Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
སྒྲུབ་ཐབས་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཐབས་ཡིད་བཞིན་ནོར་བུ།next

སྒྲུབ་ཐབས་ཡིད་བཞིན་ནོར་བུ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགས༔ དམིགས་མེད་མཐའ་བྲལ་ཆོས་སྐུ་སྣང་མཐའ་ཡས༔ འགག་མེད་རང་གསལ་ལོངས་སྐུ་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྟོན་པ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ དེ་ཡང་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི་ལ་དོན་རྣམ་པ་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པའོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ༔ དེ་ལ་བྲི་བ་དང་སྒྲུབ་རྫས་འགོད་པའོ༔ དང་པོ་དེ་ལ་བྲི་བ་ནི༔ སྟེགས་བུ་ཤིན་ཏུ་འཇམ་པའི་སྟེང་དུ་བཅུ་དྲུག་ཐིག་ཏུ་གདབ་ཅིང་ལོ་མ་ལོ་ཆུང་ལན་གསུམ་གཏུབས་ཏེ༔ ལྟེ་བའི་ཆ་སྟེ་ཟླུམ་པོར་བྱ༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི༔ དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་དེ༔ དེ་ཡི་ཕྱི་རིམ་འདབ་མ་དྲུག༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་ལ་པདྨ་འདབ་མ་སྟོང་ལྡན་དུ་འབྲི༔ ཆ་བཞི་པ་ནི་མི་གདབ་ཁྱམས་སུ་བཞག་ཅིང་ལྷག་མ་རྣམས་ལ་སྒོ་རྫོགས་ལ་སོགས་སྤྱི་འགྲོས་ལྟར་བྲི་ཞིང་ལྷའི་སྐུ་མདོག་དང་མཚུངས་པའི་ཚོན་གྱིས་བསྒྱུར༔ སྒོ་གྲུ་ལ་སོགས་སྤྱི་ལྟར་མཛེས་ཚོན་བྱུག༔ གཉིས་པ་སྒྲུབ་རྫས་འགོད་པ་ནི༔ དབང་དང་བུམ་སྒྲུབ་རང་གཞུང་ལྟར་ལ༔ འདིར་སྒྲུབ་པ་ཆིག་རྐྱང་གི་སྒྲུབ་རྫས་ནི༔ དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར་ཉེར་ལྔའི་བུམ་རྫས་ལྡན་པའི་བུམ་པ་ཁ་རྒྱན་མགུལ་ཆིངས་གྱིས་སྤྲས་ཤིང་གཟུངས་ཐག་རྡོ་རྗེས་བརྒྱན་པ་བཤམས༔ བུམ་པའི་སྟེང་དུ་གཙོ་བོའི་འདྲ་འབག་གམ་རས་བྲིས་ལ་དར་དམར་པོའི་གུར་ཕུབ༔ གཡས་སུ་སྨན་གཡོན་དུ་རཀྟ་མདུན་དུ་གཏོར་མ་རྒྱབ་ཏུ་པོ་ཏི་བཤམས༔ དེའི་ཕྱི་རོལ་རྣམས་སུ་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་ཚོགས་ཀྱི་འཁོར་ལོ་ལ་སོགས་རྒྱས་པར་དཀྲམ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་བསྒྲུབ་པའི་རིམ་པ་ལ་བཅུ་གཉིས་ཏེ༔ ཏིང་ངེ་འཛིན་གསུམ་དང་ཞིང་ཁམས་ཕོ་བྲང་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བསྙེན་སྒྲུབ་བོ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨཱོཾ་མ་ཧཱ་ཤུ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཅེས་བརྗོད་པ་ཙམ་གྱིས་སྤྲོས་མེད་རྣམ་པར་དག་པ་ཆེན་པོའི་རང་བཞིན་ལས༔ ཆོས་སྐུ་དེ་བཞིན་ཉིད་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་བརྡལ་ཕྱོགས་ལྷུང་མེད་པར་བསམས༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱོཾ་དྷརྨ་དྷརྟུ་སྭ་བྷཱ་ཝ་སརྦ་ཤུདྡྷེ་ཨཱ༔ ཅེས་བརྗོད་པ་ཙམ་གྱིས་གདོད་ནས་དག་པའི་བདེ་བ་ཆེན་པོ་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བ་དེ་རང་ངོ་རང་རིག་དྲི་མེད་དུ་མི་ཤེས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ༔ བྱམས་མགོན་ཐུགས་རྗེའི་བརྩེ་བ་ཆེན་པོའི་སྙིང་རྗེ་དྲག་པོས་ཀུན་ལ་ཁྱབ་པར་བསྒོམ༔ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཨཱོཾ་ཨཱ༔ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་བཛྲ་ཧྲཱི༔ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཐམས་ཅད་འཕགས་པའི་ཐུགས་དང་གཉིས་སུ་མེད་ཀྱང་རང་ངོ་རང་གིས་མ་ཤེས་པའི་འཁྲུལ་བ་འགྲོ་བ་དྲུག་གི་མུན་པ་བསལ་པའི་ཕྱིར༔ འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་རང་མདངས་ལས༔ རྒྱལ་བ་ཀུན་འདུས་འཕགས་པ་མ་རིག་མུན་སེལ་གྱི་ཐུགས་སྲོག་ས་བོན་ཡི་གེ་ཧྲཱིཿཚེག་དྲག་དང་ལྡན་པ་ཞིག་རྒྱུའི་ངོ་བོ་ཁམས་གསུམ་སྒྲོལ་བའི་གཉེན་པོར་རང་ཤར་བར་བསྒོམ༔ བཞི་པ་ཞིང་ཁམས་བསྐྱེད་པ་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་ཞེས་བརྗོད་པ་ཙམ་གྱིས་རྒྱུའི་ས་བོན་ཐུགས་སྲོག་ཡི་གེ་ཧྲཱིཿདེ་ལས་ཨེ་མཐིང་ནག་ཅིག་ཆད་པས་སྟོང་ཉིད་མཐའ་དབུས་བྲལ་བའི་ཀུན་ཁྱབ་ཀྱི་ནམ་མཁའ་ཆེན་པོ་ཞིག་ཏུ་བསམ༔ ཡཾ་ལྗང་གུ་ཞིག་ཆད་པས་རྡོ་རྗེ་རང་བྱུང་གི་རླུང་ཆེན་པོ་རྒྱ་གྲམ་བསྣོལ་བའི་ཚུལ་ཅན་ཞིག་ཏུ་གྱུར་པ་བསམ༔ རཾ་དམར་པོ་ཞིག་ཆད་པས་རཀྟའི་རྒྱ་མཚོ་མུ་མཐའ་མེད་པར་ཁྱབ་པ་ཞིག་ཏུ་བསམ༔ སུཾ་སེར་སྐྱ་ཞིག་ཆད་པས་དབང་ཆེན་གྱི་ས་གཞི་བཀོད་ལེགས་པ་ཞིག་དུ་བསམ༔ ཀེཾ་དམར་པོ་ཞིག་ཆད་པས་རི་རབ་ཆེན་པོ་གྲུ་གསུམ་པའི་ཚུལ་ཅན་བརྗིད་དང་ལྡན་པ་ཞིག་ཏུ་བསམ༔ རཾ་དམར་པོ་ཞིག་ཆད་པས་ཡེ་ཤེས་ཆེན་པོའི་མེ་རི་མེ་དཔུང་ཕྱོགས་བཅུར་འབར་བ་ཞིག་ཏུ་བསམ༔ ལྔ་པ་ཕོ་བྲང་བསྐྱེད་པ་ནི༔ བྷྲཱུྃ་བྷི་ཤ་བྷི་ཤུདྡྷེ་ཛྙ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ ཅེས་བརྗོད་པ་ཙམ་གྱིས་ས་བོན་ལས་བྷྲཱུྃ་སེར་པོ་འོད་ལྔ་ལྡན་པ་ཞིག་ཆད་པ་ལས་རིན་ཆེན་འབར་བའི་གཞལ་ཡས་ཀྱི་ཁང་ཆེན་པོ་རྒྱུ་རིན་པོ་ཆེ་ལྔ་ལས་བརྩིགས་པ༔ གྲུ་བཞི་སྒོ་བཞི་མཛེས་ཤིང་ལྟ་ན་སྡུག་པ༔ འོད་དང་འོད་ཟེར་གྱི་ཚོགས་མང་པོ་དྲྭ་བ་ར་བ་འབྲེལ་ཞིང་འདོད་སྣམ་ལ་མཆོད་པའི་ལྷ་མོ་མང་པོས་གར་བྱེད་པ༔ ཕྱི་ནང་ཀུན་ཏུ་གསལ་ཞིང་ཡོངས་སུ་གསལ་བ༔ ཡེ་ཤེས་ཀྱི་རླུང་གི་ཁོར་ཡུག་ཅན་ཟླ་ཕྱེད་རྡོ་རྗེའི་སྐར་ཁུག་མཛེས་པ༔ ངོ་མཚར་རྨད་བྱུང་རྒྱལ་བ་རྒྱ་མཚོའི་ཕོ་བྲང་ཆེན་པོ་མ་བཅོས་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཆེན་པོ་ཞིག་ཏུ་བསྒོམ་མོ༔ དྲུག་པ་ལྷ་བསྐྱེད་པ་ནི༔ པཾ་པདྨ་མ་སཱུ་རྱ་ཨ་ཙཎྜ་མཎྜལ་བྷྲཱུྃ༔ ཅེས་བརྗོད་པ་ཙམ་གྱིས་ཆོས་དབྱིངས་གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་ཀུན་ཏུ་གདན་སུམ་བརྩེགས་རེས་ཁྱབ་ཅིང་འོད་ཟེར་དུ་འཚེར་བའི་དབུས་སུ་འཕགས་པའི་ཐུགས་སྲོག་ཡི་གེ་ཧྲཱིཿདེ་ཁྲ་ཐབས་ཀྱི་ཚུལ་གྱིས་སྐད་ཅིག་ཉིད་ལ་བབས་པ་ལས༔ ཧྲཱིཿཧྲཱིཿཞེས་པའི་སྒྲ་ཆེན་པོས་འཁོར་འདས་ཐམས་ཅད་ཁྱབ༔ འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་ཞིག་འཕྲོས་པ་ལས༔ ཡར་འོག་མིན་བདེ་བ་ཆེན་པའི་ཞིང་ཁམས་སུ་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ འགྲོ་བའི་དོན་མཛད་པར་བསྐུལ༔ ཐུགས་རྗེ་བྱིན་རླབས་ཐམས་ཅད་བསྡུས༔ བར་ལྷ་མིའི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་འཕྲོས་འགྲོ་བའི་ཤེས་རྒྱུད་སྦྱངས༔ དགེ་བའི་ལས་ལ་རྒྱུད་བསྐུལ༔ མར་ངན་སོང་གསུམ་གྱི་གནས་སུ་འཕྲོས་དུག་གསུམ་གྱི་བག་ཆགས་ངན་པའི་ཚོགས་ཐམས་ཅད་སྦྱངས༔ འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ༔ གཟི་བརྗིད་འོད་དུ་འཚེར་ཞིང་ཡོངས་སུ་གྱུར་པ་ལས༔ རང་རིག་གི་ངོ་བོ་འཕགས་པ་མ་རིག་མུན་སེལ་སྐུ་མདོག་བྱི་རུའི་སྡོང་པོ་ལ་ཏིལ་གྱི་མར་ཁུས་བྱུགས་པ་ལྟ་བུ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ་གཡས་ཀྱི་འོག་མས་པདྨའི་ཕྲེང་བ་དམར་པོ་འདྲེན་པ་གཡོན་གྱི་འོག་མས་བདུད་རྩིའི་བུམ་པ་དམར་པོ་བསྣམས་པ༔ སྤྱན་གསུམ་ཤིན་ཏུ་འཛུམ་པའི་མདངས་ཅན་རལ་པའི་གཙུག་ཏོར་རཏྣའི་པྲོག་ཞུ་སྙན་རྒྱན་མགུལ་ཆུན་དཔུང་རྒྱན་གདུ་བུ་མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཕྲེང་དར་སྣ་ཚོགས་ཀྱི་ན་བཟའ་དང་ཅོད་པན་དུ་མ་འཕུར་བའི་པང་དུ༔ ཡུམ་མཆོག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་བཅུ་དྲུག་གི་ན་ཚོད་ཅན་ཕྱག་གཡས་པདྨས་མཚན་པའི་གྲི་གུག་གཡོན་ཚེ་ཡི་བུམ་པ་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ་རྒྱན་དྲུག་གིས་བརྒྱན་ཅིང་པདྨའི་ཕྲེང་བས་དོ་ཤལ་མཛད་པ་དབུ་སྐྲ་གྲོལ་ཞིང་འཛུམ་མདངས་ཅན་ཡབ་ཡུམ་གཉིས་མེད་པད་ཟླའི་གདན་ལ་བཞུགས་པའི་སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་དཔེས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་ཚེ་བུམ་བསྣམས་པ་འོད་ཟེར་འཕྲོ་བ་ཞིག་ཏུ་བསྒོམ༔ འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ཡབ་ཡུམ་གྱི་མདུན་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་ཅིང་ཡུམ་དབྱིངས་ཕྱུག་མ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ གཡས་སུ་སྲས་ནོར་བུ་འཛིན་པ་གཡོན་དུ་སྲས་མོ་རིག་སྔགས་འཛིན་མ་གཉིས་དཀར་དམར་མདངས་དང་ལྡན་པའི་ཕྱག་ན་མེ་ཏོག་དམར་པོའི་ཕྲེང་བ་འདྲེན་པ༔ ཞབས་ཕྱེད་སྐྱིལ་ཅན་རྒྱན་ཕྲེང་དུ་མས་བརྒྱན་ཞིང་དར་སྣ་ཚོགས་ཀྱི་ཅོད་པན་འཕུར་བ༔ སྤྱན་གཉིས་འཛུམ་པའི་མདངས་ཀྱིས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་གཟིགས་ཏེ་བཞུགས་པར་བསྒོམ༔ རྒྱབ་ཏུ་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་སྤྱན་གསུམ་རབ་ཏུ་བགྲད་པ་གྲི་ཐོད་ཅན་རྟ་སྐད་འཚེར་ཞིང་བདུད་བཞི་འདུལ་བ་དུར་ཁྲོད་ཆས་བརྒྱད་གསོལ་ཞིང་ཞབས་དོར་སྟབས་སུ་བགྲད་དེ་མེ་དཔུང་གི་ཀློང་དུ་བཞུགས་པར་བསྒོམ༔ དེའི་ཕྱི་རིམ་པདྨ་འདབ་མ་བཞིའི་ཤར་ཕྱོགས་སུ་མི་བསྐྱོད་པ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་མཱ་མ་ཀི་མཐིང་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་སེར་པོ་རིན་ཆེན་དྲིལ་བུ་འཛིན་ཞིང་ཡུམ་སངས་རྒྱས་སྤྱན་མ་སེར་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་དམར་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་བ་ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ ཡབ་ཡུམ་ཐམས་ཅད་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས་པ༔ ཡུམ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་རང་རྟགས་དང་དྲིལ་བུ་ཅན་རྡོ་རྗེའི་སྐྱིལ་ཀྲུང་རང་འོད་ཀྱི་ཀློང་དུ་བཞུགས་པར་བསྐྱེད༔ དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་ལ་ཤར་དུ་སའི་སྙིང་པོ་དཀར་པོ་ཕྱག་ན་རིན་པོ་ཆེ་དང་མྱུ་གུ་བསྣམས་ཤིང་ཡུམ་ལཱ་སེ་དཀར་མོ་མེ་ལོང་འཛིན་པ༔ ཤར་ལྷོར་བྱམས་པ་དཀར་པོ་ཕྱག་ན་ཀླུ་ཤིང་དང་དྲིལ་བུ་བསྣམས་ཤིང་ཡུམ་པུཥྤེ་དཀར་མོ་མེ་ཏོག་འཛིན་པ༔ ལྷོ་རུ་ནམ་མཁའི་སྙིང་པོ་མཐིང་ག་ཕྱག་ན་རལ་གྲི་དང་དྲིལ་བུ་བསྣམས་ཤིང་ཡུམ་དྷུ་པེ་སེར་མོ་སྤོས་ཕོར་འཛིན་པ༔ ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ་དཀར་པོ་པུ་ཏི་དང་དྲིལ་བུ་བསྣམས་ཤིང་ཡུམ་གྷནྡྷེ་མ་དཀར་མོ་དུང་ཕོར་འཛིན་པ༔ ནུབ་ཏུ་སྤྱན་རས་གཟིགས་དམར་པོ་ཕྱག་ན་པདྨ་དང་དྲིལ་བུ་བསྣམས་ཤིང་ཡུམ་གྷིརྟི་མ་དམར་མོ་པི་ཝཾ་འཛིན་པ༔ ནུབ་བྱང་དུ་ཀུན་ཏུ་བཟང་པོ་མཐིང་ག་རིན་ཆེན་དྲིལ་བུ་ཕྲེང་བ་བསྣམས་ཤིང་ཡུམ་མཱ་ལེ་མ་མཐིང་སྐྱ་ཕྲེང་བ་འཛིན་པ༔ བྱང་དུ་ཕྱག་ན་རྡོ་རྗེ་ལྗང་གུ་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས་ཤིང་ཡུམ་ནཻ་ཝི་ཏི་ལྗང་མོ་ཞལ་ཟས་འཛིན་པ༔ བྱང་ཤར་དུ་འཇམ་དབྱངས་སེར་པོ་ཕྱག་ན་ཨུཏྤལ་དང་དྲིལ་བུ་བསྣམས་ཤིང་ཡུམ་ཨཱ་ལོ་ཀེ་མ་སེར་མོ་མར་མེ་འཛིན་པ༔ དེ་ལྟར་རིགས་ཀྱི་སེམས་དཔའ་ཡབ་ཡུམ་ཐམས་ཅད་ཞབས་ཕྱེད་སྐྱིལ་ཅན༔ སེམས་དཔའ་རྣམས་ཀྱི་གཡོན་ནས་འཛུམ་པའི་མདངས་ཀྱིས་ཡུམ་རྣམས་འཁྱུད་པ༔ ཕྱག་གདུབ་ཞབས་གདུབ་མགུལ་ཆུན་དཔུང་རྒྱན་དོ་ཤལ་ཅོད་པན་དར་དཔྱང་སྣ་ཚོགས་ཀྱིས་བརྒྱན་པ༔ གཞོན་ཚུལ་ལང་ཚོ་རྒྱས་ཤིང་གཟི་བརྗིད་དང་ལྡན་པར་བསྐྱེད༔ དེའི་ཕྱི་རིམ་པདྨ་འདབ་མ་དྲུག་ལ་ཡི་གེ་འབྲུ་དྲུག་གི་འཕྲོ་འདུ་ལས་བརྒྱ་བྱིན་ལྷའི་ཐུབ་པ་སྐུ་མདོག་དཀར་པོ་པི་ཝང་བསྣམས་པ༔ ཐག་བཟང་རིས་ལྷ་མ་ཡིན་གྱི་ཐུབ་པ་སྐུ་མདོག་ལྗང་གུ་གོ་མཚོན་བསྣམས་པ༔ ཤཱཀྱ་སེང་གེ་མི་ཡི་ཐུབ་པ་སྐུ་མདོག་སེར་པོ་ལྷུང་བཟེད་དང་མཁར་གསིལ་བསྣམས་པ༔ སེངྒེ་རབ་བརྟན་དུད་འགྲོའི་ཐུབ་པ་སྐུ་མདོག་མཐིང་ག་པུ་ཏི་བསྣམས་པ༔ ཁ་འབར་སྒྲོམ་བུ་ཡི་དྭགས་ཀྱི་ཐུབ་པ་སྐུ་མདོག་དམར་པོ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ༔ ཆོས་ཀྱི་རྒྱལ་པོ་དམྱལ་བའི་ཐུབ་པ་སྐུ་མདོག་ནག་པོ་མེ་ཆུ་བསྣམས་པ༔ ཀུན་ཀྱང་སྤྲུལ་སྐུའི་མཚན་བཟང་སུམ་ཅུས་བརྒྱན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་འགྲོ་བ་འདུལ་བའི་ཕྱིར་ཞབས་གཉིས་བཤིབས་ཏེ་དྲང་པོར་བཞེངས་པ༔ ཆོས་གོས་ངུར་སྨྲིག་ན་བཟའ་ཅན་དུ་བསྒོམ༔ དེའི་ཕྱི་རིམ་མུ་ཁྱུད་ཕྱི་ནང་གསུམ་ལ་འདས་མ་འོངས་ད་ལྟ་དུས་་གསུམ་གྱི་སངས་རྒྱས་ཀྱིས་གཙོས་པའི་སྟོང་ཕྲག་རྩ་གཉིས་ཀྱི་རྒྱལ་བ་ཐམས་ཅད་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན་ས་གནོན་དང་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཆོས་གོས་རྣམ་གསུམ་གྱི་ན་བཟའ་ཅན་མཚན་དཔེས་བརྒྱན་པ་འོད་ཟེར་འཕྲོ་བའི་ཀློང་དུ་བཞུགས་པར་བསྒོམ༔ གཞལ་ཡས་ཁང་གི་སྒོ་བཞིར་བདུད་བཞི་བརྫིས་པའི་སྟེང་དུ༔ ཤར་དུ་བཛྲ་ཧེ་རུ་ཀཿམཐིང་ནག་རྡོ་རྗེ་གཡས་ལྕགས་ཀྱུ་གཡོན༔ ལྷོར་རཏྣ་ཧེ་རུ་ཀཿསེར་ནག་བེ་ཅོན་གཡས་ཞགས་པ་གཡོན༔ ནུབ་ཏུ་པདྨ་ཧེ་རུ་ཀཿདམར་ནག་དབྱུག་ཐོ་གཡས་ལྕགས་སྒྲོག་གཡོན༔ བྱང་དུ་ཀརྨ་ཧེ་རུ་ཀཿལྗང་ནག་རྒྱ་གྲམ་གཡས་དྲིལ་བུ་གཡོན་ན་བསྣམས་ཤིང་འབར་ཁྲོ་རབ་བརྗིད་ཞབས་དོར་སྟབས་སུ་བཞུགས་པ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་སྤྲས་ཤིང་མེ་ཀློང་དུ་བཞུགས་པར་བསྒོམ༔ ཕྱི་རོལ་ཁྱམས་དང་ཁོར་ཡུག་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལས་བྱེད་རྒྱ་མཚོ་དང་བཅས་པ་ཐམས་ཅད་རང་མདངས་ཀྱི་ངོ་བོར་ཤིགས་སེ༔ ཚོམ་བུའི་རྣམ་པར་སྤུང་ངེ༔ མེ་ལོང་གི་གཟུགས་བརྙན་ནམ་ཆུ་ཟླ་འཇའ་ཚོན་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་ལོ༔ བདུན་པ་སྤྱན་འདྲེན་པ་ནི༔ ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་ཧྲཱི༔སོགས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་སྐར་ལྟར་དུ་འཕྲོས་པས་ཆོས་དབྱིངས་བདེ་བ་ཆེན་པོའི་ཞིང་དང་༔ འགྲོ་འདུལ་པོ་ཊ་ལའི་ཕོ་བྲང་ནས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་དངས་པའི་མཁའ་ལ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་གཟུགས་སྣང་ལྷ་སྐུ་དམ་ཚིག་སེམས་དཔའ་ལ༔ སྣང་སྟོང་གཉིས་མེད་ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་གྱུར་པར་བསྒོམ་མོ༔ བརྒྱད་པ་བཞུགས་སུ་གསོལ་བ་ནི༔ ཕོ་བྲང་ཆོས་དབྱིངས་མཉམ་ཉིད་ཀྱི་གཞལ་ཡས་ཆེན་པོའི་ཕྱི་ནང་ཐམས་ཅད་དུ་གཙོ་འཁོར་ཐམས་ཅད་ཉི་ཟླ་པདྨ་འབར་བའི་གདན་ལ་སྒྲུབ་པ་པོས་མཆོག་ཐུན་གྱི་དངོས་གྲུབ་མ་ཐོབ་བར་དུ་བརྟན་པར་བཞུགས་པར་དམིགས་སོ༔ དགུ་པ་ཕྱག་འཚལ་བ་ནི༔ རང་དང་ལྷ་གཉིས་འདུ་འབྲལ་སྐད་ཅིག་ཀྱང་མེད་པར་བསམ་ཞིང་ཕྱག་འཚལ༔ བཅུ་པ་མཆོད་པ་འབུལ་བ་ནི༔ ཕྱི་འདོད་ཡོན་ལྔ་ལྡན་གྱི་མཆོད་པ༔ ནང་སྨན་རག་གཏོར་གསུམ་གྱི་མཆོད་པ༔ གསང་བ་བདེ་སྟོང་དགའ་བཞིའི་མཆོད་པས་མཆོད་དོ༔ བཅུ་གཅིག་པ་བསྟོད་པ་ནི༔ རང་དང་གཉིས་སུ་མེད་པའི་ཚུལ་གྱིས་བརྡ་དང་རྟགས་ཀྱིས་ཡང་དག་པར་བསྟོད་དོ༔ བཅུ་གཉིས་པ་བསྙེན་ཅིང་སྒྲུབ་པ་ནི༔ དེ་ལྟར་རང་རིག་པའི་རང་གདངས་མ་འགགས་པའི་རང་རྩལ་ལས་རང་ཤར་བའི་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་སྐུ་འཁོར་ཚོམ་བུ་བཀའ་ཉན་སྲུང་མ་ཕོ་བྲང་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ངོ་བོ་ནི་སྟོང་པ་རང་བཞིན་ནི་གསལ་བ་ཐུགས་རྗེ་ནི་འགག་པ་མེད་པ་དེ་ཉིད་ཀྱི་ངང་ལ་དར་ཅིག་མཉམ་ཉིད་དུ་གཞག༔ སྐད་ཅིག་དེ་ལ་ཨཱོཾ་ཨཱཿཧཱུྃ་ཧྲཱི༔ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་པའི་སྒྲ་ཆེན་པོ་ཞིག་གྲགས་པས་འཁོར་འདས་ལམ་གསུམ་ཐམས་ཅད་ཁྱབ༔ ཤེས་རྒྱུད་ཆོས་ལ་བསྐུལ་ཞིང་ཡེ་ཤེས་ཀྱི་ངོ་བོ་རང་གི་སྤྱི་གཙུག་གམ་མདུན་གྱི་ནམ་མཁར་ཡི་གེ་འབྲུ་བཅུ་པ་རྒྱལ་བ་ཐམས་ཅད་ཀྱི་ཡང་སྙིང་གི་ངོ་བོ་དེ་འོད་དམར་པོའི་རྣམ་པ་ལ་ཡི་གེ་རྣམས་གསལ་བར་རང་ཤར་ཞིང་༔ ཡིག་འབྲུ་དེ་རྣམས་ལས་འོད་ཟེར་གྱི་ཚོགས་འཁོར་བ་མྱང་འདས་སྲིད་རྩེ་མནར་མེད་ཀྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས༔ དེ་ཐམས་ཅད་འབྲུ་བཅུ་རྒྱལ་བའི་ཡང་སྙིང་གྲག་སྟོང་ནམ་མཁའི་འབྲུག་སྒྲ་སྒྲོག་པ་ལྟར་གྲགས་པས༔ འཕགས་པའི་བྱིན་རླབས་ཐམས་ཅད་ཐོབ་ཅིང་སྐུའི་དཀྱིལ་འཁོར་མཇལ་གསུང་གི་གདམས་པ་ཐོབ་ཐུགས་ཀྱི་མཁྱེན་བརྩེས་གཟིགས་པར་བསྒོམ་ཞིང་༔ སྙིང་པོ་འབུམ་བདུན་བཟླས་པས༔ འཕགས་པས་ལུང་སྟོན་པ་ཆོས་འཆད་པ་སོགས་འབྱུང་ངོ་༔ སྒྲུབ་པ་ནི་སྣང་སྲིད་མི་དམིགས་པ་སྟོང་པར་སྦྱངས་ཤིང་སྟོང་པའི་ངང་ལས་མ་རིག་མུན་སེལ་གྱི་རང་བཞིན་དུ་ཡེ་ནས་གསལ་བ་དེ་ཡང་གསལ་དུ་གདབ་ཅིང་༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་དང་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་གི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་རྣམས་གཡས་བསྐོར་དུ་འོད་དམར་པོའི་རྟ་ལ་ཞོན་ནས་འཁོར་བ་ལས་འོད་ཟེར་གྱི་ཚོགས་ཉི་མ་འབུམ་གྱི་ཟེར་ལྟར་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་ཁྱད་པར་དུ་འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་དང་༔ ཕོ་བྲང་རི་བོ་ཏ་ལ་ནས་སྤྱན་དྲངས་ཤིང་རང་དང་སྒྲུབ་རྫས་རྣམས་ལ་གཉིས་མེད་དུ་ཐིམ་ཞིང་ཆུ་ལ་ཆུ་བཞག་པའམ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་བསྒོམ་ཞིང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གྷུ་རུ་བྷུདྡྷ་དྷེ་ཝ་ཌཱཀྐི་ནི་ཛྙ་ན་དྷརྟུ་སརྦ་སིདྡྷི་ཧཱུྃ༔ ཅེས་བདུན་འབུམ་མམ་ཉི་ཁྲི་གྲངས་སྦྱར་ཏེ་བཟླས་པས་དངོས་གྲུབ་ཐོབ་པའི་རྟགས་སྣ་ཚོགས་སུ་འབྱུང་བར་འགྱུར་རོ༔ དེ་ཚེ་དགའ་བྲོད་དང་འཁུ་འཕྲིག་གི་འཛིན་པ་མ་ཞུགས་པར་བྱ་སྟེ་ཐམས་ཅད་ཆོས་དབྱིངས་ཀྱི་རོལ་པར་ཤེས་པར་བྱའོ༔ དེ་ལྟ་བུའི་ངང་ནས་སྙིང་པོ་རྒྱུན་ཆད་མེད་པར་བཟླས་པས་འཕགས་པ་མ་རིག་མུན་སེལ་དང་གཉིས་སུ་མེད་པར་འགྱུར་རོ༔ དེ་ཡང་བསྐྱེད་རིམ་ལམ་དུ་བྱས་པའི་སྒྲུབ་ཐབས་བདེ་གཤེགས་རྒྱལ་བ་རྣམས་དང་གཉིས་སུ་མེད་པར་སྒྲུབ་པའི་འབྲས་བུ་སྦྱོར་བ་བྱེད་པའི་རིམ་པ་འདིའི་དོན་ནི༔ ཐ་མལ་གྱི་ཤེས་པ་རྣམ་རྟོག་དང་བཅས་པའི་དུས་སུ་མ་རིག་པའི་སེམས་ཅན་ཞེས་བྱ་བའོ༔ དེ་ཉིད་རང་རིག་ཏུ་ངོ་སྤྲད་པས་སྐད་ཅིག་ཀྱང་གནས་སུ་མི་འདོད་པ་ལ་རྟོག་པ་དུམ་བུ་དུམ་བུར་འཆད་ཅིང་སྣ་ཚོགས་སུ་འཕྲོ་ཚེ༔ རང་རིག་ལ་འཕྲིག་ཚུད་པ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཉམས་སུ་བླངས་པས་བཟང་རྟགས་དང་ངན་རྟགས་སྣ་ཚོགས་འཆར་བའི་སྐབས་ཡིན་ནོ༔ དེ་ཉིད་ངང་ལས་རྐྱེན་ལ་མི་བལྟ་བར་རྒྱུ་ལ་བལྟས་པས་འཁོར་བ་གཞི་མེད༔ སེམས་ཉིད་རྟེན་མེད༔ བྱས་པའི་ལས་ཐམས་ཅད་དོན་མེད་དུ་ཁྲོ་ལེར་སོང་ཚེ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་སྟོང་པའི་རང་བཞིན་དུ་ཡེ་ནས་གནས་པ་དེ་ཉིད་ཀྱི་ངང་ལས་རང་ལྷ་སྐུ་སྦྱངས༔ འགྱུ་བྱེད་འཕྲིན་ལས་སུ་སྦྱངས་པས་སེམས་ཉིད་མ་རིག་པ་དང་བྲལ་བའི་རིག་པ་ངོ་འཕྲོད་པར་འགྱུར་རོ༔ རང་སེམས་རང་གིས་མ་རིག་པའི་དབང་གིས་སྣ་ཚོགས་སུ་འཕྲོ་བ་ནི་སེམས༔ རང་ཉིད་ཀྱི་ངོ་བོ་རང་བྱུང་གི་ཆོས་ཉིད་དུ་ལྟར་གྱིས་ཤར་བ་ནི་རིག་པའོ༔ དེ་ཡང་སེམས་ཅན་རྣམས་ཀྱི་སེམས༔ རྣལ་འབྱོར་པ་རྣམས་ཀྱི་རིག་པ༔ ཆོས་ཉིད་ཀྱི་ངོ་བོ་བྱ་རྩོལ་ལས་འདས་པ་ཞེས་བྱ་བ་དེ་ཐམས་ཅད་མིང་གི་རྣམ་གྲངས་མང་ཡང་དོན་དུ་རང་གི་རིག་པ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པ་འདི་ཡིན་པས༔ མ་བཅོས་པའི་ངང་ལ་སྟོང་ངེ་༔ མི་འགྱུར་བའི་ངང་ལ་སེང་ངེ་༔ རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བ་ནམ་མཁའ་ལྟ་བུ༔ གསལ་ལ་འཛིན་པ་མེད་པ་ཉི་མའི་སྙིང་པོ་ལྟ་བུ༔ གཡོ་འགུལ་དང་འཕོ་འགྱུར་མེད་པ་རི་རབ་ལྟ་བུ༔ ངོ་བོ་ཉིད་ལ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་སྐུའི་རང་བཞིན༔ སྟོང་པའི་རྩལ་སྣང་འགག་མེད་དུ་ཤར་བ་ལོངས་སྐུའི་དཀྱིལ་འཁོར༔ གང་ཤར་གྱི་རིག་རྩལ་ཐམས་ཅད་རང་གྲོལ་དུ་རང་སར་དག་པ་ཐུགས་རྗེ་སྤྲུལ་པའི་སྐུ་སྟེ༔ རང་རིག་དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དེ་གང་ཤར་ལ་འཛིན་པ་མེད་པར་གཞག༔ སྟོང་པ་ཉིད་ལ་དམིགས་གཏད་མེད་པར་གཞག་གོ༔ དེ་ལྟ་བུའི་གདམས་པ་འདི་ནི་འབྲས་བུ་མ་རིག་པ་ཡེ་ཤེས་ལ་ལྡོག་པའམ་སེམས་ཅན་སངས་རྒྱས་སུ་གྲོལ་བ་ཞེས་བྱ་བས༔ སྒྲུབ་ཐབས་དང་བསྐྱེད་རིམ་གྱི་སྙིང་པོ་དམ་པ་འདི་ཁོ་ནའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་གསུམ་སྟེ༔ དང་པོ་ཉམས་སུ་ལེན་པའི་ཐབས་གསུམ་ནི༔ རྨུགས་པར་མ་སོང་བའི་གནས་པ༔ འཛིན་པ་མ་ཞུགས་པའི་གསལ་བ༔ རེས་འཇོག་རེས་སྐྱོང་མ་ཡིན་པའི་བརྩོན་འགྲུས་གསུམ་གྱིས་སྒྲུབ་པའི་ཐབས་ཟབ་མོ་འདི་ཉམས་སུ་ལེན་པར་བྱའོ༔ གཉིས་པ་ཉམས་ལེན་གྱི་དྲོད་ཐོབ་ཚེ་མཐའ་སྐྱོང་བའི་ལས་གསུམ་ནི༔ སྒྲུབ་པ་གྲོལ་ཚེ་དངོས་གྲུབ་མྱུར་དུ་འཐོབ་པའི་ལས༔ སྒྲུབ་རྫས་ལྷའི་ངོ་བོར་མངོན་སུམ་དུ་གསལ་བ་ལ་གསོལ་བ་དྲག་ཏུ་གདབ་ཅིང་དབང་བཞི་ལེན་ནོ༔ ཟག་བཅས་དང་ཟག་མེད་ཀྱི་དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བའི་ལས༔ མར་མེ་སྨོན་ལམ་གྱིས་རྒྱས་འདེབས་སོ༔ བཀྲ་ཤིས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བའི་ལས༔ དགའ་སྟོན་གྱི་ཚོགས་ལ་རོལ་ཞིང་བཀྲ་ཤིས་པའི་གླུ་བྲོས་ཉམས་སྐྱོང་ངོ་༔ གསུམ་པ། འདི་ལྟར་བསྐྱེད་རྫོགས་ཟབ་མོ་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ལ་སྒོ་གསུམ་སྐུ་གསུང་ཐུགས་སུ་མི་གྲོལ་བའི་ཐབས་མེད་པའི་ཕྱིར་འཁྱེར་སོ་གསུམ་གྱི་ལས་གསུམ་སྟེ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་འཕགས་པའི་སྐུ༔ སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ༔ གཟུགས་སྣང་ཐམས་ཅད་སྤྲུལ་སྐུར་གྲོལ༔ སྤྲུལ་པའི་སྐུ་རུ་བྱང་ཆུབ་ནས༔ གཟུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ༔ གཟུགས་སྣང་ཐམས་ཅད་འཕགས་པའི་སྐུ༔ སྒྲ་གྲག་ཐམས་ཅད་འཕགས་པའི་གསུང་༔ གྲག་སྟོང་བརྗོད་མེད་འཁྱེར་སོས་དབྱངས༔ ཡི་གེ་འཁོར་ལོ་གསང་སྔགས་སྒྲས༔ བག་ཆགས་ཚིག་གིས་ཉོན་མོངས་སྦྱོང་༔ ལོངས་སྤྱོད་རྫོགས་སྐུར་བྱང་ཆུབ་ནས༔ གསུང་གི་སྤྲུལ་པས་འགྲོ་བ་འདུལ༔ སེམས་ཉིད་སྤྲོས་བྲལ་གདོད་ནས་དག༔ སྟོང་ཉིད་ཆོས་སྐུར་རང་ཞལ་མཇལ༔ མཐོང་མེད་མཐོང་བ་ཐུགས་རྗེ་ཆེ༔ དྲན་རྟོག་རང་གྲོལ་འཕགས་པའི་ཐུགས༔ ཆོས་ཀྱི་སྐུ་རུ་བྱང་ཆུབ་ནས༔ ཐུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ༔ སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ སྒྲུབ་ཐབས་མཐའ་རྒྱས་གདམས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྣང་བ་མཐའ་ཡས་དགོངས་པ་ཡི༔ སྤྱན་རས་གཟིགས་ཀྱི་ཐུགས་བརྒྱུད་ནས༔ རི་བོ་ཏ་ལའི་ཕོ་བྲང་དུ༔ བདག་འདྲ་མཚོ་སྐྱེས་རྡོ་རྗེ་ལ༔ མ་རིག་མུན་སེལ་ཏནྟྲ་བབས༔ འགྲོ་བའི་དོན་དུ་བོད་འདིར་འོངས༔ སངས་རྒྱས་སྐུ་གསུང་ཐུགས་བསྟན་རྒྱས༔ རྒྱལ་བློན་འབངས་གསུམ་ཆོས་ལ་སྤྱོད༔ མདོ་སྔགས་ཆོས་ཀྱི་ཉི་མ་ཤར༔ མ་འོངས་རྩོད་ལྡན་ཡང་མཐའ་ལ༔ རྒྱ་བོད་ཧོར་སོག་བོད་ན་འདུ༔ མི་ལ་ལུས་ཆས་སྣ་ཚོགས་འབྱུང་༔ ནོར་སྣ་མང་ཞིང་ལོངས་སྤྱོད་རྒྱས༔ ཆོས་པ་རྣམས་ཀྱང་ཐུགས་འཁྲུལ་ཏེ༔ ལོངས་སྤྱོད་མངའ་ཐང་སུ་མཐོ་བྱེད༔ བླ་མེད་ལྟ་སྒོམ་ཚིག་སྨྲ་ཡང་༔ ཆོས་དང་སྤྱོད་པ་ཡ་མ་ཟུང་༔ དེ་དུས་ང་ཡི་ཐུགས་ཀྱི་འཕྲུལ༔ ཀླུ་ཡི་དབང་པོའི་སྐྱེས་མཐའ་ཞིག༔ ཟབ་ཆོས་འདི་ཡི་གཏེར་ལ་སྤྱོད༔ སྒྲུབ་ཐབས་འདི་བཞིན་ཉམས་སུ་ལོང་༔ བུམ་སྒྲུབ་མྱོང་གྲོལ་འགྲོ་དོན་སྤེལ༔ མཐོང་གྲོལ་ཐོས་གྲོལ་ལས་སྦྱོར་འབུངས༔ མཐོང་ཐོས་སྐྱེ་འགྲོ་མཐའ་ཅན་བྱེད༔ འཕགས་པའི་ཞིང་དུ་གྲོལ་བར་འགྱུར༔ ཡེ་ཤེས་མགོན་པོས་བཀའ་འདི་སྲུངས༔ ལས་ཀྱི་མགོན་པོས་གཏེར་འདི་འཚོས༔ དུས་ལ་བབས་ཚེ་བུ་ལ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེན་སྟོན་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ།། མངྒ་ལཾ།།


previousསྒྲུབ་ཐབས་ཡིད་བཞིན་ནོར་བུ།next