྐུའི་གཟིགས་སྟངས་ཟུར་ལ་དལ་གྱིས་སྙོམས་པར༔ སྤྲུལ་སྐུའི་གཟིགས་སྟངས་ཕབ་ལ་ཕྱེད་བཙུམ་དུ་གཟིར་ནས་བལྟའོ༔ རླུང་གནད་མཆུ་དང་སོ་མ་རེག་ཙམ་ལ་ཁ་ནས་དབུགས་རབ་ཏུ་དལ་བར་བཏང་ངོ་༔ རིག་པའི་གནད་ནི་ལུ་གུ་རྒྱུད་ཤར་བ་ལ་མི་འགུལ་བར་བལྟ་བའོ༔ དགོས་པ་ནི༔ གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་ཡུལ་དུ་གསལ་བ་ལ་མཐར་སྣང་བ་བཞི་ཟད་ལྷག་མེད་མངོན་དུ་བྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ངོ་སྤྲོད་པའི་རིམ་པ་ནི༔ རི་མཐོ་ཞིང་དྭངས་ལ་ཉམས་དགའ་བའི་གནས་སུ་སློབ་བུ་རྣམས་ཁྲིད༔ སྐྱ་རེངས་ཤར་བའི་དུས་སུ་ཁྲུས་ནས་ཕྱུང་༔ ཚོགས་ཀྱི་འཁོར་ལོ་བསྐོར༔ མཎྜལ་ཁྱད་པར་ཅན་དབུལ༔ བརྒྱུད་པའི་གསོལ་འདེབས་འདོན༔ རིག་པའི་རྩལ་དབང་བསྐུར༔ དེ་ནས་གོང་གི་གནད་རྣམས་གཟིར་ཞིང་༔ ཟེར་དང་པོའི་དུས་སུ་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་དེ་འབེན་དུ་བཙུགས་ནས༔ ཀྱེ་རིགས་ཀྱི་བུ་རྣམས་མ་ཡེངས་པར་ལྟོས་ཤིག༔ འདི་ལྟར་གནད་ཀྱི་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་འདི༔ འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་པ༔ དེ་ཉིད་འཕེལ་བ་དང་བཅས་པས་རིན་འབྱུང་༔ སྣང་བ་ནི་ཚད་མེད་པས་སྣང་བ་མཐའ་ཡས༔ འོད་ལྔ་པོ་འདི་ལྷུན་གྲུབ་ཏུ་རང་ཤར་བས་དོན་ཡོད་གྲུབ་པ༔ དེ་དག་རྣམས་ཀྱང་གསལ་ལ་སྟོང་ཞིང་སྟོང་ལ་གསལ་བ་གསལ་སྟོང་གཉིས་སུ་མེད་པ་རྣམ་པར་སྣང་མཛད་དེ་སྐུ་ལྔའི་རང་བཞིན་དུ་ཡེ་ནས་གསལ་ཞིང་འདུ་འབྲལ་མེད་པར་བཞུགས་པའོ༔ གཞི་དེའི་ངང་ལས་སྣང་བ་གཟུང་འཛིན་དང་བྲལ་བ་གསལ་སྟོང་དུ་བསྒོམ་པ་ལམ༔ རིགས་ལྔ་སོ་སོའི་སྐུར་གསལ་དུས་འབྲས་བུའོ༔ དེ་བཞིན་དུ་འོད་གསལ་བ་དེ་རྣམས་དྲི་མ་དང་བྲལ་ཞིང་སྐུ་རྣམས་ཀྱི་འཆར་གཞི་བྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས༔ དེ་ཉིད་བྱར་མེད་པས་མཉམ་ཉིད་ཡེ་ཤེས༔ བློའི་བྱེ་བྲག་སོ་སོར་འཆར་བས་སོར་རྟོག་ཡེ་ཤེས༔ དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས༔ དེ་ཐམས་ཅད་གཞི་མེད་སྟོང་པ་རྩ་བ་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ༔ ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའོ༔ གཞི་དེའི་ངང་ལས་མངོན་སུམ་ས་ལེ་སེང་ངེར་བསྒོམ་པ་ལམ༔ དེ་མཐར་ཕྱིན་ནས་སྣང་སྲིད་འོད་གསལ་དུ་ཤར་བ་འབྲས་བུའོ༔ དེ་བཞིན་དུ༔ འོད་གསལ་བའི་ཡེ་ཤེས་དེ་དེ་བཞིན་གཤེགས་པའི་ལམ་ཡིན་པས་དེ་བཞིན་གཤེགས་པའི་རིགས༔ དེ་ཉིད་ལ་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས༔ ཡོན་ཏན་དུ་མ་མངོན་དུ་བྱེད་པས་རིན་པོ་ཆེའི་རིགས༔ སྐྱོན་གྱིས་མ་གོས་པས་པདྨའི་རིགས༔ དེ་ཉིད་ལ་གོམས་ནས་ལྷག་མེད་གྲུབ་པས་ལས་ཀྱི་རིགས་ཏེ༔ གཞི་དེའི་ངང་ལས་ས་ལེ་ཧྲིག་གེར་བསྒོམ་པ་ལམ༔ མཐར་ཕྱིན་ནས་ཕྱིར་མི་ལྡོག་པ་འབྲས་བུའོ༔ དེ་བཞིན་དུ་འོད་གསལ་བའི་ཡེ་ཤེས་དེ་རྣམས་དྲི་མ་མེད་པས་དཀར་པོ༔ རྩལ་མ་འགགས་པས་སེར་པོ༔ རང་བཞིན་དུ་རང་སྣང་བས་དམར་པོ༔ བྱ་བ་དང་བྲལ་བས་ལྗང་གུ༔ འགྱུར་བ་མེད་པས་མཐིང་གའོ༔ གཞི་དེའི་ངང་ལས༔ ཁ་དོག་སྣང་འཛིན་དང་བྲལ་བར་བསྒོམ་པ་ལམ༔ འབྱུང་བའི་ཁམས་རྣམས་དབྱིངས་སུ་དག་པ་འབྲས་བུའོ༔ དེ་བཞིན་དུ༔ འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་མཉམ་གྱི་རླུང་༔ འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་༔ དེ་ལས་གོམས་པས་འཁོར་འདས་སོ་སོར་དབྱེ་བས་དངས་སྙིགས་འབྱེད་པའི་རླུང་༔ དག་པ་དང་མ་དག་པ་ཐམས་ཅད་ཡོངས་སུ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་༔ དེ་ཉིད་མཐར་ཕྱིན་པར་འབད་པས་འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བར་བྱེད་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་༔ གཞི་དེའི་ངང་ལས༔ མ་བཅོས་པར་རང་བྱུང་དུ་བསྒོམ་པ་ལམ༔ མཐར་ཕྱིན་པ་འབྲས་བུའོ༔ དེ་བཞིན་དུ་ཐིག་ལེ་དང་ཐིག་ཕྲན་འོད་དང་ཟེར་ལ་སོགས་སྣ་ཚོགས་སུ་རང་སྣང་བ་ལོངས་སྐུ༔ རྩལ་སྣ་ཚོགས་སུ་འཆར་ཞིང་འཕྲོ་བ་སྤྲུལ་སྐུ༔ དེ་གཉིས་ཆར་གྱི་ངོ་བོ་སྣང་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བ་བླ་མ་ཆོས་ཀྱི་སྐུ་སྟེ༔ སྐུ་གསུམ་འདུ་འབྲལ་མེད་པར་ཡེ་ནས་བཞུགས་པའོ༔ གཞི་དེའི་ངང་ལས༔ ཆོས་སྐུ་ལ་མི་ཞེན༔ ལོངས་སྐུ་ལ་མི་འཛིན༔ སྤྲུལ་སྐུ་ལ་མི་འགག་པར༔ བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ངོ་བོ་མ་བཅོས་སྐུ་གསུམ་དབྱེར་མེད་པར་བསྒོམ་པ་ལམ༔ དབྱིངས་རིག་ཐམས་ཅད་ཀྱི་སྣང་བ་ཆོས་ཉིད་དུ་གྲོལ་བ་འབྲས་བུའོ༔ དེ་བཞིན་དུ༔ ཕྱིའི་དབྱིངས་བསྐྱེད་པ༔ ནང་གི་ཐིག་ལེ་ལུང་༔ གསང་བའི་ལུག་རྒྱུད་རྫོགས་པ་ཆེན་པོའོ༔ གཞི་དེའི་ངང་ལས༔ བསྐྱེད་རྫོགས་གཉིས་སུ་མེད་པར་བསྒོམ་པ་ལམ༔ ཡི་དམ་གྱི་ལྷ་འོད་སྐུར་ཞལ་མཇལ་བ་འབྲས་བུའོ༔ དེ་བཞིན་དུ༔ འོད་མཐིང་ག་སངས་རྒྱས་མཁའ་འགྲོ༔ དཀར་པོ་རྡོ་རྗེ་མཁའ་འགྲོ༔ སེར་པོ་རིན་ཆེན་མཁའ་འགྲོ༔ དམར་པོ་པདྨ་མཁའ་འགྲོ༔ ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ༔ ཆོས་དབྱིངས་ཀྱི་གོ་མ་འགགས་པར་ཤར་བ་མ་ཡེངས་པར་སྒོམ་པ་ལམ༔ ཤེས་རབ་ཀྱིས་རྟོག་ཚོགས་ཀྱི་སྣང་བ་མཐར་ཕྱིན་པ་འབྲས་བུའོ༔ དེ་ལྟར་གསང་བ་བླ་མེད་ཀྱི་དགོངས་པ་དམ་པ་དེ་རྗེས་ཀྱི་རིམ་པ་རྣལ་འབྱོར་བཞིའི་ཉམས་སུ་བླང་ཚུལ་ལ༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་རྒྱུན་འཁྱེར་དུ་བྱེད་པའི་རྣལ་འབྱོར་བཞི་ལས༔ དང་པོ་ནི༔ འོད་གསལ་གྱི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་མེད་དུ་འཆར་བ་དེ་ཉིད་མཉམ་བཞག་གི་ལྟ་བ༔ རྗེས་སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་རྟོགས་པ་རྗེས་ཐོབ་ཀྱི་ལྟ་བ༔ དེ་ཉིད་ཀྱི་ངང་ལས་གསལ་སྟོང་སྤྲོས་པ་དང་བྲལ་བར་བསྒོམས་པས་སྒོམ་པ༔ དེའི་ཚེ་གང་ལའང་གཟའ་གཏད་ཆེད་འཛིན་ཞིག་པ༔ རང་བཞིན་སྨྱོན་པ་ལྟར་བླང་དོར་དང་རེ་དོགས་བྲལ་བར་སྤྱོད་པས་སྤྱོད་པ༔ གོམས་པ་ཀློང་དུ་གྱུར་བས་སྣང་སྟོང་འོད་གསལ་ཀྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་ཐམས་ཅད་དང་བྲལ་བས་རང་ཤར་རང་གྲོལ་དུ་སོང་བ་འབྲས་བུའོ༔ དེ་ལྟར་ངོ་སྤྲད་པའི་དགོས་པ་ནི༔ གནས་སྐབས་ཆོས་ཉིད་ཀྱི་ངོ་བོ་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་བས་རེ་དོགས་ཀྱི་འཛིན་པ་ལས་གྲོལ་བ་དང་༔ མཐར་དགེ་སྡིག་གཉིས་འཛིན་ལས་འདས་པའི་དགོངས་པ་དེ་ཀློང་དུ་འགྱུར་ཞིང་མི་གཡོ་ཆོས་ཀྱི་སྐུར་འཚང་རྒྱའོ༔ དེ་ལྟར་དོན་དང་ལྡན་པའི་སྐྱེས་བུ་དེ་དགོངས་པ་ཀློང་དུ་མ་འཁྱོལ་ཞིང་༔ གནས་སྐབས་ཚེ་ཡི་བར་ཆད་ཀྱང་༔ རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་གདོན་མི་ཟའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དོན་གསུམ་པ་རྗེས་ནི༔ སྣང་བཞིའི་འཆར་ཚུལ་ངོས་བཟུང་བ༔ མཐའ་བརྟེན་བཞིའི་རང་བཞིན་གོམས་ཚུལ༔ གྲོལ་བའི་རང་ས་ཟིན་ལུགས་དང་གསུམ་མོ༔ དང་པོ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ༔ ཉམས་གོང་འཕེལ་གྱི་སྣང་བ༔ རིག་པ་ཚད་ཕེབས་ཀྱི་སྣང་བ༔ ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས༔ དང་པོ་ངོ་སྤྲད་པའི་འོད་གསལ་གྱི་སྣང་བ་དེ་སྒྲོན་མ་བཞི་སྟེ༔ རྒྱང་ཞགས་ཆུའི་སྒྲོན་མ་ལས་༔ དབྱིངས་རྣམ་དག་གི་སྒྲོན་མ་སྤྲིན་མེད་ཀྱི་ནམ་མཁའ་སྟོང་བ་ཤར་བའི་དབུས་སུ༔ ཐིག་ལེ་སྟོང་བའི་སྒྲོན་མ་རང་སྣང་བའི་ནང་དུ༔ རིག་པ་ལུ་གུ་རྒྱུད་གསལ་བ་ལ་མ་ཡེངས་པར་བལྟས་པས༔ གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གེ་སྐྱེས་པའི་ངང་ལ་མི་གཡོ་བར་མཉམ་པར་འཇོག་པའི་ཤེས་པ་གསལ་ལ་དྭངས་པ༔ ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་དེ་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ༔ གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ༔ གཞིའི་སྣང་ལུགས་ཉིད་འབྲས་བུ་ཡེ་གྲོལ་དུ་སྨིན་པར་བྱེད་པའི་ཤེས་རབ་ཞེས་བྱ་བ་སྟེ༔ གཞི་འབྲས་བུར་སྨིན་པའམ༔ ཤེས་རབ་སྐུ་རུ་སྨིན་པའོ༔ དོན་དེ་ལྟར་ཉམས་སུ་བླངས་པས་དབྱིངས་ཀྱི་ར་བར་རིག་པ་ཚུད་ནས༔ ཐིག་ལེ་སུམ་འབྲེལ་གྱི་སྣང་བ་དབང་པོའི་ཡུལ་དུ་མངོན་སུམ་དུ་རང་སྣང་བའོ༔ དེ་ཡང་ཙིཏྟ་རིན་པོ་ཆེའི་སྦུབས་ན་གདོད་མའི་སངས་རྒྱས་འོད་མི་འགྱུར་བ་ཆེན་པོ༔ དབྱིངས་གདོད་མ་ནས་དག་པའི་དཀྱིལ༔ འོད་ཟེར་དུ་མ་འཁྲིགས་པའི་དབུས་ན་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་རིག་པའི་སྙིང་པོ་ཅན༔ རྨ་བྱའི་སྒོ་ང་ལྟར་ཐུགས་རྗེ་ནང་གསལ་དུ་བཞུགས་པའི་མདངས་ལ༔ ཞི་ཁྲོའི་སྣང་བ་སྐུ་དང་ཐིག་ལེ་ཞིང་ཁམས༔ འོག་མིན་དང་དབྱིངས་ཀྱི་ཕོ་བྲང་ཆེན་པོར་ལྷུན་གྲུབ་ཏུ་སྣང་བས༔ སྒྱུ་མ་ལུས་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ཞིང་ཁམས་མ་ལུས་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་༔ དཔའ་བོ་མཁའ་འགྲོའི་རང་བཞིན་གྱིས་གང་ཞིང་༔ ཆོས་དང་འཁོར་དང་གནས་དང་དུས་དང་༔ སྟོན་པ་ཕུན་སུམ་ཚོགས་པའི་ཚུལ་རྒྱ་མཚོ་ལ་དབང་འབྱོར་བའི་ཚུལ་རྒྱ་མཚོ་སྙེད་ལ༔ སྐལ་ལྡན་གྱི་རྣལ་འབྱོར་བས་ནམ་དབང་ཐོབ་པ་ན༔ བདེ་ཆེན་མཁའ་སྤྱོད་ཀྱི་གནས་འོག་མིན་ཆེན་པོར་གཤེགས་ཏེ༔ སངས་རྒྱས་པ་ཞེས་ཀྱང་བྱ༔ རང་བཞིན་གདོད་མ་ནས་དག་པའི་ཞིང་ཁམས་སུ་དབང་ཐོབ་པ་ཞེས་ཀྱང་བྱ་སྟེ༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁང་བུའི་རང་མདངས་གསང་བ་དོན་གྱི་ལམ་མཆོག་ཆུའི་སྒྲོན་མ་ལ་སྣང་བ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ཤར་བའི་ཚེ༔ དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་རྣམ་པར་དག་པའི་སྒྲོན་མའི་ནང་ན༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ་སྟོང་བའི་སྒྲོན་མ་དང་༔ ཐིག་ཕྲན་གྲངས་མེད་པ་སྣང་བའི་དབུས་སུ་སྐུའི་རྟགས་སུ་ལུ་གུ་རྒྱུད་ཤར་བ་ལ་བལྟས་པས༔ ཐུགས་རྗེའི་རྟགས་ཤེས་པ་རང་གསལ་ཆེན་པོ་ཉིད༔ ངོ་བོའི་རྟགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པས་མཉམ་པ་ཉིད་ཆོས་སྐུ་གཞི་རྫོགས་ཆེན་པོ་གདོད་མ་ཀ་ནས་དག་པའི་ངང་དུ་བརྡའ་ཐིམ་མོ༔ ཤིན་ཏུ་གསང་བའི་དོན་མངོན་སུམ་དུ་བསྟན་པའོ༔ དེ་ལྟར་མངོན་སུམ་གྱི་སྣང་བ་མཐོང་བའི་དགོས་པ་ནི༔ གནས་སྐབས་ཆོས་ཉིད་ཡིད་དཔྱོད་དང་བྲལ་ལ༔ མཐར་གདོད་མའི་ཟད་སར་འགྲོ་བའོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ ཤེས་ཉམས་བདེ་གསལ་མི་རྟོག་ལ་སོགས་པ་སྣ་ཚོགས་ཀྱང་མི་བརྟན་པས༔ ལམ་གྱི་ཚད་ངེས་པར་མི་བསླུ་བ༔ ཡེ་ཤེས་སྣང་བའི་ཉམས་ཕྱིར་ཤར་བས༔ རིག་པ་ནང་དུ་གྲོལ་བའི་ཚད་ཟིན་པ་ནི༔ ཐེག་པ་འདིའི་ཁྱད་པར་གྱི་དགོངས་པ་ཟབ་མོ་སྟེ༔ ཤིན་ཏུ་གསང་བའི་ལམ་མཆོག་ཆེན་པོའོ༔ དེའང་སྔ་མའི་དོན་ལ་རིམ་བཞིན་བརྩོན་འགྲུས་དང་ལྡན་པས་ཉམས་སུ་བླངས་པས༔ དབྱིངས་རིག་ཀྱང་རེས་གསལ་རེས་མི་གསལ་རེས་འགྲིབ་པ་ཙམ་ལ༔ ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པས༔ དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ༔ དབང་པོའི་མངོན་སུམ་དུ་གསལ་ལོ༔ ཐིག་ལེ་རྣམས་ཀྱང་སྲན་མ་ཙམ་དུ་སྣང་ཞིང་༔ དབྱིངས་ཀྱང་ཁྲུ་གང་ཙམ་དུ་སྣང་བ་སྟེ༔ རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འགྲོ་བ་ཙམ་མོ༔ དེ་བཞིན་དུ་ཉམས་སུ་བླངས་པས༔ འོད་ལྔའི་དབྱིངས་སྣང་དུམ་བུ༔ གྱེན་འགྲེང་དང་༔ རྩིབས་ཤར་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེའི་རྣམ་པ་ཙམ་ཀྱི་རང་གི་མདུན་ཕྱོགས་ཁྱབ་པར་འཆར་བའི་ནང་དུ་༔ ཐིག་ལེ་ཡང་མེ་ལོང་ཙམ་ལ༔ རིག་པ་ཡང་འདབ་ཆགས་འཕུར་རྐྱེན་པ་ཙམ་དུ་སྣང་ངོ་༔ དེ་བཞིན་ཉམས་སུ་བླངས་པས༔ དབྱིངས་ཀྱི་སྣང་བ་དེ་དག༔ རིན་པོ་ཆེ་དང་༔ འོད་གསལ་གྱི་དྲ་བ་དྲ་ཕྱེད་དང་༔ མིག་མང་རིས་དང་༔ མིག་ཚགས་དང་༔ མདུང་རྩེའི་རྣམ་པ་དང་༔ མདའ་དང་༔ པདྨ་སྟོང་ལྡན་དང་༔ ཉི་མ་དང་༔ ཟླ་བ་དང་༔ མཁར་ཐབས་དང་༔ རལ་གྲི་དང་༔ རྡོ་རྗེ་དང་༔ གྲི་གུག་དང་༔ མེ་ལྕེ་དང་ཉ་མིག་གི་རྣམ་པ་ལྟ་བུར་འཆར་ཞིང་༔ སྣང་བ་དེས་རང་གནས་པའི་ལུང་པ་དེ་འགེང་བར་འགྱུར་རོ༔ ཐིག་ལེ་ཡང་ཁམ་ཕོར་ཙམ་ལ༔ རིག་པ་ནི་རི་དྭགས་སྤང་རྩིབ་ལ་རྒྱུག་པ་ཙམ་མོ༔ དེ་ནས་ཡང་ཉམས་སུ་བླངས་པས༔ འོད་ནི་ཡུལ་ཁམས་ཙམ་དུ་སྣང་ཞིང་༔ ཐིག་ལེ་ནི་བསེ་ཕུབ་ཙམ༔ རིག་པ་རི་དྭགས་དལ་གྱིས་འགྲོ་བ་ཙམ་མོ༔ དེ་བཞིན་ཉམས་སུ་བླངས་པས༔ འོད་ནི་སྟོང་གསུམ་གང་དུ་བལྟས་ཚད་ཁྱབ་ཅིང་༔ དབྱིངས་རིག་ཉིན་མཚན་མེད་པར་གསལ་ཏེ༔ ཐིག་ལེའི་ནང་དུ་སྐུ་རྐྱང་པ་རེ་སྣང་ལ༔ རིག་པའི་བར་དུ་རིགས་ལྔའི་སྐུ་ཕྲ་མོ་འབྱུང་ཞིང་༔ དེ་ལ་འགུལ་འཁྲིག་མེད་པར་གཏད་དེ་བསྒོམས་པས༔ བར་དོའི་སྣང་བ་མཐོང་བ་སྟེ༔ ཕྱིས་བར་དོ་མེད་དོ༔ དེ་ལྟར་ཉམས་སྣང་གོང་དུ་འཕེལ་བས་གནས་སྐབས་སུ་ཉམས་སྣང་གི་ཡོན་ཏན་འཐོབ་ལ༔ མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ དབྱིངས་ཀྱི་སྣང་བས་ཐམས་ཅད་དུ་ཁྱབ་པས༔ ས་ཆུ་མེ་རླུང་གི་སྣང་བ་གང་ཡང་མེད་ཅིང་༔ ཐིག་ལེ་རྣམས་དང་རིག་པའི་ནང་དུ་རྣམ་པར་སྣང་མཛད་དང་༔ དབྱིངས་ཀྱི་དབང་ཕྱུག་མ་དང་༔ རྡོ་རྗེ་སེམས་དཔའ་དང་མཱ་མ་ཀི་དང་༔ རིན་ཆེན་འབྱུང་ལྡན་དང་༔ སངས་རྒྱས་སྤྱན་མ་དང་༔ སྣང་བ་མཐའ་ཡས་དང་༔ གོས་དཀར་མོ་དང་༔ དོན་ཡོད་གྲུབ་པ་དང་༔ དམ་ཚིག་སྒྲོལ་མ་སྟེ༔ སྟེང་ཕྱོགས་སུ་རྣམ་སྣང་གིས་གཙོ་བྱས་པའི་ལྔ་ཚན་ནས༔ ཕྱོགས་བཞིར་རིགས་བཞིས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་འབུམ་ཕྲག་བརྗོད་ལས་འདས་པ༔ ནམ་མཁའི་མཐའ་ཁྱབ་པར་འཆར་ཞིང་༔ རང་ཉིད་ཀྱང་པད་སྡོང་ཆེན་པོའི་སྟེང་དུ་འོད་གསལ་བའི་སྤྱི་བོ་ནས༔ ཡར་ཐིག་ལེ་འཁར་གཞོང་བརྩེགས་པ་ལྟ་བུ་ལྔའམ་དགུ་གྱེན་དུ་སྣང་ཞིང་༔ རང་དང་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀར་འོད་ཀྱི་ཟེར་ཐག་སྣལ་ཚོན་ལྔ་སྒྲིལ་ལྟ་བུར་འབྲེལ་ནས༔ རང་ལུས་གདོས་བཅས་སུ་སྣང་བ་མེད་པར་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུར་གྲོལ་བའོ༔ དེའི་ཚེ་སྣང་བ་འོད་གསལ་དུ་གྲོལ་བས༔ གདོས་བཅས་ས་རྡོའི་སྣང་བ་རང་སར་ནུབ༔ ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས༔ ཤ་ཁྲག་གི་ཕུང་པོ་རང་སར་ནུབ༔ གསང་བ་ཉོན་མོངས་འོད་གསལ་དུ་གྲོལ་བས༔ སྒྲིབ་གཉིས་ཀྱི་སྣང་བ་རང་སར་ནུབ༔ ཡང་གསང་སྐུ་དང་ཡེ་ཤེས་སུ་སྣང་བས༔ འོག་མིན་དེ་བཞིན་ཉིད་ཀྱི་ཞིང་ཁམས་སུ་རང་སྣང་ཞིང་༔ བླ་མེད་མཁྱེན་པའི་ཡེ་ཤེས་རྒྱས་པས༔ ཤེས་བྱའི་དཀྱིལ་འཁོར་རང་གསལ་ལོ༔ དེ་ལྟ་རིག་པ་ཚད་ལ་ཕེབས་པས༔ གནས་སྐབས་སུ་མ་བསྒོམས་ཀྱང་ཆོས་ཉིད་ཟང་ཐལ་དུ་ཁོ་ར་ཁོར་ཡུག་ཏུ་རྣལ་མར་འབྱུང་ཞིང་༔ མཐར་ལོངས་སྐུ་ངོས་ཟིན་པས་སྐུའི་འཛིན་པ་རང་སར་གྲོལ་ལོ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཕྱི་ཉམས་སྣང་གི་འཕེལ་ཟད༔ ནང་སྒྱུ་ལུས་ཀྱི་ཆོས་ཟད༔ གསང་བ་རྟོག་ཚོགས་ཀྱི་སེམས་ཟད༔ ཚིག་དང་འཁྲུལ་པ་ཐམས་ཅད་རང་ཟད་དེར་སྣང་དུ་འཛིན་པའི་བློ་ཟད་ནས༔ འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས༔ འཁོར་འདས་ཀྱི་འདུ་ཤེས་བྲལ་ཏེ༔ སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་བོ༔ དེའི་ཚེ་འབྱུང་བའི་གནོད་པས་མི་ཚུགས༔ ཉི་ཟླའི་སྣང་བ་མེད༔ འགྲོ་འདུག་གི་འདུ་ཤེས་ནུབ༔ དྲན་པ་འལ་པོ་རྗེས་མེད་ཅིང་༔ མངོན་པར་ཤེས་པ་ཐོགས་པ་མེད༔ ཐུགས་རྗེའི་ཆ་གསལ་བ་ཙམ་དུ་གནས་པའོ༔ དེ་ལྟར་ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་དགོས་པ་ནི༔ གནས་སྐབས་སུ་སྣང་བའི་ཚད་ཟིན་པས་སོ་མཚམས་ཕྱེད་ལ༔ མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་ཐག་ཆོད་པའོ༔ གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ལ༔ མི་འགུལ་བ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཐོབ་པ་གསུམ་གྱིས་གཟེར་གདབ་པ༔ གདེང་བཞིའི་གྲོལ་ཚད་བསྟན་པ་བཞི་ལས༔ དང་པོ་བཞུགས་སྟངས་གསུམ་ལ་རྒྱུན་དུ་གནས་པ་སྟེ༔ ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ༔ མིག་མི་འགུལ་བས་རླུང་མི་འགུལ༔ རླུང་མི་འགུལ་བས་སེམས་མི་འགུལ༔ དེ་ཉིད་ཀྱི་འགྱུ་བྱེད་རྒྱུན་ཆད་ནས་རིག་པ་གཡོ་འགུལ་མེད་པར་གནས་པའི་དགོས་པ་ཡོད་དོ༔ གཉིས་པ་མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ༔ དེ་ཡང་རིག་པའི་གནད་རྩ༔ རྩའི་གནད་སྒོ༔ སྒོའི་གནད་སྒྲོན་མའོ༔ རྩ་མི་འགུལ་བས་མིག་མི་འགུལ༔ མིག་མ་འགུལ་བས་སྒྲོན་མ་མི་འགུལ༔ སྒྲོན་མ་མ་འགུལ་བས་སེམས་མི་འགུལ༔ སེམས་མ་འགུལ་ཕྱིན་ཆད་རྟོག་ཚོགས་ཀྱི་འདུ་འཕྲོ་འབྱུང་མི་སྲིད་དོ༔ དེས་ནི་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ༔ དེའང་རྟོག་ཚོགས་ནི་བརྟགས་ན་ཡེ་ཤེས་ཀྱི་རྩལ་ཡིན་ཡང་༔ རང་ངོ་མ་ཤེས་པས་འཁོར་བའི་ངོ་བོ་སྟེ༔ མེད་བཞིན་སྣང་བ་གཟུགས་བརྙན་དང་འདྲའོ༔ ཐུགས་རྗེའི་རིག་པ་མེ་ལོང་གི་ངོས་ལྟ་བུ༔ དེ་ཕྱིར་གསལ་དུ་ཡོད་རིང་ལ༔ ཡུལ་སྣ་ཚོགས་ཀྱི་རྐྱེན་གྱིས་གཟུགས་བརྙན་མི་འགག་པར་འཆར་བས་བློས་ཡོད་མེད་དུ་གཟུང་ན་འཆིང་ལ༔ མ་བཟུང་ན་གྲོལ་ཞིང་༔ གཟུང་ན་ལྟ་སྒོམ་དགེ་བས་ཀྱང་འཆིང་སྟེ༔ གཟུགས་མ་བསྡུས་བར་དུ་གཟུགས་བརྙན་སྣང་བ་བཞིན༔ མ་བཟུང་ན་ཉོན་མོངས་དུག་ལྔས་ཀྱང་གྲོལ་ཏེ༔ གཟུགས་བརྙན་གྱི་གནད་ཤེས་པས་མེ་ལོང་ལས་མི་གཡོ་བ་བཞིན་ནོ༔ ཐུགས་རྗེ་ནང་དུ་ཐིམ་དུས་མེ་ལོང་གི་རྒྱབ་ཕྱིར་བསྟན་པ་བཞིན་བཟང་ངན་གྱི་གཟུགས་བརྙན་གང་ཡང་མི་སྣང་ལ༔ མེ་ལོང་ནང་གསལ་གྱི་ངོས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཉག་གཅིག་མི་གཡོ་བར་བཞུགས་སོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ དབྱིངས་རིག་ལ་རྒྱུན་རིང་པོར་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ༔ ཕྱི་སྣང་བ་བསྐྱོད་པའི་རླུང་ཟད་པས་དབྱིངས་དང་རིག་པ་འགྲོ་འོང་མེད་པར་སྡོད༔ ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད༔ གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས༔ རྣམ་རྟོག་རང་ཡལ་རང་ཞི་ལ་སྡོད་པའོ༔ སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་༔ རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་ཏེ༔ བརྩོན་འགྲུས་རབ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་འཆད༔ འབྲིང་འོད་གསལ་བདེ་བ་ཆེན་པོར་འཆར༔ ཐ་མ་རྨི་ལམ་རྨི་ལམ་དུ་ཤེས་པས་ཟིན་པ་འབྱུང་ངོ་༔ རྟགས་སྒོ་གསུམ་ལ་འཆར་བ་ནི༔ སྣང་བ་བཞི་གསུམ་བཅུ་གཉིས་ལས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི༔ ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར༔ བྱ་བྱེད་གཡོ་འགུལ་མེད་པར་འདུག་ཚུགས་པ་དང་༔ ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་འཕྲོ་བར་སྣང་ཡང་གར་གཏད་ལ་ཟིན་པའོ༔ ཉམས་གོང་འཕེལ་གྱི་རྟགས་གསུམ་ནི༔ ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར༔ བྱི་དོར་དང་རྒྱན་ཆའི་སྒེག་ཆོས་དང་བྲལ༔ ངག་སྨྱོན་པ་ལྟར་གཏམ་ཐམས་ཅད་དོན་མེད་ཆལ་ཆོལ་དུ་སྨྲ༔ སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟར༔ ཁམས་གསུམ་དུ་ཕྱིར་མི་ལྡོག་པའོ༔ རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར༔ སྐད་ཅིག་མ་ལ་འབྱུང་བ་ལྔ་ལ་ཟང་ཐལ་དུ་འགྲོའོ༔ ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར༔ ཅི་སྨྲས་གཞན་ལ་ཕན་ཅིང་དད་པའི་རྒྱུ་བྱེད༔ སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར༔ ཕྱིས་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ༔ ཆོས་ཉིད་ཟད་པའི་རྟགས་གསུམ་ནི༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟར་གཤེད་མ་ལྔ་བརྒྱས་བསྐོར་ཡང་ཡ་ང་བ་དང་བག་ཚ་བ་མེད་ཅིང་༔ ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ༔ གཞན་གྱི་རྗེས་ཟློས་བྱེད༔ སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ༔ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ལ་གསུམ་སྟེ༔ དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི༔ འདིའི་དུས་སུ་ཕུང་པོའི་སྣང་བ་འགག་ནས་རྡོས་བཅས་མི་སྣང་བའི་ཚེ༔ སེམས་ཅན་གྱི་དོན་བྱ་བར་འདོད་ན་རང་གི་ལག་སོར་ལ་གཏད་ཅིང་བལྟས་པས༔ སྣང་བ་དེ་ཀུན་རང་ལོག་སྟེ༔ སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས༔ མི་ལ་སོགས་པའི་སེམས་ཅན་ལ་རིག་པ་བཅུག་ན༔ མཚམས་མེད་པ་ལྔ་བྱས་བ་ཡིན་ནའང་༔ སྐད་ཅིག་དེ་ཉིད་ལ་འབྱུང་བ་ལྔ་རང་དག་ནས་འཚང་རྒྱ་སྟེ༔ དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་སོ༔ དེའི་ཚེ་བེམ་བོ་ལ་རིག་པ་བཅུག་ཀྱང་འགུལ་བ་དང་༔ སྐད་སྨྲ་ནུས་པ་སོགས་ངེས་པར་འོང་ངོ་༔ གཉིས་པ་འཇུག་པ་ལ་དབང་ཐོབ་པ་ནི༔ སོར་མོ་ལ་རིག་པ་གཏད་ནས་ལུས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ༔ གསུམ་པ་རླུང་སེམས་ལ་དབང་ཐོབ་པ་ནི༔ རླུང་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་༔ སེམས་ཅན་གཞན་ཚེ་འཕོས་པའི་དུས་སུ༔ དེ་ལ་རང་གི་རིག་པ་བཅུག་པས༔ དེས་མཚམས་མེད་པ་ལྔ་བྱས་ཀྱང་རང་དང་མཉམ་པོར་འཚང་རྒྱ་སྟེ༔ ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ༔ བེམ་པོ་ལའང་ཐོགས་མེད་དུ་ཟང་ཐལ་ཞིང་༔ མངོན་པར་ཤེས་པ་ཕྱོགས་མེད་དུ་འཆར་རོ༔ བཞི་པ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི༔ ཡར་གྱི་གདེང་གཉིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོབ་ཀྱང་༔ ཐོབ་དུ་རེ་བ་དང་མ་ཐོབ་ཀྱི་དོགས་པའི་སེམས་མེད་དེ༔ རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པས་ཐག་ཆོད་པའི་ཕྱིར་རོ༔ མར་གྱི་གདེང་གཉིས་ནི༔ འགྲོ་བ་དྲུག་གི་སྡུག་བསྔལ་མངོན་སུམ་དུ་མཐོང་ཡང་འཁོར་བར་ལྟུང་གིས་དོགས་པ་དང་༔ མི་ལྟུང་དུ་རེ་བ་གཉིས་མེད་པ་སྟེ༔ རྣམ་རྟོག་དབྱིངས་སུ་ཐིམ་པས་འཁོར་བར་ལྟུང་བའི་གཞི་རྩ་དང་བྲལ་བར་ཐག་ཆོད་པའི་ཕྱིར་རོ༔ དགོས་པ་ནི༔ གནས་སྐབས་སོ་སོའི་དགོས་པ་འགྲུབ་ལ༔ མཐར་གོང་མའི་རྒྱབ་རྟེན་བྱས་ན་ལྷག་མེད་དུ་འཚང་རྒྱ་བའོ༔ གསུམ་པ་གྲོལ་ས་ཆེན་པོའི་རང་ས་ཟིན་ལུགས་ནི༔ དེ་ལྟར་སྣང་བ་བཞི་རྫོགས་ནས་གདོད་མའི་ཀ་དག་ཆེན་པོར་རང་གྲོལ་བ་ནི༔ དཔེར་ན་ཤེལ་གོང་དྲི་མ་ཅན་སྦྱངས་པ་ལས་འོད་འབྱུང་སྟེ༔ ཉི་ཟེར་ཀྱི་རྐྱེན་དང་བྲལ་མ་ཐག་འོད་ལྔ་ནང་གསལ་དུ་ཐིམ་ནས་གནས་པ་ལྟར༔ དང་པོའི་ཀ་དག་ལས་ཕྱི་གསལ་དུ་ཤར་བ་རང་ངོ་མ་ཤེས་པས༔ གཟུང་འཛིན་འཁྲུལ་པའི་འདམ་གྱིས་གོས་ཀྱང་༔ སྣང་བ་བཞིའི་གདམས་པ་ཉམས་སུ་བླངས་པས་ཀ་ནས་གྲོལ་ཏེ༔ འོད་ལྔ་རང་ཤར་བ་ལྟར་ཚད་མེད་ཀྱི་སྣང་བ་ཤར་ནས༔ ཆོས་ཐམས་ཅད་ཟད་པ་ལ་ཐུག་སྟེ༔ སླར་ཡང་འོད་ལྔ་ནང་དུ་ཐིམ་པ་ལྟར༔ གདོད་མའི་གཞི་ཐོག་དེ་ཉིད་དུ་ཐིམ་དུས༔ གཞོན་ནུ་བུམ་པའི་སྐུ་བརྙེས་པ་ཞེས་བྱ་སྟེ༔ ཐིམ་པ་ལ་མ་རྨུགས་པ༔ གསལ་བ་ལ་མི་འཕྲོ་བ༔ རིག་པ་ལ་མི་རྟོག་པ་ཉིད་དུ་ལྷུན་གྱིས་གྲུབ་ནས༔ ངོ་བོ་སྟོང་བ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལོངས་སྐུ༔ ཐུགས་རྗེའི་རིག་པ་སྤྲུལ་བའི་སྐུ་སྟེ༔ སྐུ་གསུམ་ཡེ་ཤེས་དང་བཅས་པ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པའོ༔ སླར་ཡང་སེམས་ཅན་གྱི་དོན་དུ༔ ཆོས་སྐུ་དེ་ཉིད་ལས་མ་གཡོས་བཞིན་དུ༔ ལོངས་སྐུ་དང་སྤྲུལ་སྐུའི་སྣང་བས་གང་ལ་གང་འདུལ་དུ་སྐད་ཅིག་གིས་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས༔ འཁོར་བ་མ་སྟོངས་ཀྱི་བར་དུ་དུས་གསུམ་མཉམ་པ་ཆེན་པོས་འགྲོ་བའི་དོན་སྣ་ཚོགས་སུ་མཐར་ཕྱིན་པར་འབྱུང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཡང་ཟབ་སྙིང་པོའི་མཐར་ཐུག་ཆོས༔ སྡེ་སྣོད་ཐེག་རིམ་གང་དུའང་མ་བསྟན་པའི༔ མངོན་སུམ་ཆོས་སྐུ་མཛུབ་བཙུགས་གདམས་པ་འདི༔ གྲོགས་ཀྱི་མཆོག་གྱུར་སྒྲུབ་ཟླ་མཚོ་རྒྱལ་ལ༔ བླ་མེད་རྒྱུད་ཀྱི་སྙིང་བཅུད་སྙིང་གི་ཐིག༔ ཤྲཱི་སིདྷའི་ཞལ་གདམས་ཐུགས་ཀྱི་བཅུད༔ པདྨ་བདག་གི་ཉམས་མྱོང་གསུམ་དྲིལ་ནས༔ ཁོང་པའི་སྙིང་ཕྱུངས་ལག་མཐིལ་བཀོད་ནས་གཏད༔ བོད་ཁམས་རྒྱལ་པོ་རྗེ་འབངས་མཚོ་རྒྱལ་སོགས༔ ཀུན་ལ་རྫོགས་ཆེན་ཟབ་ཁྲིད་མང་བསྟན་ཡང་༔ ཉམས་ཁྲིད་ལྷུག་པ་གབ་སྦས་འཁྲུགས་མེད་པའི༔ ལན་གྲངས་བཅུ་དྲུག་བཞུས་པའི་གསེར་འདྲ་འདི༔ ད་ལན་མ་གཏོགས་གང་དུའང་བསྟན་པ་མེད༔ འདི་ནི་སྙིང་ཐིག་ཀུན་གྱི་ནོར་བུ་སྟེ༔ འདི་ནི་སྙིང་ཐིག་གསང་བའི་སྲོག་ཐིག་ཡིན༔ ཉམས་སུ་ལོངས་ཤིག་ཐུགས་ཀྱི་བདེ་སྟེར་མ༔ མ་འོངས་རྩོད་ལྡན་ཕྱི་མའི་འགྲོ་དོན་དུ༔ ཟབ་ཤོག་ལོགས་ལ་བརྡ་ཡི་ཡི་གེར་ཐོབ༔ སངས་རྒྱས་བསྟན་པ་དར་ལ་མ་སྨིན་ཞིང་༔ ཆས་གསུམ་འགོང་པོའི་བསྟན་པས་བོད་ཁམས་གཡོ༔ ཆོས་མེད་བདུད་སྤྲུལ་གོས་སེར་གྱོན་པ་མང་༔ ཧོར་སོག་དུ་རུ་ཀ་རྣམས་དར་བའི་ཚེ༔ བོད་འདིར་ལྟ་ལོག་ཉམས་འཁྲིད་ཉན་བཤད་དང་༔ རང་སྣང་འཁྲུལ་བར་ཆོས་སྐུའི་ངོ་སྤྲོད་འདེབས༔ ལྟ་སྒོམ་བཟང་དུ་རློམས་ཀྱང་བར་དོར་འཁྲུལ༔ བརྩོན་པས་ཉམས་ལེན་འབད་ཀྱང་ཁམས་གསུམ་འཁོར༔ སྒྱུ་མའི་ནོར་དང་དམ་ཆོས་ཉོ་ཚོང་བྱེད༔ བཀའ་འདས་ཁྲིམས་ཉམས་དམ་ཉམས་ལ་ལུང་ཁེངས༔ དེ་དུས་འགྲོ་བ་ངན་སོང་ཁྱུ་དེད་འཁྱམས༔ འོན་ཀྱང་ང་ཡི་ཐུགས་ཀྱི་སྤྲུལ་པ་ལས༔ སྦས་ཚུལ་མ་ངེས་འགྲོ་བའི་སྐྱབས་མགོན་ཞིག༔ ཁམས་ཀྱི་ཡུལ་ནས་ཉི་མ་གྲགས་པ་འབྱུང་༔ ཆོས་འདི་ཉམས་ལེན་སྣང་བཞི་མཐའ་རུ་ཕྱིན༔ མཐོང་ཐོས་འགྲོ་བ་ཕྱིར་མི་ལྡོག་པར་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཁ་ཐམ་གྷུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་གདན་དྲངས་ཤིང་ལྕགས་ཕོ་སྤྲེའུ་ལོ་སྟོན་ཟླ་ར་བར་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།


previousཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགnext