Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ།next

ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ་ཞེས་བྱ་བ་བཞུགས༔ འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་ལ་ཕྱག་འཚལ་ལོ༔ འདིར་ལས་དང་སྐལ་བ་ལྡན་པའི་སྐྱེས་བུ་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བར་བྱེད་པའི་མན་ངག་ཕྱག་རྒྱ་ཆེན་པོ་མ་རིག་མུན་པའི་སེལ་གྱི་ཁྲིད་འདི་ལ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པའོ༔ དང་པོ་སྔོན་དུ་འགྲོ་བ་ལ་གསུམ་སྟེ༔ ཕྱི་ཐུན་མོང་གི་སྔོན་འགྲོ༔ ནང་ཐུན་མོང་མ་ཡིན་པའི་སྔོན་འགྲོ༔ གསང་བ་དེ་ཁོ་ན་ཉིད་ཀྱི་སྔོན་འགྲོའོ༔ ཕྱི་ནང་གི་སྔོན་འགྲོའི་རིམ་པ་རྣམས་གཞན་དུ་བལྟ༔ གསུམ་པ་གསང་བ་དེ་ཁོ་ན་ཉིད་ཀྱི་སྔོན་འགྲོ་ལ་གསུམ་སྟེ༔ དང་པོ་སེམས་ཀྱི་འབྱུང་ཁུངས་རྩད་བཅད་པ༔ གཉིས་པ་སེམས་ཀྱི་གནས་ས་ངོས་འཛིན་པ༔ གསུམ་པ་སེམས་ཀྱི་འགྲོ་ས་བལྟ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སེམས་ཀྱི་འབྱུང་ཁུངས་རྩད་བཅད་པ་ནི༔ ཕྱི་ནས་བྱུང་ངམ་ནང་ནས་བྱུང་༔ རྒྱུ་ལས་བྱུང་ངམ་རྐྱེན་ལས་བྱུང་ལེགས་པར་བལྟ་བར་བྱའོ༔ དང་པོ་ཕྱི་ནས་བྱུང་ན་གླིང་བཞི་རི་རབ་སྟོང་གསུམ་སྲིད་རྩེ་མནར་མེད་ལ་སོགས་གང་ནས་བྱུང་༔ འབྱུང་བའི་གཞི་ཇི་ལྟར་གྲུབ་ཅིང་ཚུལ་ཇི་ལྟར་ཤར་ནས་བྱུང་ཡང་དག་པར་བརྟག་ཅིང་དཔྱད་པར་བྱའོ༔ ཕྱི་ནས་བྱུང་བའི་ཡུལ་རྙེད་ན་ངོ་བོ་ཉིད་ལ་ཆིག་དྲིལ་གྱིས་བླ་མའི་གདམས་པས་རྩད་བཅད་ཅིང་ཞུན་མཐར་དུ་སྦྱང་བར་བྱའོ༔ མ་རྙེད་ན་ནང་ནས་ཨེ་བྱུང་བརྟག་པར་བྱ་སྟེ༔ རི་རབ་ཀྱི་ཟོམ་མམ༔ འབྱུང་བ་མེའི་དཀྱིལ་ལམ༔ ཆུའི་ནང་ངམ༔ རླུང་གི་དབྱིངས་སོགས་གང་ནས་བྱུང་༔ ཡང་ན་ནམ་མཁའི་ཁམས་སོགས་ནས་བྱུང་ངམ༔ གཞི་ཇི་ལྟར་གྲུབ་ནས་ཤར་ཚུལ་གང་ལྟར་སྣང་ནས་གྲུབ་ལེགས་པར་བརྟག་གོ༔ ཡུལ་རྙེད་ན་སྔ་མ་ལྟར་བྱ་ཞིང་༔ མ་རྙེད་ན་རྒྱུ་ལས་བྱུང་མ་བྱུང་བརྟག་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ༔ རྒྱུ་མ་རིག་པ་ཉོན་མོངས་པ་དུག་གསུམ་བག་ཆགས་དང་བཅས་པ་ཐམས་ཅད་ལས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་བྱུང་༔ རྒྱུ་རང་རིག་པའི་ཡེ་ཤེས་ཆེན་པོ་ལས་མྱ་ངན་ལས་འདས་པའི་ཞིང་ཁམས་དང་སྟོན་པ༔ སྐུ་གསུམ་གྱི་ཕོ་བྲང་ངོ་མཚར་བཀོད་པ་དུ་མས་ཡོངས་སུ་མཚར་ཞིང་ལྟ་ན་སྡུག་པ༔ བློའི་ཡུལ་ལས་འདས་ཤིང་དཔག་པར་དཀའ་བ་དེ་རྣམས་བྱུང་བས༔ དེ་ལྟར་གྱི་སེམས་ཉིད་ཅེས་མིང་དུ་བཏགས་པའི་ང་རུ་བཟུང་བ་འདི་འཁོར་འདས་ཐམས་ཅད་ཀྱི་བྱེད་པོར་སྣང་ཚེ༔ འདི་འབྱུང་བའི་རྒྱུ་དེ་ཅི་འདྲ་བ་ཞིག་ཡོད་ལེགས་པར་བརྟག་ཅིང་ཡོངས་སུ་དཔྱད་པར་བྱའོ༔ རྒྱུ་འདི་ལས་བྱུང་ཞེས་ཡོངས་སུ་རྙེད་ན་སྔ་མ་ལྟར་བྱ་ཞིང་༔ མ་རྙེད་ན་རྐྱེན་ལས་བྱུང་མ་བྱུང་བརྟག་སྟེ༔ རྒྱུ་ལས་མ་བྱུང་ཕྱིན་ཆད་རྐྱེན་ལས་འབྱུང་བར་མི་སྲིད༔ འོན་ཀྱང་རྐྱེན་ལས་བྱུང་ངམ་མ་བྱུང་བརྟག་སྟེ༔ རྐྱེན་གྱི་ཚོགས་ནི་གཉིས་ཏེ༔ ཕྱི་སྣོད་གྱི་རྐྱེན་དང་ནང་གཟུགས་ཕུང་གི་རྐྱེན་ནོ༔ ཕྱི་སྣོད་ཀྱི་རྐྱེན་ནི་གཟུགས་སྒྲ་དྲི་རོ་རེག་བྱ༔ ནང་ཕུང་པོའི་རྐྱེན་ནི་སྣ་དང་ལྕེ་དང་རྣ་བ་དང་མིག་དང་ལུས་རྣམས་ཏེ༔ འདི་རྣམས་ལས་བྱུང་ངམ་མ་བྱུང་ལེགས་པར་བརྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སེམས་ཀྱི་གནས་ས་ངོས་འཛིན་པ་ནི༔ ཕྱི་ན་གནས་སམ་ནང་ན་གནས་སམ་བར་ན་གནས༔ ཕྱི་ན་གནས་ན་སྣོད་ཀྱི་འཇིག་རྟེན་ཕུང་པོའི་ཤ་པགས་འཁོར་འདས་གང་དུ་གནས༔ ནང་ན་གནས་ན་བཅུད་ཀྱི་སྐྱེ་འགྲོ་འབྱུང་བའི་ཁམས་ཕུང་པོའི་ནང་རོལ་གང་དུ་གནས༔ བར་ན་གནས་ན་ནམ་མཁའི་ཁམས་ཕྱི་ནང་གི་མཚམས་གང་དུ་གནས༔ གནས་མཁན་གྱི་ངོ་བོ་ཇི་ལྟ་བུ༔ གནས་སའི་ཡུལ་གནས་བྱེད་ཀྱི་རྐྱེན་སོགས་ལེགས་པར་དཔྱད་ཅིང་བརྟགས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་སེམས་ཀྱི་འགྲོ་ས་ལ་བལྟ་བ་ནི༔ ཕྱི་དང་ནང་དང་གསང་བ་སྟེ༔ ཕྱི་སྣོད་ཀྱི་འཇིག་རྟེན་རི་ར་བ་གང་ནས་ལམ་བྱས་ཤིང་གང་ནས་འགྲོས་རྒྱག༔ ནང་འབྱུང་བའི་ཁམས་དབང་པོའི་ལམ་སོགས་གང་ལ་བརྟེན་ནས་འགྲོ༔ གསང་བ་ཕུང་པོའི་འགུལ་སྐྱོད་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་ལེགས་པར་བརྟག་ཅིང་ལེགས་པར་དཔྱད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་རྣམས་ལ་ཐུན་དུ་བཅད་ཅིང་གྲངས་སུ་བགྲངས་ཏེ་བརྟག་ཅིང་དཔྱད་པར་བྱ་བ་གལ་ཆེ་སྟེ༔ ལུས་དྲང་པོར་བསྲང་ལག་པ་མཉམ་གཞག་བྱ༔ ཐུན་འགོར་ཕྱི་ནང་གི་སྔོན་འགྲོ་རྣམས་ལེགས་པར་སྦྱངས་པའི་མཇུག་ཏུ༔ སེམས་ཉིད་ཀྱི་བྱུང་གནས་འགྲོ་གསུམ་ལ་ལེགས་པར་བརྟགས་པས༔ ངེས་པ་གོ་ན་རང་སེམས་ཀྱི་ངོ་བོ་འདི་ནི་ཡེ་གདོད་མ་ནས་རྣམ་པར་དག་པ་སྟོང་ཞིང་བདག་མེད་པ་ཆེན་པོའོ༔ ངོ་བོ་ཉིད་དེ་རྒྱུ་རང་གིས་རང་མ་རིག་པའི་སྒྲིབ་པར་སྣུན་ཏེ༔ རྐྱེན་ཁམས་གསུམ་དུ་འཁྲུལ་ཞིང་འབྲས་བུ་བདེ་སྡུག་གི་ཚོར་བ་སྣ་ཚོགས་སུ་སྣང་བ་ཡིན་ཏེ༔ དཔེར་ན་ནམ་མཁའ་སྟོང་པ་ཞེས་རྒྱུ་རྐྱེན་མཚན་མ་གང་དུ་ཡང་མ་གྲུབ་པ་འདིའི་ཀློང་ནས༔ འབྱུང་བ་ས་ཆུ་མེ་རླུང་སྣ་ཚོགས་སུ་གྲུབ་ཅིང་༔ ནམ་མཁའ་སྟོང་ཞིང་རིས་མེད་པའི་ངང་ལས་མ་གཡོས་ཀྱང་༔ འབྱུང་བཞིའི་འདུ་འཕྲོ་དར་གུད་སྣ་ཚོགས་སུ་སྣང་བ་ལྟར༔ གདོད་མའི་གནས་ལུགས་རྣམ་པར་དག་པའི་ཀློང་ནས་སེམས་དང་སེམས་འབྱུང་གི་འཁྲུལ་སྣང་སྣ་ཚོགས་སུ་རང་ཤར་བའོ༔ གང་ཤར་བ་ཐམས་ཅད་འཁྲུལ་བའི་འཁྲུལ་པ་བག་ཆགས་རབ་ཏུ་འཐས་པའི་རང་བཞིན་ཁོ་ན་ལས༔ ངོ་བོ་ཉིད་ལ་ནི་ཡེ་ནས་འཁྲུལ་གྲོལ་གྱི་ཡུལ་གདོད་མ་ནས་དག་པའོ༔ དེ་ལྟ་བུའི་ངང་ལས་རྣམ་པར་རྟོག་པ་སྣ་ཚོགས་སུ་འཆར་ཞིང་སྐྱོན་ཡོན་ཐམས་ཅད་ནི་འབྱུང་༔ འཁོར་འདས་ཐམས་ཅད་ལ་ཡོངས་སུ་ཁྱབ༔ བལྟས་ན་མི་མཐོང་ཞིང་མ་བལྟས་ན་སྣ་ཚོགས་སུ་འཕྲོ་བ༔ བཙལ་ན་མི་རྙེད་ཅིང་མ་བཙལ་ན་རྣམ་རྟོག་རགས་པ༔ སྟོང་པ་ཡིན་ཡང་རིག་པ་འགག་རྒྱུ་མེད་པ༔ ཆོས་ཉིད་ཡིན་ཡང་བཞག་ན་སྡོད་མི་ཚུགས་པ༔ དངོས་པོ་གཟུགས་དང་ཁ་དོག་དབྱིབས་ལས་འདས་ཀྱང་མཚན་མའི་དངོས་སྣང་སྣ་ཚོགས་འཆར་བ༔ ངོ་བོ་ཉིད་ལ་སྐྱེ་ཤི་མེད་པ་ལ་ཕུང་པོའི་འདོར་ལེན་མང་བ༔ ཡང་དག་པའི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་ཟད་མི་ཤེས་པར་སྤྱོད་པ༔ མ་རིག་པའི་སེམས་ཅན་ཡིན་ཡང་སྐྱོན་གྱིས་མ་གོས་པ༔ འཁོར་འདས་གཉིས་སུ་གྲུབ་ཀྱང་རིག་པའི་ངོ་བོ་གཅིག་ལས་མེད་པ༔ གཉིས་མེད་རོ་གཅིག་ཡིན་ཡང་རྐྱེན་གྱི་དབང་གིས་གཉིས་སུ་སྣང་བ༔ ཡོད་པ་ཡིན་ནམ་སྙམ་ན་ངོས་གཟུང་དང་བྲལ་བ༔ མེད་པ་ཡིན་ནམ་སྙམ་ན་གསལ་རིག་རྒྱུན་ཆད་མེད་པར་འཆར་བ༔ བདེན་པར་གྲུབ་བམ་སྙམ་ན་རྟག་པ་མེད་པ༔ བརྫུན་པ་ཡིན་ནམ་སྙམ་ན་གང་ཡང་གོ་མ་འགགས་པ་སྟེ༔ ཐ་མ་འཛམ་གླིང་འཇིག་རྟེན་ཐམས་ཅད་འཇིག་པའི་ཚེ་ཡང་སྟོང་པ་ཆེན་པོ་ནམ་མཁའི་དབྱིངས་ལ་འབྱུང་བ་ཐམས་ཅད་ཐིམ་པ་ལྟར༔ འགྲོ་བའི་སྣང་ཚུལ་འཁྲུལ་པའི་བག་ཆགས་ཕུང་པོའི་འདོར་ལེན་ཐམས་ཅད་ཀྱང་༔ ངོ་བོ་ཉིད་ལས་ཤར་ཞིང་ངོ་བོ་ཉིད་ཀྱི་ངང་དུ་ཐིམ་པ་སྟེ༔ རྒྱུད་ལས༔ འགྲོ་དྲུག་ཁམས་གསུམ་སེམས་ཀྱིས་བྱས༔ སེམས་བྱུང་སེམས་ནི་རིགས་དྲུག་རྒྱུ༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ རང་བྱུང་ཡེ་ཤེས་འོད་པོ་ཆེ༔ འོད་ཆེན་སྣང་བ་ལམ་མེ་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ མ་རིག་ཉོན་མོངས་གཡུལ་ལས་རྒྱལ༔ ཟང་ཐལ་སྟོང་པ་འོད་མི་འགྱུར༔ ཅེས་གསུངས་པས་དེའི་ཕྱིར་ཀུན་བྱེད་བདག་པོ་སེམས་ཞེས་བྱ་བ་ནི༔ རྟག་པར་ཡང་གྲུབ་པ་མེད་པ༔ ཕྱོགས་མེད་དུ་རླུང་ལྟར་འཕྱོ་བ༔ མེད་པ་མ་ཡིན་པ་ངོ་བོ་སྐྱོན་དང་བྲལ་བ་ལ༔ ཉེས་སྐྱོན་ཐམས་ཅད་རང་ལས་བྱུང་ཞིང་ཐེ་ཚོམ་གྱི་རྣམ་རྟོག་ལ་སྤྱོད་པས་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་ཚེ༔ རང་གི་རིག་པ་རང་གིས་བཙལ་ཞིང་ཡང་དག་པར་བརྟགས་ཏེ་དཔྱད་པས༔ འཁྲུལ་པའི་ཚང་བརྡིབ༔ སེམས་ཀྱི་ཁང་བུ་ཞིག་ནས་ཆོས་ཉིད་གདོད་མའི་གནས་ལུགས་མངོན་དུ་འགྱུར་བའི་དགོས་པ་ཡོད་དེ༔ རྒྱུད་ལས༔ རྒྱུ་དྲུག་སེམས་འཁྲུལ་རང་ཚང་རྡིབ༔ ལས་དྲུག་རྨི་ལམ་འཁྲུལ་པ་འདྲ༔ འགྲོ་དྲུག་འཁོར་བ་ཆོས་ཀྱི་དབྱིངས༔ ཅེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་གསུམ་སྟེ༔ ཞི་གནས་མཉམ་པར་འཇོག་པ༔ ལྷག་མཐོང་ལ་ངེས་ཤེས་བསྐྱེད་པ༔ ཞི་ལྷག་ཟུང་འཇུག་གི་མཐར་ཕྱིན་བསྟན་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཞི་གནས་ལ་མཉམ་པར་འཇོག་པ་ནི་བཞི་སྟེ༔ རྡེའུ་ལ་བརྟེན་པ་དང་༔ ཐིག་ལེ་ལ་བརྟེན་པ་དང་༔ དམིགས་མེད་ལ་བརྟེན་པ་དང་༔ ཤིན་ཏུ་དམིགས་མེད་ལ་བརྟེན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྡེའུ་ལ་བརྟེན་པ་ནི༔ རང་གི་ལུས་ཆོས་བདུན་གྱི་འཕྲུལ་འཁོར་བྱ༔ མདུན་དུ་རྡེའུ་དཀར་པོ་དྲི་མ་མེད་པ་མཐེ་བོང་ཙམ་ཞིག་བཞག་ནས༔ སེམས་འགྱུ་བྱེད་ཀྱི་འཕྲོ་རྦད་ཀྱིས་བཅད་དེ༔ མིག་མི་འགུལ་བར་རྡེའུ་དེ་ཉིད་ལ་ལྷན་གྱིས་བལྟ་ཞིང་གསལ་ལེར་བཞག་ནས༔ གནས་ཤིང་གསལ་བའི་མོད་ལ་ཕཊ་ཅེས་བརྗོད༔ གནས་པ་དེ་བཤིག་ཅིང་ཡང་སྔ་མ་ལྟར་མཉམ་པར་བཞག་ཅིང་ཐུན་ཆུང་ལ་གྲངས་མང་བར་བསྒོམ་མོ༔ གཉིས་པ་ཐིག་ལེ་ལ་བརྟེན་པ་ནི༔ རང་གི་སྙིང་གར་འོད་དཀར་པོ་མེ་ལོང་ཙམ་ཞིག་གི་དཀྱིལ་དུ་ཐིག་ལེ་མུ་ཏིག་གི་རྡོག་པོའམ་སྲན་མའི་འབྲུ་གུ་ཙམ་པ༔ དངུལ་ཆུའི་ཁ་དོག་ལྟར་འོད་དང་ལྡན་པ་ཞིག་ལ་སེམས་གཏད་དེ༔ སྔ་མ་ལྟར་ཐུན་ཆུང་ལ་གྲངས་མང་བར་བསྒོམ་པར་བྱའོ༔ གསུམ་པ་དམིགས་མེད་ལ་བརྟེན་པ་ནི༔ ལྟ་སྟངས་མདུན་གྱི་ནམ་མཁར་ཧྲིག་གེར་གཏད་ཅིང་རང་གི་རིག་པ་དང་ནམ་མཁའ་བསྲེས་ཏེ༔ ཡུན་རིང་དུ་མཉམ་པར་འཇོག་ཅིང་བསྒོམ་མོ༔ བཞི་བ་ཤིན་ཏུ་དམིགས་མེད་ལ་བརྟེན་པ་ནི༔ ཅི་ཡང་ཡིད་ལ་མི་བྱེད་པར་སྙམ་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་སྟོང་ཉིད་ཀྱི་ངང་དེར་ཆམ་མེར་བཞག་ཅིང་ཡུན་ཅི་རིང་དུ་བསྒོམ་མོ༔ དེ་ལྟར་མཉམ་པར་བཞག་པས་སྒོམ་རང་བྱུང་གིས་ལྷུག་གེར་འབྱུང་སྟེ༔ དེ་ཚེ་རྣམ་རྟོག་འགྱུ་བྱེད་ཐམས་ཅད་རང་སར་ཞི་ནས༔ སེམས་རང་སོར་ལྷན་ནེར་གནས་པ་ཞིག་འོང་བ་དེ་ལ་ཞི་གནས་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཞེས་བྱ་བ་ཡིན་ཏེ༔ རྒྱུད་ལས༔ མི་གནས་མི་དམིགས་བློ་ལས་འདས༔ མི་བསྒོམ་མ་ཡེངས་རང་སར་བསྐྱངས༔ རྒྱུ་རྐྱེན་མཚན་མ་ངོ་བོར་དག༔ སྟོང་ཉིད་ཆོས་སྐུར་རང་ཞལ་མཇལ༔ ཅེས་པས་སྒོམ་གྱི་གཞིའམ་རྨང་ཐེངས་པ་ཞེས་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལྷག་མཐོང་ལ་ངེས་ཤེས་བསྐྱེད་པ་ནི་གསུམ་སྟེ༔ བཞག་ཐབས་དང་ངོ་བོ་ཉམས་མྱོང་ངོ་༔ དང་པོ་བཞག་ཐབས་ནི༔ ད་ལྟར་གྱི་ངོ་བོ་ཉིད་དེ་ལ་གང་ཤར་རང་མལ་དེའི་སྟེང་དུ་བཟང་ངན་གྱི་རྟོག་པས་མ་བསླད་པར་རང་ངོ་ལ་སང་ངེར་བཞག་ཅིང་༔ རྟོག་དང་མི་རྟོག་གནས་སམ་མི་གནས་འགྱུའམ་མི་འགྱུ་ལ་སོགས་པའི༔ རྟོག་པ་གང་ཡང་ཡིད་ལ་མི་བྱེད་ཅིང་༔ ཡིད་ལ་མི་བྱེད་སྙམ་པའི་འགྱུ་བ་ཕྲ་མོ་ཙམ་ཡང་མི་དམིགས་པར༔ གང་ཤར་གྱི་ངོ་བོ་དེ་སྟོང་ཉིད་དུ་ཆམ་མེར་རང་བཞིན་གྱི་མདངས་ཙམ་དུ་གསལ་ལེ་ཧྲིག་གེ་དུས་གསུམ་སྟོས་མེད་དུ་མཉམ་པར་བཞག་པར་བྱའོ༔ གཉིས་པ་ངོ་བོ་ཉིད་ཀྱི་གནས་ཚུལ་བསྟན་པ་ནི༔ དེ་ལྟར་མཉམ་པར་བཞག་ཚེ༔ སྟོང་ཉིད་དུ་ཆམ་མེ༔ འཛིན་མེད་དུ་ལྷུག་གེ༔ བརྗོད་མེད་དུ་ཁྲེ་སེ༔ ཡུལ་མེད་དུ་ཝལ་ལེ༔ འགག་མེད་དུ་ཟང་ཐལ་ལེ༔ རང་མདངས་སུ་རྗེན་ནེ་བ་འབྱུང་སྟེ༔ དེ་ལ་ལྷག་མཐོང་གི་ངོ་བོ་ཡང་དག་པ་ཟེར་སྟེ༔ བླ་མའི་མན་ངག་གིས་སྟོན་དུ་མི་ཐུབ་ཅིང་༔ སློབ་མའི་ཤེས་རབ་ཀྱིས་གོ་བར་མི་ནུས་པར༔ ངོ་བོ་ཉིད་མཐོང་དུ་ཡོད་ཅིང་ཚིག་གིས་སྨྲ་མི་ཤེས༔ ཉམས་སུ་མྱོང་དུ་ཡོད་ཅིང་འདི་ཞེས་མཚོན་དུ་མེད་པ་དེ་ལ༔ སངས་རྒྱས་རྣམས་ལ་ཀ་དག་གི་ཐུགས་ཞེས་བརྗོད་དེ༔ རང་གིས་རང་རིག་པའི་ཡེ་ཤེས་དེ་ཀློང་དུ་གྱུར་ཅིང་ཀུན་ཏུ་ཡང་དག་པར་སློང་དུ་གྱུར་པའོ༔ རྣལ་འབྱོར་པ་རྣམས་ཀྱི་རྟོགས་པ་ཞེས་བརྗོད་དེ༔ རང་གི་གནས་ལུགས་དེ་བཞིན་ཉིད་ཀྱི་དོན་རྟོགས་པའི་འགོ་ཙམ་མོ༔ སེམས་ཅན་རྣམས་ལ་ཀུན་གཞི་ཞེས་བཏགས་ཏེ༔ རང་གི་ངོ་བོ་དེ་རང་གིས་མ་རིག་པར་འཁྲུལ་ནས་དབང་པོ་སྒོ་ལྔ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་ཐམས་ཅད་འཕྲོ་བའི་གཞི་བྱེད་པའོ༔ རྒྱུད་ལས༔ ཆོས་སྐུ་ཀུན་བདག་ཀུན་ལས་རྒྱལ༔ འཁོར་འདས་གཉིས་ཀ་མིང་ཙམ་ཉིད༔ སེམས་ནི་སྤྲོས་བྲལ་གདོད་ནས་དག༔ ཅེས་སོ༔ གསུམ་པ་ཉམས་མྱོང་ནི༔ རྟོགས་པའི་གནས་ལུགས་དེའི་ངང་ལས་རྩལ་གདངས་གོ་མ་འགགས་པར་འགྱུ་རྟོག་གི་སྣང་བ་ཡང་སྣ་ཚོགས་སུ་འཕྲོ་ཞིང་༔ བཀག་ཀྱང་མི་ཁེགས་བཞག་ཀྱང་མི་སྡོད་པ་སོགས་ཀྱི་འགྱུ་རྟོག་ཇི་ལྟར་ཤར་ཡང་ཆབ་རོམ་གྱི་ངོ་བོ་ཆུའི་རང་བཞིན་ལས་གཞན་དུ་མི་གནས་པ་ལྟར༔ བརྟག་དཔྱད་དང་དགག་སྒྲུབ་ཅི་ཡང་མི་བྱེད་པར་རང་ངོ་རང་གསལ་ཙམ་པའི་ངང་དུ་གསལ་ལེ་ཧྲིག་གེར་བསྒོམས་པས་འགྱུ་རྟོག་སྣ་ཚོགས་ཆབ་ཕྲོམ་དང་འདྲ་བ་དེ་རྣམས༔ བརྗོད་མེད་དུ་ཤར་ཤར༔ སྟོང་ཉིད་དུ་བུན་བུན༔ རང་སར་རང་གྲོལ་དུ་ཆམ་ཆམ་གནས་ལུགས་ཀྱི་ངང་ལས་གཞན་དུ་མེད་པ་ནི་ཡང་དག་པའི་ཉམས་མྱོང་ངོ་༔རྒྱུད་ལས༔ དཔེར་ན་བར་སྣང་འཇའ་ཤར་ལྟར༔ ཉི་མ་དང་ནི་འོད་ཟེར་བཞིན༔ མི་གནས་མི་དམིགས་བློ་ལས་འདས༔ མི་བསྒོམ་མ་ཡེངས་རང་སར་བསྐྱངས༔ རྒྱུ་རྐྱེན་མཚན་མ་ངོ་བོར་དག༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཞི་ལྷག་ཟུང་འཇུག་གི་མཐར་ཕྱིན་བསྟན་པའི་རིམ་པ་ནི༔ དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་འཛིན་མེད་པས་རྟག་པའི་མཐའ་བསལ༔ རིག་པ་སྟོང་གསལ་མཐའ་བྲལ་དུ་རྟོགས་པས་ཆད་པའི་མཐའ་བསལ༔ མཐའ་བྲལ་གྱི་ངོ་བོར་རང་གསལ་རྗེན་པར་མཐོང་བས་གཉིས་ཀའི་མཐའ་བསལ༔ དེ་ཡང་རིག་པ་སྐད་ཅིག་མའི་སྟེང་དུ་ཐམས་ཅད་ཧྲིལ་གྱིས་གནས་པ་དེ་ལ་ཞི་ལྷག་ཟུང་དུ་འཇུག་པའི་ཡེ་ཤེས་ཆེན་པོ༔ སངས་རྒྱས་ཀྱི་དགོངས་པ་སྐྱོན་མེད་མཐར་ཕྱིན་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་གསུམ་སྟེ༔ གོལ་ས་གཅོད་པ་དང་༔ སྐྱོང་ཐབས་བསྟན་པ༔ ས་ལམ་གྱི་ཐོབ་ཚུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གོལ་ས་གཅོད་པ་ནི༔ དེ་ལྟར་གྱི་གནས་ལུགས་དམ་པ་དེ་ཉམས་སུ་བླངས་པའི་ཚེ༔ ཟག་བཅས་ཀྱི་ཉམས་གསུམ་འབྱུང་སྟེ༔ བདེ་བ་སྙམ་ཡོངས་སུ་བྱེད་པ་དང་༔ རེས་འགའ་གསལ་སྙམ་བྱེད་པ་དང་༔ རེས་འགའ་མི་རྟོག་པ་སྙམ་བྱེད་པ་གསུམ་འཆར་ཏེ༔ དེ་གསུམ་ནི་ཟག་མེད་ཀྱི་དགོངས་པ་དེ་རྟོགས་པའི་ཤུགས་ཀྱིས༔ གནས་ལུགས་ཀྱི་ཡེ་ཤེས་ལ་གདོད་མ་ནས་སྤྲོས་པས་དབེན་ཀྱང་༔ ད་ལྟར་གྱི་ཤ་ཁྲག་གི་དྲ་བ་འདིར་ཆུད་པའི་སྟོབས་ཀྱིས་ཡང་དག་པའི་ཡེ་ཤེས་དེ་རང་ངོ་འཕྲོད་པའི་མདངས་མ་འགགས་པ་ཕུང་པོའི་འབྱུང་བ་དང་འདྲེས་པས༔ ཉམས་ཀྱི་སྣང་བ་དེ་གསུམ་རང་ཤར་བ་ཡིན་པས༔ བདེ་བ་ལ་མ་ཆགས་པ༔ གསལ་བ་ལ་མི་རྟོག་པ༔ མི་རྟོག་པ་ལའང་མི་འཛིན་པར་བསྒོམ༔ དེ་ལྟར་མ་ཡིན་པར་ཉམས་བདེ་བ་ལ་ཆགས་ན་འདོད་ཁམས་སུ་གོལ༔ གསལ་བ་ལ་ཆགས་ན་གཟུགས་ཁམས་སུ་གོལ༔ མི་རྟོག་པ་ལ་ཆགས་ན་གཟུགས་མེད་ཀྱི་ཁམས་སུ་གོལ་བས༔ གནས་ལུགས་ངོ་འཕྲོད་ནས་གེགས་སེལ་ཞིང་གོལ་ས་འདི་གསུམ་ཆོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྐྱོང་ཐབས་བསྟན་པ་ནི༔ དེ་ལྟར་ཐ་མལ་གྱི་ཤེས་པ་རང་ངོར་སྣང་བའི་སོ་མ༔ གདོད་ནས་གྲུབ་པའི་རྣལ་མ་དེ་ཉམས་སུ་ལེན་ཚེ༔ འཕྲོ་འམ་རྒོད་ན་ཅུང་ཟད་རེ་སྒྲིམ༔ བྱིང་ངམ་རྨུགས་ན་བག་རེ་བསེང་༔ འབྱམས་སམ་འཐས་ན་ཅུང་ཟད་རེ་དྲུང་ཕྱུང་༔ བདེ་གསལ་གྱི་ཉམས་ལ་སོགས་པར་ཕཊ་ཅེས་བཤིག་ཅིང་ཡང་ལྟ་ཡང་སྐྱོང་༔ གེགས་སེལ་བ་དང་བོགས་འདོན་པ་ལ་ཕཊ་ཅེས་གང་ལའང་བརྗོད་ཅིང་སྐྱོང་༔ མདོར་ན་སྒོམ་གསལ་ལམ་མི་གསལ༔ བྱུང་ངམ་མ་བྱུང་༔ གནས་སམ་མི་གནས་བསམ་པའི་ཆ་ཕྲ་མོའི་འཛིན་པའང་སྤངས་ཏེ༔ ཤར་གྲོལ་འཛིན་མེད་བློ་བྲལ་གྱི་ངང་ལ་མ་བཅོས་པར་ཁད་ཀྱིས་བཞག་པར་བྱའོ༔ དེ་ཚེ་མཉམ་གཞག་གི་དུས་ན་གསལ་སྟོང་རིག་གསུམ་རྗེན་ནེ༔ རྗེས་ཐོབ་ཀྱི་དུས་ནའང་གཏད་མེད་དུ་བུན་ནེ༔ སྣང་སེམས་དབྱེར་མེད་དུ་ཆམ་མེར་འདུག་ན༔ གནས་ལུགས་ལ་དྲོད་ཐོབ་པའི་རྟོགས་པ་ཕལ་མོ་ཆེ་འབྱོངས་པ་ཡིན་ནོ༔ དེ་ཁོར་ར་ཁོར་ཡུག་ཏུ་རྣལ་མར་རྒྱུད་ལ་འབྱོངས་པ་ནི་དོན་གྱི་རྣལ་འབྱོར་པ་ཆེན་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ས་ལམ་གྱི་ཐོབ་ཚུལ་བསྟན་པ་ནི༔ གནས་ལུགས་ཆོས་ཉིད་ཀྱི་དོན་རྟོགས་པས་རྒྱུ་དང་འབྲས་བུར་བསྟན་པའི་ཆོས་རྣམས་ལ་ཡིད་ཆེས་ཤིང་༔ ཏིང་ངེ་འཛིན་དེའི་གནས་ལུགས་ལ་བྲོད་པ་ཐོབ་པ་ནི་ཚོགས་ལམ༔ དེ་ལྟར་དུ་ཉམས་སུ་བླངས་ཤིང་བསྒོམས་པས་རང་གི་སེམས་ཉིད་འདི་ཡུལ་མེད་རྩ་བྲལ་དུ་རང་གསལ་ཞིང་༔ སོ་སོར་ཡང་དག་པའི་ངོ་བོ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་མཐོང་ལམ༔ སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡུལ་མེད་ཆེན་པོར་གསལ་ཞིང་༔ ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དབྱིངས་སུ་དག་སྟེ༔ རྒྱུ་འབྲས་ལས་བྱུང་བའི་ཆོས་ཐམས་ཅད་སྟོང་པར་རྟོགས་པ་དེ་སྦྱོར་ལམ༔ སྣང་སེམས་གཅིག་ཏུ་འདྲེས་ཏེ་སྟོང་པ་རྒྱུ་འབྲས་སུ་ཤར་བས་རྟེན་འབྲེལ་མངོན་དུ་འགྱུར་ཞིང་༔ མཉམ་གཞག་གི་ཏིང་ངེ་འཛིན་ཡུལ་མེད༔ རྟེན་འབྲེལ་གྱི་རྩལ་སྣང་རྗེན་པར་གསལ་བ་ལ༔ རྗེས་ཐོབ་ཀྱི་དུས་ཡུལ་སྣང་ཕྲ་མོ་ཙམ་ཡོད་པ་བསྒོམ་པའི་ལམ་ཡིན་ཞིང་༔ དེ་ལ་རྒྱུན་བསྲིངས་པས་སྣང་སྲིད་འཁོར་འདས་ཐམས་ཅད་སྐྱེ་འགག་གཉིས་མེད་རྟོག་བརྗོད་ཀྱི་མཐའ་ཟད༔ རང་ངོར་གསལ་བ་མངོན་དུ་གྱུར་པས་ཤེས་བྱའི་སྒྲིབ་པ་དག་སྟེ༔ ཆོས་ཐམས་ཅད་ཡེ་ཤེས་སུ་འཆར་བའི་སྐད་ཅིག་མ་དེ་མཐར་ཕྱིན་པའི་ལམ་ཞེས་བྱ་བ༔ སངས་རྒྱས་ཀྱི་དགོངས་པ་ལ་མངོན་སུམ་དུ་སྤྱོད་པའི་གདམས་པ་ཚེ་འདིར་རྡོ་རྗེ་འཆང་ཆེན་པོ་འགྲུབ་པའི་ཆོས་མཆོག་ཟབ་མོའོ༔ རྒྱུད་ལས༔ རྒྱུ་རྐྱེན་མཚན་མ་རང་སར་དག༔ སྟོང་ཉིད་ཆོས་སྐུར་རང་ཞལ་མཇལ༔ མཐོང་མེད་མཐོང་བ་ཐུགས་རྗེ་ཆེ༔ བདེ་བ་ཆེན་པོར་ཡེ་སངས་རྒྱས༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ་ཞེས་བྱ་བ་འདི༔ ཆོས་འཁོར་ཆེན་པོ་འབྱོངས་པའི་གྲོལ་སྟོན་དུ་སེམས་བསྐྱེད་གླིང་གི་གཙུག་ལག་ཁང་དུ༔ བོད་འབངས་རྣམས་ལ་གདམས་པའི་མན་ངག་མདོར་བསྡུས་ཏེ༔ བདག་འདྲ་པདྨས་ཤོག་སེར་དུ་བཏབ་ནས་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ སྲུང་མ་རྣམས་ཀྱིས་མེལ་ཚེ་མཛོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ།། །། སརྦ་མངྒ་ལཾ། །


previousཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ།next