Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིག
   
   
   
   
   
   
   


 
previousརྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིགnext

རྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིག

རྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིག་ཁོལ་བུར་ཕྱུང་བ་བཞུགས༔ ཨོ་རྒྱན་གུ་རུའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་མཆོག་ཆེན་པོ་མཁའ་འགྲོ་འབུམ་དེལ་གྱི༔ ཆོས་ཁྲི་གོང་མ་སེང་གེ་འགྱིང་བསྣོལ་སྟེང་༔ ཚངས་པ་བརྒྱ་བྱིན་དགའ་བོ་འཇོག་པོ་དང་༔ རྒྱལ་ཆེན་བཞི་དང་འགུར་ལྷ་དགེ་བསྙེན་དང་༔ མ་ཚོགས་མཁའ་འགྲོ་འཁོར་དང་བཅས་པའི་མདུན༔ གུས་པས་ཐལ་སྦྱར་མ་འོངས་ཕྱི་མའི་དོན༔ གནས་ཆེན་བརྒྱ་རྩའི་ལམ་ཡིག་རིམ་པ་དང་༔ ཁྱད་པར་རྡོ་རྗེ་ཤེལ་རྫོང་ཕུག་པ་ཡི༔ གནས་ཀྱི་ལམ་ཡིག་གསུང་བར་ཞུས་པའི་ཚེ༔ ཨོ་རྒྱན་གུ་རུའི་ཞལ་ནས་འདི་སྐད་གསུང་༔ མ་ཡེངས་ཉོན་ཅིག་ཇོ་མོ་འཚོ་རྒྱལ་མ༔ གནས་འདིའི་ནུབ་ཕྱོགས་ཤེལ་ཕུག་ལམ་ཡིག་ནི༔ དབང་ཆེན་ཆུ་བོ་ནུབ་ནས་ཤར་དུ་འབབ༔ གནམ་ས་དགུ་ཐིག་འཁྱོག་འདྲའི་ལུང་མདོ་ནས༔ དཔག་ཚད་གཅིག་བརྒལ་ས་ན་སྒོ་མ་ནི༔ ཁྱི་གདོང་དམར་མོ་གནས་པའི་ཕོ་བྲང་མཆོག༔ ཆུ་ཡི་རྦ་དོང་ཧཱུྃ་ཧཱུྃ་བྷྱོ་བྷྱོ་སྒྲོག༔ དྲེགས་པ་སྡེ་བརྒྱད་འཚུབ་པའི་གནས་ཡོད་པས༔ འདབས་ནས་རྣམ་འཇོམས་བཟླས་པའི་གཟུངས་ཁྲུས་བྱ༔ སྡེ་བརྒྱད་གནོད་པ་བྱད་དང་རྦོད་གཏོང་གྲིབ༔ འདག་པར་འགྱུར་རོ་ཡན་ལག་ལྔ་ཁྲུས་བྱ༔ ནང་དུ་དྲི་མ་ཟག་པ་ཁ་ཕྲུ་སྤང་༔ བསང་གསུར་ཤ་སྣ་ཁྲག་སྣས་སྲུང་མ་མཆོད༔ བར་ཆད་སེལ་བའི་གསོལ་བ་འདེབས་པར་བྱ༔ དེ་ནས་དཔག་ཚད་གཅིག་དང་རྒྱང་གྲག་གཉིས༔ འདས་པའི་ས་ན་བདག་གི་བཞུགས་ཁྲི་ཡོད༔ སྡེ་བརྒྱད་སྲོག་སྙིང་ཡི་གེ་འབྲུ་བརྒྱད་ཚང་༔ གསོལ་བ་བཏབ་ན་བར་ཆད་ཞི་བ་ཡོད༔ དེ་ནས་རྒྱང་གྲགས་གཅིག་ནི་འདས་པ་ན༔ བྱང་བལྟས་ཆུ་མིག་སྦྲུལ་མགོའི་གདེང་ཀ་དགུ༔ ན་ག་ཀླུ་བདུད་ཝ་རུ་ཎ་གནས་པས༔ བསངས་ཀྱིས་མཆོད་ཅིང་ཆུ་གཏོར་གཏོང་བར་བྱ༔ བར་ཆད་སེལ་བའི་དངོས་གྲུབ་ཞུ་སྟེ་འགྲོ༔ བྱང་ཤར་མཚམས་སུ་དཔག་ཚད་གཅིག་བགྲོད་དེ༔ ནུབ་བྱང་རྒྱབ་བསྟན་མདའ་ནི་ལྷོར་བསྟན་པའི༔ སྐྱིལ་ཀྲུང་བསྣོལ་འདྲའི་མདའ་ན་ཀླུ་སྨན་བསང་༔ ཐུན་མོང་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ རུས་སྦལ་དཀར་པོ་བུ་ཡི་བླ་རྡོ་ལ༔ བུད་མེད་བུ་ཚ་འདོད་པས་རྟ་རུ་གཡབ༔ བུ་ཡི་དངོས་གྲུབ་སྩོལ་ཞེས་སྨོན་ལམ་འདེབས༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་འདས་པར༔ ནགས་ཚལ་ཤིན་ཏུ་སྟུག་པའི་ལྷོ་ནུབ་ན༔ ཁ་ནི་ཤར་ལྷོར་བལྟ་བའི་ཕུག་པའི་ནང་༔ གཡས་སུ་ཀེའུ་རི་མ་བརྒྱད་རང་བྱོན་བཞུགས༔ གཡོན་དུ་ཡུལ་གྱི་ཕྲ་མེན་བརྒྱད་པོ་དང་༔ སྟེང་དུ་ཁྲག་འཐུང་རིགས་ལྔ་འཁོར་ལོའི་ཚུལ༔ དེ་ཡི་ཕུགས་ན་རིགས་གསུམ་མགོན་པོ་བཞུགས༔ ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཀླུ་བྲོ་འཁྲབ༔ ཉམས་དང་རྟོགས་པ་སྤར་ཞིང་རང་ངོར་ལྟ༔ ཀླུ་སྨན་དཀར་མོ་བསང་དང་འོ་མས་མཆོད༔ མཆོག་ཐུན་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ དེ་ནས་ལྷོ་ནུབ་མཚམས་ན་བར་དོའི་འཕྲང་༔ ཆོས་རྒྱལ་རང་བྱོན་འདོམས་ནས་འཛུལ་བ་དང་༔ འགྲོ་དྲུག་བར་དོའི་འཕྲང་སྒྲོལ་སྨོན་ལམ་འདེབས༔ བྱང་ཤར་གྱེན་ལ་མིག་རྒྱང་གང་གི་སར༔ རྡོ་ཐུང་ས་ཡི་ལྟེ་བ་ཡོད་པ་ལ༔ ཀླུང་རྟའི་དར་ལྕོག་བཙུགས་ན་མི་རབས་དར༔ སྟག་གཟིགས་དོམ་དྲེད་སྤྲ་སྤྲེ་ཅེ་སྤྱང་གི༔ གནོད་པས་འཇིགས་ན་རྔ་ཆལ་རོལ་མོ་ལྡིར༔ ཁ་ནས་རྩ་གསུམ་བསྙེན་པའི་འཛབ་དབྱངས་སྒྲོག༔ ལག་པས་གར་སྟབས་རྐང་པས་བྲོ་རུ་འཁྲབ༔ ནགས་ཚལ་སྟུག་པོས་གཏིབས་པའི་སུམ་མདོ་ན༔ བསྟན་མ་བཅུ་གཉིས་གནས་པས་བསངས་ཀྱིས་མཆོད༔ རྐྱེན་དང་བར་ཆད་མེད་པའི་གསོལ་བ་འདེབས༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་བརྒལ་སར༔ ང་ཡིས་སྒྲུབ་ཕུག་ཁ་ནི་ཤར་དུ་བལྟ༔ ནང་ན་བསྐལ་བཟང་སངས་རྒྱས་སྟོང་རྩ་བཞུགས༔ སྒོ་ལ་རྒྱལ་པོ་ཆེན་པོ་སྡེ་བཞི་གསལ༔ ཚོགས་འཁོར་བསྐོར་ཞིང་འཛབ་དབྱངས་ཀླུ་བྲོ་བྱ༔ རིག་པ་གཏད་མེད་ཟང་ཐལ་མོས་གུས་འབར༔ ཨོ་རྒྱན་དཔའ་བོ་མཁའ་འགྲོ་བྱོན་པའི་རྟགས༔ གསོལ་བ་ཐོབ་ལ་སྣང་བ་བྱུང་རྒྱལ་ཐོང་༔ རིག་པ་རྗེན་ཕུད་ཆོས་ཉིད་ངང་དུ་ཞོག༔ དེ་དུས་གསོལ་བ་གང་བཏབ་དེ་བཞིན་འགྲུབ༔ དེ་ནས་གྱེན་དུ་ཅུང་ཟད་བརྒལ་བ་དང་༔ ལྷོ་ཡི་རི་ནས་བྱང་ཤར་ངོས་བལྟས་པས༔ ཡེ་ཤེས་མཚོ་རྒྱལ་སྒྲུབ་པའི་ཕུག་པ་ན༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རང་བྱོན་བཞུགས༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་བརྒལ་སར༔ ཤར་དུ་བལྟ་བའི་གནམ་ཕུག་འཇིགས་ལ་རྔམ༔ བཀའ་བརྒྱད་ལྷ་ཚོགས་ནང་ན་རང་བྱོན་བཞུགས༔ བཀའ་བརྒྱད་ཕུག་པའི་སྒོ་ཡི་བྲག་ལོགས་ལ༔ ཉེ་སྲས་བརྒྱད་དང་སངས་རྒྱས་རང་བྱོན་བཞུགས༔ ཕྱག་འཚལ་མཎྜལ་དབུལ་ཞིང་སྨོན་ལམ་འདེབས༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ་པར་འགྱུར༔ དེ་ནས་བྱང་ཤར་གནས་ཀྱི་དབུ་རྩེ་ནས༔ ནུབ་ཏུ་ལྟ་བའི་རི་བོའི་རྩེ་ཞོལ་ན༔ ཤར་དུ་ལྟ་བའི་སྒྲུབ་ཕུག་ཡངས་པ་ནི༔ པདྨ་བདག་གིས་རྫོགས་ཆེན་བསྒོམས་པའི་གནས༔ ཀུན་བཟང་ཕྱོགས་བཅུའི་སངས་རྒྱས་རང་བྱོན་བཞུགས༔ རང་བྱུང་ཆོས་སྐུ་འཐོབ་པའི་གསོལ་བ་འདེབས༔ བྱང་ཤར་མཚམས་ཀྱི་རི་བོའི་རྩེ་མོ་ན༔ རྡོ་རིང་གནམ་གྱི་ཀ་བ་ཡོད་པ་ལ༔ རླུང་རྟའི་དར་འཕྱར་རྐྱེན་འབྱང་བསོད་ནམས་འཕེལ༔ དེ་ནས་ཐུར་དུ་མིག་རྒྱང་གང་བབས་ཏེ༔ ལྷོ་རུ་བལྟས་པས་ཕུག་པ་བྱང་དུ་ལྟ༔ ཕྱག་རྡོར་སྒྲུབ་ཕུག་ཕྱག་རྡོར་རང་བྱོན་བཞུགས༔ དྲག་པོའི་འཕྲིན་ལས་འགྲུབ་པའི་དངོས་གྲུབ་ཞུ༔ དེ་ནས་ཐང་བབས་ནགས་ཚལ་བྲག་དམར་རྩར༔ གཏེར་སྲུང་དམ་ཅན་གནས་པ་བསངས་ཀྱིས་མཆོད༔ དེ་ལྟར་བཀོད་པ་ལྷུན་གྲུབ་གནས་མཆོག་འདིར༔ གཏེར་ཆེན་གཅིག་དང་གཏེར་ཕྲན་གསུམ་རྣམས་སྦས༔ གཡས་རི་དཔའ་བོའི་ཚོགས་རྣམས་འགྱིང་བ་འདྲ༔ གཡོན་རི་དཔའ་མོའི་ཚོགས་རྣམས་གར་བྱེད་འདྲ༔ རྒྱབ་རི་རིགས་གསུམ་མགོན་པོ་རང་བྱོན་ཚུལ༔ མདུན་རི་རིན་ཆེན་སྣ་ཚོགས་སྤུངས་པ་འདྲ༔ མདོ་ནི་སྐྱིལ་ཀྲུང་མཉམ་བཞག་བསྣོལ་བའི་ཚུལ༔ ཕྱི་ལྟར་སྐུ་གདུང་ཆ་བརྒྱད་ཚོམ་བུའི་ཚུལ༔ ནང་ལྟར་ཁྲག་འཐུང་རིགས་ལྔའི་ཕོ་བྲང་ལ༔ གསང་བ་ལྟར་དུ་དབང་ཆེན་རིགས་ལྔ་སྟེ༔ མཁའ་འགྲོ་མ་སྒྲུབ་རང་བཞིན་འདུ་བའི་གནས༔ གནས་འབྲེལ་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ ཚོགས་འཁོར་བསྐོར་ན་ལོངས་སྤྱོད་མངའ་ཐང་རྒྱས༔ དུས་ཀྱི་རྒྱལ་པོ་སྤྲེལ་ཟླའི་ཚེས་བཅུ་ལ༔ སྐོར་བ་བསྐོར་ན་མི་དགེའི་སྡིག་སྒྲིབ་འབྱང་༔ གཞན་དུ་ལོ་གསུམ་ཉམས་རྟོགས་སྤེལ་བ་ལས༔ གནས་འདིར་ལོ་གཅིག་བསྒོམས་པས་བོགས་ཆེར་རྒྱས༔ ཕྱི་མའི་དུས་ཀྱི་སྐལ་ལྡན་ཕོ་མོ་རྣམས༔ ཚེས་བཅུ་བཟུང་ལ་ང་ལ་གསོལ་བ་ཐོབ༔ ལྔ་བརྒྱའི་འགྲོ་བའི་སྡུག་བསྔལ་ང་ཡིས་སེལ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཤིང་ཕོ་སྟག་གི་ལོ་ལ་ཁམས་སྲིང་མོ་རྫོང་གི་རྡོ་རྗེ་སྙིང་རྫོང་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་པའོ། །མངྒ་ལཾ།། །།


previousརྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིགnext