Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས།next

རླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས་བཞུགས༔ མ་རིག་མུན་སེལ་སྐུ་ལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་ཕོ་མོ་རྣམས༔ རྡོ་རྗེ་ལུས་ཀྱི་ཕུང་པོ་ལ༔ སྟོང་ཕྲག་བརྒྱད་ཅུའི་རྩ་གནས་པས༔ རླུང་དང་རིག་པ་བྱང་ཆུབ་སེམས༔ སྦྱང་ཞིང་ཉམས་སུ་ལེན་པའི་ཐབས༔ རྒྱུད་ལ་བརྟེན་ཏེ་པདྨས་བཀོད༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ལམ་རྩ་དང་རླུང་གི་གདམས་པ་ལ་བརྟེན་ཏེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ས་འཛིན་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ༔ ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ ཐུན་མོང་ནི་ཆོས་སྤྱོད་ལྟར་བལྟ་ཞིང་༔ ཐུན་མོང་མ་ཡིན་པའི་རིམ་པ་ལ་བཞི་སྟེ༔ ལུས་སྦྱང་བ་དང་༔ རྩ་སྦྱང་བ་རླུང་སྦྱང་བ་ཐིག་ལེ་སྦྱང་བའོ༔ དང་པོ་ལུས་སྦྱང་བ་ནི༔ སྟན་བདེ་བ་ལ་ལུས་དྲང་པོར་བསྲང་ཞིང་༔ རྐང་བ་གཉིས་རེའུ་མིག་ལྟར་བསྣོལ༔ སྒལ་ཚིགས་བསྲང་༔ ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱས་ལ་དཔུང་པ་གཉིས་བརྐྱང་༔ མགྲིན་པ་བཀུག་ཅིང་ལྕེ་ཡ་རྐན་ལ་སྦྱར༔ མིག་སྣ་རྩེར་ཕབ་སྟེ་སྐད་ཅིག་གིས་ལུས་པོ་འདི་སྟོང་པ་ཉིད་དུ་བསྒོམ༔ སྟོང་པའི་ངང་ལས་གསང་བ་ཡེ་ཤེས་ཀྱི་དྷཱཀྐི་མར་ལམ་གྱིས་གསལ་ཞིང་༔ ཕྱིའི་རྣམ་པ་དྷཱཀྐི་དམར་མོ་མཉམ་གཞག་སྐྱིལ་ཀྲུང་ཅན་ཞིག་ལ༔ ནང་སྟོང་པ་འོད་དམར་པོའི་རང་བཞིན་ལས་གྲུབ་པ༔ ཕྱི་དང་ནང་ཀུན་ཏུ་གསལ་བ༔ ཁྲག་དང་ཆུ་སེར་ཤ་པགས་ལས་གྲུབ་པ་མ་ཡིན་པ༔ ཡང་དག་པར་སྟོང་སྟེ་ཡེ་ནས་མེད་པ་ཡང་མ་ཡིན་པ༔ སྟོང་པའི་རང་གདངས་སུ་ལྷམ་མེར་ལྷན་མེར་གསལ་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་མ་ཡེངས་པར་བསྒོམ༔ མི་གསལ་ཙ་ན་དལ་རེ་མཉམ་པར་གཞག་ཅིང་༔ སླར་ཡང་སྐད་ཅིག་གིས་ལམ་ལམ་སྔ་མ་ལྟར་གསལ་ཏེ་བསྒོམ་པར་བྱའོ༔ འདི་ལ་ཞག་གསུམ་ཐུན་དུ་བཅད་ཅིང་སྦྱང་བར་བྱའོ༔ དེས་ནི་ལུས་ལས་སུ་རུང་འབྱུང་བའི་དུག་ཐམས་ཅད་སངས༔ གཅོང་ནད་ཐམས་ཅད་བྱང་སྡིག་སྒྲིབ་བསྲབས་ལུས་ཀྱི་གེགས་རྣམས་མི་འབྱུང་བའི་དགོས་པ་ཡོད་དོ༔ གཉིས་པ་རྩ་སྦྱང་བ་ནི༔ ལུས་སྟོང་པའི་རྩལ་སྣང་ལས་དྷཱཀྐི་མར་གསལ་བའི་དབུས་དྲང་པོར་རྩ་དབུ་མ་སྤྱི་བོ་ཚངས་པའི་བུ་ག་ནས་གསང་བའི་བར་དུ་ཁང་སྟོང་གི་དབུས་སུ་ཀ་བ་བརྒྱབ་པ་ལྟར༔ ཟང་ཐ་ལེར་གསལ་བའི་གཡས་ན་རོ་མ་དང་གཡོན་ན་རྐྱང་མ༔ ཡར་སྣ་དུང་ཁང་གི་ཀླད་རྒྱ་ནས་སྣ་བུག་གཉིས་ལ་ལྕགས་ཀྱུའི་རྣམ་པ་ལྟར་གུག་ནས་ཟུག་པ༔ མར་སྣ་སྟེ་འོག་གཉེར་པོ་ཆེ་ནས་དབུ་མ་དང་གཉིས་མེད་དུ་སོང་བ༔ ཁ་དོག་ཀྱང་དབུ་མ་ནི་ཕྱི་དཀར་བ་ནང་དམར་བ༔ གཡས་རོ་མ་ཡང་ཕྱི་དཀར་པོ་ནང་དམར་པོ༔ གཡོན་རྐྱང་མ་ཕྱི་ནང་ཐམས་ཅད་དམར་པོ་ཨུག་ཆོས་ཀྱི་མེ་ཏོག་ལྟ་བུ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག༔ སྙིང་ག་ཆོས་ཀྱི་འཁོར་ལོར་སུམ་ཅུ་རྩ་གཉིས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་དྲུག་ཅུ་རྩ་བཞི༔ དེ་ལྟར་རྩ་རྣམས་ཕྱི་དཀར་ལ་ནང་དམར་བ༔ སྟོང་པ་དྭངས་པ་མཉེན་ལ་བསྲབས་པ་ཁྲག་དང་ཆུ་སེར་མེད་པ༔ དབུ་མ་མདའ་སྨྱུག་ཙམ་པ༔ རོ་རྐྱང་གཉིས་གྲོ་སོག་གི་སྦུ་གུ་ཙམ༔ རྩ་འཁོར་རྣམས་དེ་ལས་ཅུང་ཟད་རེ་ཆ་ཕྲ་བ་ཙམ་ལ༔ འཁོར་ལོ་རྣམས་ཀྱི་རྩའི་རྩ་བ་དབུ་མ་ལ་ཟུག་ཅིང་༔ རྩེ་མོ་སྟོང་རའི་རང་རང་སོ་སོའི་ཐད་སོར་རྩ་སྦུག་ཧྲོག་ཧྲོག་ཏུ་ཡོད་པར་བསྒོམ་ཞིང་རྩེ་གཅིག་ཏུ་དམིགས་པ་གཏད་དོ༔ འདི་ནི་ཤིན་ཏུ་གལ་ཆེ་བས་ནན་གྱིས་ཐུན་གྲངས་ཅི་མང་དུ་བཅད་དེ་སྦྱང་བར་བྱའོ༔ ཡོན་ཏན་རྣམས་སྐྱེ་བ་དང་ལས་རླུང་བག་ཆགས་དང་བཅས་པ་འདག་པའི་དངོས་གཞི་འདི་ཡིན་པས་ནན་ཏན་དུ་བྱའོ༔ གསུམ་པ་རླུང་སྦྱང་བ་ནི༔ སྣ་བུག་གཡས་གཡོན་དབུས་དང་བཅས་པ་ནས་རླུང་རོ་གསུམ་གསུམ་དགུར་འབུད་ཅིང་༔ དུག་གསུམ་གྱི་ངོ་བོའི་རླུང་ཐམས་ཅད་སངས་སངས་སོང་བར་བསམས་ཤིང་གྲང་ཤས་ཆེ་ན་དྲག་པོ༔ ཚ་ཤས་ཆེ་ན་ཞི་བ༔ ཚ་གྲང་སྙོམས་ན་རླུང་ཡང་ཞི་དྲག་སྙོམས་པས་བརྔུབ་སྟེ༔ ལུས་ཀྱི་སྟོད་དུ་མ་ལུས་པར་བུམ་ཅན་ཕོ་བར་དགང་མཁས་པར་བྱའོ༔ ལར་ནི་རླུང་གི་ཡོན་ཏན་ཐམས་ཅད་དལ་བར་བརྔུབ་ཅིང་དལ་བར་བཏང་བ་ཁོ་ན་གཙོ་ཆེའོ༔ བཞི་བ་ཐིག་ལེ་སྦྱང་བ་ནི༔ རྩ་དབུ་མའི་ཡར་སྣ་སྤྱི་གཙུག་ཏུ་རྒྱ་མཐོངས་ཁ་བྱེ་ལྟར་ཡོད་པའི་བུག་པ་དེ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་གིས་ཡོངས་སུ་བཅད་ཅིང་༔ ཐབས་ཀྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཾ་དཀར་པོ་དངུལ་ཆུའི་མདོག་ལྟར་འཚེར་བ་ཞིག་གི་མགོ་བོ་ཐུར་དུ་བསྟན་ཅིང་རྩ་བ་ཟླ་དཀྱིལ་ལ་ཟུག་པར་བསྒོམ༔ དབུ་མའི་མར་སྣ་ལྟེ་འོག་སོར་བཞིར་གནས་པའི་ནང་དུ༔ རོ་མ་དང་རྐྱང་མའི་སྣེ་གཉིས་ཚུད་པའི་རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་དམར་སྒ་རེ་བ༔ ཆེ་ཆུང་དབུ་མའི་ནང་གི་ཡངས་དོག་དང་མཉམ་པ་ཞིག་ཏུ་བསམ༔ དེའི་སྟེང་དུ་ཤེས་རབ་ཀྱི་རང་བཞིན་བདེ་དྲོད་ཀྱི་ངོ་བོ་ཡི་གེ་ཨ་དམར་པོའི་རྣམ་པ་མེའི་རང་བཞིན་ཁ་དོག་དམར་ལ་རེག་བྱ་ཚ་བ་བདེ་བ་དང་ལྡན་པ་ཞིག་ཏུ་བསམ༔ ཡར་མར་གྱི་ཁམས་དཀར་དམར་བསྐྱེད་པ་འདི་གཉིས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡོན་ཏན་ཐམས་ཅད་ཀྱི་དངོས་གཞི་ཡིན་པར་དམིགས་པ་ནམ་གསལ་མ་ཐུབ་ཀྱི་བར་དུ་སྦྱང་བ་གལ་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་གཉིས་ཏེ༔ དམིགས་བཅས་དང་དམིགས་མེད་དོ༔ དང་པོ་དམིགས་བཅས་ནི༔ གོང་གི་དམིགས་པ་རྣམས་བརྟན་པ་དང་རླུང་ཁུག་པ་བདུན་གྱི་རིང་ལ་ཨ་ཤད་ལ་རླུང་དགང་བ་ལྟར་སི་རི་རི་བུས་པ་ལས་མེ་ལྕེ་ཁབ་ཙམ་ཞིག་དམར་ཉུག་ཉུག་ཏུ་འབར་བར་བསམས་ཤིང་ཤེས་པ་གཏད༔ དེ་ནས་མེ་ལྕེ་མར་མེ་སོར་གཉིས་པ་ཙམ་དུ་འབར་བར་བསམས་ཤིང་སྦྱང་༔ རྒྱུན་གྱི་ཉམས་ལེན་འདི་ཁོ་ན་གཙོ་བོར་འདོན༔ དགོང་མོ་དབང་གི་དུས་སམ་ཐོར་ཁ་རྒྱས་པའི་དུས་སམ༔ ཡང་ན་བདེ་དྲོད་ཀྱི་ཡོན་ཏན་ལ་བོགས་འདོན་དགོས་པའི་དུས་སུ༔ གཏུམ་མོ་ཙཎྜ་ལི་ཨ་ཐུང་གི་མེ་དེ་རླུང་ཁུག་པ་བདུན་ཕྲག་རེའམ་བདུན་གཉིས་སམ་བདུན་གསུམ་སོགས་སྐབས་སུ་གང་མཚམས་གྱི༔ རྩ་འཁོར་ལོ་རེ་རེ་བཞིན་ལ་མེ་དམིགས་གཏད་པའམ༔ དུས་གཅིག་སོགས་གང་འོས་ཀྱིས་མེ་དམིགས་སྤར་ཏེ༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མན་ཆད་ཀྱི་རྩ་འཁོར་ཐམས་ཅད་དམར་འུར་འུར་ཚྭ་ཆིལ་ཆིལ་དུ་ཡོད་པར་བསམས་ཤིང་སྦྱངས་པས་གཏུམ་པོ་ཨ་ཐུང་གི་མེ་དྲོད་ཡོངས་སུ་འབར་བར་ཐེ་ཚོམ་མེད་དོ༔ འདི་དུས་ལུས་པོ་ལས་རྔུལ་འཛག་ན་མི་སྐྱོད་པས་ཁྲུས་བྱ་མེ་དམིགས་ཆུང་དུ་བཏང་བར་བྱའོ༔ བདེ་བ་གཙོ་བོར་འདོན་ན༔ གཏུམ་མོ་འབར་བས་སྤྱི་བོའི་ཧཾ་དཀར་པོ་ལས༔ ཆབ་ཕྲོམ་མེའི་འོད་ལ་ཞུ་ནས་ཐིགས་པ་ལྷུང་བ་ལྟར་བྱང་ཆུབ་སེམས་ཀྱི་ཐིགས་པ་བཅུ་དྲུག་བབས༔ ཐིགས་པ་བཞིས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཐམས་ཅད་མེར་མེར་ཤིགས་ཤིགས་སུ་གང་༔ དེ་བཞིན་དུ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་ཡང་བཞི་བཞི་རིམ་གྱིས་དགྲམ་ཞིང་༔ རླུང་ཁུག་ཅི་མང་གི་ངང་ནས་འབར་འཛག་ཡུན་རིང་དུ་རྩ་འཁོར་རེ་རེ་བཞིན་འབྲོས་འདེད་བྱ༔ བདེ་བ་ལ་ངོས་འཛིན༔ གསལ་བ་ལ་ཐག་གཅོད༔ མི་རྟོག་པ་ལ་ལ་ཟླ་ཞིང་༔ དགའ་བཞིའི་ཡེ་ཤེས་རེ་རེ་བཞིན་ངོས་འཛིན་ཏེ༔ སླར་ཡང་མས་འབེབས་ལྟར་ཡར་བཟློག་སྟེ་ཡང་རིམ་བཞིན་དགའ་བཞིའི་རང་ཞལ་ལྟ༔ མཐར་བདེ་བའི་རྒྱུན་ཐམས་ཅད་ཧཾ་ཡིག་ལ་བསྡུ༔ མེ་དམིགས་ཨ་ཤད་ལ་བསྡུ༔ ལར་རྒྱུན་ཏུ་ལྟེ་བར་མེ་སོར་བརྒྱད་ཙམ་རེ་འབར་བར་བསམ་ཞིང་༔ སྤྱི་བོའི་ཧཾ་ལས་ཐིག་ལེ་དངུལ་ཆུའི་མདོག་ལྟར་འཚེར་བ་ཡུངས་འབྲུ་ཙམ་ཞིག་ཧྲིལ་གྱི་བྱུང་ནས་གཏུམ་མོ་དང་འདྲེས་པས་བདེ་དྲོད་ཆེས་ཆེར་འབར་ཞིང་༔ ཧཾ་ཡིག་ལ་བྱང་ཆུབ་ཀྱི་རྒྱུན་བ་དག་ཙམ་མམ་རྟ་རྔ་ཙམ་གྱི་འདུ་འཕྲོའི་འབར་འཛག་ལ་བདེ་སྟོང་དབྱེར་མེད་དུ་སེམས་བཟུང་བ་ནི་ཡང་ཟབ་ཀྱི་སྙིང་པོ་ཡིན་ཞིང་༔ བདེ་དྲོད་ཀྱི་བོགས་འདོན་ནི་གོང་ལྟར་དུ་སྐབས་སྐབས་གནད་དུ་བསྣུན་པར་བྱའོ༔ ལར་དྲོད་མ་སྐྱེས་ན་མེ་དམིགས་གོང་དུ་བསྟན་པ་དེ་མ་གསལ་ཞིང་ལས་སུ་མ་རུང་བ་ཡིན་པས༔ མེ་དམིགས་ཁོ་ན་གཙོ་བོར་འདོན༔ དྲོད་གང་ཆུང་བའི་སར་གཏུམ་མོ་སྦར༔ ལག་མཐིལ་གྱིས་མཉེ༔ འཁྲུལ་འཁོར་ཡང་མེ་ཐབ་དྲུག་ཆིངས་ཁོ་ན་བྱ༔ ལར་ནི་སེམས་མི་རྟོག་པར་ཟིན་པ་ཙམ་གྱིས་རླུང་རང་བྱུང་དུ་ཟིན༔ རླུང་ཅིག་ཙུག་ཟིན་པ་ཙམ་གྱིས་དྲོད་འབར་བ་བཞིན་ཡོང་བ་ཡིན་པས༔ བདེ་སྟོང་གི་དམིགས་པ་ལས་མ་ཡེངས་པ་ཁོ་ན་ཁག་ཆེའོ༔ བདེ་བ་གོང་ལྟར་བསྒོམས་པས་ཀྱང་ཆེར་རྒྱུད་ལ་མ་སྐྱེས་ན༔ སྤྱི་བོའི་ཧཾ་ལས་ཧཱུྃ་དཀར་པོ་ཞིག་བྱུང་༔ དབུ་མའི་མར་སྣ་དང་རྩ་གསུམ་དབྱེར་མེད་དུ་ཟང་ཐལ་ལེར་རྡོ་རྗེ་དང་གཉིས་སུ་མེད་པར་བསམ་ཞིང་༔ བུག་ག་ཕཊ་སེར་པོས་བཀག་པར་བསྒོམས་ཏེ༔ འོག་རླུང་འཐེན་འཕུལ་འགའ་རེ་བྱས་པས་བདེ་བ་མི་བཟོད་པར་སྐྱེའོ༔ བདེ་བ་ཤིན་ཏུ་རྒྱས་ནས་འཆོར་ལ་ཉེ་ན་ཧཱུྃ་དེ་སྤྱི་གཙུག་ཏུ་རྒྱངས་ཀྱིས་སོང་ནས་ཧཾ་ལ་ཐིམ་པར་བསམས༔ དབུ་མ་ཡང་སྔར་ལྟར་ལྟེ་འོག་སོར་བཞིར་འདུས་པ་བསྒོམས༔ ཁ་ནས་ཀྱང་ཧཱུྃ་ཧཱུྃ་ཞེས་སྒྲ་ཆུང་ངུས་སྒྲོག་ཅིང་རླུང་ཁོང་འདྲེན་འགའ་རེ་བྱའོ༔ ལར་བདེ་བ་འདི་ཕེབས་སྔ་བ་དང་གྲངས་མང་ན་ཐིག་ལེའི་གེགས་འབྱུང་བས༔ ཉུང་ངུར་བྱ་ཞིང་གལ་སྲིད་གྲངས་མང་དུ་སྦྱངས་ནའང་མཇུག་ཏུ་འོག་ནས་འབྱུང་བ་བཞིན་འཁྲུལ་འཁོར་ལ་འབད་ཅིང་བརྩོན་པར་བྱའོ༔ གཉིས་པ་དམིགས་མེད་ཀྱི་རིམ་པ་ནི༔ དམིགས་བཅས་ཀྱི་གཏུམ་མོའི་རླུང་སྦྱོར་དེ་ལྟར་བརྩམས་པའི་མཇུག་ཏུ༔ རྩ་དང་རླུང་དང་ལུས་སོགས་ཀྱི་དམིགས་པ་རྣམས་ནི་ལྟ་ཞོག༔ གང་ཡང་ཡིད་ལ་མི་བྱེད་དོ་སྙམ་པའི་འདུ་ཤེས་ཙམ་ཡང་ཡོངས་སུ་ཕྲལ་ཏེ༔ སྣང་སྟོང་གཉིས་མེད་རིག་པ་སྐད་ཅིག་མའི་ཆོས་ཉིད་ཀྱི་ངང་ནས་རླུང་དལ་བུས་བརྔུབ་ཅིང་ནེམ་པར་མནན་ནས༔ མ་བཅོས་པ་མཉམ་པ་ཉིད་ཀྱི་ངང་ལ་ལྷན་གྱིས་གཞག་ཅིང་རླུང་ཡུན་རིང་དུ་བཟུང་བར་བྱའོ༔ འདི་ནི་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རླུང་ཞེས་ཀྱང་བྱ༔ དགའ་བ་བཞིའི་ནང་ནས་ཀྱང་མཐར་ཕྱིན་པའི་དགའ་བ༔ ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ཞེས་ཀྱང་བྱ༔ རླུང་ཉིད་ཀྱི་ངོ་བོའི་དབང་དུ་བྱས་ན༔ རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་སོགས་དབྱེར་མེད་ཅིང་གཉིས་སུ་མེད་པ༔ མཐའ་བྲལ་དབུ་མ་ཆེན་པོའི་རླུང་ཞེས་ཀྱང་བྱ་སྟེ༔ ལམ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ཀྱི་རྟོག་པ་ཡང་དག་པའི་ངང་ནས༔ སྲོག་རྩོལ་གྱི་ངོ་བོ་སྟོང་པ་ཉིད་དང་ཡེ་ཤེས་གཉིས་སུ་མེད་པའི་གདམས་པ་འདིས་གཟེར་བཏབ་སྟེ༔ བདེ་དྲོད་རྣམས་ཀྱིས་སྐབས་སྐབས་སུ་བོགས་ཅུང་ཟད་རེ་འདོན་ཞིང་ཉམས་སུ་བླངས་ན༔ ཟག་བཅས་དང་ཟག་མེད་ཀྱི་ཚོགས་ཐམས་ཅད་སྐད་ཅིག་མའི་རླུང་རིག་ཡོངས་སུ་སྟོང་པ་ཆེན་པོ་དེའི་དབྱིངས་སུ་རང་དངས་ནས༔ རྩ་དབུ་མ་ཆོས་དབྱིངས་སྤྲོས་བྲལ་གྱི་ཞིང་ཁམས་སུ༔ རླུང་རིག་བྱང་ཆུབ་དམ་པ་མཆོག་གི་རྡོ་རྗེ་རྩོལ་མེད་དུ་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ བརྩོན་འགྲུས་རབ་བདུན་དྲུག༔ འབྲིང་ཟླ་བ་དྲུག༔ ཐ་ནའང་ལོ་དྲུག་གིས་ཟག་མེད་དུ་གྲོལ་ལོ༔ རྫུ་འཕྲུལ་དང་མངོན་ཤེས་ཀྱང་པདྨ་ང་དང་མཉམ་མོ༔ ཡོན་ཏན་གྱི་ཚོགས་ནི་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འཐོབ་པར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་རླུང་ལས་སུ་རུང་བ་འཁྲུལ་འཁོར་གྱི་རིམ་པ་སྟེ༔ ལུས་གནད་དྲང་དུ་བསྲང་ཞིང་རླུང་གནད་ཤིན་ཏུ་དགང་སྟེ༔ རྐེད་པ་གཡས་གཡོན་དུ་གསུམ་གསུམ་བསྐོར་ནས་ལྟེ་བའི་རྩ་མདུད་གྲོལ་བར་བྱེད་དོ༔ རོ་སྟོད་དེ་བཞིན་དུ་གཅུས་པས་སྙིང་གའི་རྩ་མདུད་རྣམས་གྲོལ་ལོ༔ མགྲིན་པ་བསྐོར་ཞིང་དགྱེ་སྒུས་མགྲིན་པའི་རྩ་མདུད་གྲོལ་བར་བྱེད་དོ༔ མགོ་བོ་མཉེ་བསྲུབ་འཕུར་བས་དུང་ཁང་གི་རྩ་མདུད་རྣམས་གྲོལ་ལོ༔ རྐང་ལག་བརྐྱང་བསྐུམ་འཕུར་བས་རྩ་བྲན་ཐམས་ཅད་མདུད་པ་འགྲོལ༔ རླུང་རོ་ཧ་གསུམ་སྤྲུག་ཅིང་གསིགས་པས་རླུང་གི་ཉེས་སྐྱོན་ཐམས་ཅད་གྲོལ་བར་འགྱུར་རོ༔ འབེབས་ཆུང་གསུམ་གྱི་འཕྲུལ་འཁོར་བྱས་པས་དངས་མ་ཀྲེམས་དང་འགྲེམས་སུ༔ ཁྲེམས་པར་འགྱུར་རོ༔ རྒྱུད་ལས༔ རྡོ་རྗེ་ལུས་ཀྱི་ཕུང་པོ་ལ༔ སྟོང་ཕྲག་བརྒྱད་ཅུའི་རྩ་གནས་པས༔ རླུང་དང་རིག་པ་བྱང་ཆུབ་སེམས༔ དཀར་དམར་བདེ་སྟོང་འབར་འཛག་སྦྱང་༔ ལུས་གནད་ངང་ནས་སྟེང་རླུང་བཟུང་༔ འོག་རླུང་བསྡམས་ཤིང་མཉེ་བསྲུབ་འཕུར༔ བརྩོན་འགྲུས་བསྐྱེད་དེ་ཉམས་བླངས་པས༔ ལས་རླུང་མི་རྟོག་དབྱིངས་སུ་ཐིམ༔ དབུ་མར་རླུང་དངས་མངོན་འཚང་རྒྱ༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་༔ ལྕགས་སྤྲེལ་ཧོར་ཟླ་དྲུག་པར་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།


previousརླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས།next