Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ།next

ཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་རྣམས༔ ཉམས་མྱོང་ཚད་ཀྱི་ཆ་འཛིན་པའི༔ ཡིག་སྣ་འདི་བཞིན་བརྟག་མཁས་བྱ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་དང་ལྡན་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་ཚེ་འདིར་ཉམས་རྟོགས་འཆར་བའི་ཚད་དང་༔ བར་དུ་ཆད་ན་ཕྱི་མ་འབྲས་བུ་འཐོབ་ཚུལ་ལོ༔ དང་པོ་བླ་མས་ངོ་སྤྲད་པ་ནས༔ ཆོས་ཉིད་མངོན་སུམ་མཐོང་བའི་སྐྱེས་བུ་དེ་ཉིད་ཀྱིས༔ ཐིག་ལེ་སྟོང་བའི་སྒྲོན་མ་ཤར་བའི་དུས་ན༔ རང་བཞིན་རྩོལ་བ་དང་བྲལ་བའི་ཚད་ཡིན་ཏེ༔ དེའི་དུས་ཀྱི་ལྷུན་གྲུབ་སྟོང་པའི་སྒྲོན་མ་དེ་རྩོལ་སྒྲུབ་ལས་འདས་པའི་དོན་ཡིན་པས༔ དེ་དུས་རྣལ་འབྱོར་ཕོ་མོ་ཚེའི་བར་ཆད་ན༔ ཆོས་ཉིད་མངོན་སུམ་མཐོང་བའི་གནད་ཀྱིས་སྐྱེ་བ་གསུམ་བརྒྱུད་པའི་ཐ་མ་ལ་བླ་མེད་རྡོ་རྗེ་ཐེག་པའི་ཆོས་འདི་དང་མཇལ་ནས་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དབྱིངས་རིག་སྨིན་མཚམས་ནས་བྲལ་བའི་དུས་ན༔ འཁོར་འདས་རྒྱབ་གྱེས་ཏེ་ཕྱི་མ་མངལ་དུ་མི་འཇུག་པའི་ཚད་ཡིན་ཞིང་༔ དེའི་དུས་སུ་བར་ཆད་ན་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་རྫུས་ཏེ་སྐྱེས་ནས་ཞིང་ཁམས་ལྔར་རིགས་ཀྱི་བདག་པོ་ལྔས་སྨིན་པར་བྱེད་དོ༔ ལོ་ལྔ་བརྒྱ་ཕྲག་ལྔའི་སྟེང་ནས་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་ལྔ་གྱེན་འགྲེང་དང་རྩིབ་ཤར་དང་མདུང་རྩེ་དང་རེ་ལྡེའི་རྣམ་པའི་དུས་སུ༔ དབྱིངས་རང་བཞིན་གྱིས་འདུས་པའི་ཚད་ཡིན་ཏེ༔ དེའི་དུས་སུ་ཚེའི་བར་ཆད་ན་ཆོས་ཉིད་མངོན་དུ་གྱུར་པའི་གནད་ཀྱིས༔ བར་དོར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་ལྔས་རང་གི་མདུན་སྣང་ཞིང་གང་བའི་དུས་ན༔ གནམ་ས་དལ་དུ་ཤར་བའི་ཚད་ཡིན་ཏེ༔ དེའི་ཚེ་བར་ཆད་ན་བར་དོ་གསུམ་ལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དབྱིངས་ཀྱི་འོད་རྣམས་རིན་པོ་ཆེ་དང་དྲ་བ་དྲ་ཕྱེད་མིག་མང་མིག་ཚགས་ཟ་འོག་མཆོད་རྟེན་མདའ་མདུང་ཉ་མིག་སོགས་ཀྱི་དུས་ན༔ རིག་པ་ལ་དབྱིངས་ཀྱི་རྒྱན་རྫོགས་པའི་ཚད་དེ༔ བར་དོར་རང་ལོག་པ་ཡིན་ཏེ་འདི་ལ་བར་དུ་ཆད་ན༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པ་དང་མཉམ་དུ་ཆོས་ཉིད་ཀ་དག་གིས་བར་དོར་གྲོལ་བར་ཐེ་ཚོམ་མེད་དོ༔ དབྱིངས་ཀྱི་འོད་རྣམས་ཐོག་མར་དཀར་ལང་ལོང་དང་རྗེས་སུ་འོད་ལྔའི་ཟེར་གྱིས་རང་གནས་པའི་ལུང་པ་དེ་འགག་པའི་དུས་ན༔ སྣང་བ་ཡུལ་ལས་གྲོལ་པའི་གནད་ཀྱིས༔ བེམ་པོའི་འཁྲུལ་པ་ལས་གྲོལ་བའི་ཚད་དོ༔ དེའི་དུས་བར་ཆད་ན་ཕྱི་དབུགས་ཆད་མ་ཐག་བར་དོ་མེད་པར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དབྱིངས་རིག་འདུ་འབྲལ་མེད་པའི་དུས་ནི་འཁོར་འདས་གཉིས་སུ་མེད་པའི་དུས་ཡིན་ཏེ༔ ཉིན་མོ་མྱ་ངན་ལས་འདས་པའི་ས་དང་༔ མཚན་མོ་འཁོར་བའི་ས་གཉིས་འདྲེས་པས༔ འཁོར་བ་ཟད་པའི་ཚད་དོ༔ དེའི་ཚེ་རྣལ་འབྱོར་ཕོ་མོ་ཚེའི་བར་ཆད་ན༔ བར་དོ་མེད་པར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ ཚེ་ལ་དབང་བ་ལོ་ལྔ་བརྒྱ་ནས་གྲོལ་བ་ཡང་སྲིད་དོ༔ ཐིག་ལེ་སྲན་མ་ཙམ་དུ་འཕེལ་བའི་དུས་ན༔ དབྱིངས་ཀྱི་སྦུབས་སུ་རིག་པ་ཆུད་པས༔ སྙིང་པོ་རིག་པ་བཅུད་དུ་སྨིན་པའི་ཚད་དོ༔ དེའི་དུས་བར་ཆད་ན༔ ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དོར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་རྩིབ་ཤར་དང་༔ ཐིག་ལེ་མེ་ལོང་ཙམ་གྱི་དུས་ན༔ ཐིག་ལེ་འོད་ཁྱིམ་དུ་སྨིན་པའི་ཚད་དོ༔ དེའི་དུས་སུ་དབང་པོའི་ཁྱད་པར་གྱིས་རབ་ལ་བསེ་ཕུབ༔ འབྲིང་འཁར་གཞོང་༔ ཐ་མ་རྣམས་ལ་ཁམ་ཕོར་ཙམ་དུ་འབྱུང་ཞིང་༔ རིག་པ་རླུང་དང་བྲལ་བ་སྟེ༔ འདི་ནས་འཕེལ་ཟད་པ་ཡང་སྲིད༔ གྲངས་ཀྱིས་ཡུལ་ཁམས་གང་བར་འགྱུར་ཞིང་རེ་རེ་ལ་ཡང་མུ་ཁྱུད་ལྔ་ལྔས་བསྐོར་བའི་ཚེ་སྣོད་བཅུད་དུ་སྨིན་པའི་ཚད་དོ༔ འདི་ནས་བར་དུ་མི་ཆོད་པའི་སྣ་ཟིན་པའོ༔ དེ་ནས་སྐུ་རྐྱང་པ་རེ་མཐོང་བའི་དུས་ན༔ སྐུ་གསུམ་ལམ་དུ་བྱས་པའི་གནད་ཀྱིས༔ རིག་པ་དབྱིངས་ཀྱི་ངོ་བོ་སྨིན་པའི་ཚད་ཡིན་ཏེ༔ འདི་ནས་འཆི་བ་ལས་རིང་དུ་སོང་བའི་དུས་ཡིན་ཞིང་༔ སྐྱེ་འཆི་ལ་དབང་ཐོབ་པའོ༔ དེ་ནས་ཡབ་ཡུམ་ཚོམ་བུ་སྐུ་ལྔ་ཤར་བའི་ཚེ༔ སྐུ་གསུམ་གྱི་ཞེན་པ་རང་གྲོལ་ཏེ་སྐུ་གསུམ་གྱི་ཞིང་ཁམས་སུ་འཚང་རྒྱ་བའི་ཚད་ཡིན་ནོ༔ འདིའི་ཚེ་འབྱུང་བཞི་ཐོག་མའི་དབྱིངས་སུ་ཐིམ་པས༔ འབྱུང་བ་དག་པ་ཕུང་པོ་འོད་ལུས་སུ་གྲོལ་བ་འཕོ་བ་ཆེན་པོའི་སྐུ་ཞེས་བྱ་སྟེ་ལྷག་མེད་དུ་ཡལ་བ་རང་བཞིན་གྱི་ས་ལ་རང་དབང་ཐོབ་པའོ༔ འདི་ནས་ཟླ་བ་བདུན་ནམ་དགུའམ་ལོ་གཅིག་ནས་འོད་ཀྱི་དཀྱིལ་འཁོར་དུ་སྐབས་སྐབས་ལག་སོར་བཀྲམ་པ་ཙམ་ལས་མི་མངོན་ཏེ༔ ཆོས་ཉིད་ཟད་པའི་སྣང་བ་ལྷག་མ་དང་བཅས་པའི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འདི་ལྟར་ཉམས་སུ་བར་མ་ཆོད་པར་བླངས་ན་རྟགས་དང་ཚད་རྣམས་མི་འདོད་ཀྱང་ཤུགས་ཀྱིས་འབྱུང་བ་ཆོས་ཉིད་ཡིན་ཏེ༔ དཔེར་ན་ཡར་ངོའི་ཟླ་བ་བཞིན་ནོ༔ དེ་ཡང་དང་པོ་ཐིག་ལེ་སྟོང་བའི་སྒྲོན་མའི་ཚད་མེད་ན་ཐེག་པ་ཐུན་མོང་པ་རྣམས་དང་མཚུངས་སོ༔ དེ་ཡང་ཐེག་པ་ཐུན་མོང་བ་རྣམས་ཆོས་ཉིད་ཡིད་དཔྱོད་ཀྱི་ལྟ་བ་ལ་བློ་བཅའ་སྟེ་སྡོད༔ འདི་ནི་མངོན་སུམ་ཡེ་ཤེས་རང་སྣང་དུ་སྤྱོད་པའོ༔ ཐིག་ལེ་སྨིན་མཚམས་དང་བྲལ་བའི་ཚད་མེད་ན་རིགས་དྲུག་གི་གཡང་ས་མི་ཆོད༔ གྱེན་འགྲེང་དང་རྩིབ་ཤར་སོགས་ཀྱི་ཚད་མེད་ན༔ ཡིད་དཔྱོད་འཛིན་པའི་ལྟ་བ་དང་ཁྱད་མེད༔ དབྱིངས་ཀྱི་སྣང་བ་དང་རིན་པོ་ཆེ་དང་༔ དྲ་བ་དྲ་ཕྱེད་མིག་མང་རིས་དང་མིག་ཚགས་ལ་སོགས་པའི་ཚད་མེད་ན༔ འཁྲུལ་པ་རང་ཚིག་ཏུ་གོལ་བས་ཚིག་གི་རྗེས་སུ་འབྲེང་བའི་ཐེག་པ་དང་ཁྱད་མེད༔ དབྱིངས་ཀྱི་སྣང་བ་ལ་ཐོག་མར་དཀར་ལང་ལོང་དང་རྗེས་སུ་འོད་ལྔ་ལྡན་གྱིས་རང་གནས་པའི་ལུང་པ་འགགས་པའི་དུས་ཀྱི་ཚད་མེད་ན༔ ཐ་མལ་གྱི་སྣང་བ་དང་ཁྱད་མེད༔ དབྱིངས་ཉིན་མཚན་འདྲེས་པའི་ཚད་མེད་ན༔ གྲུབ་མཐའ་འཛིན་པའི་སྐྱེས་བུ་རྣམས་དང་ཁྱད་མེད༔ ཐིག་ལེ་ཉུངས་འབྲུ་དང་སྲན་མ་ཙམ་གྱི་ཚད་མེད་ན་ལས་རླུང་དང་ཁྱད་མེད༔ དབང་པོ་རབ་འབྲིང་ཐ་མའི་ཚད་ཀྱིས་བསེ་ཕུབ་འཁར་གཞོང་ཁམ་ཕོར་ཙམ་ལ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བའི་ཚད་མེད་ན༔ ཆད་ལྟ་མུ་སྟེགས་པ་རྣམས་དང་ཁྱད་མེད༔ སྐུ་རྐྱང་པ་རེ་རེ་ཤར་བའི་ཚད་མེད་ན༔ སྐུ་གསུམ་འབྲས་བུར་འདོད་པ་རྣམས་དང་ཁྱད་མེད༔ ཚོམ་བུ་ལྔ་ལྡན་དུ་ཤར་བའི་ཚད་མེད་ན༔ ཕུང་པོ་ལྔ་བདག་མེད་པར་འདོད་པ་རྣམས་དང་ཁྱད་མེད༔ དེས་ན་དུས་ངེས་པར་བསྟན་པ་འདི་ནི༔ མི་འགྱུར་བ་གསེར་ལྟ་བུ་ཡིན་ཏེ་ཤིན་ཏུ་ཟབ་པའི་གནད་དོ༔ ཡེ་ཤེས་ཁ་དོག་ལྔ་ལྡན་དུ་གསལ་བ་འདི་ནི་དབྱིངས་ཀྱི་ཚད་དོ༔ འཕེལ་འགྲིབ་མེད་པ་འདི་ནི་རིག་པའི་ཚད་དོ༔ འཇིག་རྟེན་གྱི་ཁམས་འོད་ཀྱིས་གང་བ་འདི་ནི་འོད་ཀྱི་ཚད་དོ༔ སྐུ་ལྔར་གསལ་བའི་དུས་ན་ཐིག་ལེ་མཐར་ཕྱིན་པའི་ཚད་དོ༔ ཉམས་སྣང་གི་ཟད་པ་ནི་གཞིའི་ཚད་དོ༔ རྡོས་བཅས་འོད་ཕུང་དུ་གྲོལ་བའི་ཚེ་ལམ་མཐར་ཕྱིན་པའི་ཚད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་རྣམས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་བཞིན༔ ཁོ་མོ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་སྤྲང་བན་ཉི་མ་གྲགས་པས་གཏེར་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།


previousཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ།next