Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
རླུང་ཁྲིད་བདེ་སྟོང་ཟག་མེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརླུང་ཁྲིད་བདེ་སྟོང་ཟག་མེད།next

རླུང་ཁྲིད་བདེ་སྟོང་ཟག་མེད།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རླུང་ཁྲིད་བདེ་སྟོང་ཟག་མེད་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ མ་ཡ་ཙནྜ་ན་མ༔ བོད་སྐད་དུ༔ རླུང་ཁྲིད་བདེ་སྟོང་ཟག་མེད་ཅེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་དང་༔ ཁྱད་པར་མཁའ་འགྲོ་མཚོ་རྒྱལ་མས༔ གདམས་པ་འདི་བཞིན་ཉམས་སུ་ལོང་༔ མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ༔ ཡིད་དཔྱོད་མ་སྨོན་བརྩོན་འགྲུས་འབུངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དེ་ཡང་དབེན་པའི་གནས་གཡའ་རི་གངས་རི་ལ་སོགས་འཇིག་རྟེན་པའི་རྣམ་གཡེང་དང་འཚེ་བ་མེད་པའི་སར༔ མཚམས་ཁང་དབེན་ར་དང་བཅས་པ་བྱས་ལ༔ ཐུན་མོང་གི་སྔོན་འགྲོ་རྣམས་ཁྲིད་གཞུང་ལྟར་ཉམས་སུ་བླང་ས༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི༔ བདེ་བའི་གདན་ལ་རྐང་བ་སྐྱིལ་ཀྲུང་ལག་པ་མཉམ་བཞག་གམ་པུས་སྟེང་དུ་བཀབ༔ མགྲིན་པ་ཡུད་ཙམ་འགུགས༔ མིག་སྣ་རྩེའི་ཐད་སོར་བཞི་ཙམ་གྱི་ནམ་མཁའ་ལ་བལྟ༔ རྒལ་ཚིགས་མ་ཡོ་བར་བསྲང་༔ ལྕེ་ཡ་སོའི་དྲུང་དུ་བཞག༔ ངག་གི་སྨྲ་བ་རྒྱུན་བཅད་ཅིང་སེམས་མ་ཡེངས་པའི་ངང་ནས༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་བ་ཉིད་དུ་འགོད་པར་བྱ་བའི་ཆེད་དུ༔ བདག་གིས་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཁྱད་པར་ཅན་བསྐྱེད་དེ༔ གདམས་པ་ཟབ་མོ་འདི་ཉམས་སུ་ལེན་པར་བྱའོ་སྙམ་པའི་སེམས་ལན་མང་དུ་བསྐྱེད༔ དེ་ནས་སྐད་ཅིག་གིས་རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀའི་ཆ་ལུགས་སུ་བཞུགས་པ་ལ༔ རྫོགས་ཆེན་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་ནས་མངོན་སུམ་དུ་བཞུགས་པར་དམིགས་ཤིང་༔ རླུང་སེམས་ལས་སུ་རུང་ནས་ཟག་བཅས་འོད་སྐུར་གྲོལ་ཏེ༔ སྐད་ཅིག་ཉིད་ལ་མཆོག་གི་དངོས་གྲུབ་འཐོབ་པའི་གསོལ་བ་ཞེ་ཐག་པ་ནས་གདབ༔ མཐའ་ཏིང་ངེ་འཛིན་གྱིས་དབང་བཞི་ལེན་ཞིང་བླ་མ་འོད་དུ་ཞུ་ནས་རང་དང་དབྱེར་མེད་དུ་བསམས་ཤིང་མ་བཅོས་པར་དར་ཅིག་བཞག་གོ༔ དེ་དག་རྣམས་ནི་སྔོན་འགྲོའི་རིམ་པའོ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཆོས་ཐམས་ཅད་མི་དམིགས་ཀ་དག་སྟོང་པ་ཉིད་ཀྱི་ངང་ལས༔ ཡེ་ཤེས་ཀྱི་གསལ་ཆ་མ་འགགས་པའི་ཐིག་ལེ་ཉག་གཅིག་གི་ཀློང་ནས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་དྭངས་པའི་མདངས་དང་ལྡན་པ༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བརྒྱན་པ༔ སྣང་ལ་རང་བཞིན་མ་གྲུབ་པ༔ ལྷུན་གྲུབ་འོད་ཀྱི་སྐུ་རུ་ལམ་མེ༔ སྟོང་གསལ་འཛིན་པ་མེད་པར་ཤིགས་སེ༔ གསལ་ལ་ཕྱོགས་ལྷུང་མེད་པར་འཁྱིལ་ལེར་དར་ཅིག་སེམས་བཟུང་༔ དེའི་ངང་ལས་རོ་རྐྱང་ལ་སོགས་པའི་རླུང་རོ་ངན་པ་དགུ་ཕྲུགས་སུ་འབུད་པར་བྱའོ༔ དེ་ནས་ཙིཏྟ་རིན་པོ་ཆེའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་དུ་རང་རིག་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་ལྷམ་མེར༔ ཉི་ཟླའི་འོད་ཀྱི་ཧཱུྃ་ཡིག་གསལ༔ ཧཱུྃ་གི་འོད་ཟེར་གྱིས་ཉི་ཟླ་གསལ་བ་ལ་སེམས་བཟུང་སྟེ༔ སྟེང་རླུང་ཁ་ནས་རྔུབ་ཅིང་འོག་རླུང་བསྡམས༔ རླུང་ཁ་སྦྱོར་དུ་བཟུང་བ་ལ་དམིགས་པ་མ་ཡེངས་པར་བྱའོ༔ རླུང་མི་ཐུབ་པ་དང་དབུ་མའི་ལམ་ལས་སྤྱི་བོའི་གཙུག་ཏུ༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལ༔ རླུང་དང་རིག་པ་དབྱེར་མེད་དུ་ཐིམ་པར་བསམ་མོ༔ ཡུན་ཅི་ཐུབ་ཏུ་ཕྱིར་འཛིན་བྱེད༔ ཕྱིར་འཛིན་མི་ཐུབ་པ་དང་༔ ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་མར་བབས༔ ཡེ་ཤེས་ཀྱི་རླུང་རིག་དེ་རང་གི་སྤྱི་བོའི་གཙུག་ནས་དབུ་མའི་ལམ་བརྒྱུད༔ སྙིང་གའི་ཧཱུྃ་ལ་ཐིམ་པར་བསམས་ཏེ༔ རླུང་ཁ་སྦྱོར་དུ་བཟུང་ཞིང་༔ ཙིཏྟ་རིན་པོ་ཆེའི་ཉི་ཟླའི་གའུ་ཁ་སྦྱོར་གྱི་འོད་ཟེར་ཧཱུྃ་ཡིག་ལ་ཕོག༔ ཧཱུྃ་ཡིག་ལས་འོད་ཟེར་ལྔ་ལྡན་འཕྲོས་པས༔ ལུས་ཀྱི་ནང་གི་རྩ་འཁོར་ལོ་བཞི་ཐམས་ཅད་འོད་ཟེར་ལྔ་ལྡན་དུ་ཤིགས་ཤིགས་འདུག་པ་ལ་སེམས་བཟུང་སྟེ༔ སླར་རྔུབ་ཆུང་གཅིག་དང་སྦྲགས་ཏེ་རླུང་ཁ་སྦྱོར་དུ་ནེམ་པར་མནན་པར་བྱའོ༔ མི་ཐུབ་པ་དང་རླུང་རིག་སྔ་མ་ལྟར་སྤྱི་བོའི་ཀུན་བཟང་ཡབ་ཡུམ་ལ་དམིགས་པ་གཏད༔ ཕྱིར་འཛིན་མི་ཐུབ་པ་དང་སླར་ལོག་སྟེ་སྔ་མ་ལྟར༔ ལུས་ནང་གི་རྩ་འཁོར་ལོ་བ་སྤུའི་བུ་ག་ཚུན་ཐམས་ཅད་འཇའ་འོད་ཐིག་ལེ་ལྔ་ལྡན་དུ་འདུག་པར་དམིགས་ཤིང་སེམས་བཟུང་༔ རླུང་ཁ་སྦྱོར་དུ་དགང་བ་དང་༔ རྡོ་རྗེ་རྦ་རླབས་ཀྱི་རྒྱན་དང་བསྟུན་ཏེ་རླུང་རྔུབ་ཆུང་གཅིག་གིས་དགང་བར་བྱའོ༔ མི་ཐུབ་པ་དང་སྔར་བཞིན་ཕྱིར་དབྱུང་ངོ་༔ སླར་ཡང་སྔར་བཞིན་ལོག་ཏེ་རླུང་ཁ་སྦྱོར་དྲག་པོའི་ཚུལ་གྱིས་དགང་༔ དམིགས་པ་ནི་ཙིཏྟའི་ཉི་ཟླ་གའུ་ཁ་སྦྱོར་ཧཱུྃ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ཤ་ཁྲག་རུས་པ་ལ་སོགས་པ་འཇའ་འོད་ཐིག་ལེ་ལྔ་ལྡན་དུ་འོད་དུ་ཞུ༔ འོད་ཀྱི་རང་བཞིན་དུ་མེར་མེར་འདུག་པ་ལ་སེམས་བཟུང་ཞིང་རླུང་རྔུབ་ཆུང་གཅིག་གིས་དགང་༔ མི་ཐུབ་པ་དང་སྔར་བཞིན་བཏང་ངོ་༔ དེ་ལྟར་རྔུབ་ཆུང་གཅིག་དང་བཅས་པའི་རླུང་ཁུག་རབ་བརྒྱ་རྩ་བརྒྱད༔ འབྲིང་ལྔ་བཅུ་ཐ་ནའང་སུམ་ཅུ་རེ་ཆག་མེད་བྱས་ནས༔ བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་པས་ཚེ་འདི་ཉིད་ལ་མཁའ་སྤྱོད་འགྲུབ་པར་ཐེ་ཚོམ་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཉམས་སུ་བླངས་པའི་ཚེ༔ ལུས་ལ་ངལ་དུབ་མེད་པ་དང་༔ རྟ་ལྟར་མགྱོགས་ཤིང་རླུང་ལྟར་འཕྱོ༔ མཁའ་ལ་འགྲོ་དང་ཆུར་མི་འབྱིང་༔ སྤྱི་བོར་གཙུག་ཏོར་མངོན་པའི་ཚེ༔ ཟག་བཅས་ཕུང་པོ་ཟག་མེད་གྲོལ༔ རྡོ་རྗེ་ལུས་ཀྱི་མཁའ་སྤྱོད་འགྲུབ༔ ངག་ནི་སྨྲ་བརྗོད་དབྱིངས་སུ་ཟད༔ ཅི་སྨྲ་དམ་པའི་ཆོས་སུ་ཡོང་༔ རླུང་གི་འབྱུང་འཇུག་དབུ་མར་དངས༔ དེ་ཚེ་ངག་གི་མཁའ་སྤྱོད་འགྲུབ༔ མི་རྟོག་ཏིང་འཛིན་ཤུགས་ཀྱིས་འཆར༔ སྣང་བ་ལྔ་ལྡན་ཐིག་ལེས་གང་༔ གཟུགས་སྣང་འཇའ་འོད་གང་སྙམ་འཆར༔ དེ་ཚེ་སྤྱི་བོ་ཟ་ཞིང་གཡའ༔ མི་རྟོག་སེམས་ཀྱི་མཁའ་སྤྱོད་འགྲུབ༔ ཏིལ་གྱི་མར་ཁུས་ལུས་དང་མགོ༔ བསྐུ་མཉེ་མནན་པའི་འཁྲུལ་འཁོར་གཅུན༔ འདི་ནི་ཡེ་ཤེས་མཆོག་གི་རླུང་༔ ཟག་བཅས་ཟག་མེད་རང་བཞིན་གྲོལ༔ མཁའ་སྤྱོད་སྒྲུབ་པའི་རླུང་སྦྱོར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔


previousརླུང་ཁྲིད་བདེ་སྟོང་ཟག་མེད།next