Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
བར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ།next

བར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ ཨི་ན་སདྡྷ་པྲ་ཝ་ཤ་ཏྲ་ནཱ་མ༔ བོད་སྐད་དུ༔ ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ་ཞེས་བྱ་བ༔ རྩ་གསུམ་དོན་གྱི་ལྷ་ལ་འདུད༔ བླ་མེད་སྙིང་པོའི་རྣལ་འབྱོར་པ༔ བརྩོན་འགྲུས་དམན་དང་ལེ་ལོས་ཁྱེར༔ ཡང་ན་ཚེ་ཡི་བར་ཆད་ཅིང་༔ ཉམས་རྟོགས་མཐར་མ་ཕྱིན་པ་རུ༔ བར་དོའི་སྣང་བ་ཤར་བ་ན༔ གདམས་པ་ཟབ་མོའི་མན་ངག་གིས༔ མྱུར་ལམ་སངས་རྒྱས་འཐོབ་པའི་ཐབས༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོངས་ལ་ཡི་གེར་ཐོབ༔ ཕྱི་མའི་དོན་དུ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གསང་བ་མཆོག་གི་རྣལ་འབྱོར་པ་གོམས་པ་ཆུང་བའི་རིགས་སམ༔ བརྩོན་འགྲུས་དམན་པའམ༔ ཚེ་ལ་བར་ཆད་བྱུང་བ་ལ་སོགས་བར་དོར་འཚང་རྒྱ་བའི་གདམས་པ་འདི་དོན་བཞི་སྟེ༔ སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དེད་དཔོན་གསེར་གླིང་ན་ཕྱིན་པ་ལྟ་བུའི་གདམས་ངག༔ འཆི་ཁ་བར་དོ་ལ་གསལ་གདབ་པ་རྒྱལ་པོས་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག༔ ཆོས་ཉིད་ཀྱི་བར་དོ་ངོ་འཕྲོད་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག༔ སྲིད་པ་བར་དོར་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་ཁ་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ༔ དང་པོ་ནི༔ དེད་དཔོན་ཞིག་ཏུ་གྱུར་ནས༔ རྒྱ་མཚོ་ཆེན་པོར་བགྲོད་པའི་ཕྱི་ནང་གི་རྐྱེན་ཐུབ་པའི་བྱ་བ་གལ་པོ་ཆེ་མང་པོ་དང་དུ་བླངས་ཏེ་བསྒྲུབས་ནས༔ མི་མཐུན་པའི་ཉེས་ཚོགས་ཐམས་ཅད་བཟློག་ནས་གེགས་མེད་དུ་འགྲོ་བ་ལྟར་ཐེག་པ་ཆེན་པོའི་ཆོས་ལ་གོམས་འདྲིས་ལེགས་པར་བྱས་ནས༔ བར་དོའི་གདམས་པ་ཟབ་མོ་ལ་འཇུག་པ་སྟེ༔ དེ་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལས༔ དབང་པོ་རབ་སྦྲུལ་མདུད་ནམ་མཁའ་ལ་བོར་བ་ལྟར་གྲོལ་བ་དང་༔ འབྲིང་མཚོ་ནང་དུ་ཁ་བ་བབས་པ་ལྟར་གྲོལ་བ་དང་༔ ཐ་མ་ཆབ་རོམ་ཆུར་ཞུ་བ་ལྟར་གྲོལ་བའོ༔ དང་པོ་ནི་གདམས་པ་ཟབ་མོ་བཏབ་པ་ཙམ་གྱིས༔ ཡེ་ཐོག་ཀུན་བཟང་གི་གཞི་ལ་རྩོལ་མེད་དུ་རང་གྲོལ་བའོ༔ གཉིས་པ་ནི༔ ཟབ་མོའི་གདམས་པ་ཉམས་སུ་བླངས་པས༔ ཉོན་མོངས་ཀྱི་ཚོགས་ཐམས་ཅད་ཆོས་ཉིད་རོ་གཅིག་ཏུ་གནས་གྱུར་ནས་རང་གྲོལ་བའོ༔ གསུམ་པ་ནི༔ གདམས་པ་ངོ་སྤྲད་པ་རྣམས་ཉམས་སུ་བླངས་པས༔ སེམས་ཀྱི་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་རང་གྲོལ་བའོ༔ གཉིས་པ་འཆི་ཁའི་བར་དོ་ནི༔ འཆི་ནད་ཀྱིས་ཐེབས་པའི་ཚེ༔ སྒེག་མོས་མེ་ལོང་བལྟས་པས་བྱད་མི་སྒྲིབ་པར་གསལ་བའམ༔ རྒྱལ་པོས་བཀའ་འཕྲིན་བསྐུར་བ་ཁྲིམས་ལ་འཇིགས་ནས་མི་བརྗེད་པ་ལྟར༔ བར་དོའི་གདམས་པ་གསལ་གདབ་པས་རང་ཉིད་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་མི་བརྗེད་པ་སྟེ༔ སྐྱེས་བུ་འབྲིང་གི་རབ་སྙིང་སྡུག་གི་མཛའ་བོ་མཐོང་བ་ལྟ་བུ༔ འབྲིང་གི་འབྲིང་མེ་ལོང་དུ་བྱད་གསལ་བ་ལྟ་བུ༔ འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའོ༔ དང་པོ་འཆི་ལྟས་ཚང་བའི་དུས་སུ་ཚེ་འདིའི་ཞེན་པ་དང་འཛིན་སྣང་གི་འཁྲུལ་པ་མེད་པར༔ བླ་མ་དང་གདམས་པ་ཟབ་མོའི་དོན་ཡིད་ལ་དུང་དུང་གསལ་ཞིང་མ་བརྗེད་པར་འདུག་ན་དེས་ཆོག་པའོ༔ གཉིས་པ་ནི༔ འཆི་ཀའི་དུས་དེར་བླ་མའམ་མཆེད་གྲོགས་བརྩེ་ཞིང་འདྲིས་ཆེ་བ༔ དམ་ཚིག་ལ་སེལ་མེད་པས་རྣ་བར་མཆུ་བཙུགས་ཏེ༔ ཨེ་མ་རིགས་ཀྱི་བུ་ཁྱོད་མ་ཡེངས་མ་འཁྲུལ་བར་གདམས་པ་ཟབ་མོ་གསལ་འདེབས་པ་འདི་ལ་ཉོན༔ ཁྱོད་འཆི་ཀ་མའི་དུས་ཐེམས་འདུག་པས༔ ཚེ་འདིའི་སྣང་བ་ལ་མ་ཆགས༔ ཆོས་ཉིད་ཀྱི་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལན་མང་དུ་བརྗོད་དེ༔ གསལ་འདེབས་ལོང་མེད་པར་དབུགས་སོང་འདུག་ན༔ ཁོའི་ཁ་སྣ་དང་རང་གི་ཁ་སྣ་བཏུགས་ཏེ༔ རང་གི་ཁ་ནང་གི་དབུགས་ཨཱོཾ་ཨཱཿཧཱུྃ་གི་རྣམ་པར་རྒྱངས་ཀྱིས་ཁོའི་ཁོང་པར་སོང་བར་བསམས་ལ་ཧ་ཞེས་འཕངས་པས་མིག་ཧྲིག་གི་བྱུང་བ་དང་གདམས་པ་བཏབ་བོ༔ གསུམ་པ་ནི་བར་དོའི་གདམས་པ་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམ་དགོས་པའོ༔ དེ་ཡང་ས་ལ་ས་ཐིམ་པས་ལུས་ལྕི་ཞིང་ལྡང་མི་ནུས༔ ཆུ་ལ་ཆུ་ཐིམ་པས་ཁ་ཆུ་སྣ་ཆུ་འཛག༔ མེ་ལ་མེ་ཐིམ་པས་ལུས་དྲོད་བསྡུད་ཅིང་ཁ་སྣ་སྐམ༔ རླུང་ལ་རླུང་ཐིམ་པས་མིག་གྱེན་ལ་ལྡོག་ཅིང་དབུགས་ངར་ངར་རྐང་ལག་གཡབ༔ དེའི་ཚེ་འདེགས་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག༔ སྒྱིད་པ་ལུག་ཅིང་ཡན་ལག་རྣམས་མི་འདུ༔ སྨྲ་བ་ཤིན་ཏུ་དཀའ་བ་འབྱུང་ངོ་༔ བཀྲག་མདངས་སྐྱེད་བྱེད་ཀྱི་རླུང་བྲོས་པས་ལུས་དང་ཁ་སྣའི་སྒོར་བལ་དུད་ཆགས༔ ཁ་སྐོམ་གཤིན་དྲི་མནམ༔ དྭངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་མི་ལེན་ལུས་སྟོབས་འཆོར༔ མེ་ཉམས་ཀྱི་རླུང་བྲོས་པས་ལུས་ཀྱི་དྲོད་རྣམས་རིམ་གྱིས་མཐའ་ནས་དབུས་སུ་སྡུད༔ བསྐལ་པ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟ་ཟི་ཕྱད་ཕྱོད་བྱེད་ཅིང་༔ རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩའི་ནང་ན་འདུའོ༔ དེའི་ཚེ་ཕྱིའི་སྣང་བ་བྲོས་པས་ལྕི་ཐིབ་ཀྱི་སོང་༔ རིག་པ་སྙིང་གི་དཀྱིལ་དུ་འདུས་ནས་དྲན་པ་ཉམས་དུས་དེར༔ སྲོག་རྩའི་ནང་ནས་ཁྲག་ཐིགས་གཅིག་སྙིང་དཀྱིལ་དུ་རྒྱབ་པས༔ མིག་སྐྱ་ལོག་གེ་འགྲོ༔ གཉིས་རྒྱབ་པའི་ཚེ་མགོ་ཁུག་པ་ཞིག་ཡོང་ནས་དབུགས་ཕྱིར་ཧ་ཞེས་མདའ་གང་དུ་འཕེན༔ ཐིགས་པ་གསུམ་རྒྱབ་པས་ཨིག་ཅིང་དབུགས་འདོམ་གང་དུ་འཕོ་ཞིང་ཕྱི་དབུགས་འཆད༔ དེ་དུས་རིག་པ་སྙིང་དཀྱིལ་དུ་ཁྲག་གིས་བརྒྱལ་ནས༔ མི་གཅིག་ཟན་ཟ་བའི་ཡུན་ཙམ་དུ་དྲན་པ་དང་རྟོག་ཚོགས་གང་ཡང་མེད་དོ༔ གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི༔ ལ་འཕྲང་གི་དགྲ་རང་གི་གྲོགས་སུ་ཤེས་པས་འཇིགས་པ་མེད་པའམ༔ མ་བུ་འཕྲད་པས་ཡིད་ཆེས་པ་ལྟར་དབང་པོའི་བྱེ་བྲག་གི་ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་ནི༔ དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་འཆད༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་སེམས་དབྱིངས་སུ་ཐིམ་སྟེ༔ དར་ཅིག་བརྒྱལ་བ་དེ་སངས་མ་ཁད་ལ༔ ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ༔ དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུར་འཆར་ཏེ༔ དེ་ཉིད་ངོས་ཟིན་པ་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བའོ༔ དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ༔ རང་གི་མིག་གཉིས་ནས་འོད་ཀྱི་ཟེར་ཐག་ནམ་མཁའི་མཐོངས་སུ་ཤར་བ་ནི༔ མིག་ཐུགས་རྗེ་རྒྱུན་མི་འཆད་ཀྱི་ཐག་པ་ཞེས་བྱ་སྟེ༔ དེ་ལ་རིག་པ་གཏད་པས་ཡར་གྱི་ཟང་ཐལ་ཀ་དག་གི་ངང་དུ་རང་གྲོལ་ལོ༔ དེ་ངོས་མ་ཟིན་ན་དེ་ལས་མཆེད་པའི་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ༔ འོད་གསལ་གྱི་ཞིང་ཁམས་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟར་སྣང་བ་ནི༔ ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་ལ་སོགས་པའི་སྣང་བ་རྣམས་ནུབ་ནས༔ ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་རྣམ་པར་དག་པ་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་བཀྲ་ཞིང་ཉམ་ང་ལ༔ ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟར་ནམ་མཁའི་མཐའ་ཁྱབ་པར་ཀུན་ཏུ་མེ་རེ་རེ་ཤར་བས༔ སྣང་སྲིད་འོད་དང་ཟེར་གྱི་ཕུང་པོར་འབར་བ༔ བཏེག་ན་འཕར་ཞིང་མནན་ན་ནེམ་ཞེས་བྱེད་པ་ན༔ རང་ཉིད་སྣང་བྱེད་འོད་ཀྱི་ལུས་སུ་གསལ་ཞིང་༔ ཕྱོགས་ཀུན་ཏུ་འོད་ཟེར་རྣམ་པ་ལྔའི་དྲ་བ་ར་བས་ཡོངས་སུ་ཁྱབ་པར་སྣང་བ་ཐམས་ཅད་ལྷུན་གྲུབ་ལྟ་ན་སྡུག་ཅིང་དམིགས་པས་མི་ལོངས་པར་ཡོངས་སུ་འཆར་རོ༔ དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་དུ་ངོ་ཤེས་པས་རང་གྲོལ་ལོ༔ དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ༔ སྣང་བ་དེ་རྣམས་ཞི་ཁྲོའི་ཚོམ་བུར་འཆར་བར་འགྱུར་རོ༔ དེའི་ཚེ་ཐ་མའི་འབྲིང་སེང་གེའི་གསོབ་མཐོང་བ་ལྟ་བུའི་གྲོལ་ལུགས་འབྱུང་སྟེ༔ སྐད་ཅིག་གི་གདངས་ལས་ཤར་པའི་སྐུ་རྣམས་འཕྲོ་བས་སྒྲ་འོད་ཟེར་གསུམ་གྱི་རྣམ་པས༔ ཞི་ཁྲོའི་དཀྱིལ་འཁོར་རིམ་གྱིས་ཤར་བའི་ཚེ༔ སྔར་ནས་གོམས་པའི་གདམས་པ་གཞིའི་འོད་གསལ་དང་༔ ཕྱིས་སུ་ཤར་བ་ལྟ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་འདྲེས་ཏེ་རང་ཤར་རང་སྣང་དུ་གྲོལ་བའོ༔ དེ་ནས་ཟུང་འཇུག་གི་སྣང་བ་ཞེས་བྱ་བ༔ སྙིང་གའི་ཞི་བའི་ཚོམ་བུ་ལྔ་ཚན་ལྔ་རིམ་གྱིས་འཆར་བས༔ ཞག་དང་པོ་ལ་འབྱུང་བ་ནམ་མཁའ་རྣམ་པར་དག་པའི་གདངས་མཐིང་གའི་དབུས་སུ༔ རྣམ་པར་སྣང་མཛད་ཀྱིས་གཙོ་བྱས་རིགས་ལྔའི་ཚོམ་བུ་འབུམ་ཕྲག་གྲངས་མེད་པར་འཆར་ཏེ༔ རང་སྣང་དུ་ཤེས་པས་རྣམ་སྣང་གི་ངོ་བོར་གྲོལ་བའོ༔ དེ་བཞིན་དུ་ཞག་ལྷག་མ་བཞི་ལ་རིམ་བཞིན་རིགས་བཞིའི་ཚོམ་བུ་ཕྱོགས་ཀྱི་སེམས་དཔའ་དང་སྒོ་བར་བཅས་པ་སྟེ༔ ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་འབུམ་ཕྲག་བརྗོད་དུ་མེད་པས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རིགས་ལྔ་ལྡན་དང་༔ ཡུམ་དང་བཅས་པ་བཅུ་ལྡན་དང་༔ དེ་ཉིད་ཀྱང་འབྱུང་བ་ཡེ་ཤེས་ཀྱི་དབྱེ་བ་རེ་རེས་ཞིང་བཅུ་བཅུ་སྟེ་བརྒྱ་ལྡན་དང་༔ དེ་ཉིད་ཕྱོགས་བཅུར་བརྒྱ་ཕྲག་བཅུར་སྣང་བས་སྟོང་ལྡན་དང་༔ དེ་ཉིད་ཀྱི་གདངས་ལས་ཡང་ཕྱོགས་བཅུར་དེ་ཉིད་དེ་སྙེད་སྣང་བས་འབུམ་ལྡན་དང་༔ དེ་ཉིད་སྣང་བ་ལས་མཆེད་པའི་སངས་རྒྱས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ཁྱབ་པ་ཀུན་ཏུ་གསལ་བ༔ འོད་དང་འོད་ཟེར་འཚེར་བ༔ ལྷུན་གྲུབ་ལྟ་ན་སྡུག་པ་དཔང་མཐོ་ཞིང་བཀོད་པ་ལེགས་པས་བརྒྱན་པ་འཆར༔ དེའི་ཚེ་གནད་གསུམ་གྱི་གདམས་པ་དྲན་པར་བྱ་སྟེ༔ འཇུག་པ་ཤེས་པའི་གནད༔ གྲོལ་བ་ལུས་ཀྱི་གནད༔ མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ༔ དང་པོ་ལའང་གཉིས་ལས༔ རིག་པ་འོད་གསལ་ལ་ཕར་འཇུག་པ་ནི༔ རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་སྣལ་ཚོན་ཤིན་ཏུ་ཕྲ་བ་ལྔ་དྲིལ་ལྟ་བུ་ཞིག༔ ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀར་འབྲེལ་ཏེ༔ ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པར་འཆར་རོ༔ དེའི་ཚོམ་བུའི་ཐུགས་ཀར་རིག་པ་གཏད་དེ་གསལ་སྟོང་གི་ངང་ལ་བཞག་པས༔ ཚོམ་བུའི་སྐུ་དང་གཉིས་སུ་མེད་པར་གྲོལ་ལོ༔ གཉིས་པ་འོད་རིག་པ་ལ་ཚུར་འཇུག་པ་ནི༔ ཚོམ་བུའི་ཐུགས་ཀ་ནས་ཀྱང་འོད་ཀྱི་ཟེར་ཐག་ཤར་བ་ལ་སླར་འདུས་ཏེ༔ སྐད་ཅིག་མ་ལ་རང་གི་སྙིང་གར་ཐིམ་མོ༔ དེའི་ཚེ་རང་ཤར་རང་ལ་ཐིམ་པ་བུ་ཆུང་མའི་པང་དུ་འཇུག་པ་ལྟ་བུའི་གདམས་པས་གསལ་སྟོང་གི་ངང་དུ་བཞག་པས་གྲོལ་ལོ༔ དེ་ནས་ཡང་དེ་ཉིད་ལ་གདེང་མ་ཐོབ་ན༔ ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ༔ རང་གི་སྙིང་ག་ནས་སྟེང་གི་ནམ་མཁར་འོད་ཁ་དོག་བཞིའི་ཐག་པ་ཟུག་སྟེ༔ མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ༔ རྒྱུ་སྐར་གྱི་ཉི་ཞུར་ལྟ་བུ་བཞི་བརྩེགས་པའིི་སྟེང་རྣམས་ན༔ རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གདངས་དང་བཅས་པ་གསལ་ལ་འཚེར་བ༔ རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ༔ དེ་ཡང་དང་པོ་མཐིང་གའི་སྣམ་བུའི་སྟེང་ན་ཐིག་ལེ་མཐིང་ཤུན་མུ་མེན་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ༔ རང་བཞིན་གྱི་ཐིག་ལེ་ལྔས་བརྒྱན་པའོ༔ དེའི་སྟེང་དུ་དཀར་པོའི་སྣམ་བུ་ལ་ཐིག་ལེ་དཀར་པོ་དང་༔ དེའི་སྟེང་དུ་སེར་པོའི་སྣམ་བུ་ལ༔ ཐིག་ལེ་སེར་པོ་དང་༔ དེའི་སྟེང་དུ་དམར་པོའི་སྣམ་བུ་ལ་ཐིག་ལེ་དམར་པོས་བརྒྱན་པའོ༔ དེའི་སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་ལྟ་བུར་འཆར་རོ༔ དེ་ནི་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བའི་སྣང་བའོ༔ སྔ་མ་བཞི་ནི་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ༔ དེའི་དུས་སུ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་པ་དྲན་པར་བྱའོ༔ སྐྱེས་བུའི་སྙིང་ལ་ཆུ་ཞུགས་ན་གསེར་གྱིས་ཐུར་མས་ཡིད་གཞུང་ཏེ་འདྲེན་པ་ལྟར༔ འོད་སྣང་གི་སྣམ་བུ་ལ་མ་ཡེངས་པར་རང་སྣང་དུ་ཤེས་ནས་བལྟས་པས་ཆུ་བོ་རྒྱུན་གྱི་ཏིང་འཛིན་སྐྱེའོ༔ དེ་ཉིད་དུ་གྲོལ་བ་ཡིན་ནོ༔ གསུམ་པ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་ནི༔ དེའི་ཚེ་སྔར་གྱི་སྣང་བ་དེ་རྣམས་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟར་དྲན་པས་གྲོལ་བ་དང་༔ སྔར་འདྲིས་ཀྱི་མི་ཕྱིས་མཐོང་བས་སྒྲོ་འདོགས་ཆོད་པ་ལྟར༔ སྔར་གྱི་གདམས་པའི་དོན་ངོ་ཤེས་པས་གྲོལ་བ་དང་༔ མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུས་མ་ཡེངས་པར་རང་སྣང་གི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བའོ༔ དེ་ནས་ཕྱིར་མི་ལྡོག་པ་རྩལ་པོ་ཆེས་གཞུ་རྒྱུད་ལ་སྤྲེངས་ནས་མདའ་བསྐྱུར་བ་ལྟར་རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་ཚེ༔ ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་སྟེ༔ རང་སྣང་བ་སྟོན་ཀའི་ནམ་མཁའ་ལྟར་དག་པའི་ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི༔ རང་གི་དབང་པོའི་ཡུལ་ཐམས་ཅད་ཁྱབ་པར་འཆར་རོ༔ དེའི་ནང་དུ་ཞི་བ་དང་ཁྲོ་བོའི་སྐུ་སྣང་ལ་རང་བཞིན་མེད་པ་གྲངས་མེད་མང་པོ་ཀུན་ཏུ་སྣང་ངོ་༔ དེའི་སྟེང་ན་འོད་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་རེ་འཆར་རོ༔ དེའི་ཚེ་ཡར་སངས་རྒྱས་ཀྱི་ཞིང་ཁམས་སྣང་ལ༔ ཐད་ཀར་རང་བཞིན་སྤྲུལ་བའི་སྣང་བ་འཆར་ཞིང་༔ མར་འགྲོ་བ་རིགས་དྲུག་གི་འཇིག་རྟེན་ལྟར་སྣང་བ་ཐམས་ཅད་ཀྱང་༔ གཟུགས་དང་སྒྲ་སྐད་སྣ་ཚོགས་པ་སྣང་ལ་ངོས་བཟུང་དང་བྲལ་བར་འཆར་རོ༔ དེ་ལྟར་སྣང་བ་ཐམས་ཅད་འཆར་ལུགས་བརྒྱད་དེ༔ ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད༔ འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་གསལ༔ སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར༔ ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ༔ གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས༔ མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ འང་མི་གནས༔ མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་འབྱུང་ཁུངས་མི་འགག༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུར་འབྲེལ་བའོ༔ ཡང་དེའི་ཚེ་དབང་པོ་དང་སེམས་ལས་སུ་རུང་ཞིང་ཤེས་རབ་ལ་དབང་ཐོབ་པ་དང་༔ ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་དང་༔ ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་༔ སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་སྟེ༔ དྲུག་ཕྲག་དྲུག་འཆར་རོ༔ ཡང་སྐུ་གསུང་ཐུགས་ཀྱི་མངོན་པར་ཤེས་པ་དགུ་སྐད་ཅིག་ལ་འཆར་ཏེ༔ སྐུའི་གསུམ་ནི་ཡར་གྱི་ཆོས་སྐུ་སྐྱེ་བ་མེད་པར་ཤེས༔ བར་ལོངས་སྐུའི་ཚོམ་བུ་རང་གསལ་དུ་ཤེས༔ མར་སྤྲུལ་སྐུ་དང་རིགས་དྲུག་གི་སྐྱེ་གནས་ཤེས་པའོ༔ གསུང་གི་གསུམ་ནི༔ ཡར་ཆོས་སྐུའི་གསུང་བརྗོད་མེད་ཆེན་པོར་ཤེས༔ བར་ལོངས་སྐུའི་གསུང་གསལ་མདངས་ཆེན་པོར་ཤེས༔ མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་སྒྲ་སྐད་སྣ་ཚོགས་སུ་ཤེས་པའོ༔ དེ་ལྟར་དངོས་པོ་གཤིས་ཀྱི་འདུག་ཚུལ་རྟོགས་པ་ནི་རྗེས་སུ་དྲན་པ་ལས་བྱུང་སྟེ༔ བླ་མ་རྗེས་སུ་དྲན་པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར༔ གདམས་པ་རྗེས་སུ་དྲན་པས་བར་དོ་རང་སྣང་གི་ཆོས་ཉིད་ལ་དབང་བསྒྱུར༔ ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེངས་སུ་ཐག་ཆོད༔ སྒོམ་པ་རྗེས་སུ་དྲན་པས་ཞག་ལྔ་རང་བཞིན་གྱི་བསམ་གཏན་ལ་གནས༔ སྤྱོད་པ་རྗེས་སུ་དྲན་པས་སྔར་འདྲིས་གྱི་མི་དང་འཕྲད་པ་བཞིན་དག་པའི་ཡེ་ཤེས་ལ་སྤྱོད༔ ལྷ་རྗེས་སུ་དྲན་པས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་དུ་གྲོལ༔ སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའོ༔ དེ་ནས་མི་བརྗེད་པའི་གཟུངས་དང་ཏིང་འཛིན་ལ་དབང་ཐོབ་པས་འཁོར་བར་མི་ལྡོག་ངེས་སོ༔ དེ་ནས་ལྷུན་གྲུབ་ལ་གདེང་ཐོབ་པའི་ཚེ༔ ཐིམ་ལུགས་བརྒྱད་འབྱུང་བ་ནི༔ སྔར་ཀྱི་ཕྱིར་ཤར་ལུགས་བརྒྱད་ཅེས་བྱ་བ་ནང་དུ་ཐིམ་པ་སྟེ༔ ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ཉི་མ་ནུབ་ཁའི་ཟེར་འདུ་བ་ལྟ་བུའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་མ་པང་དུ་བུ་འཇུག་པ་ལྟ་བུའོ༔ འོད་འོད་ལ་ཐིམ་པ་ནམ་མཁར་འཇའ་ཚོན་ཡལ་བ་ལྟ་བུའོ༔ སྐུ་སྐུ་ལ་ཐིམ་པ་བུམ་ནང་གི་སྐུ་ལྟ་བུའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པ་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་བུམ་པ་ཆག་པའི་ནང་གི་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ མ་དག་པ་འཁོར་བའི་སྒོ་རིགས་དྲུག་གི་སྣང་བ་དེ་རྣམས༔ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུའོ༔ དག་པ་ཡེ་ཤེས་ཀྱི་སྒོ་སྤྲུལ་སྐུ་དང་ལོངས་སྐུའི་སྣང་བ་དེ་རྣམས༔ ངོ་བོ་ཉིད་ཀྱི་སྐུ་ཀ་དག་ཆེན་པོའི་ནང་དུ་སེང་གེས་གངས་ཟིན་པ་ལྟ་བུའོ༔ དེའི་ཚེ་གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱ་བ༔ ཕྱིར་གསལ་དུ་མེད་ཅིང་ནང་གསལ་དུ་ཕྲ་མོར་ཡོད་པ༔ གདོད་མའི་ས་ལ་སངས་རྒྱས་ཏེ་བྱང་ཆུབ་ནས་ཕྱིར་མི་ལྡོག་པས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་སོ༔ འདིའི་དབང་པོ་ཐ་མ་ནི་འདི་ལ་གྲོལ་བའི་གདེང་མ་རྙེད་པས༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་སྐྱེ་ལ༔ འགྲོ་བ་ཕལ་མོ་ཆེ་ལ་སྲིད་པ་བར་དོའི་སྣང་བ་འཆར་རོ༔ བཞི་བ་སྲིད་པ་བར་དོ་ལ་ལས་བཟང་ངན་གྱི་འཕྲོ་འཐུད་པ་ཡུར་བ་ཁ་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་པ་ནི༔ དེ་ལྟར་ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས༔ སྲིད་པ་བར་དོ་རྨི་ལམ་གྱི་སྣང་བ་ལྟར་དབང་པོ་ཚང་ཞིང་རྫུ་འཕྲུལ་དང་ལྡན་པ༔ ཀུན་ཏུ་རྒྱུ་ཞིང་འཇིགས་པ་དང་ལྡན་པས༔ བར་དོ་ཇི་ཙམ་གནས་པའི་ཕྱེད་སྔ་མའི་གཟུགས་དང་བག་ཆགས་སུ་སྣང་ལ༔ ཕྱེད་ཕྱི་མ་གང་དུ་སྐྱེ་བའི་གཟུགས་དང་སྣང་བར་འཆར་ཏེ༔ ལྷ་མི་གཉིས་སུ་སྐྱེ་ན༔ འོད་དཀར་པོ་འདོམ་གང་བས་བརྒྱན་པ་མགོ་བོ་གྱེན་དུ་བསྟན་ལ༔ ལྷ་མ་ཡིན་དང་དུད་འགྲོར་སྐྱེ་ན་འོད་སེར་པོའི་སྣང་བས་མགོ་འཕྲེད་དུ་བལྟ་སྟེ༔ དམྱལ་བ་དང་ཡི་དྭགས་ནག་པོར་སྣང་བས་མགོ་ཐུར་དུ་བལྟ་ནས་འགྲོ་བ་སྙམ་བྱེད་པའོ༔ ཡང་སྐྱེ་གནས་སོ་སོར་འཇུག་དུས༔ ལྷ་ཁང་དང་སྐྱེད་མོས་ཚལ་ནི་ལྷའི་སྐྱེ་གནས༔ འོད་ཀྱི་འཁོར་ལོ་ནི་ལྷ་མ་ཡིན༔ གནམ་རྨུག་པ་མི་ལུས་ཙམ་པོ་བ༔ སྐྱེ་བོ་མང་པོའི་དབུས་མི་ལུས་རིན་པོ་ཆེ༔ ས་ཕུག་སྤྱིལ་བུ་བྱོལ་སོང་༔ གྲོག་པོ་སྟོང་པ་དང་ཕུག་རྡུགས་ཡི་དྭགས༔ མུན་ནག་ཆར་མུན་དྲག་པོ་དམྱལ་བའི་སྐྱེ་གནས༔ མུན་ནག་འཐུག་ཅིང་བུ་ཡུག་གིས་བདས་པ་གྲང་དམྱལ་རྣམས་སོ༔ འདིའི་དབང་པོ་གསུམ་གྱི་ན་རིམ་ལྟར༔ མིའི་མངལ་སྒོ་ལ་སོགས་པ་བདེན་མེད་དུ་ཤེས་པའམ༔ ཞེན་ལོག་གིས་བཀག་ནས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་ཞིང་ཁམས་ཡིད་ལ་བྱས་པས༔ འགྲོ་དྲུག་གི་མངལ་དུ་མི་འཇུག་པར་དགག་པས་དག་པའི་ཞིང་དུ་པདྨ་ལས་བརྫུས་ཏེ་སྐྱེའོ༔ ཐ་མའི་འབྲིང་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གསལ་གདབ་པས་ཁ་ཅིག་ཡི་དམ་ཀྱི་ལྷ་རུ་གྲོལ་ལ༔ མངལ་སྣོད་ཆོས་འབྱུང་དུ་གསལ་བའི་ནང་ན་པདྨ་ཉི་ཟླའི་གདན་སྟེང་དུ༔ ཨཱོཾ་ཨཱཿཧཱུྃ་སོགས་ཀྱི་ས་བོན་དུ་གསལ་གདབ་ནས༔ ཕ་མ་ཡི་དམ་ཡབ་ཡུམ་དུ་ཤེས་པའི་ངང་ནས་མངལ་དུ་ཞུགས་པས༔ མི་ལུས་ཡིད་བཞིན་ནོར་བུ་ལྟ་བུ་ཐོབ་སྟེ༔ ཐེག་པ་ཆེན་པོ་སྤྱོད་པའི་དགེ་བའི་གཤེས་གཉེན་དང་མཇལ་ཞིང་༔ ཐེག་པ་ཆེན་པོའི་ལྟ་སྒོམ་རྣམས་ལ་ཚུལ་བཞིན་ཉམས་སུ་བླངས་པས་གྲོལ་བར་འགྱུར་རོ༔ ཐ་མའི་ཐ་མ་སྐྱབས་འགྲོ་ཟློ་བ་ནི༔ སྣང་བ་དེ་རྣམས་ཤར་བའི་ཚེ་བླ་མ་དང་ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་པས༔ སྐྱེ་གནས་ངན་པ་ལས་བཟློག་སྟེ་མཐོ་རིས་ལྷ་མིའི་ལུས་ལེན་ནས༔ དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་ལྡན་དུ་གྱུར་ནས་དམ་པའི་ཆོས་ལ་སྤྱོད་པར་འགྱུར་རོ༔ དེ་དག་ནི་ཐ་མལ་གྱི་འགྲོ་བ་ལྟར་བསྟན་པའོ༔ དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་སྟེ༔ བར་དོ་མེད་པར་གྲོལ་བའི་གདམས་པ་ནི༔ འདིར་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཡང་བསྒོམ་ལོང་མ་བྱུང་སྟེ༔ བར་དོའི་གྲོལ་ཚད་མི་ཟིན་པ་རྣམས༔ ཆོས་ཉིད་ཀྱི་བར་དོ་ཤར་ཡང་གོམས་འདྲིས་ཆུང་བས་ངོས་མ་ཟིན་ཏེ༔ སྲིད་པ་བར་དོ་རྨི་ལམ་གྱི་ཆ་ཙམ་སྣང་བ་ལས༔ ཆོས་ཉིད་མཐོང་བའི་བདེན་པའི་མཐུ་དང་༔ བླ་མའི་བྱིན་རླབས་ལས་སྐད་ཅིག་མ་ལ་རྨི་ལམ་སད་པའི་ཆ་ཙམ་ལས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་སྐྱེའོ༔ ཞིང་ཁམས་དམ་པ་དེ་ཡང་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ༔ ཆོས་ཀྱི་རྒྱལ་མཚན་དང་གདུགས་དང་བ་དན་དང་བླ་རེས་ཡོངས་སུ་ཁྱབ་པར་བྲེས་པའི་དབུས་ན༔ དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་རྡོ་རྗེའི་རིགས་ཀྱི་འཁོར་བྱེ་བ་འབུམ་ཚོ་མང་པོས་ཡོངས་སུ་བསྐོར་ཞིང་༔ མཆོད་པའི་ལྷ་མོ་རྣམས་ཀྱིས་འདོད་ཡོན་རྣམ་པ་ལྔའི་ཆར་ཆེན་པོས་ཞིང་ཁམས་དེ་ཡོངས་སུ་ཁྱབ་པར་མཆོད་ཅིང་༔ དཔག་བསམ་གྱི་ཤིང་ཆེན་སྤྲུལ་པའི་བྱ་ཚོགས་གསུང་སྙན་ཆོས་ཀྱི་སྒྲ་རང་བཞིན་དུ་སྒྲོག་ཅིང་༔ མནན་ན་ནེམ་བྱེད་པ་བཏེག་ན་འཕར་བྱེད་པར་ས་གཞི་ཐམས་ཅད་འཇམ་ཞིང་བརྡལ་ལ་ཁོད་སྙོམས་པ་ཆེན་པོ་དེར༔ སྟོན་པས་ཆོས་འཁོར་བསྐོར་བའི་སྒྲ་ཐོས་པ་ཙམ་གྱིས༔ མེ་ཏོག་གི་སྡོང་པོ་དེ་ཁ་བྱེ་བའི་དབུས་སུ་རང་ཉིད་རྡོ་རྗེ་རིགས་ཀྱི་སེམས་དཔའ་དཀར་པོ་ལྟ་ན་སྡུག་པ་ཞིག་དུ་གྱུར་ནས༔ ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱི་ངང་ནས་དག་སྟེ༔ ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས༔ སྐད་ཅིག་གིས་ལྷོ་ཕྱོགས་དཔལ་དང་ལྡན་པའི་འཇིག་རྟེན་དུ་སྐྱེ་སྟེ༔ ཞིང་ཁམས་སེར་པོ་རིན་པོ་ཆེ་གསེར་ལས་གྲུབ་པའིདབུས་སུ༔ ལྟ་ན་སྡུག་པའི་ཕོ་བྲང་སྒོ་གྲུ་རྟ་བབས་རིན་ཆེན་གསེར་གྱི་མཆོད་རྟེན་ལ་གསེར་གྱི་དྲིལ་བུའི་ཕྲེང་བས་བརྒྱན་པའི་དབུས་སུ༔ དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱིས༔ རིན་ཆེན་རིགས་ཀྱི་འཁོར་ཚོགས་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའི་ཞིང་ཁམས་ཡོན་ཏན་དུ་མས་བརྒྱན་པ་དེ་ཉིད་དུ༔ རང་ཉིད་རིན་ཆེན་རིགས་ཀྱི་སེམས་དཔར་འགྱུར་ཏེ༔ སྟོན་པས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དང་གཏི་མུག་དག་ནས༔ ལོ་བརྒྱ་ཉི་ཤུའི་སྟེང་དུ་སྐད་ཅིག་གི་ནུབ་ཕྱོགས་པདྨ་བཀོད་པའི་ཞིང་ཁམས་སུ་པདྨ་རིགས་ཀྱི་སེམས་དཔར་སྐྱེ་སྟེ༔ དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ལུང་བསྟན་ནས༔ ཉོན་མོངས་པ་འདོད་ཆགས་དག་སྟེ་ལོ་བརྒྱ་ཉི་ཤུ་གནས་པ་ལས༔ སྐད་ཅིག་གིས་བྱང་ཕྱོགས་ལས་རབ་རྫོགས་པར་ལས་ཀྱི་རིགས་ཀྱི་སེམས་དཔར་སྐྱེ་སྟེ༔ དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པས་དབུགས་དབྱུང་ནས༔ ཉོན་མོངས་པ་ཕྲག་དོག་དག་ཅིང་༔ ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས༔ སྐད་ཅིག་གི་སྟེང་གི་ནམ་མཁའ་ལ་དུར་ཁྲོད་མེ་རི་འབར་བའི་གནས་སུ༔ ཁྲོ་བོའི་ཞིང་ཁམས་རྣམས་མཐོང་ནས་སྐད་ཅིག་དེ་ཉིད་ལ་གདོད་མའི་གཞི་ལ་གྲོལ་ནས༔ ནང་གསལ་སྐུ་དང་ཡེ་ཤེས་འཕོ་འགྱུར་མེད་པའི་དགོངས་པ་ལ་དུས་གསུམ་འདུ་འབྲལ་མེད་པར་བཞུགས་ནས༔ ནམ་མཁས་ཁྱབ་པའི་སེམས་ཅན་རྣམས་ཀྱི་དོན་དུ་གང་ལ་གང་འདུལ་གྱི་སྐུར་སྣང་ཏེ༔ ཁམས་གསུམ་ཀྱི་འཁོར་བ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དུ༔ ཡིད་བཞིན་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟར༔ ཐུགས་རྗེ་འཛད་པ་མེད་པའི་འཕྲིན་ལས་ཀྱིས༔ འགྲོ་བའི་ཡིད་སྣང་དང་མཐུན་པར་མཐར་ཐུག་གདོད་མའི་ས་ལ་འགོད་པར་མཛད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་སྙིང་པོའི་མན་ངག་འདི༔ གསང་སྔགས་བླ་མེད་ཏནྟྲ་མང་པོའི་བཅུད༔ ཆིག་དྲིལ་ཉམས་ལེན་དམར་ཐག་གདམས་པའི་མཆོག༔ ཐུགས་ཀྱིས་བརྣག་པ་ཐུགས་ཁྲིད་གདམས་པ་འདི༔ མ་འོངས་ཕྱི་མ་རྩོད་ལྡན་ཐ་མ་ལ༔ འཁྲུལ་སྣང་རང་གྲོལ་ཐུགས་ཀྱི་སྲས་འཕྲད་ནས༔ ཀུན་བཟང་གདོད་མའི་གཞི་ལ་གྲོལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁ་ཐམ་གྷུ་ཧྱ༔ རྒྱ་རྒྱ་རྒྱ༔


previousབར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ།next