Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ།
   
   
   
   
   
   
   


 
previousགཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ།next

གཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ གཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ་བཞུགས༔ འཕགས་པ་མཆོག་ལ་གུས་པས་འདུད༔ སྲུང་མ་སྲིན་མགོན་བྱ་རོག་གདོང་༔ བརྟེན་ཅིང་མཆོད་དེ་སྒྲུབ་འདོད་ན༔ དུར་ཁྲོད་ཤིང་དྲུང་བྲག་ནག་ཅན༔ འཇིགས་ཤིང་སྐྱི་བུང་བྱེད་པའི་སར༔ ཧོམ་ཁུང་དུག་ཁྲག་ཆག་ཆག་གདབ༔ དུག་ཤོག་ངོས་ལ་ལིངྒ་བྲིས༔ དགྲ་བོའི་རྐང་རྗེས་ཟག་རྫས་བྱུག༔ ལྷ་དབྱེ་དགུག་གཞུག་ལན་མང་བྱ༔ ཧོམ་ཁུང་ནང་དུ་གཟུད་ནས་ཀྱང་༔ མདའ་གསུམ་ཨོཾ་དུ་བཅིངས་པའམ༔ ཡང་ན་ལྕགས་ཀྱི་ཁྲིའུའི་ཁར༔ འབྲུ་ནག་དཔལ་བཤོས་ཁྲུ་གང་ལ༔ ལྷ་གྲངས་མཉམ་པའི་བཤོས་ཕྲན་དང་༔ ཤ་སྣ་སྙིང་སྣ་ལིངྒས་བརྒྱན༔ རྒོད་སྒྲོ་ཅན་གྱི་མདའ་མགུལ་དུ༔ སྲིན་མགོན་ཙཀ་ལི་བཏགས་པའི་སྟེང་༔ མཐིག་ནག་དར་གྱི་གུར་ཡང་ཕུབ༔ ཡུངས་མཚེ་རྩང་ལ་སོགས་པས་བརྒྱན༔ སྨན་རག་ལ་སོགས་མཆོད་ཚོགས་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ཡི་དམ་པདྨ་ཧེ་རུ་ཀའི༔ ཏིང་འཛིན་གསལ་ཞིང་བསྙེན་པ་བགྲང་༔ བསྐྱེད་རིམ་ལྡན་པའི་རང་མདུན་དུ༔ གཏོར་མ་མི་དམིགས་སྟོང་པར་སྦྱངས༔ ཤུ་ནྱ་ཏཱ་ཡི་སྔགས་བགྲང་ཞིང་༔ རཾ་ཡཾ་ཁཾ་གྱིས་བསྲེགས་གཏོར་བཀྲུས༔ དེ་ནས་བསྐྱེད་རིམ་འདི་ལྟར་བསྒོམ༔ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཅིག་ཏུ་གྱུར༔ དེའི་ངང་ལས་སྐད་ཅིག་གི་འབྱུང་བཞི་རི་རབ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་རྡོ་རྗེའི་ར་བ་མེ་རི་འབར་བའི་ཀློང་དཀྱིལ་དུ་མི་མགོ་སྐམ་རློན་བརྩེགས་པའི་གཞལ་ལས་ཁང་གྲུ་གསུམ་ཚ་ཞིང་སྲེག་པའི་མེ་ཆེན་འུ་རུ་རུ་འབར་བ༔ ཞིང་གི་ཀ་གདན་གྱི་སྟེང་ན་མིའི་ཡན་ལག་གི་ཀ་བ་བཙུགས་པ༔ ཀེང་རུས་ཀྱི་གདུང་བྲེས་པའི་སྟེང་དུ་ཚིལ་ཆེན་གྱི་དྲ་བ་བྱས་ཤིང་ཁྲག་ཆེན་གྱི་ཞལ་བ་བསྲུབས་པ༔ མི་ལྤགས་ཀྱི་བླ་རེ་ལ་ཁྲག་གི་ཆུ་རྒྱུན་འཕྲུག་པ༔ རྒྱུ་མ་དང་དོན་སྙིང་ནང་རོལ་དབང་པོ་རྣམ་ལྔ་རྣམས་ཀྱི་དྲ་བ་དང་དྲ་ཕྱེད་ལྡ་ལྡི་ར་རི་བྱས་པ༔ འོག་ཏུ་ཁྲག་གི་རྒྱ་མཚོའི་རྦ་རླབས་ཆལ་ཆིལ་དུ་གཡོ་བའི་ནང་དུ་མི་རྟའི་ཤ་གསར་རྙིང་དྲི་ང་བ་དང་མི་ང་བ་མང་པོ་རི་བོ་ལྟར་བརྩེགས་པ༔ སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་འགུགས་གསོད་ཀྱི་ལས་ལ་བརྩོན་ཞིང་དགྲ་བོའི་ཤ་ཁྲག་དམར་ཉལ་ཉིལ་དུ་ཟ་བ༔ བྱ་ནག་ཤ་ཟན་མང་པོ་སྟེང་དུ་ལྡིང་ཞིང་ཁྱི་ནག་གཅན་གཟན་མང་པོ་ས་ལ་འཇོལ་བ༔ སྟེང་གི་ནམ་མཁའ་ལ་སྤྲིན་ནག་པོ་འུར་སྒྲ་དང་བཅས་པའི་ཀློང་ནས་གནམ་ལྕགས་ཐོག་གི་ཆར་པ་དང་མེ་ཡི་སེར་བ་རྡོ་རྗེའི་དབྱིབས་ཅན་འདྲེས་མར་འབབ་པ༔ ཕོ་བདུད་མང་པོས་བྲོ་བརྡུང་ཞིང་མོ་བདུད་མང་པོས་ཤོན་བསྐོར་བ༔ བདུད་དང་སྲིན་པོས་རྐང་གླིང་འབུད་ཅིང་གཅན་གཟན་གཏུམ་པོས་ཕེང་སྒྲ་སྒྲོག་པ༔ མཚན་མོ་དུར་མེ་དམར་ནག་ཏུ་འབར་ཞིང་ཉིན་མོ་དུར་རླུང་ཁམ་ནག་ཏུ་འཚུབ་པ༔ ནད་ཀྱི་ན་བུན་འཚུབ་ཅིང་གདོན་གྱི་བུ་ཡུག་གཏིབས་པ༔ ཤིན་ཏུ་འཇིགས་པའི་ཚལ་རབ་ཏུ་གཏུམ་པའི་ལྗོངས༔ དྲེགས་པ་བདུད་ཀྱི་ཡུལ་འཇིགས་ཤིང་༔ ཉམ་ང་བའི་དབུས་སུ་དུག་ཚེར་ནག་པོའི་ཤིང་དྲུང་༔ མི་རོ་གསར་རྙིང་སྣ་ཚོགས་བརྩེགས་པའི་སྟེང་༔ པདྨ་དང་ཉི་མའི་གདན་གྱི་ཁར་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་ཧཱུྃ་མཐིང་ནག་གཅིག་ཁྲ་ཐབས་སུ་འཕྲོས་པ་ལས་འོད་ཟེར་དུ་མ་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་དྲེགས་པ་ཅན་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ་པས་ཡོངས་སུ་གནས་གྱུར་ཏེ་དཔལ་མགོན་ནག་པོ་བྱ་རོག་གི་གདོང་པ་ཅན་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཐུང་ཞིང་སྦོམ་ལ་ལྟོ་བ་འདིར་བ་ཡན་ལག་རགས་ཤིང་དམར་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ༔ ཞལ་རབ་ཏུ་གདངས་པ་ནས་ཁྲག་གི་ཆུ་བོ་འཁྲུགས་ཅིང་མཆེ་བ་ཟླ་ཚེས་ལྟར་གཙིགས་པ༔ ལྗགས་གློག་དམར་ལྟར་འཁྱུག་པའི་གདངས་ལས་ཧ་ཧ་ཧཱུྃ་ཕཊ་གྱི་སྒྲ་འབྲུག་ལྟར་སྒྲོག་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་དུ་འབར་བ༔ ཁྲོ་བོའི་ཞལ་ལ་རྡོ་རྗེ་འབར་བའི་མཆུ་ཅན་འོད་ཟེར་ནག་པོ་ཤིན་ཏུ་འབར་བ༔ ཕྱག་གཡས་གྲི་གུག་མེ་རབ་ཏུ་འབར་བ་རྡོ་རྗེའི་ཡུ་བ་ཅན་ནམ་མཁའ་ལ་འཕྱར་བ༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞབས་གཉིས་དགྲ་བགེགས་ཀྱི་སྙིང་གར་བགྲད་དེ་བཞེངས་པ༔ གཡས་སྤུ་གྲི་འབར་བའི་གཤོག་པ་ལ་གཡོན་ཆུ་གྲི་འབར་བའི་གཤོག་པ་ཅན༔ ཞིང་ཆེན་གྱི་སྐེད་དཀྲིས་སྟག་གི་ཤམ་ཐབས་ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་དུག་སྦྲུལ་གྱི་སྐ་རགས་དོན་སྙིང་དང་དབང་པོ་ལྔ་རྒྱུ་མ་ལ་སྦྲེངས་པའི་དོ་ཤལ་ཅན༔ རུས་ཕྲེང་དང་ཀླུ་དབང་བརྒྱད་ཀྱིས་བརྒྱན་པ་མེ་རི་དམར་ནག་འབར་བའི་ཀློང་དཀྱིལ་དུ་བཞུགས་པར་བསྒོམ༔ དེའི་མདུན་དུ་བྷྱོ་མཐིང་ནག་ཅིག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གི་ཡུམ་མཆོག་བདུད་མོ་རྩ་འཇིབ་འབར་མ་བྱ་ཞོན་མཐིང་ནག་གྲི་ཐོད་ཅན་ལུས་ལ་ཁྲག་གིས་བྱུགས་ཤིང་རུས་པས་བརྒྱན་པ༔ བྱ་རོག་འཕུར་ཤེས་ལ་བཅིབས་ནས་མ་མོ་འབུམ་དྲུག་ཕོ་ཉར་འགྱེད་ཅིང་ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས་པ་ཞིག་ཏུ་བསྐྱེད་༔ དེའི་ཕྱི་རོལ་དུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས༔ སྐུ་དང་གསུང་དང་ཡོན་ཏན་འཕྲིན་ལས་བཞིའི་ལས་མཛད་བཀའ་སྡོད་བྱ་རོག་གི་གདོང་པ་ཅན་གཡས་གཡོན་ཐམས་ཅད་ན་རལ་གྲི་དང་ཐོད་ཁྲག་བསྣམས་པ༔ རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པ་སྐུ་ལས་གདུག་པའི་འོད་ཟེར་ཕྱོགས་མེད་དུ་འཕྲོ་ཞིང་ཉི་མ་འབུམ་གྱི་གཟི་བརྗིད་ཅན་རྡོ་རྗེའི་གཤོག་པ་དང་ཞབས་གཉིས་བརྡབས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་རྡུལ་དུ་བརླག་པའི་བརྟུལ་ཞུགས་ཅན་མ་མོ་དང་གཤིན་རྗེ་དང་བདུད་དང་གནོད་སྦྱིན་མ་རུངས་པ་དཔག་ཏུ་མེད་པས་བསྐོར་བ་ཞིག་ཏུ་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྲིན་མགོན་ནག་པོ་བྱ་རོག་གི་གདོང་པ་ཅན་ལ་ཕོག་པ་ཙམ་གྱིས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ཏེ་འཁོར་སྤྲུལ་པ་ཡང་སྤྲུལ་བྲན་གཡོག་ལྕམ་དྲལ་ཐམས་ཅད་སྐད་ཅིག་གིས་བསྐྱེད་པའི་གནས་འདིར་བྱ་ཁྱུང་ཐང་ལ་ལྷགས་པ་ལྟར་བྱོན་པར་བསམ་ཞིང་༔ ཤ་ཆེན་གྱི་སྤོས་སྲེག་རོལ་མོ་སྣ་ཚོགས་འཁྲོལ་ཞིང་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་ཁྲག་འཐུང་ནག་པོ་བྱ་རོག་གདོང་༔ བསྟན་པ་གཉན་པོ་བསྲུང་བའི་མཐུ་བོ་ཆེ༔ བཀའ་འདས་དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྱིར༔ དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་མ་ཐོགས་ད་ཚུར་གཤེགས༔ དྲག་པོའི་འཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨ་གཙྪ་བཛྲ་ས་མ་ཡ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུར་ཁྲོད་མེ་རི་སྨུག་ནག་ཀློང་༔ ཐོད་མཁར་འབར་བའི་གཞལ་ཡས་སུ༔ ནག་པོ་ཆེན་པོའི་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ཨ་ས་ན་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟར་གྱི༔ བསྟན་པ་བསྲུང་བའི་མཐུ་བོ་ཆེ༔ ནག་པོ་ཆེན་པོ་འཁོར་བཅས་ལ༔ མཆོད་ཅིང་བསྟོོད་དེ་ཕྱག་ཀྱང་འཚལ༔ མཆོད་པ་འབུལ་བ་ནི༔ ཨོཾ་མྱུར་མཛད་མགོན་པོ་འཁོར་བཅས་ལ༔ ཕྱི་ནང་གསང་མཆོད་སྨན་གཏོར་རག༔ དགྲ་བོའི་ཤ་ཁྲག་གློ་སྙིང་བཅས༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ལ༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས༔ ཤྲཱི་མ་ཧཱ་ཀཱ་ལ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཧོ༔ ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀོ་རོ་ཙ་ན་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ཀེཾ་ནི་རི་ཏི་ལ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ཐུན་གཏོར་ཤ་ཁྲག་གིས་བརྒྱན་པ་སྦྲན་ཞིང་༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་ལྷ༔ ལྷ་དམག་རྣམས་ཀྱི་དབུགས་འབྱིན་ཞིང་༔ ལྷ་མིན་གཡུལ་ངོ་བཟློག་པའི་ལྷ༔ རྡོོ་རྗེའི་གདོང་ཅན་ནག་པོ་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དུར་ཤིང་ནག་པོའི་རྩ་བ་ན༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་རྡོ་རྗེ་སྤྱི་བོར་བཞག༔ དམ་ཚིག་གཉེན་པོ་རྗེས་དགོངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཞིང་བཅུ་ཚང་བའི་བསྟན་དགྲ་དང་༔ རིག་འཛིན་རྣལ་འབྱོར་སྒོས་ཀྱི་དགྲ༔ ཆོས་སྐྱོང་ཁྱེད་ལ་གཉེར་དུ་གཏད༔ ལས་སྐལ་ཡིན་ནོ་ད་སོད་ཅིག༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ཟས་སྐལ་ཡིན་ནོ་ད་ཟོ་ཞིག༔ ལྷག་མ་རྗེས་ཤུལ་མེད་པར་ཐོང་༔ དཀར་པོ་དགེ་བའི་བསགས་རྒྱབ་ཕྲོལ༔ ལས་ངན་རྣམ་སྨིན་ཞགས་པས་བཟུང་༔ འཆི་བདག་གཤིན་རྗེའི་ཁ་རུ་ཆུག༔ སྲོག་མཁར་རྨང་ནས་ད་སྒྱེལ་ལ༔ བླ་ཚེ་རྟེན་དང་ད་ཕྲོལ་ཞིག༔ ལྟག་སྡུད་ཆོད་ལ་གདོང་འོད་ཕྲོག༔ ཁ་ནས་དབུགས་ལོང་དོན་སྙིང་ཕྱུངས༔ སྙིང་ཁྲག་དྲོན་མོ་འཐུང་ལ་ཤོག༔ ཤ་ཁྲག་དབང་པོ་ཚོགས་སུ་རོལ༔ རྒྱུ་འབྲས་ཆོས་ལ་ཁག་མ་སྙད༔ བར་སྣང་སྟོང་པར་ཚད་མ་འཛུགས༔ མི་ཚེ་ཕྱི་མར་དུས་མ་འདེབས༔ ལོ་དང་ཟླ་བར་འགྱངས་ནས་ཀྱང་༔ ཞག་དང་ཟ་མར་མ་བསྒྲལ་ན༔ ནག་པོ་ཆེན་པོ་དམ་ཚིག་ཉམས༔ རྡོ་རྗེ་འབར་བས་བསྲེག་པར་འགྱུར༔ དེ་བས་དམ་ལས་མ་འདའ་བར༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག༔ བདུན་བརྒྱུད་རླུང་ལ་བསྐུར་ལ་ཤོག༔ མི་རུང་འཕུང་ཐབས་སྣ་དགུའི་ཚོགས༔ འབའ་རེ་འབུ་རེ་དེར་ཐོང་ལ༔ བསྟན་དགྲ་ཐལ་བའི་རྡུལ་བཞིན་རློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཤ་ཁྲག་ཐུན་གཏོར་འབུལ༔ ཕ་རོལ་བརྣག་པའི་དགྲ་བོ་དེ༔ ཤིན་ཏུ་ཐུ་ན་ཞག་བདུན་དུ༔ ཆོས་སྐྱོང་ཆེན་པོ་འདི་བསྒྲུབ་ཅིང་༔ དགྲ་བོ་ཁུགས་རྟགས་མ་བྱུང་བར༔ གསང་བའི་སྙིང་པོ་འདི་བཟླའོ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆེ་གེ་མོ་ཨཾ་གུ་ཤ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ ཅེས་པ་ཐུན་དུ་བཅད་དེ་བཟླ༔ དགྲ་བོ་ཁུགས་པའི་རྟགས་གསལ་ནས༔ བསད་པའི་དྲག་སྔགས་འདི་བཟླའོ༔ ཨོཾ་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་ཌཱཀི་གྷ་རུ་ཊ་གྷུ་ན་ཧྲི་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་ནྲི་ཐུམ་ལཾ་ཐུམ་ལཾ་ཙིཏྟ་ལ་ཐུམ་རིལ་རྦད་སོད་མཱ་ར་ཡ་བྷྱོ་བྷྱོ་སོད་སོད༔ ཅེས་བཟླས་བསད་པའི་རྟགས་གསལ་ཚེ༔ ཐུན་གྱིས་བྲབ་ཅིང་གཏོར་མ་བརྡེག༔ ལིངྒ་ཕྱག་མཚན་མཚོན་ཆས་གཏུབ༔ ཟན་ལིང་བསྒྲལ་བ་གཏོར་མར་འབུལ༔ གསེར་སྐྱེམས་མཆོད་ཅིང་བདེན་པ་བརྡར༔ བསྟོད་བསྐུལ་འདོན་ཞིང་དགྲ་ཕྱོགས་སུ༔ གཏོར་མ་འཕེན་ཞིང་དམོད་བཅོལ་ལོ༔ གཡག་ཐུག་གླང་ཐུག་ར་ཐུག་རྭ༔ གང་འཛོམ་ཡང་ན་ཁྱི་སྤྱང་ཐོད༔ གང་རུང་ཞིག་ཏུ་ལིངྒ་གཞུག༔ ཐུན་རྫས་བླུགས་ཤིང་ཁ་བསྡམས་ཏེ༔ རེ་ཧྲུལ་དྲིལ་ནས་ལུང་གསུམ་མདོ༔ ཡང་ན་ལྷ་ཁང་མཆོད་རྟེན་འོག༔ ཡང་ན་བྲག་ནག་བདུད་གནས་སར༔ མ་ཉེས་བཤགས་འདེབས་ལིངྒ་མནན༔ དམོད་བཅོལ་བྲོ་བྱ་ཐར་མེད་བསམ༔ ཕྱི་མིག་མི་བལྟ་ནང་དུ་ལོག༔ རྒྱུན་དུ་ཐུན་གྱི་གཏོར་མ་ཡིས༔ བསྲུང་མ་མཆོད་ཅིང་བརྟེན་པར་བྱ༔ འཁུ་བཟློག་བྱུང་ན་བཤགས་སྐོངས་འབད༔ རང་ཉིད་དཔལ་གྱི་ཏིང་འཛིན་གྱིས༔ གོང་གནོན་དམིགས་པ་གནད་དུ་བསྣུན༔ སྐབས་སྐབས་སྔགས་རྣམས་མགོ་ཞབས་ལྡོག༔ ཅུང་རེ་བཟླས་ཤིང་སྐུ་གཟུགས་ལ༔ ཐུན་རྫས་རྣམས་ཀྱིས་བྲབ་པར་བྱ༔ ཤིན་ཏུ་འགྱངས་ན་མ་གཏོགས་པ༔ འདི་ནི་ཤིན་ཏུ་བྱར་མི་རུང་༔ ཅིའི་ཕྱིར་ཤི་ས་བསྟན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་སཱུརྱ་ཀིརྟིས་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ནས་གདན་དྲངས་ཤིང་ཤོག་སེར་ལས་བཤུས་པའོ།། །།སརྦ་མངྒ་ལཾ།།


previousགཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ།next