Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ།
   
   
   


 
previousདཔལ་ཡེ་ཤེས་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ།next

དཔལ་ཡེ་ཤེས་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ།

དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ་ཞེས་བྱ་བ་ཡོད། འཕགས་མཆོག་ཐུགས་རྗེའི་རང་གཟུགས་གདུལ་དཀའི་ངོར། །སྙིང་རྗེའི་ཉམས་ཀྱིས་ཆེར་ཁྲོས་བསྟན་སྲུང་གཙོར། །ཡོངས་བཞེངས་རྡོ་རྗེ་ནག་པོ་ཆེན་པོ་དང་། །དབྱེར་མེད་བླ་མ་མཆོག་ཞབས་གུས་བཏུད་ནས། །གསང་ཆེན་རྒྱུད་སྡེའི་སྲུང་མ་ནག་པོ་ཆེ། །བདུད་དགྲའི་གཤེད་གྱུར་དཔལ་མགོན་ཕྱག་བཞི་པའི། །བྱིན་རླབས་དབང་གི་ཆོག་ཁྲིགས་འཇུག་བདེའི་སྐྱེས། །འཕྲིན་ལས་འདོད་པ་འཇོ་བའི་དགའ་སྟོན་བྱ། དེ་ཡང་དཔལ་ཡེ་ཤེས་ཀྱི་མགོན་པོའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་བཀླགས་ཆོག་ཏུ་བཀོད་པ་ལ་གཏེར་གཞུང་རྩ་བར། རྷ྄ིཿ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བཀའ་སྲུང་མགོན་པོ་ཕྱག་བཞི་བའི་དབང་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ མཎྜལ་དུག་ཁྲག་ཆག་ཆག་གདབ༔ མགོན་པོའི་དཀྱིལ་འཁོར་བྲིས་ནས་ཀྱང་༔ སྨན་གཏོར་རཀྟ་དར་ནག་བཤམས༔ ལས་བྱང་བཏང་ཞིང་བསྙེན་ཁ་གསོ༔ ཏིང་འཛིན་ངང་ནས་བསྐྱེད་རིམ་གསལ༔ ཞེས་གསུངས་པ་རྡུལ་ཚོན་ནམ་སྟེགས་བུ་ཁེབ་ལྡན་གྱི་ཁར་རས་བྲིས་སམ་ཡང་ན་འབྲུ་ཚོམ་གྱི་ཁར་དབུས་སུ་གཏོར་སྣོད་བྷནྡྷ་ལ་སོགས་པར་པད་འདབས་སྟེང་མི་ལྤགས་ཀྱི་གདན་ལ་དཔལ་གཏོར་ཟུར་གསུམ་པ་མེ་རི་རྒྱན་སྤྲོས་གང་ལེགས། མགོན་པོའི་སྐུ་ཙཀ་མདའ་དར་ནག་གིས་བརྒྱན་པའི་གདུགས་ཅན་གཡས་སུ་ཐོད་ཁྲག །གཡོན་དུ་གྲི་གུག་མཐིང་ནག་དར་གྱི་ཅོད་པཎ་དང་བཅས་པ། ཁ་ཊྭཱཾ་རྩེ་གསུམ། རལ་གྲི། མདུན་དུ་ཉ་བོ། གདབ་ཕུར་སོགས། རྒྱབ་ཏུ་དར་ནག་སྒྲུབ་ཡིག་སོགས་དང་། གཞན་ཡང་སློབ་དཔོན་མདུན་དུ། ནས་ཟེ། སྤོས་ཟེ། ཐུན་སྣོད། ཌཱ་དྲིལ་ལས་བུམ། བགེགས་གཏོར། མཎྜལ་སོགས་འདུ་བྱས་ལ། ཡི་དམ་གང་རུང་གི་བསྐྱེད་བཟླས་སྔོན་དུ་འགྲོ་བས། མགོན་པོ་ཉིད་ཀྱི་ལས་གཞུང་བསྲང་འཛབ་བསྙེན་ནུས་ལྡན་དུ་བྱས་ལ། ལས་བུམ་ནང་དུ་དྲི་བཟང་གི་ཆུ་དང་བཅས་པ་འགོད། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད། སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླ་ཞིང་མཐར། ཁྲོ་བོ་འོད་དུ་ཞུ་བུམ་ཆུའི་རྣམ་པར་གྱུར། ཞེས་བསྐྱེད་བཟླས་གྲུབ་ནས་སློབ་མ་རྣམས་སྒོ་འམ་ཡོལ་བའི་ཕྱི་རོལ་དུ་འཁོད་ལ། གཞུང་ལས་སྣོད་དང་ལྡན་པའི་སློབ་མ་ཡིས༔ ནམས་གྱི་སྲོད་ལ་བབ་པའི་ཚེ༔ གོ་མཚོན་དར་ཟབ་ནག་པོ་སོགས༔ དབང་ཡོན་མཎྜལ་ལག་ཏུ་ཐོགས༔ དབང་དོན་གསོལ་བ་འདི་ལྟར་གདབ༔ ༈ རྡོ་རྗེ་འཛིན་པ་དཔའ་བོ་ཆེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ ནག་པོ་ཆེན་པོའི་དབང་བསྐུར་སྩོལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཧོ་ཁྱེད་ཅག་སྐལ་ལྡན་རིགས་ཀྱི་བུ༔ མ་ཧཱ་ཀཱ་ལའི་ད་ལ་འདིར༔ འཇུག་པར་འདོད་པའི་བུ་ཡིན་ན༔ ཚུལ་བཞིན་བསྙེན་སྒྲུབ་སྐྱོང་ནུས་སམ༔ ཞིང་བཅུ་ཡན་པར་མི་གཏོང་བའི༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ སློབ་མ་རྣམས་ཀྱིས༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ མ་ཧཱ་ཀཱ་ལ་དཔལ་ཆེན་པོའི༔ བསྙེན་སྒྲུབ་ཚུལ་བཞིན་སྐྱོང་ནས་ཀྱང་༔ ཞིང་བཅུའི་བསྟན་དགྲ་བརླག་པ་ཡི༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ དབང་བསྐུར་བདག་ཅག་རྣམས་ལ་སྩོལ༔ ཅེས་ཞུས་གྲལ་དུ་འཁོད༔ བགེགས་ལ་བཀའ་བསྒོ་ཞིང་མཚམས་བཅད༔ གསུངས་པའི་དོན། སློབ་མ་ཁྲུས་བྱ། གྲལ་དུ་འཁོད། བགེགས་བསྐྲད་བསྲུང་བའི་འཁོར་ལོའི་གོ་བསྒོ༔ དེ་ནས་སློབ་དཔོན་གྱིས་ཉན་པར་བསྐུལ་ཞིང་། གང་དག་སྐྱེ་བའི་ཕྲེང་བརྒྱུད་དུ་མར་ལེགས་བྱས་བསོད་ནམས་མངོན་པར་འདུ་བགྱིས་པ་མང་པོ་ཉེ་བར་བསྟེན་པའི་འབྲས་བུས་འབྱོར་པའི་སྐལ་བཟང་ཁྱེད་ཅག་དེང་འདིར་ཟབ་མོ་གསང་སྔགས་ཀྱི་འཇུག་སྒོ་དོན་དུ་གཉེར་བ་ནི་ཤིན་ཏུ་ལེགས་ཀྱི། དེ་ལྟར་ན་བསམ་པའི་ཁྱད་པར་རྨད་དུ་བྱུང་བ་རྒྱུད་ལ་བསྐྱེད་དགོས་ཏེ། འདི་ལྟར་འཁོར་བའི་ཁམས་གཏིང་མཐའ་མེད་པར་ཐོག་མཐའ་བར་མེད་དུ་འཁྱམས་པའི་འགྲོ་བ་ནམ་མཁའི་མཐའ་ཀླས་པ་མ་ལུས་པ་ཐར་པ་དམ་པའི་བདེ་ཆེན་ལ་འགོད་པའི་ཕྱིར་དང་། དེའི་རྒྱུ་རྐྱེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་ཞིང་སྤེལ་དང་སྐྱོང་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར་དང་། བསྟན་པ་དེ་འཛིན་པར་བྱེད་པའི་གང་ཟག་དམ་པ་རྣམས་ལ། བར་ཆད་ལོག་སྒྲུབ་རྩོམ་པའི་མ་རུངས་གདུག་པ་ཅན་རྣམས་མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་གཞོམ་པར་བྱ་བའི་སླད་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ཕྱག་བཞི་པའི་སྲོག་དབང་ཟབ་མོ་ཞུ་སྙམ་པའི་འདུན་པས་མ་ཡེངས་པར་གསན་འཚལ། དེ་ཡང་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་བདག་འཛིན་གྱི་བསམ་པ་མེད་མོད་ཀྱང་། གསོལ་བ་བཏབ་ན་འདོད་དགུ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བ་ལྟར། ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཆོས་སྐུ་དེ་བཞིན། ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཉིད་ཀྱི་རྣམ་འཕྲུལ་གྲངས་ལས་འདས་པས། གདུལ་བྱ་ནམ་མཁའི་མཐའ་ཀླས་པའི་ཁམས་དང་བསམ་པ་དང་བག་ལ་ཉལ་གྱི་རིམ་པ་བསམ་གྱིས་མི་ཁྱབ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་དཔག་མེད་གཅིག་གསུངས་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུངས་པ། ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་སྒྲུབ་པའི་སྒོ་གཅིག་པུ་ནི་བླ་མེད་རྡོ་རྗེ་ཐེག་པ་ཡིན་ཏེ། དེ་ལྟ་བུའི་ལམ་ཟབ་མོ་བསྒྲུབ་པ་དང་། ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་ལ་ཕྱི་རོལ་བདུད་ལ་སོགས་པས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བར་ཆད་བྱེད་པ་ཡིན་ཏེ། མདོ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། ཞེས་གསུངས་པས། དེའི་བར་ཆད་བསྲུང་བ་དང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར། ཆོས་སྐྱོང་སྲུང་མའི་ཆོས་སྐོར་རྣམས་གསུངས་པ་ཡིན་ནོ། དེ་ལྟར་སྲུང་མ་ལའང་འཇིག་རྟེན་དང་འཇིག་རྟེན་འདས་པ་གཉིས་ལས། འཇིག་རྟེན་པའི་སྲུང་མས་ནི་ཚེ་འདིར་དངོས་གྲུབ་ཕྲ་མོ་ཙམ་བསྒྲུབ་པར་ནུས་ཀྱང་། གནས་སྐབས་དང་མཐར་ཐུག་གི་དོན་མཐའ་དག་སྦྱིན་པའི་ནུས་པ་ཁོ་རང་རྣམས་ལའང་མེད་པས། དེས་ན་འཇིག་རྟེན་ལས་འདས་པའི་སྲུང་མ་ཞིག་ཅིས་ཀྱང་བསྟེན་དགོས། དེ་ལའང་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་ཆོས་སྐྱོང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་པ་ཐམས་ཅད་མདོར་བསྡུ་ན། ཀུན་ཁྱབ་རྒྱུའི་མགོན་པོ་དང་། རྣམ་འཕྲུལ་རྟགས་ཀྱི་མགོན་པོ་གཉིས་སུ་འགྱུར་ལ། དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་གནས་པའི་ཀུན་གཞི་སྟེ། འདིའི་རང་ངོ་ཤེས་ཤིང་རྟོགས་ན་འཁོར་འདས་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཕྱིར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞེས་བྱ་སྟེ། དེས་ན་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཉིད་དོ། །དེ་ཡང་ཤྲཱི་མ་ཧཱ་ཀཱ་ལ་ཞེས་པའི་སྒྲ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་གསུངས་པས། གང་གཉིས་སུ་མེད་ན་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པས་ན་གཉིས་མེད་དོ། །དེ་སྐད་དུའང་མངོན་པར་འབྱུང་བའི་རྒྱུད་ལས། མ་ཞེས་པ་ནི་སེམས་པའི་སྙིང་རྗེ་དང་། ཧཱ་ཞེས་པ་ཤེས་རབ་དང་སྦྱོར་བ་སྟེ་ཤེས་རབ་ཉིད་དོ། །ཀཱ་ལ་ནི་གཉིས་ཚོགས་པ་ལས་འདུས་ཏེ། ཐབས་དང་ཤེས་རབ་ཀྱི་སྙིང་རྗེ་ཆེན་པོ་ལ་སྦྱོར་བའོ། །ཞེས་གསུངས། འདི་ཉིད་ལམ་མཚོན་བྱ་དོན་གྱི་ཆོས་སྐྱོང་ངམ། ཀུན་ཁྱབ་རྒྱུའི་མགོན་པོའམ། གནས་ལུགས་བདེ་ཆེན་གྱི་ཆོས་སྐྱོང་ཞེས་ཀྱང་གྲགས་ལ་གཉིས་པ་ནི་གདུལ་བྱ་རྣམས་ལ་སྣང་བར་གྱུར་པའི་གཟུགས་ཀྱི་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ལས། གང་འདུལ་རྣམ་འཕྲུལ་གྱི་རོལ་པ་ཅི་ཡང་སྟོན་པ་སྟེ། འདི་ལ་ནི་ཀུན་རྫོབ་གཟུགས་ཀྱི་མགོན་པོ་ཞེས་ཀྱང་བྱ། རྣམ་འཕྲུལ་རྟགས་ཀྱི་མགོན་པོ་དང་། མཚོན་བྱེད་བརྡའི་ཆོས་སྐྱོང་ཞེས་ཀྱང་བྱ་སྟེ། མགོན་པོ་ཁྲོས་པའི་རྒྱུད་ལས། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང་། །སྙིང་རྗེའི་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་སོ། །དེས་ན་རྣམ་འཕྲུལ་རྟགས་ཀྱི་མགོན་པོ་ནི། གདུལ་བྱའི་བློ་དང་མཚུངས་པའི་འདུལ་བྱེད་ཀྱི་ཁྱད་པར་དང་རྣམ་འཕྲུལ་དབྱེ་བ་ཤིན་ཏུ་མང་ངོ་། གཞན་ཡང་ཕྱི་ནང་གསང་གསུམ་དང་། ཡེ་ཤེས་དང་ལས་ཀྱི་མགོན་པོར་དབྱེ་བའང་ཡོད་དེ། དེ་ལ་ཕྱི་ལྟར་ན། འཛམ་བུ་གླིང་དུར་ཁྲོད་བརྒྱད་དང་། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་བཞུགས་པའི་ཆོས་སྐྱོང་གཙོ་བོ་དང་འཁོར་དུ་སྣང་བ་རྣམས་ཡིན་ལ། ནང་ལྟར་ན་རྡོ་རྗེ་ལུས་ཀྱི་ཕུང་པོར་རྩ་གསུམ་འཁོར་ལོ་བཞི་སོགས། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་ཐིག་རླུང་གི་དྭངས་མ་རྣམས་ཡིན་ཏེ། གསང་བ་རང་སེམས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་སྐྱེ་འགགས་གནས་གསུམ་དང་བྲལ་བ། གསལ་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་འདི་ཉིད་ཀྱི་རང་རྩལ་འགགས་མེད་དུ་འཆར་བའི་རྩལ་མདངས་ཡིན་ལ། དེ་ཡང་འཁྲུལ་རྟོགས་ཀྱི་ཁྱད་པར་སོ་སོར་ཤར་བ་ལ། ལས་དང་ཡེ་ཤེས་ཀྱི་མགོན་པོ་རྣམས་སུ་འགྱུར་བ་ཡིན་ནོ། །༧ དེ་ལས་འདིར་ཡེ་ཤེས་མགོན་པོ་ཉིད་ལའང་སྤྲུལ་གཞི་དང་སྤྲུལ་པའི་ཁྱད་པར་ལས། མགོན་པོའི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། འདིར་བཅོམ་ལྡན་འདས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཉིད། ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། གདུལ་བྱ་ཞི་བས་མི་ཐུལ་བ་འགའ་ཞིག་མངོན་སྤྱོད་དྲག་པོས་བཏུལ་བ་དང་། ཁྱད་པར་དུ་དམ་པའི་ཆོས་སྒྲུབ་པ་ལ་གེགས་སུ་བྱེད་ཅིང་འགྲོ་བ་རྣམས་ཀྱི་མངོན་མཐོ་དང་ངེས་ལེགས་འཇོམས་པའི་བདུད་དཔུང་དང་བཅས་པ་འདུལ་ཞིང་། བར་དུ་གཅོད་པ་ཐམས་ཅད་ལས་ངེས་པར་སྐྱབས་པ་དང་། གསང་ཆེན་སྙིང་པོས་མཚོན་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བར་བྱ་བའི་ཕྱིར་དུ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུར་བཞེངས་ཏེ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་ཞིང་བཞུགས་པ་ལ། ཞལ་མངོན་སུམ་དུ་བསྟན་ཏེ་ཕྲིན་ལས་བསྒྲུབ་པ་ཞལ་གྱིས་བཞེས་ནས། མགོན་པོ་ཉིད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་མན་ངག་མཐའ་དག་པ་ཕུལ་ཏེ་ཕྱི་རབ་ཀྱི་གང་ཟག་སྣོད་ལྡན་ལ་རྒྱུད་ནས་བསྟན་པ་བསྲུང་བའི་ཆ་རྐྱེན་དང་། དེ་དག་ཚུལ་དང་མཐུན་པར་གང་གིས་སྤྱོད་པ་ལ་དཔལ་མགོན་འཁོར་བཅས་ལུས་དང་གྲིབ་ལྟར་འཁོར་ནས་སྲུང་སྐྱོབ་བྱེད་པ་ཁས་བླངས། དམ་ཚིག་གིས་བྲོ་བོར་ཏེ་མགོན་པོའི་འཁོར་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀུན་གྱིས་ཀྱང་སློབ་དཔོན་གྱི་སྤྱན་སྔར་རང་རང་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །དེ་ནས་སློབ་དཔོན་ཉིད་བོད་ཡུལ་དུ་འགྲོ་བའི་དོན་མཛད་པའི་དུས་སུ་དཔལ་མགོན་གྱི་རྒྱུད་དང་སྒྲུབ་ཐབས་རྣམས་ཚར་མང་ཞིག་གཏེར་ཤོག་ལ་བཀོད་ནས་ཟབ་གཏེར་ཐ་དད་དུ་སྦས་ཤིང་། དུས་ལ་ནམ་བབས་གཏེར་སྟོན་སོ་སོས་གདན་དྲངས་ཏེ་བསྟན་བའི་བཙས་དང་ཆ་རྐྱེན་དུ་གྱུར་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་སྲུང་མ་ཁྱད་པར་ཅན་འདི་ཉིད་ཀྱི་གདམས་བསྐོར་ཟབ་མོ་འདི་ཉིད་ནི། སྒྲུབ་ཐབས་ལས། ཨེ་མ་བདག་ཉིད་པདྨ་འབྱུང་༔ སྔོན་འདས་རྒྱལ་བའི་ལུང་བསྟན་ཐོབ༔ ད་ལྟ་བསྟན་པ་འཛིན་སྐྱོང་སྤེལ༔ མ་འོངས་སྤྲུལ་པས་འགྲོ་བ་འདུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཕོ་བརྒྱུད་མགོན་པོའི་སྲོག་སྙིང་ཕུལ༔ ཡེ་ཤེས་མགོནཔོ་ཕྱག་བཞི་པ༔ འཕགས་པ་མཆོག་གི་སྤྲུལ་པ་སྟེ༔ བརྒྱུད་འདིའི་བཀའ་ཡི་སྲུང་མ་མཆོག༔ དེ་ཕྱིར་ཆོས་འདིའི་བསྟན་བསྐྱང་ཕྱིར༔ སྒྲུབ་པ་ཉམས་ལེན་རིམ་པ་འདི༔ ཡི་གེར་བྲིས་ནས་གཏེར་དུ་བཅོལ༔ ལན་ཅིག་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང་༔ སངས་རྒྱས་བསྟན་པའི་སྲུང་མར་ཤོག༔ ཞེས་གསུངས་པ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་གིས་རྩོད་དུས་ཀྱི་གདུལ་བྱ་རྣམས་ལ་དགོངས་ནས། མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་དུ་འཕགས་པ་མ་རིག་མུན་སེལ་གྱི་གདམས་བསྐོར་གྱི་བཀའ་སྲུང་དུ། དཔལ་མགོན་འདིའི་སྒྲུབ་སྐོར་རྣམས་བསྩལ་ནས་འགྲོ་དོན་འབྱུང་བའི་ལུང་བསྟན་བཀའ་རྒྱ་དང་བཅས་སྦས་པ་ལས། སློབ་དཔོན་ཆེན་པོ་ཉིད་ཀྱིས་ཇི་ལྟར་ལུང་དུ་བསྟན་པ་བཞིན་དུ་འགྲོ་དོན་དུས་བབས་ཀྱི་གཏེར་ཆེན་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས། རྒྱུད་གདམས་སྐོར་ཆ་ལག་ཚང་བར་སྤྱན་དྲངས་པར་གནང་བའི་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲོག་དབང་ཟབ་མོ་བསྐུར་བར་སྐབས་སུ་བབས་པ་སྟེ། དེ་ལ་ཡང་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བྱ་བ་རྣམས་གོང་དུ་ལེགས་པར་གྲུབ་ཟིན་པས་ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཐོག་མར་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡའ་སྦྱར། མཎྜལ་ཕུལ་གྲུབ་ནས། དེ་ནས་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་དབང་ཆེན་རྟ་མགྲིན་ལ་ཕྱོགས་དུས་ཀྱི་སྐྱབས་གནས་རྣམས་དང་། ཁྱད་པར་དུ་དཔལ་མགོན་འཁོར་དང་བཅས་པས་བསྐོར་ནས་བཞུགས་པར་མོས་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས། ནམ་མཁའི་མཐའ་མཉམ་ཕ་མ་འགྲོ་དྲུག་རྣམས། །སྐུ་གསུམ་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྡང་དགྲ་གནོད་བྱེད་འགྲོ་བ་སེམས་ཅན་རྣམས། །དགེ་བས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། སྐྱབས་སེམས་འདི་གཏེར་ཆེན་གྱིས་མཛད་པའི་སྔོན་འགྲོ་ནས་བླངས་པ་ཡིན། དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་ཐུན་མོང་གི་རྒྱུད་སྦྱོང་བ་སྔོན་དུ་སོང་ནས། དངོས་གཞི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་ཧེ་རུ་ཀ༔ དཔལ་ཆེན་བླ་མ་དགོངས་སུ་གསོལ༔ སྲིད་གསུམ་དྲེགས་པའི་ཆེ་བཙན་དཔལ༔ མ་ཧཱ་ཀཱ་ལའི་དབང་བསྐུར་ཞུ༔ ཅེས་ལན་གསུམ་ཞུ༔ དེ་ནས་སློབ་མ་རྣམས་ཀྱི་རྒྱུད་སྦྱངས་ཤིང་པདྨ་ཧེ་རུ་ཀའི་བསྐྱེད་རིམ་ཕོག༔ བཛྲ་ཀྲོ་ཏའི་སྔགས་དང་ཨ་བེ་ཤ་ཡས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ༔ ཞེས་གསུང་པའི་དོན། འདི་ལྟ་བུའི་བཀའ་སྲུང་དྲག་རྩལ་ཅན་གྱི་སྲོག་དབང་བཀའ་གཏད་ཞུ་བར་བྱེད་པ་ལ་སློབ་མ་སྔོན་ནས་ཡི་དམ་གྱི་བསྐྱེད་རིམ་གདེངས་སུ་གྱུར་པ་དང་༔ སྣང་སྲིད་ཆོས་སྐུའི་རོལ་པར་ཤེས་པ་ཅིག་མེད་ན་ལྷ་འདྲེའི་ཞུད་མི་ཐུབ་སྲུང་མ་དམ་ལ་མི་འདུ། དྲེགས་པ་ཟིལ་གྱིས་མི་གནོན་ལ་ཁྱད་པར་དབང་ངེས་པར་ཐོབ་པར་བྱེད་པ་ལ་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་མ་ཞུགས་པ་ཅིག་ནན་ལྟར་གལ་ཆེ་སྟེ༔ ཐ་མལ་འཁྲུལ་རྟོག་རང་ག་མ་ལ་ནི་བྱིན་རླབས་ཡེ་ཤེས་འཇུག་པའི་ཡུལ་མ་ཡིན་པའི་ཕྱིར་དེས་ན། ལས་བུམ་གྱི་ཆུ་འཐོར་ཞིང་། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས་ཁྱེད་རང་སྐད་ཅིག་གིས་ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་དཔལ་ཁྲོ་བོའི་རྒྱལ་པོ་པདྨ་དབང་ཆེན་སྐུ་མདོག་དམར་པོ་ཞལ་གདངས་ལྗགས་འགྲིལ་མཆེ་བ་གཙིགས་པ་སྤྱན་གསུམ་རབ་རུ་བགྲད་པ་ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། རྟ་སྐད་འཚེར་ཞིང་བདུད་བཞི་འདུལ་བ་དུར་ཁྲོད་ཆས་བརྒྱད་གསོལ་བ། ཞབས་དོར་སྟབས་སུ་བགྲད་པ། གཟི་བརྗིད་ཀྱི་འོད་ཟེར་ཉི་མ་འབུམ་ལྟར་འབར་བ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་། བླ་མའི་སྐུའི་འོད་ཟེར་གྱིས་འོག་མིན་ཆོས་ཀྱི་དབྱིངས་དང་། གསང་ཆེན་རོལ་པའི་དུར་ཁྲོད་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་བྱུང་སྙམ་པའི་མོས་པ་མཛོད། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་ཨཱཿ ཞེས་སྤོས་རོལ་དང་བཅས་བྱིན་དབབ་པའི་དམིགས་པ་དྲག་ཏུ་བྱས་ལ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་ལ་བརྟན་པར་བྱའོ། །དེ་ནས་དབང་བསྐུར་བ་ནི།གཞུང་ལས། དེ་ནས་མགོན་པོའི་དཔལ་གཏོར་ཙཀ་ལིས་བརྒྱན་ཅིང་དར་ནག་གི་གུར་ཕུབ་པ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ གཏོར་སྣོད་བྷན་དྷ་ཡངས་པའི་སྣོད་མཆོག་ཏུ༔ དཔལ་བཤོས་འབར་བ་ཡེ་ཤེས་མགོན་པོའི་སྐུ༔ བརྒྱུད་འཛིན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཁྲག་མགྲིན་པར་བཞག་ལ༔ ཧཱུྃ༔ ལྕང་ལོ་ཅན་གྱི་ཐོད་སྣོད་ཡངས་པ་རུ༔ དམར་ཆེན་འབར་བ་རཀྟའི་བདུད་རྩི་བསྐྱིལ༔ ནུས་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཝཀྐ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་མཐིང་ནག་དར་གྱི་ཅོད་པན་དང་བཅས་པ་སྙིང་ཁར་བཞག་ཅིང་༔ ཧཱུྃ༔ གནམ་ལྕགས་འབར་བའི་གྲི་གུག་ཧཱུྃ་གིས་མཚན༔ མཐིང་ནག་དར་ཀྱི་ཅོད་པཎ་ཀུན་ཏུ་འཕྱོ༔ དམ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཙིཏྟ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩེ་གསུམ་ལྟེ་བར་བཞག་ཅིང་༔ ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ མི་མགོ་སྐམ་རློན་སྐྲ་ཡི་ལན་ཕྲན་ཅན༔ བསྟན་འཛིན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་རཏྣ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨཱ༔ རལ་གྲི་ལག་ཏུ་གཏད་ཅིང་༔ ཧཱུྃ༔ སྤུ་གྲི་འབར་བ་རྡོ་རྗེའི་ཡུ་བ་ཅན༔ དྲག་པོའི་མཚོན་ཆ་སྣ་ཚོགས་བུ་ཡུག་འཐིབ༔ བསྟན་སྐྱོང་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་འཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨཱ༔ དེ་ནས་ལིང་ག་དགུག་གཞུག་དྲག་ཏུ་བྱས་ལ། ཛཿཧཱུྃ་བཾ་ཧོས་ཕྱག་རྒྱས་བསྡམས་ཤིང་༔ ཞེས་པར་དྲག་པོའི་སྒྲོལ་དབང་ནི། གོང་ནས་སྟ་གོན་བྱས་པའི་ལིངྒ་འབྲུབ་ཁུང་ངམ་ཐོད་ངན་ལྕགས་སྡེར་གང་རིགས་སུ་བཅུག་ཅིང་ཁྲག་གིས་སྦགས་པ་སློབ་མའི་མདུན་དུ་བཤམས༔ ཕུར་པ་རལ་གྲི་གྲི་གུག་སོགས་ཀྱི་ཕྱག་མཚན་མཚོན་ཆ། ཐུན་རྫས་དང་བཅས་པ་མདུན་དུ་བསགས་ནས། དཔོན་སློབ་གཉིས་ཀ་རྟ་མགྲིན་དང་མགོན་པོའི་ཐ་མི་དད་པར་གསལ་བའི་ངང་ནས། སྤྲོ་ན་འདི་ཉིད་ཀྱི་གདབ་ལས་ནས་བྱུང་བའི་བསྒྲལ་ལས་རྒྱས་པར་བྱ་བའམ། བསྡུ་ན། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག ཅེས་ལན་གསུམ་མཐར། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛ༔ ར་ཡ་ཙ་དུ་ཁ་ཁ་མུ་ཁ་ཧཱུྃ་ཧཱུྃ་བྷྱོ་བྷྱོཿཛ་ཛཿཙིཏྟ་བཛྲ་ས་མ་ཡ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཁུག་ཁུག་ཐུཾ་རི་ལི་ལི་སརྦ་རྦད་བྷྱོ་ཛ༔ ཛ་ཧཱུྃ་བཾ་ཧོ༔ ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་། ཨཱོཾ་བཛྲ་ཨང་ཀུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ བཛྲ་ཨཱ་བེ་ཤ་ཡཱ་ཨ་ཨཱཿ དེ་ནས་སློབ་བུས་ལྷར་གསལ་བས་ཐུན་དང་མཚོན་གྱིས་ལིང་ག་བསྒྲལ་ཞིང་། ཧཱུྃ༔ ནག་པོ་འབར་བ་གཙོ་འཁོར་སྤྲུལ་པ་དང་། བྲན་གཡོག་འཁོར་བཅས་དྲག་རྩལ་མྱུར་མགྱོགས་ཀྱི༔ སྣ་ཚོགས་མཚོན་དང་འབར་བའི་རལ་གྲི་ཡིས༔ ལྷག་མ་མེད་པར་ཚལ་པར་དུམ་བུར་གཏུབས༔ ཨོཾ་མ་ཧཱ་ཀཱ་ལ་མ་མ་དུ་ཛ༔ ཨོཾ་མ་ཧཱ་ཀཱ་ལ་ནྲི་ཏྲི་ཐུམ་རིལ་རྦུད༔ ཏྲག་རཀྴ་ཐུཾ་རིལ་རྦད༔ མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཱ་ཡཱ༔ སྙིང་རྩ་ལ་རྦད་རྦད༔ རུ་རུ་པ་ཙ་ཡཱ༔ མ་ཧཱ་ཀཱ་ལ་བྷྱོ་བྷྱོ༔ དགྲ་བོའི་ཙིཏྟ་གཏུབས་གཏུབས༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཤག་ཤག་ཕྱེས་ཕྱེས༔ མ་མ་ཏྲག་རུ་ཊ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་དྲག་སྔགས་ཀྱི་བཟླས་པས་དམོད་ཅིང་ཕྱག་མཚན་དང་ཐུན་གྱིས་བརྡེག བསྒྲལ་ལས་བྱ་ཞིང་གཏོར་མ་འབུལ། ཅེས་གསུངས་པ་ལྟར་བསྒྲལ་ཞིང་། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་དགྲ་བགེགས་བསྒྲལ་བའི་མ་ཧཱ་མཾ་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིང་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་སྔགས་བཟླ་བཞིན་ལིང་རོ་གཏོར་མར་སྟོབས་པར་བྱའོ། །དེ་ནས་དར་ནག་ལག་གཡས་སུ་གཏད་སྒྲུབ་ཡིག་གཡོན་དུ་གཏད་ཅིང་འདི་སྐད་དོ། ཧཱུྃ༔ མ་ཡེངས་བུ་ཁྱོད་སློབ་དཔོན་ངག་ལ་ཉོན༔ དར་ནག་སྒྲུབ་ཡིག་མགོན་པོའི་བླ་རྡོ་སྟེ༔ ཁྱོད་ལ་གཏད་དོ་ནམ་ཡང་མ་བཏང་བཟུང་༔ མ་ཧཱ་ཀཱ་ལ་ནག་པོ་སྟོང་གི་ཚོགས༔ མ་མོ་བྱེ་བ་ཤ་ཟ་འབུམ་གྱི་སྡེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིས༔ དམ་ལ་གནས་པའི་རྡོ་རྗེ་སློབ་བུ་འདིས༔ བྱིན་པའི་ཟས་ཟོ་བཅོལ་བའི་ཕྲིན་ལས་སྒྲུབས༔ དམ་ལྡན་རྣམས་ལ་བསྲུང་ཞིང་མེལ་ཙེ་མཛོད༔ དམ་མེད་ལོག་པར་ལྟ་བ་རྡུལ་དུ་རློག༔ ཅེས་བརྗོད་བསྐུལ་བ་འདོན་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕེན་པའམ༔ མངའ་གསོལ་བྱ་ཞིང་རྟེན་གཏོར་དུ་བཅང་ཡང་རུང་ངོ་༔ ཤ་ཁྲག་ཆང་སོགས་ཕངས་མེད་ཀྱི་ཚོགས་བྱ༔ བསྔོ་སྨོན་ཀྱི་རྗེས་སྐྱོང་དཀྱིལ་འཁོར་ཀྱི་ལས་རྗེས་མི་མངོན་པར་བྱའོ༔ དམ་ལ་གནས་ཤིང་སྒྲུབ་པའི་བསྟན་པ་འཛིན་ངེས་མ་གཏོགས་སུ་ཐོད་ཐོད་ལ་སྦྱིན་ན༔ རང་ལ་ནག་པོ་ཆེན་པོའི་འཁུ་ལྡོག་ཡོང་བས་སྐལ་ལྡན་རེ་རེ་རྩམས་ལས་སྤེལ་མི་རུང་ངོ་༔ ཤིན་ཏུ་གསང་བར་བྱའོ༔ སྱ་མྱ་ཡྻཱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ སྱ་མྱ་ཡྻཱ།བདག་སྤྲང་བན་དྷེ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་པའོ། །གཏོར་མ་ཟོར་དུ་འཕེན་པར་གསུངས་ཀྱང་བསྐུལ་བ་བཏོན་ནས་གཙང་སར་གཤེགས་ན་མཐུས། དེ་ནས་སློབ་དཔོན་གྱིས་མེ་ཏོག་འཐོར་ཞིང་། ༈ མགོན་པོའི་བཀྲ་ཤིས་ཉང་གཏེར་མགོན་པོའི་བསྟོད་པ་ཁ་བསྒྱུར་བ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་གདུག་པ་མ་ལུས་འདུལ་བའི་ཕྱིར། །དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །རྡོ་རྗེ་ནག་པོ་ཡབ་ཡུམ་བཀྲ་ཤིས་ཤོག །སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །སྲིན་པོའི་གཟུགས་ཅན་གདུག་པ་ཀུན་འདུལ་པའི། །ལས་མགོན་ནག་པོ་ཆེན་པོའི་བཀྲ་ཤིས་ཤོག །གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས། །འཁོར་ཚོགས་སྡེ་དང་དཔུང་དང་ཕོ་ཉར་བཅས། །གྲངས་མེད་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཞེས་དང་། གང་གིི་མཐུ་དང་མངོན་པར་ཤེས་པའི་དཔལ། ཉེ་བར་བསྒྲུབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་བསྲུང་པ། །རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཞེས་སོགས་བརྗོད། དམ་ཚིག་ཁས་བླངས། གཏང་རག་མཎྜལ། སྐུ་དྲིན་གསོ་བ། དགེ་བ་བསྔོ་བ། རྗེས་ཀྱི་བྱ་བ་རྣམས་གསང་བ་ལ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། ༈ མཐུ་སྟོབས་མི་བཟད་རྡོ་རྗེ་རྩེ་བརྒྱ་པ། །གདེངས་པས་ལོག་ཕྱོགས་ས་འཛིན་བགྲོད་པའི་རྒྱུན། །གཅོད་ལ་ཆེས་ཟབ་དབང་པོའི་མཚོན་རྣོན་བཞིན། །ཚུལ་འདི་ལག་ཏུ་བླངས་པ་བླ་མའི་དྲིན། ༡ དཔལ་མགོན་ནག་པོའི་སྲོག་དབང་ཟབ་ཁྱད་ཅན། །འདིར་ཡང་འཇུག་བདེའི་ཁྲིགས་སྡེབས་བྱོས་ཤིག་ཅེས། །རྣམ་འདྲེན་དམ་པའི་བཀའ་སྩལ་ལྕི་ཕེབས་པས། །འདི་དང་འདིའི་རིགས་མང་དུ་བགྱིས་ཡོད་དོ། ༢ མཁས་རྣམས་མཁྱེན་དཔྱོད་པདྨའི་བསུང་ཞིམ་དག །མི་ལེན་བླུན་བློ་སྟག་མའི་མེ་ཏོག་ཁ། །འབྱེད་བརྩོན་ཚིག་དོན་འཁྲུལ་ལ་བསྐྱེད་པའི་དྲིར། །གདུང་སེལ་ཉིང་ཁུར་བཞེས་འདི་ཅི་ཞིག་ལགས། ༣ མི་ཤེས་བཞིན་དུ་རྨོངས་པའི་བབ་ཅོལ་ལ། །ཡི་གེར་བཀོད་པའི་དགོས་པ་གཞན་ཡོད་མིན། །བཤེས་གཉེན་མཆོག་དེས་བཞེད་བསྐོང་ཁོ་ནར་སྟེ། ཅི་གསུང་ཇི་བཞིན་བསྒྲུབ་པའི་ལག་རྟགས་ཡིན། ༤ བླུན་བློས་རྟོག་བརྟག་དུ་མའི་ལྷན་པ་རྣམས། །བློ་ངན་སྐུད་པས་གཅིག་ཏུ་བཙེམས་བྱས་འདི། །ཆེན་པོའི་རྒྱན་དུ་ནམ་ཡང་འོས་མིན་ཀྱང་། །ཉམས་ཆུང་རྨོངས་བློའི་ལྷག་སྐྱོབས་རུང་ཡང་སྲིད། ༥ འདི་འབད་དགེ་བས་བདུད་དགྲའི་གཡུལ་ལས་རྒྱལ། །འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་རེག །ཡོངས་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་པད་བརྟན། །བསྟན་པའི་ལྕགས་རིར་མཐོ་སྙེགས་གཡོ་མེད་ཤོག། ༦ དེ་ལྟར་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲོག་དབང་བྱ་ཚུལ་འདི་ཡང་རྣམ་འདྲེན་དམ་པ་འགྱུར་མེད་བློ་ལྡན་གྱིས་ནན་བསྐུལ་ལྡོག་མེད་ཀྱི་གསུང་ངོར་གཏེར་གཞུང་སོར་བཞག་དབང་བཤད་མཚམས་སྦྱོར་ཅུང་ཟད་གསར་དུ་བགྱིས་ཤིང་གཞན་ཁྲིགས་སུ་བསྒྲིགས་འོས་རྣམས་ཕྱག་བཞེས་སུ་བཀོད་པ་འདི་ཡང་བྱ་བྲལ་ཝ་གི་དྲའི་མིང་གིས་བྲིས་པ་ཉེས་གྱུར་སྲིད་ན་རྩ་གསུམ་སྲུང་མའི་ཚོགས་རྣམས་ལ་སྙིང་ནས་བཤགས་སོ།། །།


previousདཔལ་ཡེ་ཤེས་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ།next