Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོགnext

རྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོག་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་རྣམས༔ རྟགས་སུ་གསལ་བའི་དྲོད་རྟགས་རྣམས༔ ཡིག་སྣ་འདི་ལྟར་ཡིད་ལ་ཆོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དང་པོ་ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནིི༔ ལུས་ལ་གཅེས་འཛིན་བྲལ་ཞིང་བཀྲེས་སྐོམ་མེད་པ་དང་༔ གཤེད་མ་བརྒྱས་བསྐོར་ཡང་ཡ་མི་ང་བ་དང་༔ དགེ་སྡིག་གི་བྱ་བ་ཟད་པ་དང་༔ འདོད་ཆགས་ཀྱི་ཞེན་པ་བཟློག་པ་དང་༔ རང་ལུས་མེད་པ་སྙམ་བྱེད་པ་སོགས་འབྱུང་བ་ནི་ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་པས༔ རྟགས་དེ་རྣམས་མ་གསལ་གྱི་བར་དུ་ཉམས་ལེན་ལ་བརྩོན་པར་བྱའོ༔ དེ་ནས་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སྒྲ་ཚིག་ཐོས་པ་ལ་ཞེན་འཛིན་མེད་ཅིང་འཁྲུལ་སྣང་འགག་པ་དང་༔ ཅི་སྨྲ་བ་གསང་སྔགས་ཀྱི་ཆོས་ཀྱི་ཚིག་ཁོ་ནར་འབྱུང་བ་དང་༔ རྩ་བ་གསུམ་གྱི་གསུང་ཐོས་ཤིང་ལུང་བསྟན་ཐོབ་པ་སོགས་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་ངག་འཁོར་འདས་རུ་ཤན་ཕྱེ་བ་ལ་འབད་དོ༔ དེ་ནས་སེམས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སེམས་ཕྱིའི་བྱུང་ཚོར་འགགས་པ་དང་༔ འཁོར་བའི་ཆོས་ལ་ཞེན་པ་ལོག་པ་དང་༔ དབུགས་ཀྱི་རྒྱུ་བ་མི་ཚོར་བ་དང་༔ ཕ་རོལ་གྱི་རྐྱེན་བཟང་ངན་གང་ལ་ཡང་དགག་སྒྲུབ་དང་ཁྲོ་སེམས་མེད་པ་དང་༔ འཁྲུལ་པའི་སྣང་བ་ཐམས་ཅད་ཟ་ཟི་བན་བུན་གྱུར་ནས༔ ཉམས་རྟོགས་བློ་འདས་ཀྱི་རྟོག་པ་འལ་འོལ་ཕྱོགས་མེད་དུ་འབར་བ་འབྱུང་བར་འགྱུར་རོ༔ རྟགས་དེ་རྣམས་མ་གསལ་གྱི་བར་དུ་བརྩོན་འགྲུས་བརྩམས་ཏེ་ཉམས་ལེན་ཚུལ་བཞིན་བྱའོ༔ གཞན་ཡང་ལུས་རྡོ་རྗེའི་འཁྲུལ་འཁོར་གྱི་དུས་ན་ཞིང་འཕར་ཏེ་ཁྲལ་ཁྲོལ་དུ་གས་པ་སྙམ་བྱེད་པ་རྣམས་མི་འབྱུང་ཞིང་བརྟན་ཐུབ་པ་དང་༔ ངག་ཧཱུྃ་གི་བཟླས་པའི་སྐབས་སུ་སྣང་བ་ཐམས་ཅད་ཧཱུྃ་གིས་རོང་ངེར་གང་བ་སྙམ་པ་སོགས་འབྱུང་ངོ་༔ ལུས་ངག་ཡིད་གསུམ་ཆ་མཉམ་དུ་ཕྱད་ཕྱོད་བན་བུན་གཏད་མེད་དུ་འགྲོ་བ་ལ་སོགས་འབྱུང་སྟེ༔ དེ་དག་རྣམས་སྒོ་གསུམ་རུ་ཤན་ཕྱེད་པ་ཕྱིའི་རྟགས་ཐུན་མོང་བ་སྟེ་འགྱུར་བའི་རང་བཞིན་ཅན་ཡིན་པས༔ དོན་གྱིས་ནི་ཟིན་པ་མེད་དོ༔ གཉིས་པ་ཡང་དག་པ་ནང་གི་རྟགས་ནི༔ ཆོས་ཉིད་ཀྱི་རང་གནད་བླ་མས་གཏན་ལ་ཕབ་ནས༔ འདུག་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱིས་ཉམས་སུ་བླངས་པས༔ དབང་པོ་རབ་ཟླ་བ་ཕྱེད་འབྲིང་གསུམ་ཐ་མའང་ཟླ་བ་བཅུ་ནས་ཐིག་ལེ་སྟོང་བའི་སྒྲོན་མ་རྩོལ་མེད་དུ་སྣང་ཞིང་༔ རེས་སྣང་རེས་མི་སྣང་བར་གྱུར་ཚེ་འཆི་བ་ལས་གྲོལ་བའི་ཚད་དོ༔ དེ་བཞིན་ཉམས་སུ་བླངས་པས་དབང་པོའི་བྱེ་བྲག་གིས༔ ཟླ་བ་བདུན་དགུ་ཐ་མའང་བཅུ་གཅིག་གིས་དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་སྟེ༔ མཚམས་ལས་བྲལ་བར་སྣང་དེའི་ཚེ་ཟེར་གཉིས་ལ་བརྟེན་ཏེ་ཉམས་སུ་བླངས་པས༔ དང་པོ་འོད་དཀར་པོ་ལང་ལོང་དང་༔ དེ་ནས་འོད་ལྔ་དུམ་བུར་སྣང་ཞིང་༔ རབ་ཞག་གསུམ་འབྲིང་ལྔ་ཐ་མའང་བདུན་གྱི་སྟེང་ནས་འོད་ལྔའི་སྣང་བ་གྱེན་འགྲེང་དང་༔ རྩིབ་ཤར་དང་༔ མདུང་རྩེ་དང་༔ རེ་ལྡེ་ཙམ་སྣང་ངོ་༔ དེནས་རབ་ཞག་དགུ་འབྲིང་ཟླ་ཕྱེད་ཐ་མའང་ཟླ་བ་གཅིག་ནས༔ དབྱིངས་ཀྱི་ཁ་དོག་སྣ་ཚོགས་སུ་སྣང་བ་ཡིན་ནོ༔ དེ་ནས་རབ་ཟླ་བ་དགུ་འབྲིང་བཅུ་གཉིས་ཐ་མའང་ཟླ་བ་བཅོ་བརྒྱད་ནས་དབྱིངས་ཀྱི་སྣང་བ་ཡུངས་འབྲུ་ཙམ་དུ་སྣང་ཞིང་༔ མཐོང་མ་ཐག་ཏུ་དཀར་པོ་ལང་ལོང་དུ་འཆར་ཏེ༔ དེ་ནི་ཆོས་ཉིད་ལ་རང་བྱན་ཚུད་པའི་རྟགས་སོ༔ དེ་ནས་རབ་ཞག་བཅོ་བརྒྱད་འབྲིང་ཉེར་གཅིག་ཐ་མའང་ཟླ་བ་གཅིག་ནས་དབྱིངས་རིག་ཉིན་མཚན་མེད་པར་སྣང་ཞིང་༔ དབྱིངས་ཡོངས་སུ་འཕེལ་བ་ཞེས་བྱ་བས་འཁོར་བ་སྟོངས་པའི་རྟགས་སོ༔ དེ་ནས་རབ་ཟླ་བ་གསུམ་འབྲིང་དྲུག་ཐ་མའང་ཟླ་བ་བཅུ་གཉིས་ནས༔ ཐིག་ལེ་ཡུངས་འབྲུ་ཙམ་དང་སྲན་མ་ཙམ་དུ་འཕེལ་ཏེ༔ དེའི་དུས་ན་ཐིག་ལེ་འགྲོ་འོང་སྣང་བ་ཡིན་ཏེ༔ དེ་ནི་སྣང་བ་བཅུད་དུ་འགྲིལ་བའི་རྟགས་སོ༔ དེའི་དུས་སུ་ལུས་བྱ་བ་དང་བྲལ་ཞིང་སེམས་སྙིང་རྗེ་བཙན་ཐབས་སུ་སྐྱེ༔ ངག་ལྐུགས་པ་ལྟར་འགྱུར་བའོ༔ དེ་ནས་རབ་ཟླ་བ་བདུན་འབྲིང་བཅུ་ཐ་མ འང་ཟླ་བ་བཅུ་བདུན་ནས༔ ཐིག་ལེ་རྣམས་མེ་ལོང་གི་རྣམ་པ་ཅན་དུ་འགྲོ༔ འོད་ཀྱིས་རང་མདུན་ཁྱབ༔ ཟེར་ནི་རྩིབ་ཤར་དུ་འཆར་ཏེ་དེའི་ཚེ་རིག་པ་ཟིན་པའི་རྟགས་སོ༔ ལུས་ལའང་གཞོན་ཤ་ཆགས་པ་དང་སྲིན་བུ་རྣམས་ཟད༔ ལས་དགེ་སྡིག་གང་ལ འང་མི་འཇུག༔ རྩོལ་སྒྲུབ་བྲལ་ཞིང་སྐྱེ་འཆི་མེད་པའི་དོན་རྟོགས་པ་ནི་ཐར་བའི་ས་བོན་ཟིན་པའི་རྟགས་སོ༔ དེ་ནས་རབ་ཟླ་བ་གསུམ་འབྲིང་ལྔ་ཐ་མའང་ཟླ་བ་དགུའི་སྟེང་ནས་ཐིག་ལེ་ཁམ་ཕོར་ཙམ་དུ་འགྲོ༔ འོད་ཀྱིས་རང་གར་གནས་པ་འགག་པར་འཆར༔ ཟས་སྐོམ་གྱི་གདུང་བ་ཞི༔ ལུས་གཞོན་ཤ་ཆགས༔ དེའི་ཚེ་སྣང་བ་ལ་བྱན་ཆུད་པའི་རྟགས་སོ༔ ཡེ་ཤེས་ཀྱི་རླུང་ཟིན་པས་བར་སྣང་ལ་འགྲོ་བའི་ཉམས་འབྱུང་༔ སྐྱེ་འགྲོ་རྣམས་དང་འཕྲད་སྙིང་མི་འདོད༔ འཁྲུལ་གཏམ་ཟད་དེ་ངག་བློ་འདས་སུ་སོང་བའོ༔ དེ་ནས་རབ་ཟླ་བ་གསུམ་འབྲིང་ལྔ་ཐ་མའང་བདུན་གྱི་སྟེང་ནས་འོད་ཀྱིས་ཡུལ་ཁམས་ཁེངས༔ ཐིག་ལེ་རྣམས་བསེ་ཕུབ་ཙམ་དུ་འགྲོ༔ དབྱིངས་སྨིན་པས་མུ་ཁྱུད་འོད་ལྔའི་ར་བས་ཟླུམ་པོར་བསྐོར་བར་སྣང་ངོ་༔ ཕྱིའི་རྟགས་རང་ལ་རང་དགོད་བྲོ༔ ཆོས་ཀྱི་ཐེག་པ་མང་པོ་རང་བརྡོལ་དུ་འཆར༔ བླ་མའི་དྲིན་ཚོར་ཏེ་མོས་གུས་དབང་མེད་དུ་འབར༔ དགྲ་གཉེན་གྱི་འདུ་ཤེས་བྲལ་བ་སྟེ༔ གཞན་སྣང་དག་པའི་རྟགས་སོ༔ དེ་ནས་རབ་ཟླ་བ་གཅིག་འབྲིང་ཟླ་བ་གསུམ་ཐ་མའང་ཟླ་བ་ལྔ་ནས་རིག་པ་སྐུ་རུ་སྨིན་ཏེ༔ ཐིག་ལེ་རེ་རེ་བཞིན་གྱི་ནང་དུ༔ རིགས་ལྔའི་སྐུ་རེ་སྣང་ཞིང་རིག་པའི་བར་དུ་སྐུ་ཕྲ་མོ་རེ་འབྱུང་ངོ་༔ རིག་པ་ནི་ཤིན་ཏུ་བརྟན་པར་སྡོད་པའོ༔ དེ་ནས་རབ་ཟླ་བ་གཅིག་འབྲིང་གསུམ་ཐ་མའང་ཟླ་བ་དགུ་ནས་ཡེ་ཤེས་སྐུ་རུ་སྨིན་ཏེ༔ ཐིག་ལེའི་ནང་དུ་སྐུ་ལྔ་ལྔ་འཆར་ཞིང་འབྱུང་བ་འགགས་པས་གདོས་བཅས་ཤ་ཁྲག་གི་སྣང་བ་མེད༔ འདི་ནས་མ་བསྒོམས་ཀྱང་ལོངས་སྐུར་གྲོལ་ལོ༔ སྐབས་སུ་རང་གི་ལག་སོར་རྣམས་འོད་དུ་སྣང་བ་ཡིན་ཞིང་ལུས་ལ་གྲིབ་མ་མི་འབྱུང་བའོ༔ རྟགས་འདི་རྣམས་རྫོགས་ནས་རིག་པའི་འཕེལ་ཟད༔ ཕུང་པོ་འོད་གསལ་དུ་གྲོལ་ནས་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དེ་ཚེ་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པ་སྟེ༔ རང་གི་ལག་སོར་གྱི་སྣང་བ་ལ་རྒྱུན་རིང་དུ་བལྟས་པས་སྣང་བ་རྣམས་རང་ལོག་སྟེ༔ བེམ་པོ་ཀུན་སྐབས་སུ་སྣང་སྟེ་སྒྲ་ཐོས་པ་འབྱུང་ངོ་༔ འཁྲུལ་སྣང་རང་ལོག་སྟེ་སེམས་ཅན་གྱི་དོན་བྱེད་འདོད་ན༔ སེམས་ཅན་སུམ་སྟོང་ཙམ་ལ་རིག་པ་བཅུག་ཀྱང་འབྱུང་བ་རྣམས་རང་བཞིན་དུ་དག་སྟེ༔ སངས་རྒྱས་ལ་འགོད་ནུས་པར་ཐེ་ཚོམ་མེད་དོ༔ ཕ་རོལ་གྱི་བེམ་པོར་རང་གི་རིག་པ་བཅུག་པས་འགུལ་བ་དང་སྐད་འབྱིན་ནུས་པའོ༔ འོད་གསལ་ཀྱི་ལམ་མཆོག་དམ་པ་འདིར་ཞུགས་པའི་རྣལ་འབྱོར་པ་རྣམས་ཚུལ་བཞིན་བསྒོམས་པས་གྲོལ་བའི་དུས་བསྟན་པ་ནི༔ དབང་པོ་རབ་ལོ་གསུམ་དང་ཟླ་བ་གཅིག་ནས་གྲོལ༔ འབྲིང་རྣམས་ལོ་བཞི་དང་ཟླ་བ་དྲུག་ནས་གྲོལ༔ སྐྱེས་བུ་ཐ་མ་རྣམས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ནས་མི་གྲོལ་བ་མི་སྲིད་དོ༔ གསུམ་པ་མཐར་ཕྱིན་པའི་གདེང་དང་ལྡན་པའི་རྟགས་ནི༔ ལར་ཉམས་ལེན་ཚུལ་བཞིན་བརྩོན་པའི་རྣལ་འབྱོར་ཕོ་མོ་ལ༔ གོང་དུ་བསྟན་པའི་ས་ལམ་གྱི་ཡོན་ཏན་ལས་རང་ཤར་བའི་རྟགས་རྣམས་དང་༔ ཁྱད་པར་དུ་ཡང་ཕྱིར་མངོན་པ་འབྱུང་བའི་ཁམས་དང་ལུས་ཀྱི་དབང་པོ་ལ་སོགས་ལ་འཆར་བའི་རྟགས་དང་༔ ནང་སྐད་ཅིག་མའི་ཡེ་ཤེས་ལ་བཙན་ས་ཟིན་པ་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུ་ལ་སོགས་པའི་ཉམས་རྟོགས་ཀྱི་ཡོན་ཏན་ནི་བརྗོད་ལས་འདས་པ་འཆར་ཀྱང་༔ མཐར་ཕྱིན་པའི་རྟགས་ནི་གདེང་བཞི་རུ་འདུས་ཏེ༔ ཡར་གྱི་གདེང་གཉིས་དང་མར་གྱི་གདེང་གཉིས་སོ༔ ཡར་གྱི་གདེང་གཉིས་ནི༔ དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐོང་ཡང་རེ་བ་དང་བྲོད་པ་མི་སྐྱེ་བ་སྟེ༔ ཅིའི་ཕྱིར་ཞེ་ན༔ རང་རིག་སྐུ་གསུམ་གྱི་སངས་རྒྱས་སུ་རྟོགས་པས་རེ་དོགས་ཀྱི་བློ་ཟད་ནས༔ སངས་རྒྱས་དང་ཆོས་དང་འཕགས་པའི་སྡེ་དང་གྲུབ་པའི་མཐའ་ཐམས་ཅད་ངོ་བོ་ཉིད་ལ་རྫོགས་པར་ཐག་ཆོད་པའི་ཕྱིར་རོ༔ མར་གྱི་གདེང་གཉིས་ནི་ངན་སོང་གསུམ་གྱི་སྡུག་བསྔལ་དང་འཇིགས་སྐྲག་མཐོང་ཞིང་ཐོས་ཀྱང་འཇིགས་པ་དང་བྲལ་བ་སྟེ༔ ཅིའི་ཕྱིར་ཞེ་ན༔ རང་རིག་གཞི་མེད་རྩ་བྲལ་དུ་རྟོགས་པས༔ ངོ་བོ་ཉིད་ལ་འཁྲུལ་པའི་དྲི་མ་དང་བྲལ་ཚེ༔ འཁོར་བ་ངན་སོང་གསུམ་དུ་འཁྲུལ་མཁན་གྱི་དོགས་པ་མེད་པར་རྟོགས་པའི་རྟགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྫོགས་ཆེན་རྒྱུད་ལུང་སྙིང་པོའི་བཅུད༔ ཉམས་མྱོང་སྨར་ཁྲིད་རྟགས་ཀྱི་ཡི་གེ་འདི༔ འོད་གསལ་ཐེག་མཆོག་ཨ་ཏིའི་རྣལ་འབྱོར་དོན༔ ཉམས་རྟོགས་ས་ལམ་རྟགས་ཚད་ཡི་གེར་བཏབ༔ མ་སྤེལ་རིན་ཆེན་ས་ལ་གཏེར་དུ་སྦོས༔ ནམ་ཞིག་གསང་སྔགས་དར་ལ་མ་སྨིན་དུས༔ ཕྱག་ཆེན་ལྟ་བསྒོམ་ཕུ་ཐག་གནས་འགྱུར་གཏད༔ ད་ལྟ་འགྱུར་བའི་གསང་སྔགས་བག་ལ་ཞ༔ སྔ་འགྱུར་རྙིང་མ་ཟེར་ཏེ་ཨ་ཡ་བྱེད༔ གྲོང་ཆོག་འདྲེ་འདུལ་གསང་སྔགས་བོན་དུ་གྱེར༔ སངས་རྒྱས་ཞིང་ལ་ཉིན་རྒྱུག་བྱེད་པའི་ཆོས༔ རྫོགས་ཆེན་ཐིག་ལེ་ཕྱི་ནང་གསང་བའི་གནད༔ དུས་ངན་སེམས་ཅན་བསོད་ནམས་དམན་པའི་མཐུས༔ དར་ཆ་ཆུང་ཞིང་ཉམས་མྱོང་ལྡན་མཁན་ཉུང་༔ ཕྱག་ཆེན་ལམ་འབྲས་ཞི་བྱེད་གཅོད་ཡུལ་ཞེས༔ གསང་སྔགས་གསར་མར་གྲགས་པའི་གྲུབ་མཐའ་མང་༔ འགའ་ཞིག་བསྐྱེད་རིམ་ཁོ་ནས་གྲོལ་བར་འདོད༔ སྤྲོས་བཅས་རྐྱེན་དབང་ཤོར་ཏེ་ལམ་ལ་གོལ༔ འགའ་ཞིག་རྫོགས་རིམ་ཁོ་ནས་གྲོལ་བར་འདོད༔ བླུན་ཆོས་ཉམས་རྟོགས་མག་མོག་སྲིད་པར་འཁྱམས༔ འགའ་ཞིག་བསྐྱེད་རྫོགས་གཉིས་མེད་ཟུང་འཇུག་སྐད༔ སྣང་སེམས་གྲུབ་མཐར་ཞེན་པས་བསམ་གཏན་ལྷ༔ འགའ་ཞིག་གསང་ལམ་ཟེར་ཏེ་རྩ་རླུང་བྱེད༔ བདེ་སྟོང་ཉམས་ལ་ཆགས་པས་སྲིད་རྩེར་གོལ༔ དེ་དུས་བླ་མེད་འོད་གསལ་གསང་བའི་གནད༔ གོལ་སྒྲིབ་རེ་དོགས་བྲལ་བའི་སྙིང་ཐིགས་འདི༔ ཐུགས་སྲས་ཀླུ་ཡི་དབང་པོའི་སྐྱེ་བ་ལ༔ ཐུགས་ཀྱི་རྣལ་འབྱོར་ཐུགས་ཀྱི་རིག་པ་འཛིན༔ སྦས་ཚུལ་མ་ངེས་སྤྱོད་པ་ཆོ་ལེ་བ༔ འཁྲུལ་པ་རང་གྲོལ་སྣང་བ་ཟང་ཐལ་མཁན༔ གཏད་མེད་སྨྱོན་པ་ཞེ་འདོད་ཟད་པའི་བུ༔ འཁྲུལ་སྣང་རང་གྲོལ་ཁམས་པ་ཉི་གྲགས་ཀྱིས༔ ཆོས་འདི་རྙེད་ཅིང་གསང་སྔགས་གླུ་རུ་ལེན༔ རྟེན་འབྲེལ་འགྲིག་ཅིང་བར་གཅོད་མ་བྱུང་ན༔ སྒྲུབ་སྡེ་བརྒྱ་རྩས་མདོ་ཁམས་གླིང་དྲུག་འགེངས༔ སྐབས་ཤིག་གསང་སྔགས་བསྟན་པའི་ཉི་མ་འཆར༔ བདུན་བརྒྱུད་མི་རབས་བརྒྱ་ཡི་བར་དུ་དར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ་གྷུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་དེས་གཏེར་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།


previousརྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོགnext