Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུང་བ།next

བཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུང་བ།

བཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུངས་པ་བཞུགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་ཀ་དག་ཆོས་དབྱིངས་བདེ་ཆེན་ཀློང་། །རང་བཞིན་ལྷུན་གྲུབ་ཟབ་གསལ་ཟུང་དུ་འཇུག །ཐུགས་རྗེ་རང་ཤར་རང་གྲོལ་དབྱིངས་ཀྱིས་བརྒྱན། །རང་རིག་སྤྲོས་བྲལ་བླ་མའི་ཞབས་ལ་འདུད། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཡི། །ངོ་མཚར་རྒྱུད་ཀྱི་འགྱུར་བྱང་གསལ་བྱེད་འདི། །སྤྲུལ་པའི་ལོ་པཎ་གསུང་བཞིན་འདྲི་བ་ལ། །སྔགས་ཀྱི་སྲུང་མས་དགྱེས་བཞིན་གནང་དུ་གསོལ། །དེ་ཡང་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་མདོ་ཙམ་བཤད་པ་ལ་གཉིས་ཏེ། བཀའ་མ་དང་གཏེར་མའོ། དང་པོ་ལའང་གཉིས་ཏེ། སྒྲ་བསྒྱུར་བཻ་རོ་ཙ་ནའི་རྫོགས་པ་ཆེན་པོའི་འགྱུར་བྱང་གི་ལུགས་དང་། པཎ་ཆེན་བི་མཱ་ལ་མི་ཏྲའི་རྫོགས་པ་ཆེན་པོའི་འགྱུར་བྱང་གི་ལུགས་སོ། །དང་པོ་ནི། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཕལ་ཆེ་བ་ནི་ཨོ་རྒྱན་གྱི་གནས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཕྱག་ན་བཞུགས་པ་ཡིན་ལ། དེ་ལ་ནི་ཀློང་ཆེན་པོ་དགུ། ལེའུ་འབུམ་ཕྲག་ལྔ་བམ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། ཀློང་ཆེན་པོ་དགུ་ནི། སྐྱེ་བ་མེད་པའི་ཀློང་། སྙིང་པོ་དོན་གྱི་ཀློང་། གདོད་ནས་མ་སྐྱེས་པའི་ཀློང་། ཚིག་ལས་འདས་པའི་ཀློང་། སྤྲོས་དང་བྲལ་བའི་ཀློང་། བརྗོད་དུ་མེད་པའི་ཀློང་། དེ་ཁོ་ན་ཉིད་ཀྱི་ཀློང་། མཐའ་ཀུན་དང་བྲལ་བའི་ཀློང་། གཉིས་སུ་མེད་པའི་ཀློང་། ལེའུ་འབུམ་ཕྲག་ལྔ་དང་བམ་པོ་བརྒྱད་ཁྲི་བཞི་སྟོང་ནི། སྐྱེ་མེད་ཀྱི་ཀློང་ལ་ལེའུ་འབུམ་ཕྲག་གཅིག་དང་བམ་པོ་སྟོང་ཕྲག་བརྒྱ་དང་བརྒྱད་བཞུགས་སོ། །དེ་བཞིན་དུ་ཀློང་རེ་རེ་ལའང་ལེའུ་ཁྲི་ཕྲག་ལྔ་ལྔ་དང་། བམ་པོ་སྟོང་ཕྲག་བརྒྱད་དང་ལྔ་བརྒྱ་རེ་ཀུན་ལ་བཞུགས་པས་ལེའུ་འབུམ་ཕྲག་ལྔ་དང་བམ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཡིན་ནོ། །དེ་ཡང་སྡེ་ཚན་ནང་དུ་ཕྱེ་ན་དོན་ཚན་བཞི་སྟེ། རྫོགས་པ་ཆེན་པོ་ཕྱིའི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་རོ། དང་པོ་རྫོགས་པ་ཆེན་པོ་ཕྱིའི་སྐོར་ལ་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། རྣམ་གྲངས་ལ་དགུ་སྟེ། རྫོགས་ཆེན་རྒྱུད་སྡེ། སེམས་སྡེ། ཀློང་སྡེ། བམ་པོའི་སྐོར། མདོ་ལུང་མ་བུའི་སྐོར། མན་ངག་རྫོང་འཕྲང་གི་སྐོར། མན་ངག་སྙན་བརྒྱུད་ཀྱི་སྐོར། མན་ངག་བསམ་གཏན་གྱི་སྐོར་རྣམས་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་བཞུགས་སོ། གཉིས་པ་འགྱུར་ལུགས་ནི། སྤྱིར་ཨོ་རྒྱན་གྱི་གནས་ན་རྫོགས་པ་ཆེན་པོའི་སྤྱི་རྒྱུད་མང་ཡང་བོད་དུ་འགྱུར་བ་ལ་རྩ་བའི་རྒྱུད་ལྔ། །ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞི་སྟེ་རྒྱུད་སྡེ་ཆེན་པོ་བཅུ་དྲུག་འགྱུར་རོ། རྩ་བའི་རྒྱུད་ལྔ་ནི། བཀྲ་ཤིས་མཛེས་ལྡན་མི་འགྱུར་གནས་པའི་རྒྱུད། ཡོན་ཏན་རྫོགས་པ་རྣམ་པར་རོལ་པའི་རྒྱུད། ཡུལ་ཀུན་ལ་འཇུག་པ་རྣམ་པར་རོལ་བའི་རྒྱུད། ཐིག་ལེ་རྒྱ་མཚོར་འཇུག་པ་ལ་གནས་པའི་རྒྱུད། རིན་པོ་ཆེ་རྣམ་པར་འགྱེད་པའི་རྒྱུད་དོ། ཡན་ལག་གི་རྒྱུད་བདུན་ནི། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། ཡེ་ཤེས་རང་ལ་དབབ་ཅིང་རང་ལ་གནས་པའི་རྒྱུད། མི་འགྱུར་གནས་པའི་རྒྱུད། བཀོད་པ་རྒྱན་གྱི་རྒྱུད། དོན་གསལ་བ་མཐར་ཕྱིན་པའི་རྒྱུད། གསལ་བ་རང་གྲོལ་རྒྱུད། དཀྱིལ་འཁོར་རྫོགས་པའི་རྒྱུད་དོ། །བཤད་པའི་རྒྱུད་བཞི་ནི། རྨད་དུ་བྱུང་བའི་རྒྱུད། །ཀུན་བྱེད་རྒྱལ་པོའི་རྒྱུད། བྱང་ཆུབ་ཡེ་ཤེས་རོལ་བ་སྟོང་བ་ཉིད་ཀྱིས་བརྒྱན་པའི་རྒྱུད། དེ་ཁོ་ན་ཉིད་སྟོན་པ་གསང་བ་རོལ་བའི་རྒྱུད་དོ། ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་དུ་གྲགས་པ་ནི། ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ཐོས་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་ལྔ་བཅུ་རྩ་བདུན་པ། རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅུ་གཉིས་པ། རྒྱུད་ཕྱི་མའི་ཕྱི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅོ་ལྔ་པ། ཀུན་བྱེད་བཤད་པའི་རྒྱུད་མདོ་བཅུ། སྤྱིའི་བཤད་རྒྱུད་འཁོར་བ་རྩད་གཅོད་དང་ལྔ། ཤྲཱི་སེང་ཧའི་རྒྱ་ཆོས་ཉི་ཤུ་རྩ་གཅིག་གི་ཐོག་མའི་རྒྱུད་བཞི་སྟེ་དགུའོ། །ཐོག་མའི་རྒྱུད་བཞི་ནི། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅུ་གསུམ་པ། བསྒོམ་པ་རྒྱ་མཚོ་དང་མཉམ་པའི་རྒྱུད་ལེའུ་བདུན་པ། སྦྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ལེའུ་བཅུ་གཅིག་པ། འབྲས་བུ་རིན་པོ་ཆེ་དང་མཉམ་པའི་རྒྱུད་ལེའུ་བཅུ་བཞི་པའོ། །གཉིས་པ་རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་ལ་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་ནི་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་སེམས་སྡེའི་རྒྱུད་བདུན་ཅུ་རྩ་བདུན་བཞུགས་པ་ལས་བོད་དུ་འགྱུར་བ་ལ་སེམས་སྡེའི་རྒྱུད་བཅོ་བརྒྱད་སྔ་འགྱུར་ལྔ་དང་། ཕྱིས་འགྱུར་བཅུ་གསུམ་མོ། སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན། ནམ་མཁའ་ཆེའོ། །འདི་དག་བཻ་རོས་བསྒྱུར་རོ། །ཕྱིས་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་ཕྲ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། བསྒོམ་པ་དོན་འགྲུབ་དང་བཅས་པའོ། །འདི་དག་ནི་བི་མཱ་ལ་དང་། ཀུ་མཱ་ར་དང་། གཡུ་སྒྲ་སྙིང་པོ་དང་གསུམ་གྱིས་བསྒྱུར་རོ། །གསུམ་པ་རྫོགས་པ་ཆེན་པོ་ཀློང་སྡེའི་སྐོར་ལ། རྣམ་གྲངས་དང་འགྱུར་ལུགས་གཉིས་ལས། དང་པོ་ནི། ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གསང་མཛོད་ན། ཀློང་ཆེན་བཅོ་བརྒྱད་བཞུགས་པ་ལས་བོད་དུ་འགྱུར་བ་ལ། ཀློང་དཀར་པོ་ལས་རྒྱ་མཚོའི་ཀློང་མ་བུ་གཉིས། ཀློང་ནག་པོ་ལས་ཐུགས་རྗེ་ཀློང་ནག་མ་བུ་གཉིས། ཀློང་ཆེན་རབ་འབྱམས་མ་བུ་བཞི་སྟེ་ཀློང་སྐོར་གསུམ་འགྱུར་རོ། །བསྐལ་བ་དུམ་བུ་རྒྱུད་བཅོ་བརྒྱད་ཀྱང་འགྱུར་རོ། །ཀློང་སེམས་རྣལ་འབྱོར་སྤྱིའི་རྒྱུད་བྱ་བ་ཞིག་ཀྱང་རྒྱ་གར་ན་བཞུགས་པར་གྲགས་སོ། །བཞི་པ་རྫོགས་པ་ཆེན་པོ་བམ་པོའི་སྐོར་ལའང་། རྣམས་གྲངས་དང་འགྱུར་ལུགས་གཉིས་ལས། དང་པོ་ནི། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་རྫོགས་པ་ཆེན་པོ་བམ་པོའི་སྐོར་ཉི་ཁྲི་བཞུགས་པ་ལས་བོད་དུ་འགྱུར་བ་ལ་མདོ་ལུང་། མདོ་རྩ། མདོ་འགྲེལ་དང་གསུམ་བོད་དུ་འགྱུར་རོ། །དྲུག་པ་རྫོགས་པ་ཆེན་པོ་མ་བུའི་སྐོར་ལ། མ་སྟོང་པའི་ཡེ་ཤེས་དང་བུ་རིག་པའི་ཡེ་ཤེས་གཉིས་ཏེ། མ་བུ་གཉིས་བོད་དུ་འགྱུར་རོ། བདུན་པ་རྫོགས་པ་ཆེན་པོ་མན་ངག་རྫོང་འཕྲང་གི་སྐོར་ལ། བཀའ་རྫོང་དང་བསྙེན་རྫོང་གཉིས་བོད་དུ་འགྱུར་རོ། བརྒྱད་པ་རྫོགས་པ་ཆེན་པོ་མན་ངག་སྙན་རྒྱུད་ཀྱི་སྐོར་ལ། སྙན་བརྒྱུད་ཆེ་ཆུང་གཉིས་བོད་ལ་འགྱུར་རོ། དགུ་པ་རྫོགས་པ་ཆེན་པོ་མན་ངག་བསམ་གཏན་གྱི་སྐོར་ལ། །བསམ་གཏན་བརྒྱད་ཅུ་བོད་དུ་འགྱུར་རོ། །དེ་རྣམས་ནི་རྫོགས་ཆེན་ཕྱི་སྐོར་གྱི་འགྱུར་ལུགས་སོ། །སྤྱི་དོན་གཉིས་པ་རྫོགས་པ་ཆེན་པོ་ནང་སྐོར་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། །དང་པོ་ནི་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་རིག་པ་བླ་མའི་རྒྱུད་ཅེས་བྱ་བ་མ་བུ་གསུམ་བཞུགས་སོ། འགྱུར་ལུགས་ལ་དྲུག་སྟེ། རྫོགས་པ་ཆེན་པོ་བྲམ་ཟེའི་སྐོར། རིག་པའི་སྐོར། གབ་པའི་སྐོར། རྨད་དུ་བྱུང་བའི་སྐོར། སྙིང་པོའི་སྐོར། ལྡེ་མིག་གི་སྐོར་རོ། །རྫོགས་ཆེན་བྲམ་ཟེའི་སྐོར་འདི་ལ་དྲུག །ལོ་རྒྱུས་དང་བདུན། འཕྲུལ་གྱི་ལྡེ་མིག་དང་བརྒྱད། འཁོར་ལོ་གསུམ་སྟེ་བཅུ་གཅིག །རིན་པོ་ཆེ་བརྒྱན་གྱི་མན་ངག་དང་བཅུ་གཉིས་བོད་དུ་འགྱུར་རོ། །དེ་ཡང་རྒྱུད་དྲུག་ནི། རྒྱུད་ཀྱི་སྙིང་པོ་ལེའུ་ཉི་ཤུ་རྩ་བརྒྱད་པ། ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། རྨད་དུ་བྱུང་བའི་རྒྱུད། བཀའ་ལུང་སྤྱོད་པ་དོན་ཡོད་པའི་རྒྱུད་རྣམས་སོ། །འཁོར་ལོ་གསུམ་ནི། མན་ངག་སྲོག་གི་འཁོར་ལོ། ལྟ་བ་སྤྱོད་པའི་འཁོར་ལོ། གཏན་ཚིགས་སྒྲ་ཡི་འཁོར་ལོ་དང་གསུམ་མོ། །རིན་པོ་ཆེ་རྒྱན་གྱི་མན་ངག་ནི་གནད་ལ་གདམས་པའི་སྐོར་ཞེས་བྱ་བ་ཡིན་ལ། དེ་རྣམས་ནི་རྫོགས་ཆེན་ནང་སྐོར་གྱི་འགྱུར་ལུགས་སོ། སྤྱི་དོན་གསུམ་པ་རྫོགས་པ་ཆེན་པོ་གསང་བའི་སྐོར་འདི་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་ནི་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་གསང་རྒྱུད་ཆེན་མོ། ཡང་ཏིག་སྤྱི་ཏིག་དང་གསུམ་བཞུགས་སྐད། འགྱུར་ལུགས་ནི། ཨ་ཏི་ཟབ་མོ་སྐོར་དགུ་བོད་དུ་འགྱུར་རོ། །དེ་ཡང་རྫོགས་ཆེན་ཉེའུ་ཚང་གི་སྐོར། རིན་པོ་ཆེ་རྒྱས་པའི་སྐོར། ཉི་མ་འཁོར་ལོའི་སྐོར། རྒྱལ་པོའི་བླ་གཏེར་གྱི་སྐོར། ཟ་འོག་བེར་ཁྱིམ་གྱི་སྐོར། བརྒྱུད་པ་ཐ་མའི་སྐོར་སོགས་ཟབ་མོའི་སྐོར་དགུ། གཞན་ཡང་རྫོགས་པ་ཆེན་པོའི་རྒྱུད་མཁས་པ་པཎྜི་ཏའི་ལུགས་ལ་ཐིག་ལེ་སྡེ་བཞི། ཛམ་ལ་སྡེ་བཞི། བིག་བརྟ་སྡེ་བཞི་ལ་སོགས་པའོ། །རྣལ་འབྱོར་ཀུ་སུ་ལུའི་ལུགས་ལ། སྔགས་ཀྱི་རྩ་བ་གསུམ་སྟེ། རྒྱུད་ཐམས་ཅད་ཀྱི་རྩ་བ་འཇམ་དཔལ་དགོངས་པ་འདུས་པ། ལུང་ཐམས་ཅད་ཀྱི་རྩ་བ་འདུས་པ་མཁའ་འགྲོ་མ་དྲ་བའི་འཁོར་ལོ། མན་ངག་ཐམས་ཅད་ཀྱི་རྩ་བ་འཁོར་ལོ་བསྐོར་བའོ། །གཞན་ཡང་གྲུབ་མཐའ་བཀོད་པའི་མན་ངག་ནི། ལྷུན་གྲུབ་ཇི་བཞིན་བཀོད་པའི་རྒྱུད། དྲི་མེད་རྣམ་དག་གི་རྒྱུད། གསང་བ་རིག་པ་བཀོད་པའི་རྒྱུད། དྲི་མེད་འོད་གསལ་གྱི་རྒྱུད་དང་བཞིའོ། །གཞན་ཡང་རྒྱུད་གསེར་མདོག་ཅན། ལུང་ཐོ་ཡིག་ཅན། མན་ངག་ཕྲ་ཡིག་ཅན་དང་བཅས་པ་རྣམས་བོད་དུ་འགྱུར་རོ། །མཁས་པ་ཤྲཱི་སིང་ཧས་བཻ་རོ་ཙ་ན་ལ་གསུངས་པའི་རྫོགས་པ་ཆེན་པོ་སྤྱི་རྒྱུད་ཉི་ཤུ་རྩ་ལྔ་ནི། ནམ་མཁའ་ཆེ་རྩ་བའི་རྒྱུད། ནམ་མཁའ་ཆེ་ཕྱི་མའི་རྒྱུད། ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད། ཡོངས་སུ་སྒྲོལ་བ་ཆོས་ཉིད་རྒྱལ་པོའི་རྒྱུད། བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད། ཡེ་ཤེས་ཐིག་ལེའི་རྒྱུད། མན་ངག་ཕྲེང་བའི་རྒྱུད། གསང་བ་རྒྱལ་པོའི་རྒྱུད། ཡེ་ཤེས་དམ་པའི་རྒྱུད། ནམ་མཁའ་རྣམ་དག་གི་རྒྱུད། མན་ངག་སྙིང་པོའི་རྒྱུད། སྙིང་པོ་གསང་བའི་རྒྱུད། ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། ཉག་གཅིག་དགོངས་པའི་རྒྱུད། བསམ་གཏན་ཆེན་པོའི་རྒྱུད། བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སྒོ་མང་མདོའི་རྒྱུད། ནམ་མཁའ་ཆེ་དབང་གི་རྒྱུད། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། ནམ་མཁའ་ཆེ་བཞིའི་རྒྱུད། རིན་པོ་ཆེ་འབར་བའི་རྒྱུད། རིན་པོ་ཆེ་ཕྲེང་བའི་རྒྱུད། ཁམས་གསུམ་སྒྲོན་མེའི་རྒྱུད། ངེས་པ་སྙིང་པོའི་རྒྱུད། རྡོ་རྗེ་གསང་བའི་རྒྱུད། ཡེ་ཤེས་སངས་རྒྱས་པའི་རྒྱུད་དང་བཅས་པ་རྣམས་སོ། །དེ་དག་མཁས་པ་ཤྲཱི་སིང་ཧ་དང་སྒྲ་བསྒྱུར་བཻ་རོ་ཙ་ནས་བསྒྱུར་བ་རྒྱལ་བུ་གཡུ་སྒྲ་སྙིང་པོ་སོགས་ལ་གནང་ངོ་། །ལུང་བམ་པོ་བཅོ་བརྒྱད་ནི། རིག་པའི་ཁུ་བྱུག རྩལ་ཆེན་སྤྲུག་པ། ཁྱུང་ཆེན་རྫོགས་པ། རྡོ་ལ་གསེར་ཞུན། མི་ནུབ་རྒྱལ་མཚན། རྨད་བྱུང་རྒྱལ་པོ། ཡེ་ཤེས་དམ་པ། ཡང་ཏི་རྒྱལ་པོ། སྲོག་གི་འཁོར་ལོ། ཡིད་བཞིན་ནོར་བུ། ཐིག་ལེ་ཀུན་འདུས། ནམ་མཁའ་ཆེ་རྒྱལ། རྩེ་མོ་བྱུང་རྒྱལ། བདེ་བ་རབ་འབྱམས། བདེ་བ་ཕྲ་བཀོད། གཏེར་ཆེན་ཡོངས་རྫོགས། ལྷུན་རྫོགས་སྤྱི་ཆིངས། ནམ་མཁའ་མཐའ་དབུས་ཀྱི་རྒྱུད་རྣམས་སོ། །འདི་དག་རྣམས་ཀྱང་ཤྲཱི་སེངྷ་དང་བཻ་རོས་བསྒྱུར་རོ། །ལུང་བམ་པོ་བཅོ་བརྒྱད་དང་སེམས་མེད་བཅོ་བརྒྱད་མཚན་ལ་ལ་འདྲ་ལ་ལ་མི་འདྲ་ཡང་མང་ཉུང་དང་བསྒྱུར་མཁན་མི་གཅིག་པས་ཅུང་ཟད་མི་གཅིག་པ་ཡིན་ནོ། །རྒྱུད་དེ་རྣམས་ཤྲཱི་སེངྷས་བཻ་རོ་ཙ་ན་ལ་གསུངས་ནས་ད་བློ་ཁ་ཚིམས་སམ་གསུངས་བས་མ་ཚིམས་ལགས་ཞུས་ནས་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་བདུན་ཕུལ་ཕྱག་དང་བསྐོར་བ་མང་དུ་བྱས། སྔར་གསུངས་པ་དེ་རྣམས་ཀྱི་དོན་རྩོལ་མེད་རང་གྲོལ་མངོན་སུམ་ད་ལྟ་ཉིད་དུ་མཐོང་བ་ཞིག་ཅིས་ཀྱང་ཞུ་ཞུས་པས། སློབ་དཔོན་ཤྲཱི་སིངྷ་ཤིན་ཏུ་དགྱེས་ཤིང་ཞལ་འཛུམ་པ་མཛད་ནས། དྷ་ཧ་ནའི་འདུ་ཁང་དུ་གསལ་བྱེད་རིན་ཆེན་འབར་བ་ལ་བརྟེན་ནས་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང་རྫོགས་པར་བསྐུར་ནས། མན་ངག་འཕྲུལ་གྱི་ལུང་བཅུ་གནང་། ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུང་ཐུགས་ཕྲད་ཀྱི་མན་ངག་གནང་། ཐིག་ལེ་ཆེན་པོའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་གནང་། མི་འགྱུར་བརྟན་པའི་དབང་བསྐུར་ནས། སྤྱོད་ལམ་རིག་པའི་མན་ངག་གནང་། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས་ཡེ་ཤེས་ངོས་འཛིན་གྱི་མན་ངག་གནང་། གཉིས་མེད་འདྲེས་པའི་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་མན་ངག་གནང་། རྡོ་རྗེ་ལུང་གི་དབང་བསྐུར་ནས་རྒྱལ་ཚབ་བསྒོམ་པའི་མན་ངག་གནང་། དེ་ལྟར་དབང་བདུན་དང་མན་ངག་བདུན་རྫོགས་པར་གནང་ནས་ཐུག་ཕྲད་གསུམ་གྱི་རང་གྲོལ་མངོན་སུམ་དུ་ངོ་སྤྲད། མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ། ཐིག་ལེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད། ཆེ་བ་ལྔ་ཡི་དགོངས་པ་ཁྱད་པར་དུ་འཕགས་ཏེ། རྩོལ་མེད་ཡེ་སངས་རྒྱས་པའི་དོན་ཉིད་མངོན་དུ་གྱུར་ཏོ། དེ་ནས་ཡེ་ཤེས་རྫོགས་པ་ལ་སོགས་པའི་རྩ་བའི་རྒྱུད་ལྔ་དང་། ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང་། ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་སྟེ་སུམ་ཅུ་ཐམ་པ་དང་། ཀློང་དགུ་ལ་སོགས་པ་དགའ་རབ་རྡོ་རྗེའི་རྒྱལ་བ་བཀའ་ཡི་ཕྲན་བུ་བཅོ་བརྒྱད་རིག་འཛིན་ཉེར་ཡིག་བཞི། ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་ལྡན། ཤྲཱི་སིངྷ་ཉིད་ཀྱི་རྒྱན་ཕྲེང་འོད་གསུམ་དང་། བསམ་གཏན་ཉམས་ཀྱི་སྒྲོན་མ། བསྟན་བསྲུང་གི་སྒྲུབ་ཐབས་ལ་སོགས་པ་གནང་ངོ་། །གཞན་ཡང་རྫོགས་པ་ཆེན་པོའི་རྒྱུད་བང་མཛོད་འཕྲུལ་གྱི་ལྡེ་མིག །ཡང་འབྱེད་འཕྲུལ་གྱི་ལྡེ་མིག །བང་མཛོད་འཕྲུལ་གྱི་ལྡེ་མིག་མེ་ལོང་ལས་རྒྱུད་ཕྱི་མའི་ཕྱི་མ་མ་ཚང་བ་ཁ་སྐོང་བའི་རྒྱུད། ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ཐེག་པ་སྐྱབས་པའི་རྒྱུད་རྣམས་ཀྱང་མཁས་པ་ཤྲཱི་སིངྷ་དང་། སྒྲ་བསྒྱུར་བཻ་རོ་ཙ་ནས་བསྒྱུར་བའོ། །གཞན་ཡང་རྡོ་རྗེ་སེམས་དཔའི་ཐེམས་ཡིག་བཅུ་གསུམ་པ། ཀུན་ཏུ་བཟང་པོའི་ངོ་མཚར་ཅན་གྱི་གད་མོ་བཅུ་གཉིས། རྡོ་རྗེ་སེམས་དཔའི་ངོམ་ཚིག་དགུ་པ། རྡོ་རྗེ་སེམས་དཔའི་ཆེ་བ་བཅུ་དྲུག་པ། རྡོ་རྗེ་སེམས་དཔའི་ཁྱད་མེད་བདུན་པ། རྡོ་རྗེ་སེམས་དཔའི་ཁྱད་པར་འཕགས་པའི་ཚིག་བཅུ་གཅིག །དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་བརྡེག་པ། འཇམ་དཔལ་བཤེས་གཉེན་གྱི་སྒོམ་ཉམས་དྲུག་པ། ཤྲཱི་སེངྷའི་གཟེར་བུ་བདུན་པ། ཤྲཱི་སེངྷའི་བཞག་ཐབས་བཞི་པ། ཛྙ་ན་སུ་ཏྲའི་ལྟ་བའི་སྙིང་པོ། བི་མ་མི་ཏྲའི་སྣང་བ་འདུས་པའི་བཅུད་ཕུར་བརྒྱད་པ། རྫོགས་པ་ཆེན་པོའི་ངོ་སྤྲོད་རིན་པོ་ཆེ་འཕྲུལ་གྱི་ཁུག་མ། ངོ་སྤྲོད་ཀྱི་ལག་ལེན། བར་དོའི་གདམས་པ་འགག་རྫོགས་དབང་པོ་རབ་འབྲིང་མེད་པའི་ཞལ་གདམས། དབང་པོ་རྣམ་གསུམ་གྱི་རྩ་བའི་ངོ་སྤྲོད། བར་དོའི་གབ་ཚིག །གཞི་ལྔ་དང་ཡེ་ཤེས་ལྔ་སྦྱར་བའི་ངོ་སྤྲོད། གང་ཟག་གི་ཆ་རྐྱེན་བརྒྱད་པ། ངོ་སྤྲོད་གསེར་ཆོས་མ། འཆི་ཁ་བར་དོའི་གདམས་པ། བཀའ་རང་གཞུང་པ་གཅོད། རིག་འཛིན་བརྡ་ཡི་བརྒྱུད་པ། རིགས་དྲུག་གཡང་ས་གཅོད་པ་རྣམས་ཀྱང་མཁས་པ་ཤྲཱི་སེངྷ་དང་ལོ་ཙཱ་བ་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བ་འོ།། །སྤྱི་དོན་བཞི་པ་ཡང་གསང་བླ་ན་མེད་པའི་སྐོར་ནི་བཻ་རོ་ཙ་ནས་ཀྱང་བསྒྱུར་ཞིང་། རྫོགས་ཆེན་རྡོ་རྗེ་ཟམ་པ་ལ་སོགས་པ་གསུངས་མོད་ཀྱང་གཙོ་ཆེར་ནི་པན་ཆེན་བི་མཱ་ལ་མི་ཏྲས་བསྒྱུར་བ་མང་བས། འདིའི་ལུགས་ལྟར་བཤད་པ་ལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྐོར་འདི་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་ནི་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། རྫོགས་པ་ཆེན་པོ་ཡང་གསང་བླ་མེད་ཀྱི་སྐོར་འདི་ལའང་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞིར་བཞུགས་སོ། །གཉིས་པ་འགྱུར་ལུགས་ནི། ཕྱི་ཤིང་སྒྲོམ་སྐྱ་བོའི་སྐོར། ནང་བསེ་སྒྲོམ་སྨུག་པོའི་སྐོར། གསང་བ་དངུལ་གྱི་གའུ་སྤར་བཀབ་ཅན་གྱི་སྐོར་གསུམ་བོད་དུ་འགྱུར་རོ། །དེ་ཡང་ཤིང་སྒྲོམ་སྐྱ་བོའི་སྐོར་ལ། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ཕྱི་ལྟར་དུ་བསྐོར་བ་ལ། ཟུག་པ་རྩ་བའི་ཚུལ་དུ་བཤད་པ་སྐུའི་རྒྱུད་པདྨ་འཁྱིལ་བ། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པ། ཡོན་ཏན་གྱི་རྒྱུད་བསོད་ནམས་རབ་འབྱམས་བརྩེགས་པ། འཕྲིན་ལས་ཀྱི་རྒྱུད་མཁའ་གསལ་ཉི་མ་དང་ལྔ་སྟེ་རྩ་བའི་རྒྱུད་ཆེན་པོ་ལྔ་བོད་དུ་འགྱུར་རོ། །གྱེས་པ་ཡལ་གའི་ཚུལ་དུ་བཤད་པ་ལ། འཁོར་བ་དོང་སྤྲུག་གི་རྒྱུད། རྨ་བྱ་འཇིང་བསྣོལ་གྱི་རྒྱུད། ཡེ་ཤེས་བླ་མའི་རྒྱུད། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་དང་བཞི་སྟེ། མན་ངག་གི་རྒྱུད་སྡེ་ཆེན་པོ་བཞི་བོད་དུ་འགྱུར་རོ། །རྒྱས་པ་ལོ་འདབ་ཀྱི་ཚུལ་དུ་བཤད་པ་ལ་ཞལ་ཆེམས་གསུམ་པ། མཚན་ཉིད་བཞི་ལྡན། ཐེག་པ་གསུམ་པ། བདུད་རྩིའི་ཡང་ཞུན་གྱི་བཅུད་དང་བཞི་སྟེ་ལུང་གི་བཀའ་ཆེན་པོ་བཞི་བོད་དུ་འགྱུར་རོ། །གསལ་བ་མེ་ལོང་གི་ཚུལ་དུ་བཤད་པ་ལ་པུ་ཏི་སྨུག་པོ་ཆེ་ཆུང་གཉིས་བོད་དུ་འགྱུར་རོ། །སྨིན་པ་འབྲས་བུའི་ཚུལ་དུ་བཤད་པ་ལ། སེམས་ཆེན་མོ་མཛོད་ཀྱི་རྒྱུད་བོད་དུ་འགྱུར་རོ། །དེ་དག་ནི་ཤིང་སྒྲོམ་སྐྱ་བོའི་འགྱུར་ལུགས་སོ། གཉིས་པ་ནང་བསེ་སྒྲོམ་སྨུག་པོའི་སྐོར་ལ། རྟོགས་པ་ཡེ་ཤེས་ཀྱི་འཁོར་ལོ་ནང་ལྟར་དུ་བསྐོར་བ་ལ། ཀུན་ཏུ་བཟང་པོའི་སྒོམ་ཉམས་དྲུག་པ། ཡེ་ཤེས་ལག་སྤྲད། འབྱོང་ལྔ་ལྡན། ཐིག་ལེ་གསང་བ་འདྲ་རྒྱུད། ཚོགས་ཀྱི་འཁོར་ལོ་བྱང་བུ་ཆེ་ཆུང་གཉིས། འཕྲུལ་གྱི་ལྡེ་མིག་གསུམ་སྐོར། ནམ་མཁའ་གཉིས་པ། རྒྱུད་སེམས་བསེའི་མན་ངག །གནམ་ས་ལྟོ་སྦྱོར་གྱི་དགོངས་པ། སྐུ་གསུམ་བྱ་ལོག་གི་རྒྱུད། བྱ་ལོག་གསལ་བ་སྒྲོན་མའི་རྒྱུད། ལྷུན་གྲུབ་ཡོངས་རྫོགས་ཀྱི་རྒྱུད། ཇི་བཞིན་གནས་པ་བཀོད་པའི་རྒྱུད། དྲི་མེད་རྣམ་དག་འོད་གསལ་གྱི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཅུ་གསུམ་བོད་དུ་འགྱུར་རོ། །དེ་རྣམས་ནི་བསེ་སྒྲོམ་སྨུག་པོའི་འགྱུར་ལུགས་སོ། །གསུམ་པ་གསང་བ་དངུལ་གྱི་གའུ་སྤར་བཀབ་ཅན་གྱི་སྐོར་ལ། ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད། མཁའ་འགྲོ་མ་གཙུག་ན་མེ་འབར་གྱི་རྒྱུད། འཇམ་དཔལ་ཡེ་ཤེས་རྒྱན་གྱི་རྒྱུད། སྤུ་གྲི་སྡེ་དྲུག་བཤད་པའི་རྒྱུད། ཀལྤ་པ་དུམ་བུའི་རྒྱུད། རིན་པོ་ཆེ་ཨ་ཏི་གཟེར་མིག་ཆེ་ཆུང་གཉིས་ཏེ་བརྒྱད་བོད་དུ་འགྱུར་རོ། །དེ་དག་ནི་དངུལ་གྱི་གའུ་སྤར་བཀབ་ཅན་གྱི་འགྱུར་ལུགས་སོ། །དེ་རྣམས་པཎ་ཆེན་བི་མཱ་ལ་མི་ཏྲ་དང་གཉགས་ཛྙཱ་ན་ཀུ་མཱ་རས་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་བསྒྱུར་བའོ། །གཞན་ཡང་སྤྱི་རྒྱུད་ཐིག་ལེ་ཀུན་གསལ། ཟབ་མོའི་རྒྱུད་ལྔ་ལ་སོགས་པ་སྙན་བརྒྱུད་ཡི་གེ་ཅན་དཔེ་དང་བཅས་པ། སྙན་བརྒྱུད་ཡི་གེ་མེད་པ་ངོ་སྤྲོད་དམར་འཁྲིད་གདམས་ངག་དང་བཅས་པ་བི་མ་ལས་མྱང་ཏིང་འཛིན་བཟང་པོ་ལ་གསུངས་ཤིང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ། །བཞི་པ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མངོན་སུམ་སྙིང་ཐིགས་ཀྱི་སྐོར་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅོ་བརྒྱད་དོ། །སྤྱི་རྒྱུད་ལྔ་ནི། གནས་ལུགས་གཙོ་བོར་སྟོན་པ་ཡེ་ཤེས་རྫོགས་པ། འཁྲུལ་ལུགས་གཙོ་བོར་སྟོན་པ་གསང་བ་དམ་པ། རྟོགས་ཐབས་གཙོ་བོར་སྟོན་པ་རིག་པ་རང་གསལ་མཆོག་གི་རྒྱུད། བསྒོམ་ཐབས་གཙོ་བོར་སྟོན་པ་ཁ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད། འབྲས་བུ་གཙོ་བོར་སྟོན་པ་སྙིང་པོ་དོན་གྱི་རྒྱུད་དང་ལྔའོ། །སྒོས་རྒྱུད་བཅོ་བརྒྱད་ནི། རིག་པ་རང་ཤར་གྱི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། ཡི་གེ་མེད་པའི་རྒྱུད། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། སྒྲོན་མ་འབར་བའི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། ངོ་སྤྲོད་སྤྲས་པའི་རྒྱུད། མུ་ཏིག་ཕྲེང་བའི་རྒྱུད། རིག་པ་རང་གྲོལ་གྱི་རྒྱུད། རྫོགས་པ་རང་བྱུང་གི་རྒྱུད། ཀློང་དྲུག་གི་རྒྱུད། སྐུ་གདུང་འབར་བའི་རྒྱུད། རིན་ཆེན་སྤུངས་པའི་རྒྱུད་དང་བཅུ་བདུན། མཁའ་འགྲོ་ནག་མོའི་རྒྱུད་དང་བཅོ་བརྒྱད་དོ། །ཟབ་པའི་པོ་ཏི་བཞི་ནི།དུང་ཡིག་ཅན། ཟངས་ཡིག་ཅན། བསྟན་པ་བུ་གཅིག། འདས་རྗེས་དང་བཞིའོ། །ཐུན་མོང་གི་པུ་ཏི་བཞི་ནི། གཡུ་ཡིག་ཅན། དུམ་དུམ་ཁྲིག །ཕྲ་ཡིག་ཅན། མཁའ་འགྲོ་མཛོད་དང་བཞིའོ། །གཉིས་པ་འགྱུར་ལུགས་ནི། དེ་རྣམས་པཎ་ཆེན་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མ་རས་བསྒྱུར་བའོ། །མངོན་སུམ་སྙིང་ཐིགས་ཀྱི་མན་ངག་གི་ཡི་གེ་བརྒྱ་དང་བཅུ་དགུ་ནི། པཎ་ཆེན་བི་མ་ལ་དང་། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང་། གཉགས་ཛྙཱ་ན་གསུམ་གྱིས་བསྒྱུར་བའོ། །མན་ངག་གི་རྣམ་དབྱེ་ཞིབ་པར་རྒྱུད་དང་མན་ངག་གི་རྣམ་འབྱེད་དུ་བཤད་དོ། །དུས་གསུམ་མཁྱེན་པ་པདྨ་ཐོད་ཕྲེང་རྩལ་གྱིས་ནི། ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་མཁན་པོ་དང་ཚོགས་དཔོན་དུ་གྱུར་ནས་བཀའ་རྫོགས་པ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་རྒྱུད་ལུང་མཐའི་རྒྱ་མཚོ་ཙམ་ཞིག་ཐུགས་ཀྱི་དཔལ་བེའུ་ཡི་ཀློང་རུམ་དུ། མཁའ་འགྲོ་མ་སྟོང་ཕྲག་འབུམ་གྱི་ཉིང་ཁུ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གསང་ལམ་དུ་བཞུགས་པ་རྣམས་བོད་ཀྱི་སྐལ་ལྡན་རྣམས་ལ་གསུངས་པ་དང་། སྒྲ་རང་འགྱུར་གྱིས་བསྒྱུར་ནས་མ་འོངས་ཀྱི་དོན་དུ་ཤར་ལྷོ་ནུབ་བྱང་གི་སྒྲུབ་གནས་གཙུག་ལག་སོགས་ལ་གཏེར་དུ་སྦས་པ་རྣམས་བཏོན་ཏེ་བོད་ཡིག་ཏུ་བསྒྱུར་བ་རྒྱུད་སྡེའི་མཚན་དང་བཅས་པ་རྣམས་ནི་གཏེར་ཁ་སོ་སོར་གསལ་བ་ལྟར་ཡིན་ལ། ཁྱད་པར་ཇོ་བོ་རྗེས་བསམ་ཡས་ཀྱི་རྒྱ་དཔེ་ལ་གཟིགས་ནས་གསང་སྔགས་ལ་བདག་མཁས་སྙམ་ཡང་སློབ་དཔོན་ཆེན་པོས་མཁའ་འགྲོའི་གསང་མཛོད་བརྟོལ་བ་དང་། ཁྱད་པར་དུའང་རྫུ་འཕྲུལ་གྱི་སྟོབས་བཅུ་མངའ་བས་འཇིག་རྟེན་གྱི་ཞིང་ཁམས་མང་པོ་གཞན་དག་ནས་ཀྱང་རྫུ་འཕྲུལ་གྱིས་ཉུལ་ཞིང་བླངས་པའི་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་སྔར་མཚན་ཙམ་ཡང་ཐོས་མ་མྱོང་བ་མང་པོ་བོད་འདིར་བཞུགས་འདུག་གསུངས་ཤིང་ཆེར་བསྟོད་པ་མཛད་པ་ལྟར་ཡིན་པར་འདུག་ལགས། །


previousབཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུང་བ།next