Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ།next

སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ།

སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ་ལྷ་རིགས་ཉི་གྲགས་སྤྲུལ་པའི་སྐུས་སྦྱར་བ་བཞུགས་སོ། །སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་བྱ་ནི། དང་པོ་རང་མདུན་ནམ་མཁར་སྐྱབས་ཡུལ་རྣམས་སྔོན་འགྲོའི་སྐབས་ལྟར་གསལ་གདབ། སྐྱབས་སེམས་དོན་གྲུབ་སེར་མོའི་གཅོད་ལྟར་རམ་གང་བདེ་བྱ་ལ། དེ་ནས་དངོས་གཞི་འདོན་དང་དམིགས་པ་ཟུང་འཇུག་ཏུ། ན་མོ་བདག་གི་ཞེས་འདོན་བཞིན་རང་གི་སྤྱི་གཙུག་ཉི་ཟླའི་སྟེང་དུ་སངས་རྒྱས་ཀུན་འདུས་བླ་མ་དམ་པ་ལ་སྐྱབས་གནས་མ་ལུས་པས་བསྐོར་བ་གཟི་མདངས་འོད་ཟེར་འཁྲིགས་གེར་བཞུགས་པ་བྱིན་རླབས་ཀྱི་སྤྲིན་ཕུང་ཐུ་ལུ་ལུ་ཡོད་པ་དམ་ཚིག་སྐུ་དང་ཡེ་ཤེས་སེམས་དཔའ་བླ་མའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་དང་གཉིས་མེད་ཟུང་འཇུག་རོ་གཅིག་པར་བསྒོམ་ལ་སྣང་སྟོང་དབྱེར་མེད་དུ་ལྟ་བའི་ངང་ནས་ཕཊ་བརྗོད་པས་ཕ་སྐུ་བཞི་སོགས་ཀྱི་གསོལ་འདེབས་གདུང་དབྱངས་སུ་བྱས་པའི་ཐུགས་རྒྱུད་བསྐུལ་ཏེ། བླ་མའི་སྐུ་ཡི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་སྒོ་གསུམ་ལ་ཕོགས་པས་ཟག་མེད་ཏིང་ངེ་འཛིན་གྱི་ཡེ་ཤེས་རྒྱུད་ལ་འབྱོངས་ཏེ། སྐྱེ་བ་མེད་པའི་དོན་མཐོང་ནས་འགགས་པ་མེད་པའི་རྩལ་གྱིས་ཕཊ་བརྗོད་པ་དང་ལྷན་ཅིག རང་རིག་གདོད་ནས་སྤྲོས་བྲལ་དེ་བླ་མའི་ཐུགས་ཀར་འཕོས་པའི་ཚུལ་གྱིས། བླ་མའི་ཐུགས་ཆོས་དབྱིངས་ཁྱབ་བདལ་ཆེན་པོ་དང་རང་རིག་ཡེ་ནས་ཤེས་པའི་རང་མདངས་འགག་པ་མེད་པ་དེ་ཉིད་དབྱིངས་ལས་ཤར་བས་དབྱིངས་སུ་ཐིམ་པའི་དབྱིངས་རིག་མ་བུ་འདྲེས་ཏེ་ཉམས་བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོ་དེ་ཉིད་རང་བྱུང་དུ་ཏ་ལ་ལ་ཡོད་པར། འཁོར་བ་དང་མྱང་འདས་ཞེས་པ་སོ་སོར་མིང་གི་བཏགས་པ་ཙམ་ལས། གཞི་གཅིག་ལ་གཉིས་སུ་མེད་པས་ཡེ་ནས་གདོད་མའི་རང་རྩལ་དུ་གྲུབ་པར་ཐག་ཆོད་པའི་གདེངས་དང་ལྡན་པའི་ངང་ན་ཕཊ་བྱའོ།། དེ་ནས་སྣོད་རང་བྱུང་གི་བྷནྡྷ་སྟོང་གསུམ་དང་མཉམ་པའི་ནང་དུ། ཁམས་བདེ་སྟོང་གི་རང་མདངས་རོལ་པའི་རྩལ་ལས་ལུས་འབྱུང་འདུས་ཀྱི་ཕུང་པོ་ཤ་ཁྲག་རུས་པའི་རྣམ་པར་གྲུབ་པ་དེ་ཉིད། བདུད་རྩིའི་རྒྱ་མཚོར་དམིགས་པར་རང་རིག་བླ་མ་དབྱེར་མེད་ཀྱི་ཐུགས་རྗེའི་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ནས། ཨཱོཾ་ཨཱཿཧཱུྃ་དང་ཕཊཿབརྗོད་པས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་སྟེམ་གྱིས་ཞུ་ནས། དེ་ནས་དེ་ལས་འདོད་ཡོན་ཀུན་བཟང་མཆོད་པའི་སྤྲིན་ལྟར་གཏིབས་པར་གནས་ཕྱོགས་བཅུ་དག་པའི་ཞིང་སོགས་སུ་འཕྲོས་པས། སྐྱབས་གནས་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་ཐུགས་ཀྱི་དགྱེས་པ་བཀང་སྟེ། མཆོག་གི་དངོས་གྲུབ་སྩོལ་བ་པོ་རྣམས་ཀྱི་འབྲས་བུ་ད་ལྟ་ཉིད་དུ་སྩོལ་བར་དམིགས་པ་དང་། ཐུན་མོང་གི་དངོས་གྲུབ་སྩོལ་བ་པོ་རྣམས་ཀྱིས་ཀྱང་ད་ལྟ་ཉིད་དུ་ལས་རབ་འབྱམས་སོགས་ཕུན་ཚོགས་འདོད་པའི་ཡོན་ཏན་མཐའ་དག་མངོན་པར་གྲུབ་པ་སོགས། དངོས་གྲུབ་ཀྱི་ཆར་ཆེན་འབབས་པར་བསམ་ལ། ཕཊཿ བརྗོད་པས་ཐོག་མེད་ནས་ཕ་དང་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་པ་དེ་དག་མ་ལུས། མཐོ་སྲིད་རྩེ་དང་དམའ་མནར་མེད་དམྱལ་བ་སོགས་ཁམས་གསུམ་རིགས་དྲུག་གང་དང་གང་དུ་རྟོགས་པའི་འགྲོ་བ་རྣམས་དང་། ཁྱད་པར་ཕན་བྱེད་ཀྱི་ལྷ་དང་གནོད་བྱེད་ཀྱི་འདྲེ་གདོན་བགེགས་སུ་འབོད་པ་གང་ཡིན་པ་དེ་དག་ཐམས་ཅད་མ་ལུས། མཆོད་སྦྱིན་བདུད་རྩིའི་རྒྱ་མཚོ་འདི་ཉེ་རིང་དང་ཕྱོགས་ཆ་དགྲ་གཉེན་དང་ཆགས་སྡང་གང་ཡང་མེད་པར་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་པའི་སེམས་ཀྱིས་ཡོངས་སུ་བཏང་སྟེ་བསྔོས་པས། རང་རང་གང་ལ་གང་འདོད་ཀྱི་འདོད་ཡོན་ལོངས་སྤྱོད་དུ་གྱུར་ཏེ་ཤེས་རྒྱུད་ཡོངས་སུ་ཚིམ་སྟེ་ཞི་བདེ་བྱང་ཆུབ་ཀྱི་སེམས་ལ་གནས་པར་བསམ་ལ་ཕཊཿ དེ་ལྟར་གྱི་ཏིང་ངེ་འཛིན་ཟབ་མོའི་མཐུས་སྔོན་ལས་དང་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་དང་། འཕྲལ་རྐྱེན་དུ་གྱུར་པའི་ཤ་འཁོན་བུ་ལོན་ལན་ཆགས་ཀུན་བྱང་ཞིང་དག་སྟེ། ཟག་བཅས་བསོད་ནམས་ཀྱི་ཚོགས་རྒྱུ་དང་། འབྲས་བུ་ཏིང་ངེ་འཛིན་ཟག་མེད་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་རྫོགས་ཏེ། སྐད་ཅིག་གིས་ཕ་མཚན་ལྡན་གྱི་བླ་མ་རྡོ་རྗེ་འཆང་ཆེན་པོ་རིགས་ཀུན་འདུས་པའི་བདག་ཉིད་དེའི་གོ་འཕང་འཐོབ་པར་ཤོག་སྙམ་པའི་སྨོན་འདུན་དྲག་པོའི་སེམས་བསྐྱེད་ཀྱི་ངང་ནས། ཕཊཿ བརྗོད་ཅིང་མི་དམིགས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའམ༔ རིགས་དྲུག་གི་སྦྱིན་ཡུལ་སྒྱུ་ལུས་ཀྱིས་ཚིམ་ཞིང་༔ རང་གི་ངོ་བོ་སྐྱེ་མེད་བླ་མའི་སྐུ་རུ་ལམ་འ ཁྱེར་དུ་སྦྱང་བར་བྱའོ༔ ཞེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འདུས་ཉི་མ་གྲགས་པ་རྩལ་གྱི་གཏེར་བྱོན་ཐུགས་ཆེན་མ་རིག་མུན་སེལ་ལས་སྒྱུ་ལུས་མཆོད་སྦྱིན་ཟབ་མོའི་དམིགས་རིམ་འདི་ལྟར་དགོས་ཞེས་མཚམས་པ་ཡོན་ཏན་ནས་ཡང་ཡང་བསྐུལ་ངོར་སྨྲས་པའོ། །སླར་སྨྲས་པ། རྒྱལ་ཀུན་འདུས་ཞལ་གཏེར་ཆེན་གང་དེ་ཡི། །གདམ་ཟབ་བདུད་རྩི་འོ་མའི་རྒྱ་མཚོ་ལས། །ཐིགས་པ་གཅིག་ཙམ་དད་ལྡན་གདུང་སེལ་དུ། །སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་བླངས། །དེ་ཡི་དམིགས་རིམ་ཟུར་དུ་བརྗོད་པ་འདི། །རྣམ་དག་ལུང་དང་རིགས་པའི་གནད་མ་མཐོང་། །གསང་སྔགས་ཟབ་མོའི་རྒྱུད་ལ་གོམ་འདྲིས་དབེན། །བསྐྱེད་རྫོགས་ཏིང་འཛིན་ལས་རུང་ཙམ་མེད་པའི། །བླུན་པོའི་བླུན་བསྐྱེད་མཁས་པའི་ཁུལ་ཞུགས་འདི། །ཡ་ངའི་གནས་ལས་གཞན་དུ་མ་མཆིས་ཀྱང་། །རང་མཚང་སྟོན་ཕྱིར་གང་དྲན་ཆལ་ཆོལ་དུ། །ཉི་སྤྲུལ་པས་བྲིས་འགྲོ་ཕན་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousསྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ།next