Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུག་དཀར་གྱི་ལོ་རྒྱུས་གནས་ཡིག
   
   
   
   
   
   
   
   
   


 
previousཕུག་དཀར་གྱི་ལོ་རྒྱུས་གནས་ཡིགnext

ཕུག་དཀར་གྱི་ལོ་རྒྱུས་གནས་ཡིག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ གནས་ཀྱི་ལམ་ཡིག་གསང་བའི་སྙིང་པོ་ལས་ཆགས་རུ་ཕུག་དཀར་ལྷའི་གཞལ་ཡས་ཀྱི་ལམ་ཡིག་ཁོལ་བུར་ཕྱུང་བ་བཞུགས༔ གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་མདོ་རི་མཁའ་འགྲོ་འབུམ་དེལ་གྱི་བཞུགས་ཁྲི་སེང་གེ་འགྱིང་བསྣོལ་གྱི་ཁར་སློབ་དཔོན་ཆེན་པོ་བཞུགས་ནས༔ དཔའ་བོ་མཁའ་འགྲོ་རྣམས་དང་ལྷ་སྲིན་རྣམས་ལ་ཆོས་ཀྱི་གདམས་པ་མང་དུ་གསུངས་པའི་དུས་སུ་བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས་གནས་ཆེན་པོ་ཁམས་སྲིང་མོ་རྫོང་འདིའི་ཕྱོགས་ཕྱོགས་རྣམས་སུ་བྱིན་གྱིས་བརླབས་པའི་གནས་མང་དུ་ཡོད་པ་རྣམས་ཀྱི་ལམ་ཡིག་གནས་ཀྱི་བཞུགས་བྱང་མཇལ་བའི་ཕན་ཡོན་རྣམས་གསུང་དུ་གསོལ༔ བདག་གིས་མ་འོངས་འགྲོ་བའི་དོན་དུ་དཀར་ཆག་ཏུ་འགོད་ནས་གཏེར་དུ་སྦ་བ་ཡིན་ལགས་ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་དེ་ཤིན་ཏུ་ནས་ལེགས་པས་ཡི་གེར་ཐོབ་ལ་གཏེར་དུ་སྦོས་ཤིག༔ ཅེས་གསུངས་ཏེ་སརྦ་དྷཀྐི་ས་མ་ཡ་ཧྲིང་ཧྲིང་༔ ཞེས་གསུངས་ནས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མང་པོ་ཡང་འཁོར་དུ་བསྐོར་ཏེ་འདི་སྐད་གསུངས་སོ༔ མ་ཡེངས་ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ ད་ལྟ་ང་ཡིས་བྱིན་གྱིས་བརླབས་པའི་གནས༔ ཁམས་ཀྱི་སྲིང་མོ་རྫོང་ཞེས་བྱ་བ་འདིར༔ མ་འོངས་དུས་ན་ཀནྩི་ཧི་མར་ནས༔ དཔའ་བོ་མཁའ་འགྲོ་མང་པོ་གནས་འདིར་འཕོ༔ གནས་འདིར་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ལྷ༔ སྐལ་ལྡན་རྣམས་ཀྱིས་མངོན་སུམ་རང་ཞལ་མཇལ༔ ས་རྡོ་རི་བྲག་ཐམས་ཅད་ལྷ་སྐུར་མཐོང་༔ དག་པ་རབ་འབྱམས་ཚོམ་བུར་གྲོལ་བ་འོང་༔ འབྲིང་ལ་མཁའ་འགྲོའི་ལུང་བསྟན་དག་སྣང་འཆར༔ དབང་པོ་ཐ་མ་ཉམས་དགའ་ཤེས་པ་དྭངས༔ གནས་འདི་འཇལ་ཚེ་དག་སྣང་འཕེལ་བ་འོང་༔ དེ་ལྟར་དབང་པོའི་མཐོང་ཉམས་དེ་བཞིན་དུ༔ གང་ཟག་རྣམས་ཀྱང་གྲོལ་ལམ་འབྲས་བུ་རྙེད༔ ཁྱད་པར་ཤར་གྱི་རི་བོའི་སྒྲུབ་གནས་ལ༔ བདེ་ཆེན་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས༔ ཆགས་རུ་ཕུག་དཀར་ལྷ་ཡི་གཞལ་ཡས་ཞེས༔ གནམ་ས་ཆོས་འབྱུང་ཟུར་དྲུག་དབྱིབས་ཀྱིས་མཚན༔ རྒྱབ་ནི་བྱང་བསྟན་ཁ་ནི་ལྷོ་རུ་ལྟ༔ མདོ་ན་དབང་ཆེན་ཆུ་བོ་ངང་གིས་འབབ༔ ཆུ་གཉིས་འདུས་མཚམས་ཀླུ་བཙན་བསང་གསུར་མཆོད༔ ཁྲུས་བྱས་བར་ཆད་མེད་པའི་གསོལ་བ་གདབ༔ མཁའ་འགྲོ་སྤྱི་བོར་བསྒོམ་ཞིང་འཛབ་དབྱངས་འགྲོ༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་གི་སར༔ གནོད་སྦྱིན་ནོར་བདག་སྒྲུབ་པའི་ཕུག་པ་ནི༔ རྒྱབ་ནི་ནུབ་བྱང་ཁ་ནི་ཤར་ལྷོར་ལྟ༔ དེ་ཡི་ནང་ན་རྣམ་སྲས་སྐྱ་བརྒྱད་ལ༔ གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར་བ་ནི༔ མངོན་སུམ་འབུར་དུ་དོད་པ་རང་བྱོན་ཡོད༔ ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས༔ ནོར་གྱི་ལོངས་སྤྱོད་འབྱུང་བའི་དངོས་གྲུབ་ཞུ༔ གནོད་སྦྱིན་ནོར་མཛོད་མཁའ་འགྲོའི་ཚོགས་ཁང་ཡིན༔ ཟླ་གམ་དབང་ཕུག་ཚོགས་ཁང་ཆེན་མོར་གྲགས༔ དེ་ནས་གྱེན་དུ་རྒྱང་གྲགས་བརྒལ་བའི་སར༔ རྩི་ཤིང་མང་བ་ནམ་མཁའི་སྤྲིན་ལྟར་གཏིབས༔ སྟག་སེང་དོམ་དྲེད་སྤྲ་དང་སྤྲེའུ་འཚོག༔ རྔ་ཆལ་དུང་དང་རོལ་མོའི་སྒྲ་སྒྲོག་ཅིང་༔ རྩ་གསུམ་ལྷ་ལ་གསོལ་བ་གདབ་སྟེ་འགྲོ༔ སུམ་མདོ་གཡས་ལུང་རོ་མ་དཀར་པོ་ལ༔ གཡོན་ལུང་རྐྱང་མ་དམར་པོའི་མདོ་ཉིད་དུ༔ དབུ་མ་ཆགས་རུ་ཕུག་དཀར་ཨ་ཤད་མདོར༔ པདྨ་ང་ཡི་བཞུགས་ཁྲིའི་མདུན་ཕྱོགས་སུ༔ བཀའ་བསྲུང་ལྷ་ཀླུ་བསངས་ཀྱིས་མཆོད་ནས་ཀྱང་༔ བར་ཆད་སེལ་བའི་སྨོན་ལམ་གདབ་སྟེ་འགྲོ༔ གནས་དེའི་ལྷོ་ནུབ་དོ་བོའི་སྟེང་ཕྱིན་ནས༔ མཎྜལ་འབུལ་ཞིང་ཕྱག་འཚལ་གསོལ་བ་འདེབས༔ ཆགས་རུ་ཕུག་དཀར་ལྷ་ཡི་གཞལ་ཡས་ཞེས༔ ཕྱི་ལྟར་རྒྱལ་པོ་རྣམ་མང་ཐོས་སྲས་ནི༔ འགྱིང་བག་ལྡན་པའི་ཚུལ་དུ་རང་བྱོན་ཡོད༔ ནང་ལྟར་ཚོགས་བདག་གླང་སྣ་རང་བྱོན་ཚུལ༔ གསང་བ་ལྟར་ཏུ་ཨེ་ཀ་ཛ་ཊི་སྟེ༔ ངོ་བོ་ཉིད་དུ་དཀར་མོ་སྐུ་ཡི་གནས༔ སྒྲུབ་ཕུག་སྒོ་གདོང་གཡས་ནས་གྱེན་ལ་འཛེག༔ བར་དོའི་འཕྲང་ཡོད་དེ་ལས་སྒྲོལ་བར་བྱ༔ ཕྱི་མ་བར་དོ་མེད་པའི་སྨོན་ལམ་འདེབས༔ དེ་ནས་སྒྲུབ་ཕུག་ལྷ་ཡི་གཞལ་ཡས་ཀྱི༔ དབུས་ན་ཨོ་རྒྱན་ང་ཡི་སྐུ་རྗེས་དང་༔ གུ་རུའི་པད་ཞུ་བཞག་པའི་རྗེས་ཀྱང་ཡོད༔ ཨོ་རྒྱན་ང་དང་དབྱེར་མེད་གསོལ་བ་ཐོབ༔ བདེ་ཆེན་དཀར་མོ་ཁྲོ་བོ་རྟ་མགྲིན་གཉིས༔ ཕུག་པའི་གཡས་གཡོན་བྲག་ལ་རང་བྱོན་ནི༔ མངོན་སུམ་བཞུགས་ཤིང་ཡབ་ཡུམ་སྦྱོར་བ་ཡི༔ བྱང་སེམས་དཀར་དམར་ཅུ་གང་སིནྡྷུ་ར༔ སྒྲུབ་ཕུག་ནང་དུ་ལུད་པའི་ཚུལ་དུ་ཡོད༔ རྫས་དེ་ཟོས་པས་དབང་བཞིའི་དངོས་གྲུབ་འཐོབ༔ སུ་ཡི་ཁར་སོང་ངན་སོང་སྐྱེ་སྒོ་ཁེགས༔ བདག་ཉིད་པདྨས་ཕག་དཀར་ཚེ་སྒྲུབ་ལ༔ ཉམས་ལེན་ཞག་བདུན་སྐྱལ་བའི་སྒྲུབ་ཕུག་ཡིན༔ གཡོན་ཕྱོགས་བྲག་ལ་ཟབ་མོའི་གཏེར་བདུན་ཡོད༔ གདོང་གི་མཚོ་རྒྱལ་སྒྲུབ་པའི་ཕུག་པའི་ནང་༔ བསྟན་པའི་བདག་པོ་ཤཱཀྱ་ཐུབ་པའི་སྐུ༔ ཁྲུ་གང་ཚུལ་དུ་རང་བྱོན་གསལ་བར་བཞུགས༔ དེ་ཡི་གཡས་གཡོན་སྟེང་གི་བྲག་རྣམས་ལ༔ གནས་བརྟན་བཅུ་དྲུག་བྲག་ལ་རང་བྱོན་ཡོད༔ གཡས་ཀྱི་བདུད་འདུལ་ནག་པོའི་ཕུག་པ་ན༔ དམ་པ་རིགས་བརྒྱའི་ལྷ་ཚོགས་གསལ་བར་བཞུགས༔ བྱང་ཆུབ་བདུད་རྩི་འབབ་པའི་ཆུ་རྒྱུན་ལ༔ ཕྱི་ནས་བཀྲུས་པས་སྒོ་གསུམ་སྡིག་སྒྲིབ་འདག༔ ནང་དུ་འཐུངས་ན་དབང་བཞི་ཐོབ་པར་བྱེད༔ འདི་ནི་པདྨ་བདག་གི་གྲུབ་ཆུ་སྟེ༔ མ་འོངས་སྐལ་པར་ལྡན་པའི་འཐུང་ཆུར་སྤྱོད༔ རི་བྲག་ཐམས་ཅད་རྡོ་རྗེ་བསྣོལ་བའི་ཚུལ༔ བར་ཆད་ཐམས་ཅད་རང་སར་ཞི་བའི་གནས༔ རྩི་ཤིང་སྣ་ཚོགས་སྤྲིན་ལྟར་གཏིབས་པའི་ལུང་༔ དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ་པའི་གནས༔ གཡས་གཡོན་རི་རྣམས་སྐྱོར་ཞིང་གཡོར་བའི་ཚུལ༔ ཏིང་འཛིན་ཉམས་རྟོགས་ཁོར་ཡུག་འཆར་བའི་གནས༔ མ་ཇོ་ཆེན་མོས་མདུན་ནས་ཐལ་སྦྱར་འདུད༔ བཀའ་ཡི་སྲུང་མ་བྲན་དུ་ཁོལ་བའི་གནས༔ གནས་མཆོག་ཕུག་དཀར་ལྷ་ཡི་གཞལ་ཡས་འདིར༔ ཚོགས་འཁོར་བསྐོར་ན་ཚོགས་རྫོགས་ལོངས་སྤྱོད་འཕེལ༔ ཚེ་སྒྲུབ་བྱས་ན་ཚེ་ཡི་རིག་འཛིན་འཐོབ༔ ནོར་སྒྲུབ་བྱས་ན་ནོར་གྱི་དངོས་གྲུབ་འབྱུང་༔ བསྐྱེད་རིམ་གསལ་ན་རྡོ་རྗེའི་ཏིང་འཛིན་འཆར༔ མཉམ་བཞག་བསྒོམ་ན་བར་དོ་མེད་པར་གྲོལ༔ གཞན་དུ་ལོ་གཅིག་སྒོམ་སྒྲུབ་བརྩམས་པ་ལས༔ གནས་འདིར་ཟླ་གཅིག་སྒོམ་པ་བོགས་ཆེར་འགྱུར༔ ལན་རེ་མཇལ་བས་དངོས་གྲུབ་སྣ་རེ་འཐོབ༔ ཁྱད་པར་སྤྲེའུ་ཟླ་བའི་ཚེས་བཅུ་ལ༔ ཚོགས་འཁོར་བསྐོར་ཞིང་སྐོར་བ་གསུམ་རྒྱབ་ན༔ པདྨ་འབྱུང་གནས་ང་ཉིད་མངོན་སུམ་དུ༔ དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་ནས་ཀྱང་༔ གནས་དེར་འོང་བས་ཡིད་གཉིས་ཐེ་ཚོམ་སྤོངས༔ མོས་གུས་ལྡན་པས་གསོལ་བ་སྙིང་ནས་ཐོབ༔ ཡོ་བྱད་ཅན་གྱིས་ཚོགས་ཀྱི་འཁོར་ལོ་བསྐོར༔ སྨོན་ལམ་གང་བཏབ་དེ་དང་དེ་འགྲུབ་འགྱུར༔ དེ་སྐད་གུ་རུའི་གསུང་བཞིན་ཡི་གེར་བཏབ༔ མ་འོངས་སྐལ་ལྡན་བུ་དང་འདི་ཕྲད་ནས༔ འགྲོ་བ་མང་པོ་ཐར་པའི་ལམ་དགོད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ།། ལམ་ཡིག་གསང་བའི་སྙིང་པོ་ནས་ཁོལ་བུར་ཕྱུང་བའོ།། །།


previousཕུག་དཀར་གྱི་ལོ་རྒྱུས་གནས་ཡིགnext