Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
རིག་འཛིན་འདུས་པའི་རྩ་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་འདུས་པའི་རྩ་རྒྱུད།next

རིག་འཛིན་འདུས་པའི་རྩ་རྒྱུད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རིག་འཛིན་འདུས་པའི་རྩ་རྒྱུད་བཞུགས་སོ༔ ཨོ་རྒྱན་སྐད་དུ༔ བོད་སྐད་དུ་རིག་འཛིན་འདུས་པའི་རྩ་རྒྱུད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན༔ གནས་ཕུན་སུམ་ཚོགས་པ་རིག་འཛིན་རོལ་པ་ཆེན་པོའི་སྒྱུ་འཕྲུལ་གྱི་བཀོད་པ་ཞེས་བྱ་བ༔ མཐའ་དང་དབུས་མེད་པ༔ ཕྱི་ནང་ཡང་ཀུན་ཏུ་གསལ་བ༔ ཀུན་ཏུ་ཡང་ནང་དུ་གྱུར་པ༔ ཕྱི་ལྟར་བཀོད་པ་ལྷུན་གྲུབ་ཀྱི་ཞིང་ཁམས༔ ནང་ལྟར་གསང་ཆེན་རོལ་པའི་དུར་ཁྲོད༔ གསང་བ་འོག་མིག་སྟུག་པོ་བཀོད་པའི་ཕོ་བྲང་དང་གཉིས་སུ་མེད་པའི་ཞིང་ཁམས་ཀྱི་དབུས་ན༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ལ༔ དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་དང་༔ མཐིང་ག་ལ་སོགས་པའི་འོད་ཟེར་གྱི་དྲྭ་བས་འབྲེལ་བ༔ ལྟ་ན་སྡུག་པའི་གཞལ་ཡས་ཁང་ཆེན་པོ་དེའི་དབུས་སུ༔ ཉི་མ་དང་༔ ཟླ་བ་དང་༔ པདྨ་དང་༔ དར་ཟབ་སྣ་ཚོགས་བརྩེགས་པའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་ན༔ རིགས་འཛིན་ཐམས་ཅད་ཀྱི་སྐུ་དང་༔ གསུང་དང་ཐུགས་དང་ཡོན་ཏན་འཕྲིན་ལས་ཐམས་ཅད་འདུས་པའི་ངོ་བོ༔ གར་གྱི་དབང་ཕྱུག་ཧེ་རུ་ཀཿདཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་ཐོད་པའི་ཕྲེང་བ་ཅན༔ རིག་འཛིན་འདུས་པ་རྩལ་བདེ་བའི་དབང་ཕྱུག་མཆོག་གི་རྒྱལ་པོ་ཞེས་བྱ་བས༔ ཧེ་རུ་ཀཿའི་ཆས་རྣམས་ཀྱིས་སྤྲས་ཤིང་༔ རང་འོད་ཀྱི་གསལ་མདངས་སུ༔ ཡུམ་གར་གྱི་དབང་མོ་རྩལ་མནྡྷ་རཱ་བ་དང་གཉིས་མེད་དུ་འཁྲིལ་ཞིང་༔ བདེ་སྟོང་དབྱེར་མེད་སྤྲོས་བྲལ་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ༔ སྙོམས་པར་ཞུགས་མ་ཐག་ཏུ་རང་བྱུང་གི་སྒྲ་ལས༔ ཨཱཿཧཱཾ༔ བཛྲ་ངྷརྨཱ་ངྷརྟུ་ཡོ་གི་ནི༔ ཞེས་པའི་སྒྲ་ཆེན་པོ་དེས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ་པས༔ རྣམ་པར་སྨིན་པའི་རིག་འཛིན༔ ས་ལ་གནས་པའི་རིག་འཛིན༔ ལྷུན་གྱིས་གྲུབ་པའི་རིག་འཛིན༔ ཚེ་ལ་དབང་བའི་རིག་འཛིན་༔ ཕྱག་རྒྱ་ཆེན་པོའི་རིག་འཛིན༔ ཡི་དམ་དང་མཁའ་འགྲོ་དང་ཆོས་སྐྱོང་བའི་སྲུང་མ་བསམ་གྱིས་མི་ཁྱབ་པ་སྐད་ཅིག་དེ་ལ་ཞིང་ཁམས་དེ་ཉིད་དུ་འདུས་སོ༔ འདུས་པར་གྱུར་ཏོ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གླེང་གཞི་གླེང་ལངས་པའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ལས་མི་གཞན་པའི༔ རིག་འཛིན་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ དགོངས་པ་གཅིག་གི་ཆོས་ཉིད་ལས༔ རིག་འཛིན་རྡོ་རྗེ་ནུས་འབྱིན་ཞེས༔ སྟོན་པའི་མདུན་དུ་སྤྲུལ་བྱས་ནས༔ བདེ་བའི་འཁོར་ལོར་འདི་སྐད་གསོལ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ དུས་གསུམ་རིག་འཛིན་འདུས་པའི་གཙོ༔ མཁའ་འགྲོ་གིང་དང་ལང་ཀའི་བདག༔ ཕུན་སུམ་ཚོགས་པའི་ཞིང་ཁམས་སུ༔ རིག་འཛིན་མཁའ་འགྲོའི་ཕོ་བྲང་དུ༔ རང་འོད་ཡུམ་དང་བཅས་བཞུགས་ཏེ༔ བདེ་སྟོང་ཟུང་འཇུག་ཨཱཿཧཱཾ་སྒྲས༔ ཕྱོགས་བཅུའི་ཞིང་གི་ཁྱོན་གང་བའི༔ བདེ་སྟོང་ཟུང་འཇུག་སྒྲ་དབྱངས་དོན༔ འདུས་པའི་འཁོར་ལ་བཤད་དུ་གསོལ༔ དེ་སྐད་ཅེས་ནི་གསོལ་བ་དང་༔ བཅོམ་ལྡན་བདེ་མཆོག་འཁོར་ལོ་ཡིས༔ འདུས་པའི་འཁོར་ལ་བཀའ་སྩལ་པ༔ ཉོན་ཅིག་རྡོ་རྗེ་ནུས་འབྱིན་རྩལ༔ ང་ཡི་ཞིང་མཆོག་དམ་པ་འདི༔ དངོས་པོ་མ་ཡིན་དངོས་མེད་མིན༔ རྟག་པ་མ་ཡིན་སྟོང་པ་མིན༔ རྒྱུ་ལས་མ་བྱུང་རྐྱེན་ལས་མིན༔ དེ་དབུས་སྣ་ཚོགས་རྒྱན་ལྡན་པའི༔ རིགས་འཛིན་ཡོངས་འདུས་ཕོ་བྲང་ཆེ༔ གྲུ་བཞི་པ་ལ་སྒོ་བཞི་པ༔ རྒྱན་དང་རྟ་བབས་བཞི་བཞིར་ལྡན༔ ལྷ་ཀླུ་གནོད་སྦྱིན་ཀ་གདུང་ལ༔ གཟའ་སྐར་དྲལ་ཕྱམ་ཞིང་ལྤགས་ཐོག༔ རྒྱུ་མའི་དྲ་ཕྱེད་ཙིཏྟའི་ཏོག༔ གདུགས་དང་ཆོས་འཁོར་ཉི་ཟླས་སྤྲས༔ དུར་ཁྲོད་བརྒྱད་ཀྱི་ཁོར་ཡུག་ཚོགས༔ ཐོག་མ་མ་ཡིན་ཐ་མ་མིན༔ དངོས་དང་དངོས་མིན་ལས་འདས་ཤིང་༔ རྒྱུ་དང་རྐྱེན་གྱི་འདུ་འཕྲོ་ཟད༔ ཟད་པ་ཟག་མེད་ཆོས་དབྱིངས་ཀློང་༔ དུས་གསུམ་མཉམ་ཉིད་ཀློང་དུ་བརྡལ༔ དེ་དབུས་སྣ་ཚོགས་བཀོད་ལེགས་ཁྲིར༔ ཉི་མ་འབུམ་གྱི་འོད་འཕྲོ་བའི༔ བདག་ཉིད་བདེ་བའི་ཧེ་རུ་ཀ༔ སྟོང་པའི་རང་རྩལ་ཡུམ་དང་འཁྲིལ༔ ཨཱཿཧཱཾཿསྒྲ་ཡིས་རྒྱལ་དང་སྲས༔ རྟོག་མེད་དབྱིངས་སུ་དགའ་བཞིས་མཆོད༔ ནམ་མཁའི་མཐར་ཐུག་ཁྱོན་བཀང་སྟེ༔ སེམས་ཅན་ཀུན་ཡིད་ཚིམ་པར་བྱེད༔ སེམས་ཅན་ཀུན་གྱི་ཡིད་དགའ་བ༔ གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད༔ ནོར་བ་ཐམས་ཅད་རྣམ་པར་སྤངས༔ དུས་གསུམ་སངས་རྒྱས་ལས་བྱེད་པ༔ སངས་རྒྱས་ཐོག་མ་ཐ་མ་མེད༔ ཨཱཿནི་ཀུན་བཟང་ཡུམ་གྱི་མཁའ༔ ཆོས་འབྱུང་འབར་བ་ཨཱཿཡི་ཚུལ༔ རྡོ་རྗེ་བཙུན་མོའི་བྷ་ག་ཆེ༔ བདེ་ཆེན་ཡེ་ཤེས་ཤེས་རབ་མཆོག༔ ཧཱུྃ༔ ནི་བདེ་མཆོག་འཁོར་ལོ་སྟེ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ རྡོ་རྗེ་ཡེ་ཤེས་རྡོ་རྗེ་མཆོག༔ རང་བྱུང་རྡོ་རྗེ་མཆོག་སྩོལ་བ༔ ཐབས་ཀྱི་སྐུར་སྟོན་དཔའ་བོ་དཔལ༔ བཛྲ་མི་ཤིག་འཇིགས་བྲལ་བ༔ ངྷརྨཱ་ཆོས་རྣམས་སྐྱེ་བ་མེད༔ ངྷརྟུ་འཕོ་འགྱུར་བྲལ་བ་སྟེ༔ ཡོ་གི་ཁམས་གསུམ་ཀུན་ཏུ་རྒྱལ༔ དགའ་བ་དགའ་བྲལ་དགའ་བའི་མཆོག༔ རྟོག་མེད་ཆོས་སྐུ་ལྷུན་གྱིས་གྲུབ༔ སངས་རྒྱས་ཉག་གཅིག་ཆོས་ཀྱི་སྐུ༔ རྒྱུ་དང་རྐྱེན་རྣམས་དབྱིངས་སུ་དག༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བདེ་སྟོང་ཟུང་འཇུག་གི་དོན་བཤད་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ བདེ་སྟོང་འབར་བའི་སྒྱུ་འཕྲུལ་ལས༔ རིག་འཛིན་ཡོངས་ཀྱི་རྩལ་འཆང་བའི༔ བདེ་མཆོག་འཁོར་ལོའི་ཏིང་འཛིན་གྱིས༔ གྲོལ་ལམ་འཇུག་ཐབས་ཇི་ལྟར་ལགས༔ བསྐྱེད་པའི་རིམ་པ་གང་ལྟར་བསྒོམ༔ དུས་གསུམ་རིག་འཛིན་དོན་དུ་གསུངས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ ནུས་འབྱིན་རྡོ་རྗེ་མཆོག་ཁྱོད་ཉོན༔ རིག་པ་འཛིན་པ་ཀུན་འདུས་པའི༔ བདེ་མཆོག་བླ་མའི་ཏིང་འཛིན་ལ༔ འཇུག་པར་འདོད་པའི་རྣལ་འབྱོར་པས༔ བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ༔ དུར་ཁྲོད་རི་སུལ་ནགས་འདབས་སམ༔ གཡའ་དང་གངས་ཁྲོད་དབེན་གནས་སུ༔ བྱ་བྱེད་འདུ་ཚོགས་གཡེང་བ་སྤངས༔ དཀར་ཕྱོགས་སྲུང་མར་གཙང་གཏོར་འབུལ༔ ནག་ཕྱོགས་བགེགས་རིགས་སྔགས་ཀྱིས་སྦྱང་༔ སྐྱབས་གྱུར་བླ་མེད་དཀོན་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་གསོལ་འདེབས༔ བདག་གཞན་བསྟན་དང་འགྲོ་དོན་དུ༔ རང་བྱུང་དོན་གྱི་ཆོས་ལ་འཇུག༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ སྔགས་དང་དམིགས་པས་སྒྲིབ་གཉིས་སྦྱངས༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན༔ གཅིག་ཏུ་བསྡུས་ནས་གང་ལ་འབུལ༔ ཚོགས་རྫོགས་སྒྲིབ་སྦྱངས་བླ་མེད་མཆོག༔ ཡན་ལག་བདུན་དང་དམ་བཤགས་འབུལ༔ བརྒྱུད་པར་གསོལ་བ་སྙིང་ནས་འདེབས༔ མོས་གུས་བསྐྱེད་ཅིང་དབང་བཞི་ལེན༔ ཐུན་མོང་སྔོན་འགྲོའི་ལས་རིམ་མོ༔ དངོས་གཞི་ཏིང་འཛིན་རྣམ་པ་གསུམ༔ སྣོད་བཅུད་དུག་གསུམ་རྣམ་པར་སྦྱངས༔ མཁའ་ཀློང་རྣམ་པར་དག་པའི་ངང་༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྂ༔ སྟོང་ཉིད་ནམ་མཁའ་མཐའ་དབུས་མེད༔ རླུང་གིས་བཏེག་པའི་གསེར་གྱི་གཞི༔ རིག་འཛིན་རོལ་པའི་དུར་ཁྲོད་དབུས༔ ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ༔ ཏི་ར་ཉི་ཟླ་པདྨ་དང་༔ དར་ཟབ་བརྩེགས་པའི་ཁྲི་སྟེང་དུ༔ རྡོ་རྗེ་ཧཱུྃ་གིས་མཚན་པར་བསྒོམ༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཡོངས་གྱུར་ངོ་བོ་རང་རིག་ནི༔ རིག་འཛིན་འཁོར་ལོ་བདེ་མཆོག་ཆེ༔ རྣམ་པ་གསལ་ལ་མ་འདྲེས་པ༔ རྣམ་དག་དྲན་ལ་ཡོངས་སུ་རྫོགས༔ ང་རྒྱལ་རྡོ་རྗེ་ཡེ་ཤེས་སྐུ༔ སྣང་སྟོང་ཆུ་ཡི་ཟླ་གཟུགས་ལྟར་༔ མ་ཡེངས་ངང་ནས་ལྷམ་མེར་གསལ༔ དེ་ཡི་ཕྱི་རིམ་པད་འདབ་ལ༔ ཕྱོགས་བཞི་མཚམས་དང་བརྒྱད་རྣམས་སུ༔ རིགས་འཛིན་བཞི་དང་སློབ་དཔོན་བཞི༔ འོད་ཀྱི་ཀློང་དུ་བཞུགས་པར་བསྒོམ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ མ་མོ་མཆོད་བསྟོད་དྲག་སྔགས་ཀྱི༔ རིག་པ་འཛིན་པའི་ཚོགས་ཀྱང་གསལ༔ སྒོ་བ་སྒོ་མ་བཀའ་སྲུང་དང་༔ བྲན་དང་ཕོ་ཉ་བསམ་མི་ཁྱབ་༔ རང་བྱུང་དུར་ཁྲོད་ཆེན་པོ་བརྒྱད༔ པད་རྡོར་མེ་རི་བྲག་ཆེན་བཅས༔ ཕྱི་གསལ་ནང་གསལ་ཟང་ཐལ་ཀློང་༔ དྲི་མེད་ཡེ་ཤེས་རྒྱལ་བའི་གནས༔ རིག་འཛིན་རོལ་པའི་བའི་ཕོ་བྲང་གསལ༔ ཕྱི་ལྟར་རྣམ་དག་བཀོད་པའི་ཞིང་༔ ནང་ལྟར་ཧེ་རུ་ཀཿཡི་གནས༔ གསང་་བ་ཡུམ་གྱི་མཁའ་ཀློང་ཆེ༔ བརྟེན་བཅས་ལྷ་དང་ལྷ་མོར་གསལ༔ སྣང་སྟོང་ཡེ་ཤེས་རོལ་པར་བསྒོམ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བསྐྱེད་རིམ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ དེ་ལྟར་བསྐྱེད་རིམ་བསྒོམས་པའི་ལྷ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་དང་མཆོད༔ བསྟོད་པ་འཛབ་ཀྱི་རིམ་པ་གསུང་༔ དེ་ནས་སྟོན་པས་བཀའ་སྩལ་པ༔ བླ་མེད་ཆོས་ཀྱི་ནུས་འབྱིན་མཆོག༔ སེམས་དཔའ་རིག་འཛིན་མཆོག་ཁྱོད་ཉོན༔ རང་བཞིན་དག་པ་ཞིང་གི་མཆོག༔ འོག་མིན་སྟུག་པོ་བཀོད་པ་ནས༔ བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ བདེ་མཆོག་བདེ་བའི་རྣམ་པར་སྤྱོད༔ སྣང་བརྙན་སྐུ་ལ་ཐིམ་པར་བསྒོམ༔ དར་ཟབ་བཀོད་ལེགས་ཉི་ཟླའི་དཀྱིལ༔ འོད་ཀྱི་ཀློང་དུ་བཞུགས་པར་བསམས༔ འདུ་འབྲལ་མེད་པའི་ཕྱག་འཚལ་ཞིང་༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ བརྡ་དོན་རྟགས་ཀྱི་རིམ་པས་བསྟོད༔ ཐུགས་ཀར་ཉི་དཀྱིལ་ས་བོན་མཐར༔ སྔགས་ཀྱི་ཕྲེང་བ་འདི་ལྟར་འཁོད༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་ཧྲཱིཿསྭཱ་ཧཱ༔ སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བསྡུས་ཏེ་དངོས་གྲུབ་བདག་ལ་བསྟིམ༔ མ་གསལ་བར་དུ་བསྐྱེད་པར་བྱ༔ མ་གྲུབ་བར་དུ་མི་གཏོང་ངོ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ མཆོད་བསྟོད་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ བདེ་མཆོག་འཁོར་ལོར་འདི་སྐད་གསོལ༔ ཀྱེ་ཀྱེ་སྟོན་པ་བདེ་བའི་རྒྱལ༔ རིག་འཛིན་འདུས་པའི་སྒྱུ་འཕྲུལ་གྱིས༔ ཚོགས་དང་རྗེས་ཆོག་ལས་རིམ་གསུང་༔ འདུས་པའ་ིའཁོར་ལ་བཀའ་སྩོལ་ཅིག༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ནུས་འབྱིན་རྡོ་རྗེ་སེམས་དཔའ་ཉོན༔ རིག་འཛིན་སྒྱུ་འཕྲུལ་ཕོ་བྲང་དུ༔ བཟའ་བ་དང་ནི་བཅའ་བ་དང་༔ བདུད་རྩི་ལྔ་དང་ཤ་ལྔ་དང་༔ རི་སྒོག་དང་ནི་ཀླུང་ལས་སྐྱེས༔ སྤང་ལས་སྐྱེས་དང་ནགས་ལས་སྐྱེས༔ བཏུང་བའི་བྱེ་བྲག་སྣ་ཚོགས་པ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཡེ་གེ་གསུམ་གྱི་བྱིན་གྱིས་བརླབ༔ འདོད་དགུ་རང་བྱུང་ཚོགས་ལ་སྒྱུར༔ ལྷ་ལ་མཆོད་ཅིང་རྣལ་འབྱོར་རོལ༔ ཐུགས་དམ་བསྐང་ཞིང་དབྱིངས་ནས་བསྐུལ༔ ལྷག་མ་སྦྱིན་ཞིང་ཐ་མ་བསྒྲལ༔ ཞལ་དུ་སྟོབ་ཅིང་བཟློག་སྒྱུར་བཅོལ༔ དངོས་གྲུབ་བླང་ཞིང་ཚེ་ཡང་འགུགས༔ བཀྲ་ཤིས་མེ་ཏོག་འཐོར་བར་བྱ༔ འགྲོ་དྲུག་མར་གྱུར་འགྲོ་བ་རྣམས༔ བླ་མེད་འཐོབ་ཕྱིར་བསྔོ་སྨོན་བྱ༔ ཀ་དག་བློ་འདས་ཡེ་རྫོགས་ཀློང་༔ མཐའ་བྲལ་ཆེན་པོ་སྤྲོས་མེད་སྤྱོད༔ ལྷ་དང་དཀྱིལ་འཁོར་ཡེ་རྒྱས་གདབ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས་ཚོགས་དང་རྗེས་ཆོག་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པར་སླར་གསོལ་པ༔ རིག་འཛིན་ཡོངས་འདུས་ཕོ་བྲང་དུ༔ བསྙེན་ཅིང་བསྒྲུབ་སྟེ་མཆོད་པའི་ཚེ༔ ཐུགས་དམ་བསྐང་ན་ཇི་ལྟར་ལགས༔ དེ་ནས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་མཆོག་ཁྱོད་ལེགས་པར་ཉོན༔ ཡར་ངོ་མར་ངོའི་དུས་ཆེན་དང་༔ ཉམས་ཆགས་རྟོག་སྒྲིབ་ནམ་བྱུང་དུས༔ བསྐང་བའི་རིམ་པས་བསྐང་དང་བཤགས༔ ཐུན་མོང་མཆོད་པས་སྐུ་ལ་བསྐང་༔ སྔགས་ཚིག་རོལ་མོས་གསུང་ལ་བསྐང་༔ ཆོས་ཉིད་ཕྱག་རྒྱས་ཐུགས་ལ་བསྐང་༔ དེ་ལྟར་བསྐང་ཞིང་གསོལ་གསོལ་ནས༔ ལས་བཞིའི་འཕྲིན་ལས་བསྒྲུབ་པར་བྱ༔ རིག་འཛིན་འདུས་པའ་ིརྩ་རྒྱུད་ལས༔ བསྐང་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པར་ཡང་གསོལ་བ༔ ཀྱེ་ཀྱེ་སྟོན་པ་བདེ་བའི་རྒྱལ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་དུ༔ དམ་ལྡན་སློབ་མ་འཇུག་ཐབས་དང་༔ དབང་གི་སྨིན་གྲོལ་ཇི་ལྟར་སྦྱིན༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རིག་འཛིན་ནུས་པའི་རྡོ་རྗེ་ཉོན༔ དམ་ཚིག་གཙང་ལྡན་གཏོང་ཕོད་ཆེ༔ ཤེས་རབ་ཆེ་ཞིང་སྒྲུབ་ལ་བརྩོན༔ ཚེ་འདི་བློས་བཏང་སྐལ་ལྡན་ལ༔ རི་སུལ་དུར་ཁྲོད་དབེན་གནས་སུ༔ ཐོས་བསམ་སྒོམ་སྒྲུབ་དྲོད་རྟགས་ཐོན༔ ཤེས་ཆེ་སྤོབས་པ་མཐོ་བ་དང་༔ བརྒྱུད་ལྡན་མན་ངག་དབང་བསྐུར་ཐོབ༔ རང་གྲོལ་གཞན་དོན་བསྒྲུབ་ནུས་པའི༔ མཚན་ལྡན་བླ་མས་དབང་འདི་སྦྱིན༔ གཙང་མའི་ཆུ་ཡིས་ལས་བུམ་དགང་༔ ཁྲོ་བོའི་སྔགས་བཟླས་ཏིང་འཛིན་བསྐྱེད༔ ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ༔ འོད་དུ་ཞུ་ནས་སློབ་མ་བཀྲུ༔ ཡེ་ཤེས་བླ་མེད་ཆུ་རྒྱུན་གྱིས༔ ལས་ཉོན་སྡིག་སྒྲིབ་དག་པར་བསམས༔ གཙང་མའི་གཏོར་མ་རྒྱན་ལྡན་འདི༔ བསྲུང་བ་གཞི་བདག་དཀར་ཕྱོགས་མཆོད༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ་གདོན་དང་བགེགས་དང་འབྱུང་པོ་དང་༔ བར་དུ་གཅོད་པ་གང་ཡིན་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ འབྱུང་པོའི་ཚོགས་རྣམས་མཱ་ར་ཡ་ཕཊ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབ༔ ལྔ་ལྡན་སྣལ་མའི་སྐུད་པ་ལ༔ ཡི་གེ་གསུམ་གྱི་སྔགས་ཀྱིས་གདབ་༔ རྡོ་རྗེ་འབར་བའི་མདུད་པ་རྒྱབ་༔ གདོན་བགེགས་བསྲུངས་ཤིག་རཀྵ་ཡེ༔ བཀྲ་ཤིས་རྩ་འདི་མཆོག་གི་རྫས༔ བྱིན་གྱིས་བརླབས་ཏེ་སྔས་གདན་སྦྱིན༔ སེང་གེ་བཞིན་ཉོལ་རྨི་ལམ་ཤོད༔ ཨཱོཾ་ཨཱཿཧཱུྃ༔ པྲ་ཏི་ཧ་ཏ༔ བྱང་ཆུབ་ཤིང་གི་སོ་ཤིང་འདི༔ དཀྱིལ་འཁོར་འདིར་འདོར་ལས་སྨོན་དབང་༔ གང་ཡོད་བདག་ལ་གསལ་བར་སྟོན༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ སྤོས་སྲེག་རོལ་མོ་དྲག་ཏུ་འབིར༔ བྱིན་འབེབས་མེ་ཏོག་ལྷ་ལ་དབུལ༔ ཚེ་རབས་ལྷ་སྐལ་རང་ངོས་བཟུང་༔ པྲ་ཏིཙྪ་པཱུཙྪ་ཧོ༔ རྡོ་རྗེ་དབང་ཆེན་རཏྣ་འཕྲིན༔ རིགས་མཐུན་དངོས་གྲུབ་སིངྔྷི་ཧོ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ རིན་ཆེན་སྣ་ཚོགས་ལས་གྲུབ་པ༔ ལོངས་སྤྱོད་རྫོགས་པའི་རྟགས་ཀྱི་རྒྱ༔ རལ་པ་མཐོན་མཐིང་དཀྲི་ཞིང་བརྒྱན་༔ ཡེ་ཤེས་འོད་ཀྱི་ཐུར་མ་ཡིས༔ མ་རིག་རྨོངས་པའི་དྲི་མ་བསལ༔ ད་ལ་དཀྱིལ་འཁོར་འདི་ལ་ལྟོས༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ སྟོང་ཉིད་ངང་ནས་ལྷ་རུ་གསལ༔ རྡོ་རྗེ་ཕག་མོ་གར་དུ་འཁྲབ༔ འོད་ཟེར་འཕྲོས་པས་འོག་མིན་ནས༔ ལྷ་ཚོགས་ཆར་སྤྲིན་བཞིན་དུ་བསམས༔ ཏིཥྛ་བཛྲ་༔ ཧཱུྃ་ཧྲཱི༔ བུམ་པ་ཆོས་དབྱིངས་ཀ་དག་ཆེ༔ ལྷ་མཆོག་དཀྱིལ་འཁོར་ཡོངས་སུ་རྫོགས༔ ལུས་ཀྱི་བག་ཆགས་སྦྱོང་བྱེད་པ༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ ཧཱུྃ་ཧྲཱི༔ ས་གནས་རིག་འཛིན་ཚེ་དབང་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ལ་སོགས་རྣམ་བཞིའི་དབང་སྦྱིན་ཞིང་༔ ཚེ་རབས་སློབ་དཔོན་མན་ངག་དམ་ཚིག་དབང་༔ ཉམས་ཆག་སྐོང་བའི་སློབ་དཔོན་རྣམ་པ་བཞིས༔ སྐལ་ལྡན་བུ་ལ་དབང་མཆོག་སྦྱིན་པར་བྱ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྣམ་པ་ལྔ༔ མ་མོ་མཆོད་བསྟོད་དྲག་སྔགས་རིགས་འཛིན་ཚོགས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རིག་འཛིན་རྒྱ་མཚོ་རྣམས་ཀྱིས་དབང་བསྐུར་བས༔ སྨིན་གྲོལ་རབ་འབྱམས་སྐུ་ཡི་དབང་ཐོབ་ཤོག༔ ཧཱུྃ་ཧྲཱི༔ སྒོ་བ་སྒོ་མ་བཀའ་སྡོད་དུར་ཁྲོད་ཆས༔ གནས་ཡུལ་དཔའ་བོ་དཔའ་མོའི་དབང་བསྐུར་བས༔ སྨིན་གྲོལ་ལས་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ མཎྜལ་འབུལ་ཞིང་དམ་ཚིག་བཟུང་༔ ཚོགས་འཁོར་བསྐོར་ཞིང་གླུ་བྲོ་འཁྲབ༔ བདེ་བའི་ཉམས་སྐྱོང་རང་ཞལ་བལྟ༔ དབང་འདི་ཐོབ་པས་མཆོག་ཐུན་འགྲུབ༔ འབྲས་བུ་ཚེ་འདིར་རྫོགས་འཚང་རྒྱ༔ རིག་འཛིན་འདུས་བའི་རྩ་རྒྱུད་ལས༔ སྤྲོས་བཅས་དབང་གི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ སྤྲོས་མེད་དབང་བསྐུར་གང་ལྟར་ལགས༔ འདུས་པའི་འཁོར་ལ་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག༔ ཡིད་དང་མཐུན་པའི་དབེན་གནས་སམ༔ དུར་ཁྲོད་ནགས་འདབས་ལུང་སྟོང་དུ༔ ཕྱི་ནང་གསང་བའི་མཆོད་པ་བཤམས༔ ངྷཀྐི་མཚན་ལྡན་བདེ་སྟེར་མ༔ བཅུ་དྲུག་ལོ་ལོན་ཡིད་འོང་མཛེས༔ མཚན་དང་ལྡན་པའི་རིག་མ་ལ༔ དབང་བསྐུར་ཁྲུས་བྱས་རྒྱན་གྱིས་སྤྲས༔ ལྟ་དང་འཁྱུད་དང་གཡའ་སྒོག་ཅིང་༔ རིམ་པར་སྦྱོར་ཏེ་བྱང་སེམས་དབབ༔ ཐོད་པར་བླུགས་ནས་བདུད་རྩིར་བསྒྱུར༔ བློ་ཆེ་ཁོག་ཡངས་དམ་ཚིག་གཙང་༔ སྙིང་ནས་སྒྲུབ་ལ་བརྩོན་པའི་བུ༔ ལྔ་གསུམ་བདུན་ལས་མང་མི་བྱ༔ བླ་མ་ཡབ་ཡུམ་དཀྱིལ་འཁོར་ལ༔ མེ་ཏོག་གཏོར་ཞིང་མཎྜལ་དབུལ༔ ཧེ་རུ་ཀཿདཔལ་བླ་མ་ལ༔ གསོལ་བ་གདབ་ཅིང་དབང་ལ་འཇུག༔ མ་དག་སྦྱང་ཕྱིར་ཕག་མོར་བསྒོམ༔ རླུང་སྦྱོར་ལྡན་པས་དཔྲལ་བའི་དཀྱིལ༔ གཡུང་དྲུང་འཁོར་ལ་དམིགས་པ་གཏད༔ རོལ་མོ་འཁྲོལ་ཞིང་ཤ་ཆེན་དང་༔ གྲི་ཀླད་རང་གི་སྐྲ་དང་སེན༔ སྤོས་དཀར་རྣམས་ཀྱི་དུད་པ་བཏང་༔ ཧཱུྃ་ཧྲཱི༔ བདུད་རྩི་འབྱུང་བའི་ཡུལ་ནི་ཡུམ་གྱི་མཁའ༔ བདུད་རྩི་བསྒྲུབ་པའི་སྣོད་ནི་ཀ་པཱ་ལ༔ བདུད་རྩིའི་ལས་ནི་རྣམ་པར་རྟོག་པ་སྦྱང་༔ སྐལ་ལྡན་རྣམས་ལ་དབང་བསྐུར་ཐོབ་གྱུར་ཅིག༔ ངག་སྒྲིབ་དག་ནས་ལོངས་སྤྱོད་རྫོགས༔ རྡོ་རྗེ་འཆང་དང་སྐལ་བ་མཉམ༔ མཚན་ལྡན་གཟུངས་མ་སློབ་མར་སྦྱིན༔ བདེ་བ་བསྐྱེད་ལ་དགའ་བ་བསྒོམ༔ ཐིག་ལེ་ཉམས་ན་དམྱལ་བར་ལྟུང་༔ བླ་མེད་མཆོག་གི་དངོས་གྲུབ་རྫས༔ ཁྱེར་ཅིག་དཔའ་བོ་རྣལ་འབྱོར་ཆེ༔ བུ་དང་ཆུང་མ་ནོར་གྱི་རིགས༔ འཕངས་བསྲི་མེད་པར་ཡོན་དུ་དབུལ་༔ ཚོགས་འཁོར་བསྐོར་ཞིང་བདེ་ཉམས་སྐྱོང་༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གསང་དབང་གི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྡོ་རྗེ་ནུས་འབྱིན་གྱིས༔ སྟོན་པ་ཉིད་ལ་འདི་སྐད་གསོལ༔ ཀྱེ་མ་སྟོན་པ་འཇིག་རྟེན་འོད༔ ཤིན་ཏུ་སྤྲོས་པ་མེད་པའི་དབང་༔ བསྐུར་བའི་ཆོ་ག་ཇི་ལྟ་བུ༔ བདག་ཅག་རྣམས་ལ་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་སེམས་དཔའ་ལེགས་པར་ཉོན༔ རབ་ཏུ་དབེན་ཞིང་མཐོ་བའི་སར༔ ཕྱི་ནང་གསང་བའི་མཆོད་རྫས་དང་༔ ཤེལ་དང་མེ་ལོང་རྨ་བྱའི་སྒྲོ༔ ལྟ་གོན་བྱས་ནས་སྣོད་ལྡན་གྱི༔ སློབ་བུས་གསེར་གཡུ་རིན་ཆེན་ནོར༔ མཎྜལ་ཕུལ་ནས་གསོལ་བ་གདབ༔ ཁྲུས་བྱས་གུ་གུལ་དྲི་ཡིས་བདུག༔ བླ་མས་ཧེ་རུ་ཀཿཡི་ཆས༔ སྤྲས་ནས་ཐོད་རྔ་འཁྲོལ་ཞིང་བུར༔ ཧཱུྃ་ཧྲཱི༔ དྲི་མེད་གསལ་ལ་མ་འདྲེས་པ༔ རྒྱལ་དང་རྒྱལ་བའི་སྐུ་འདི་ཡིན་༔ བསྐྱེད་རིམ་མཐར་ཕྱིན་དབང་ཐོབ་ཤོག༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ མི་འགྱུར་མཚན་དང་དཔེ་བྱད་འབར་༔ བདེ་གཤེགས་གསུང་དབང་རྨ་བྱའི་སྒྲོ༔ གྲག་སྟོང་བརྗོད་བྲལ་ཨེ་མ་ཧོ༔ ཧཱུྃ་ཧྲཱི༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ མ་སྐྱེས་མི་འགག་དེ་བཞིན་གཤེགས༔ སྐྱེ་མེད་ཆོས་དབྱིངས་སྤྲོས་དང་བྲལ༔ ལྷུན་གྲུབ་འགག་མེད་སྣ་ཚོགས་སྣང་༔ སྐྱེ་བ་མེད་ལས་སྐྱེ་དང་འཕྲུལ༔ ཇི་ལྟར་ནམ་མཁའི་རང་བཞིན་ལྟར༔ འགྲོ་འོང་རེ་དོགས་ཕྱོགས་ལྷུང་མེད༔ བུ་ཁྱོད་རིག་པ་ནམ་མཁར་སྤྲོས༔ ཕྱོགས་བཅུའི་ནམ་མཁའི་ཁམས་ན་སོང་༔ ལྷབས་ལྷབས་འཕུར་དང་ཞུང་ཞུང་འཛུལ༔ ལིངས་ལིངས་མཆོང་བའི་ངང་ནས་སྤྱོད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ འགྲོ་བྱེད་ངོ་བོ་གཞི་རྩ་བྲལ༔ མ་ཡེངས་མ་ཡེངས་རང་ལ་ལྟོས༔ བལྟ་མཁན་ཆོས་དབྱིངས་སྐྱེ་བ་མེད༔ མ་ལྟ་མ་ལྟ་གློད་ནས་ཞོག༔ གློད་མཁན་གནས་ལུགས་འགྱུར་བ་མེད༔ བུ་སྒོམས་ཤིག་སྒོམས་ཤིག་ཀ་དག་བསྒོམས༔ བསྒོམས་ཀྱང་བཟང་དུ་སོང་བ་མེད༔ བུ་མ་བསྒོམ་མ་བསྒོམ་བསྐྱུར་ནས་ཐོང་༔ བསྐྱུར་ཡང་ངན་དུ་སོང་བ་མེད༔ ཨེ་མ་རང་བྱུང་ཡེ་ཤེས་ཆེ༔ སྐྱེ་མེད་ནམ་མཁའི་ངོ་བོ་ཉིད༔ ཨཱ་ཨཱ་ཨཱ༔ མཎྜལ་ཚོགས་འཁོར་དབང་ཡོན་འབུལ༔ མཆོག་གི་དངོས་གྲུབ་ལོ་ཟླས་འཐོབ༔ རིག་འཛིན་འདུས་བའི་རྩ་རྒྱུད་ལས༔ ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་ལེའུ་སྟེ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྡོ་རྗེ་ནུས་འབྱིན་གྱིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་སྟོན་པ་འཇིག་རྟེན་མགོན༔ བསྟན་བའི་སྒྲོན་མེ་ཡེ་ཤེས་འོད༔ རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི༔ སྒྲུབ་ཐབས་མན་ངག་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག༔ འཇིགས་སུ་རུང་བའི་དུར་ཁྲོད་དམ༔ ཚང་ཚིང་འཁྲིགས་པའི་ནགས་ཀྱི་འདབས༔ གཡའ་དང་གངས་རི་ལུང་སྟོང་ངམ༔ གཞན་གྱིས་འཚེ་བ་མེད་པའི་སར༔ ད་ལ་གྱེན་ཐུར་མདའ་གང་པ༔ བ་ཡི་རྣམ་ལྔས་ཆག་ཆག་གདབ༔ སྐྱང་ནུལ་བྱས་ནས་དྲི་བཟང་བྱུག༔ ཚངས་པའི་ཐིག་གདབ་ཆ་ལ་བགོ༔ བཅུ་དྲུག་ཐིག་གི་གྲངས་སུ་བཅད༔ ཆ་ཆེན་དང་པོ་དབུས་ཀྱི་ཆ༔ གཉིས་པར་འདབ་བརྒྱད་པདྨ་བཀོད༔ ཆ་ཆེན་གསུམ་པར་པད་འདབ་བརྒྱད༔ མུ་ཁྱུད་ལ་སོགས་མཛེས་པར་བྱ༔ ཆ་ཆེན་བཞི་པ་ཁྱམས་ཀྱི་ཆ༔ ལྔ་བ་ཕྱེད་གདབ་ཕྱི་མ་བསྲེ༔ དྲུག་པ་དབུས་དོར་མཐའ་གཉིས་གདབ༔ བདུན་པ་ཆ་བཞིར་བགོས་ཏེ་གདབ༔ བརྒྱད་པ་དབུས་དོར་མཐའ་གཉིས་གདབ༔ དུར་ཁྲོད་རྡོ་ལ་ཚོན་གྱིས་བསྒྱུར༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿབྱིན་གྱིས་བརླབས་ཤིང་ཡེ་ཤེས་བསྟིམ༔ སྦོམ་ཕྲ་མདའ་སྨྱུག་ཙམ་དུ་བླུག༔ ལྷག་ཆད་མེད་པར་མཛེས་པར་བྱ༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ མཚན་ལྡན་བུམ་པ་སྨན་དང་བཅས༔ འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ༔ སྙིང་པོ་ལྔ་དང་སྨན་ལྔ་རྣམས༔ གཙང་མའི་ཆུར་སྦྱར་ནང་དུ་བླུག༔ མགུལ་ཆིངས་རྒྱན་ཞིང་གཟུངས་ཐག་བཏགས༔ ཁྲོ་བོའི་སྔགས་སྦྱངས་ཁ་རྒྱན་བཅས༔ གཞན་ཡང་ཕྱི་ནང་གསང་མཆོད་དང་༔ སྨན་གཏོར་རཀྟ་བཟང་དུ་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་མཆོད་བྱིན་བརླབ༔ ཏིང་འཛིན་ལྷ་བསྐྱེད་མཆོད་ཅིང་བསྟོད༔ འཛབ་ཀྱིས་སྲོག་སྙིང་གནད་ནས་བསྐུལ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་སྐྱེ་འགག་མེད༔ གནས་ལུག་ངོ་བོ་མཚོན་བརྫོད་བྲལ༔ རང་བྱུང་ལྷན་སྐྱེས་ཐུགས་རྗེའི་དཔལ༔ སྐྱེ་མེད་དབྱིངས་ནས་བདེ་མཆོག་རྒྱལ༔ འགག་མེད་དབྱིངས་ནས་རིག་འཛིན་རྩལ༔ ཐུགས་རྗེ་འགྲོ་འདུལ་དཀྱིལ་འཁོར་ལྷ༔ ཡབ་ཡུམ་བདེ་རོལ་སྔགས་ཕྲེང་འོད༔ སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བསྡུས་པས་དངོས་གྲུབ་རང་ལ་ཐིམ༔ སྣང་སེམས་ངོ་བོ་ཆོས་དབྱིངས་སྟོང་༔ དུས་གསུམ་རྒྱལ་བའི་ཐུགས་མཆོག་ཆེ༔ རོ་གཅིག་ཆོས་སྐུ་དྲི་མ་མེད༔ རང་བྱུང་རིག་པ་རང་གི་སེམས༔ སྣ་ཚོགས་ཆོས་རྣམས་སྐུ་གསུང་ཐུགས༔ སྣོད་བཅུད་འཁོར་འདས་ཕྱམ་གཅིག་བརྡལ༔ ཡེ་ནས་རང་བྱུང་ཀུན་ཏུ་བཟང་༔ བསྒྲུབ་བྱ་སྒྲུབ་བྱེད་མཐའ་བྲལ་ཆེ༔ འདི་དོན་བླ་མེད་ལྷ་དང་མཇལ༔ ཚོགས་འཁོར་བསྐོར་ཞིང་གླུ་བྲོ་འཁྲབ༔ རྒྱུན་སྤྱོད་བསྔོ་སྨོན་རྒྱ་ཡིས་གདབ༔ ལས་བཞིའི་འཕྲིན་ལས་དོན་གཉིས་བསྒྲུབ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་༔ རང་རིག་ཆོས་སྐུར་སྨིན་པའི་ཐབས༔ ཐབས་མང་དཀའ་བ་བྲལ་བ་ཡི༔ གྲོལ་ལམ་ཁྲིད་ཀྱི་བསྒོམ་ཐབས་གང་༔ དེ་ནས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་མཆོག་ཁྱོད་ལེགས་པར་ཉོན༔ ཚེ་གཅིག་གྲོལ་བའི་ཟབ་ལམ་ཆོས༔ བླ་མེད་རྫོགས་པའི་ས་འདོད་ན༔ ཚེ་འདིས་བྱ་བ་བློ་ཡིས་བཏང་༔ དབེན་པའི་རི་ལ་གཅིག་པུར་བསྡད༔ མཚན་དང་ལྡན་པའི་སློབ་དཔོན་ལ༔ སྣོད་དང་ལྡན་པའི་སློབ་མ་ཡིས༔ སྒོ་གསུམ་མཉེས་པའི་ཞབས་ཏོག་བསྒྲུབ༔ ལུས་ངག་ཡིད་གསུམ་བསྲང་དུ་གཅུན༔ སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ ཡི་རང་བསྐུལ་ཞིང་གསོལ་བ་འདེབས༔ དགེ་བ་ཆོས་དབྱིངས་ཀློང་དུ་བསྔོ༔ ཡི་གེ་བརྒྱ་པས་སྒྲིབ་པ་སྦྱངས༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན༔ བླ་མ་ཆོས་སྐུ་དྲི་མེད་མཆོད༔ རང་ལུས་མཎྜལ་དབང་པོས་བརྒྱན༔ བླ་མ་ལོངས་སྐུ་བྱང་སེམས་མཆོད༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན༔ བླ་མ་སྤྲུལ་སྐུ་འགྲོ་འདུལ་མཆོད༔ རང་བྱུང་སེམས་ཀྱི་གནས་ལུགས་ལ༔ རང་ངོར་ཤེས་པར་གསོལ་བ་གདབ༔ འགྲོ་དྲུག་སྡུག་བསྔལ་རྒྱ་མཚོའི་གནས༔ མི་ལུས་ཆོས་ཀྱི་རྟེན་དུ་བཟང་༔ སྐྱེ་འཆིའི་འཇིགས་པ་མཐའ་ཡས་ཤིང་༔ ལས་ཀྱི་འབྲས་བུ་སྟོངས་མཐའ་མེད༔ བདེ་ལྡན་སྡུག་བྲལ་ཐར་པའི་གླིང་༔ དེ་དག་རྣམས་ནི་སྔོན་དུ་འགྲོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ལུས་གནད་ལྡན་པའི་ངང་༔ དང་པོ་སེམས་འདི་བྱུང་ས་འཚོལ༔ མ་རྙེད་ཆོས་དབྱིངས་ངང་དུ་གློད༔ བར་དུ་སེམས་འདི་གནས་ས་འཚོལ༔ མ་རྙེད་རང་བྱུང་རྗེན་པར་བཞག༔ ཐ་མ་སེམས་འདི་འགྲོ་ས་གཞིག༔ སྣང་སེམས་འཁྲུལ་པའི་ཁང་བུ་བཤིག༔ ལུས་འདི་རིགས་དྲུག་རྟེན་ཡིན་པས༔ རིགས་དྲུག་ས་བོན་ཉིད་དུ་གནས༔ ཡི་གེ་གསུམ་གྱི་བཟླས་པ་བྱ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་ནས༔ རིགས་དྲུག་ས་བོན་བསྲེག་པར་བྱ༔ རང་ལུས་རྡོ་རྗེའི་འདུག་སྟངས་བཅས༔ འབྲུ་གཅིག་རྒྱལ་བའི་ཐུགས་སྒྲུབ་བཟླས༔ མཉེན་བཙལ་ལམ་ཞུགས་དམིགས་པས་སྒྱུར༔ བར་ཆད་ཞི་དང་རང་ངོ་འཕྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྣོད་ལྡན་བུ་དེ་ལ༔ རིམ་པ་གསུམ་གྱི་ངོ་སྤྲོད་བྱ༔ དཔེ་ནི་ནམ་མཁའ་སྟོང་པ་སྟེ༔ རྒྱུ་མིན་རྒྱུ་ཡི་རྐྱེན་དང་བྲལ༔ རྐྱེན་མེད་རྐྱེན་གྱི་འབྱུང་ཁུངས་ཟད༔ སྟོང་པ་མ་ཡིན་ངོ་བོས་སྟོང་༔ གཟུགས་སོགས་སྐྱེ་མཆེད་ཡོད་མ་ཡིན༔ དོན་ནི་སྐུ་གསུམ་རང་ལ་ཆས་༔ ཀ་དག་ཆོས་སྐུ་སྐྱེ་མེད་ཆེ༔ གཞི་ལམ་འབྲས་གསུམ་རང་ལ་རྫོགས༔ འཁོར་འདས་ཀུན་འབྱུང་སྤྲུལ་པའི་སྐུ༔ རྟགས་ནི་དབང་པོའི་ཡུལ་ལ་རྫོགས༔ རྣམ་གྲོལ་མཆོག་སྟེ་རྫོགས་འཚང་རྒྱ༔ མ་རིག་འཁྲུལ་བ་རྒྱུ་དྲུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ལྟར་སྤྱོད་པའི་སྐལ་ལྡན་ཉིད༔ སྡུག་བསྔལ་མེད་ཅིང་རྣམ་པར་གྲོལ༔ ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ༔ རང་བྱུང་སྲིད་ཞིའི་མགོན་པོ་སྟེ༔ རབ་འབྲིང་ཐ་མ་གསུམ་གྱིས་གྲོལ༔ སྐྱེ་མེད་མངོན་གྱུར་ཨེ་མ་ཧོ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གྲོལ་ལམ་ཁྲིད་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་གསང་འཛིན་གྱིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་ཐུགས་རྗེ་ཆེར་ལྡན་པ༔ འགྲོ་བའི་མགོན་པོ་བདེ་བའི་མཆོག༔ རྩ་རླུང་བསྒོམ་ན་ཇི་ལྟར་ལགས༔ འདུས་པའི་འཁོར་ལ་བསྟན་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་གསང་བའི་དབང་ལྡན་ཉོན༔ ལུས་ལ་རྩ་འཁོར་གྲངས་མེད་ཀྱང་༔ འཁོར་ལོ་ལྔ་དང་རྩ་གསུམ་སྟེ༔ འདོད་ཆགས་མོ་རླུང་གཡོན་ནས་རྒྱུ༔ ཞེ་སྡང་ཕོ་རླུང་གཡས་ནས་རྒྱུ༔ གཏི་མུག་རླུང་ནི་དབུས་ནས་རྒྱུ༔ དུག་གསུམ་རྒྱུ་དང་རྟེན་དུ་གནས༔ རྟོག་པས་ཁམས་གསུམ་རླུང་གིས་བསྐྱོད༔ འབྲས་བུ་ངན་སོང་འགྲོ་བ་དྲུག༔ དེ་གྲོལ་སྐུ་གསུམ་མངོན་དུ་འགྱུར༔ དུག་ལ་སྔགས་ཀྱིས་བཏབ་པ་བཞིན༔ ལམ་དུ་སྒྱུར་ཞིང་ཡེ་ཤེས་འཁྱེར༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ཕོ་དང་མོ་དང་མ་ནིང་གི༔ རླུང་རོ་ལན་དགུ་དག་གིས་འབུད༔ སྟེང་རླུང་མནན་ཅིང་འོག་རླུང་བསྡམས༔ བུམ་པའི་རང་བཞིན་བསྐྱེལ་ཞིང་ལྡི༔ མདའ་ལྟར་འཕང་ཞིང་དལ་བུས་འཐེན༔ ལྷུག་པར་བསྐྱིལ་ཞིང་བརྩོན་འགྲུས་བྱ༔ ཨ་ཐུང་མེ་ཡི་འཁོར་ལོ་འབར༔ རྩ་གསུམ་འཁོར་ལོ་ཀུན་ཏུ་ཁྱབ༔ ཧཾ་ཡིག་འོད་ཀྱི་བདུད་རྩི་དཀར༔ ཐིགས་པའི་རྣམ་པར་འཛག་པ་ལས༔ བདེ་སྟོང་ངོས་བཟུང་དབབ་ཅིང་ལྡོག༔ རྩ་འདུལ་ལུས་སྦྱོང་རྣམས་ལ་འབད༔ ཉོན་མོངས་ལས་རླུང་རང་སར་དག༔ ངྷུ་ཏིར་རླུང་ཚུད་མཁའ་སྤྱོད་འགྲུབ༔ རྩ་མདུད་གྲོལ་ཞིང་ཡེ་ཤེས་འཆར༔ ཆོས་རྣམས་མ་འདྲེས་སོ་སོར་མཁྱེན༔ རང་ལུས་འབྱོངས་ནས་གཞན་ལུས་བསྟེན༔ བཅུ་དྲུག་ཡིད་འོང་སྐེད་ཕྲ་མ༔ བདེ་བ་འབྱུང་བ་ཡུམ་གྱི་མཁའ༔ ལྟ་དང་འཁྱུད་དང་རིམ་གྱིས་སྤྱོད༔ དགའ་བཞིའི་དབབ་ལྡོག་འདྲེན་ཞིང་དགྲམ༔ བདེ་ཆེན་ཡེ་ཤེས་མངོན་གྱུར་ཚེ༔ འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གཏུམ་མོའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་ཡེ་ཤེས་ཀྱིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་སྟོན་པ་བདེ་བའི་མཆོག༔ མཆོག་ཐུན་འགྲུབ་པའི་ལས་སྦྱོར་ཞིག༔ གྲོལ་བའི་མྱུར་ལམ་བླ་ན་མེད༔ འདུས་བའི་འཁོར་ལ་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ཉོན་ཅིག་རྡོ་རྗེ་གསང་བའི་རྒྱལ༔ འཁོར་འདས་ཆོས་རྣམས་ཀ་ནས་དག༔ ངོ་བོ་ཉིད་ནི་རང་སར་གྲོལ༔ བདུད་རྩི་ལྔ་ཡི་རང་བཞིན་ཏེ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ ཕྱི་དང་ནང་དང་གསང་བར་ཕྱེ༔ ཙན་དན་སྦྲུལ་སྙིང་ཨ་རུ་ར༔ མཆོག་ཆེན་མི་སྟེ་རྣམ་པ་གསུམ༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ སྙིང་པོ་དྲི་དང་སྨན་གྱི་རིགས༔ སྲིད་པའི་བྱང་སེམས་དཀར་དམར་དང་༔ ཁ་མངར་སྐྱུར་རྩུབ་སྐྱོབ་ཏུ་སྦྱར༔ ཕྱེ་མར་བཏགས་ནས་ཐོད་པར་བསྒྲུབ༔ དཀྱིལ་འཁོར་དབུས་སུ་བཞག་པར་བྱ༔ གཏོར་ཚོགས་མཆོད་པའི་བྱེ་བྲག་བཤམས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དགྲམ༔ རྒྱལ་པོ་བཞི་ལ་འཕྲིན་ལས་གཞོལ༔ བདུད་རྩི་གསང་བའི་སྲུང་མར་བསྐུལ༔ རིགས་ལྔ་ཡབ་ཡུམ་རྩ་བ་གསུམ༔ སྦྱར་བའི་བདུད་རྩིར་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ བུང་བ་ཚང་ཞུག་ལྟ་བུར་བཟླ༔ འཛབ་དང་གླུ་བྲོ་གར་གྱིས་མཆོད༔ ལོངས་སྤྱོད་སྣ་ཚོགས་ཚོགས་འཁོར་བསྐོར༔ བདུད་རྩི་གྲུབ་ནས་དངོས་གྲུབ་ཞུ༔ རང་གཞན་དོན་དུ་འགྲོ་དོན་སྤྱོད༔ མ་དག་འགྲོ་བ་སྡིག་ལྡན་དང་༔ ཐ་ན་དུད་འགྲོ་ཡིན་ཀྱང་རུང་༔ ཤིག་གི་སྙིང་ཙམ་ཁར་སོང་བ༔ ཚེ་དེས་གྲོལ་འགྱུར་ཐེ་ཚོམ་མེད༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བདུད་རྩི་སྨན་གྱི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མ་བསྒོམ་གྲོལ་བའི་གདམས་པ་ཞིག༔ འདུས་པའི་འཁོར་ལ་བཤད་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ནུས་འབྱིན་གསང་བའི་རྒྱལ་པོ་ཉོན༔ མ་བསྒོམས་གྲོལ་བའི་ལམ་འདོད་ན༔ སྐྱབས་སེམས་ངང་ནས་གསོལ་བ་གདབ༔ འོད་ཀྱི་སྐུ་ལ་ཧིག་གི་སྒྲས༔ རང་སེམས་སྐྱེ་མེད་དབྱིངས་སུ་སྤར༔ ཡང་ཡང་སྦྱངས་པས་རྟགས་མྱུར་ཐོན༔ སྤྱི་བོ་སྐྲང་དང་ཆུ་སེར་བརྡོལ༔ ཟ་དང་གཡའ་རྣམས་འབྱོངས་པའི་ཚད༔ མི་དགེའི་ལས་ལ་སྤྱོད་པ་དང་༔ མཚམས་མེད་ལྔ་བྱས་འགྲོ་བ་ཡང་༔ གྲོལ་བར་འགྱུར་ལ་གདོན་མི་ཟ༔ སྒོ་དགུ་བཀག་པས་རྒྱུ་དྲུག་ཁེགས༔ འགྲོ་དྲུག་གནས་ལས་རྒྱངས་ཀྱིས་འཕགས༔ སྒོ་གཅིག་འོད་གསལ་རྫོགས་པ་ཆེ༔ མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ འགྲོ་དྲུག་བག་ཆགས་ཕུང་བོ་ལ༔ རིག་པ་བཅུག་ཅིང་དབྱིངས་སུ་སྤར༔ དམིགས་མེད་ཆོས་དབྱིངས་ངང་དུ་ཀློད༔ རབ་འབྲིང་ཐ་མའི་ཞིང་དུ་འཕོ༔ རིག་འཛིནའདུས་པའི་རྩ་རྒྱུད་ལས༔ འཕོ་བའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ འདི་ལྟར་ཟབ་པའི་རྒྱུད་རྒྱལ་འདི༔ བཅང་ཞིང་འབྲི་ཀློག་ཉན་བཤད་འདོན༔ ཕན་ཡོན་ལ་སོགས་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་གསང་བའི་མཆོག་ཁྱོད་ཉོན༔ རྒྱུད་རྒྱལ་རིག་འཛིན་ཡོངས་འདུས་འདི༔ བསྟན་པ་གང་ལ་བབས་པ་ཡི༔ རིན་ཆེན་དེ་ཡིས་རིས་སུ་འབྲི༔ ཟ་མ་ཏོག་ཏུ་བཅང་བ་དང་༔ ཉན་དང་འཛིན་དང་ཁ་ཏོན་བྱེད༔ སྒོམ་དང་སྒྲུབ་པ་སུས་བྱེད་པ༔ ཕྱོགས་བཅུའི་ཞིང་གི་སངས་རྒྱས་མཆོག༔ འཁོར་འདས་ཀུན་གྱི་མཆོད་སྡོང་ཆེ༔ ཡུལ་ཕྱོགས་རྒྱལ་ཁམས་དགེ་ལེགས་ཤིས༔ གདོན་དང་འབྱུང་པོ་རིང་དུ་བྲོས༔ ནད་དང་ཉེ་བར་འཚེ་བ་ཞི༔ ཏིང་འཛིན་ལྡན་པའི་རྣལ་འབྱོར་པས༔ ཉི་ཟླ་ལྡོག་གྱུར་སྒྲ་དང་གཡོས༔ ཆོ་འཕྲུལ་གྱི་ནི་དུས་ཆེན་ལ༔ རྒྱུད་འདི་ཀླག་པའི་སྒྲ་ཐོས་པ༔ ཐ་ན་སྲིན་བུ་ཡིན་ཀྱང་གྲོལ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ རྒྱུད་ཀྱི་ཀློག་ཐབས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོར་སེམས་ཀྱིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་སྟོན་པ་ཐུགས་རྗེའི་འོད༔ རིག་འཛིན་འདུས་པའི་རྒྱུད་མཆོག་འདི༔ བཀའ་ཡི་སྲུང་མ་གང་ལ་བཅོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ གསང་བའི་རྡོ་རྗེ་ཁྱོད་ཉོན་ཅིག༔ དུར་ཁྲོད་བརྒྱད་ཀྱི་ཞིང་སྐྱོང་ཞིང་༔ གནས་ཡུལ་ཀུན་ཏུ་རྒྱུ་བ་ཡི༔ དཔའ་བོ་རིགས་བཞི་དཔའ་མོ་བཞིར༔ བཀའ་འདི་བཅོལ་ལ་གཉེར་དུ་གཏོད༔ རིག་འཛིན་འདུས་པ་རྩ་རྒྱུད་ལས༔ སྲུང་མར་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ཨེ་མ་ནུས་འབྱིན་རྡོ་རྗེ་སེམས༔ བཀའ་འདི་ཁྱོད་ཀྱིས་ཡོངས་སུ་སྡུས༔ སྤྲུལ་པའི་མཁའ་འགྲོའི་ཡི་གེར་ཐོབ༔ རབ་འཇིགས་དུར་ཁྲོད་བསིལ་བ་ཚལ༔ རང་བྱུང་མཆོད་རྟེན་ཆེན་པོ་ཡི༔ ཉི་མའི་འཁོར་ལོར་གཏེར་དུ་སྦོས༔ ལས་ཀྱི་དབང་མོར་སྲུངས་ཤིག་བཅོལ༔ རྩོད་ལྡན་ཤཱཀྱའི་བསྟན་པ་ལ༔ རྒྱལ་བའི་སྤྱི་གཟུགས་མཚོ་ལས་སྐྱེས༔ རྡོ་རྗེ་པདྨ་འབྱུང་ལ་གཏོད༔ བསྟན་དང་འགྲོ་བའི་དོན་བྱེད་འགྱུར༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བཀའ་ཡོངས་སུ་གཏད་ཅིང་གཏེར་ལ་སྦས་པའི་ལེའུ་སྟེ་བཅུ་བདུན་པའོ༔ གཏེར་རྒྱ་༔ སྦས་རྒྱ་༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་མཚོ་སྐྱེས་རྡོ་རྗེ་ངས༔ རབ་འཇིགས་དུར་ཁྲོད་བསིལ་བའི་ཚལ་དུ་་ནི༔ སྟོན་པ་རྡོ་རྗེ་སེམས་དཔས་ལུང་བསྟན་ཏེ༔ རིག་འཛིན་འདུས་པའི་རྒྱུད་ཀྱི་རྒྱལ་པོ་རྙེད༔ རྒྱ་གར་ཡུལ་གྱི་མཁས་་པ་བརྒྱད་ལ་ཕུལ༔ སྨོན་ལམ་དབང་གིས་བོད་ཀྱི་ཡུལ་དུ་འོང་༔ མངའ་བདག་སོགས་ཏེ་རྗེ་འབངས་ཉེར་ལྔ་ལ༔ མཆིམས་ཕུའི་རྫ་ལ་བཀའ་བརྒྱད་སྨིན་གྲོལ་བསྟན༔ བླ་མའི་མན་ངག་གོ་བདེ་འཁྱེར་སླ་བ༔ བཀའ་བརྒྱད་ཆོས་ཀྱི་སྨིན་གྲོལ་རྒྱ་མཚོ་ནས༔ སྙིང་པོའི་བཅུད་ཕྱུངས་རིག་འཛིན་འདུས་རྒྱུད་ལས༔ སྒྲུབ་ཐབས་བརྩམས་ཏེ་ཉམས་ལེན་ཆོས་ལ་བྱས་༔ མ་འོངས་དོན་དུ་གངས་རིའི་རྒྱལ་པོ་ལ༔ ཡི་གེར་བཏབ་ནས་རིན་ཆེན་གཏེར་དུ་སྦས༔ ཀླུ་དབང་སྐྱེ་མཐའ་ང་ཡི་ཐུགས་ཀྱི་སྲས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ རྡོ་རྗེ་ལེགས་པར་བཀའ་འདི་བཅོལ་ལོ་སྲུངས༔ ལྷ་བཙན་འབར་བས་གཏེར་འདི་སྲུངས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁར་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་སྤྲང་བན་འགྲོ་འདུལ་གླིང་པས་གདན་དྲངས་ཤིང་ས་ཕོ་རྟ་ལོ་ཧོར་ཟླ་བཅུ་པར་ཤོག་སེར། ཞིང་མཁྱུད་གང་དཀྱུས་མཐོ་དོ་དང་སོར་བཞི་པ་ཞིག་ལས། བོད་ཡིག་ཏུ་ཕབ་པའོ། །སརྦ་མངྒ་ལཾ། །


previousརིག་འཛིན་འདུས་པའི་རྩ་རྒྱུད།next