Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲེགས་ཆོད་ཀྱི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲེགས་ཆོད་ཀྱི་ཁྲིད།next

ཁྲེགས་ཆོད་ཀྱི་ཁྲིད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཁྲེགས་ཆོད་ཀྱི་ཁྲིད་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཡང་ཟབ་མཐར་ཐུག་ཆོས་སྒོ་བརྒྱད་ཁྲིའི་དོན༔ རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་ཀྱང་༔ སྐལ་ལྡན་མྱུར་ལམ་གྲོལ་བའི་ཟབ་ཆོས་ཤིག༔ ཨོ་རྒྱན་སློབ་དཔོན་པདྨ་བདག་གིས་འབྲི༔ ཉམས་སུ་ལོངས་ཤིག་མ་འོངས་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་མྱུར་ལམ་ཁྲེགས་ཆོད་ལ་བརྟེན་ནས་གྲོལ་བར་བྱེད་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་༔ དངོས་གཞི་དང་༔ རྗེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ལ་ཡང་གསུམ་སྟེ༔ ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་༔ ཁྱད་པར་གྱི་སྔོན་འགྲོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ ཐུན་མོང་གི་སྔོན་འགྲོ་ལ་ཡང་ལྔ་སྟེ༔ དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ ལས་འབྲས་བསླུ་བ་མེད་པ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ༔ མཐར་ཕྱིན་བླ་ན་མེད་པ་ཐར་པའི་ཕན་ཡོན་དང་ལྔའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དལ་འབྱོར་རྙེད་པར་དཀའ་བ་ལ་ཡང་གསུམ་སྟེ༔ དཔེའི་སྒོ་ནས་རྙེད་པར་དཀའ་བ་དང་༔ གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་དང་༔ དུས་ཀྱི་སྒོ་ནས་རྙེད་པར་དཀའ་བའོ༔ དང་པོ་དཔེའི་སྒོ་ནས་རྙེད་པར་དཀའ་བ་ལ་ཡང་གསུམ་སྟེ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུའམ༔ ཨུ་དུམ་ཝཱ་རའི་མེ་ཏོག་གམ་ཞལ་ཞལ་གྱི་ལོགས་ཀྱི་འབྲུ་སྲན་ལྟ་བུའོ༔ ཡིད་བཞིན་གྱི་ནོར་བུ་ནི་ཤིན་ཏུ་འབྱུང་བར་དཀའ་སྟེ༔ ཐབས་དང་རྐྱེན་དང་ཡོ་བྱད་དང་༔ སྔོན་གྱི་སྨོན་ལམ་སྟོབས་པོ་ཆེ་རྣམས་མ་འཛོམ་ན་ནོར་བུ་ལོན་པའི་སྐབས་དང་བྲལ་བ་ལྟར༔ མི་ལུས་རིན་པོ་ཆེ་ཡང་སྔོན་བསྐལ་པ་ནས་བསྐལ་པ་མང་པོའི་་གོང་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་རྣམས་ཀྱིས་ནི་འཐོབ་ཅིང་༔ དེ་མིན་པ་རྣམས་ཀྱིས་རྙེད་པར་དཀའ་འོ༔ ཨུ་དུམ་ཝཱ་རའི་མེ་ཏོག་ནི་ས་ཆ་གང་བྱུང་གི་ཡུལ་དུ་མི་སྐྱེ་ཞིང་༔ གལ་སྲིད་སྐྱེས་ཀྱང་རྐང་གཉིས་ཀྱི་གཙོ་བོ་མིའི་སེངྒེ་འཇིག་རྟེན་དུ་འབྱོན་ན་མ་གཏོགས་སྐྱེ་བའི་སྐབས་དང་བྲལ་བ་ལྟར་༔ དལ་འབྱོར་མི་ལུས་ནི་འགྲོ་བ་གང་གིས་ཀྱང་མི་རྙེད༔ ཆོས་ལ་ཡང་དག་པར་སྤྱོད་པ་ཞིག་གི་འབྲས་བུ་ཁོ་ན་ལས་འབྱུང་དགོས་པས་རྙེད་པར་དཀའོ༔ ཞལ་ཞལ་ཤིན་ཏུ་འཇམ་པ་ཞིག་གི་ལོགས་ལ་འབྲུ་སྲན་ཁལ་སྟོང་ཕྲག་མང་པོ་གཏོར་ཀྱང་༔ གཅིག་ཙམ་ཡང་ཆགས་པར་མི་སྲིད་ཅིང་༔ གལ་སྲིད་གཅིག་ཆགས་པར་འགྱུར་རམ༔ དཔེ་དེ་ལས་ཀྱང་མི་ལུས་རྙེད་པར་དཀའོ༔ གཉིས་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ འབྲུའི་ཕུང་པོ་ཤིན་ཏུ་ཆེ་བ་ཞིག་གི་རྩ་བ་ནི་རིགས་དྲུག་གཞན་དང་༔ རྩེ་མོ་ལྷ་མིའི་ལུས་ཀྱི་དཔེ་ཡིན་ཏེ་རྙེད་པར་དཀའོ༔ གསུམ་པ་དུས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ མུན་ནག་གི་བསྐལ་པ་དང་༔ བར་སྟོངས་གི་བསྐལ་པ་དང་༔ སངས་རྒྱས་བྱོན་ཡང་ཆོས་མི་གསུང་པའི་བསྐལ་པ་དང་༔ ཆོས་གསུངས་ཀྱང་སྣོད་དུ་མ་གྱུར་བའི་རིགས་ལ་སོགས་པ་རྣམས་སུ་མ་སྐྱེས་པར༔ སྟོན་པ་བྱོན༔ ཆོས་གསུངས༔ བསྟན་པ་གནས་པའི་དུས་སུ་མི་ལུས་ཐོབ་པ་འདི་དཀའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་འཆི་བ་མི་རྟག་པ་ལ་གསུམ་སྟེ༔ ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་༔ ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་དང་༔ བར་རང་གི་སྒྱུ་ལུས་འདི་མི་རྟག་པའོ༔ དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ཡང་གསུམ་སྟེ༔ ཆགས་པ་དང་གནས་པ་དང་སྟོང་པའོ༔ གཉིས་པ་ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་ཡང་གསུམ་སྟེ༔ ཆེན་པོ་མི་རྟག་པ་དང་༔ རགས་པ་མི་རྟག་པ་དང་༔ ཕྲ་བ་མི་རྟག་པའོ༔ དང་པོ་ཆེན་པོ་མི་རྟག་པ་ནི༔ རྫོགས་པའི་སངས་རྒྱས་རྣམས་ཀྱང་མྱ་ངན་ལ་འདའ་དགོས་པས་མི་རྟག་པ་དང་༔ གཉིས་པ་རགས་པའི་མི་རྟག་པ་ནི༔ ཚངས་པ་ཆེན་པོ་དང་༔ བརྒྱ་བྱིན་མིག་སྟོང་ལྡན་པ་དང་༔ རྒྱལ་པོ་ཆེན་པོ་རྣམས་ཀྱང་འཆི་འཕོ་ལ་སྤྱོད་དགོས་པས་མི་རྟག་པའོ༔ གསུམ་པ་ཕྲ་བའི་མི་རྟག་པ་ནི༔ རང་རེ་སྟོང་གསུམ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ངེས་པར་འཆི་དགོས་ཤིང་༔ མདོར་ན་འབྱུང་བ་བཞི་ལས་གྲུབ་པའི་ལུས་ཤིག་བླངས་ཕྱིན་ཆད་འཚོ་བའི་རྐྱེན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཞིང་༔ འཆི་བའི་རྐྱེན་ནི་ས་ཆེན་པོའི་རྡུལ་གྱི་གྲངས་ལས་ཀྱང་མང་བས༔ གར་འཆི་འདིར་འཆི་ནམ་འཆི་ཆ་མེད་པས་མི་རྟག་པའོ༔ བར་རང་གི་སྒྱུ་ལུས་མི་རྟག་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ༔ དང་པོ་རྒྱུ་མི་རྟག་པ་ནི༔ མི་གཙང་བའི་རྫས་ངན་ལས་གྲུབ་ཅིང་འབྱུང་བ་བཞིའི་ཁམས་ལས་ཆུ་བུར་དུ་རྡོལ་བའི་ལུས་ངན་འདི་ལ༔ སྔོན་གྱི་བསོད་ནམས་ཀྱི་བསགས་རྒྱབ་ཀྱང་གཟུགས་འདི་ལས་གྲུབ་པ་ཞིག་གཞན་དུ་མེད་པས་མི་རྟག་པ་དང་༔ གཉིས་པ་རྐྱེན་མི་རྟག་པ་ནི༔ དུས་བཟང་པོ་བསྟན་པ་ཡར་ལྡན་ལ་སོགས་པ་ཐམས་ཅད་ནི་ནུབ༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་ཀྱི་ཡང་མར་ཞབས༔ སྙིགས་མ་ལྔ་བདོ་བའི་དུས་ངན་འདིར་ནད་རིགས་ནི་མང་༔ གདོན་རིགས་ནི་འཚུབས༔ ཟ་འདྲེ་དང་འབྱུང་པོ་ནི་དར༔ གློ་བུར་དང་ཡེ་འབྲོག་རྣམས་ནི་ཆར་ལྟར་དུ་འབབས་པས༔ འཆི་རྐྱེན་ཁོ་ནས་གང་ཚེ་མྱུར་དུ་འཆི་ཞིང་མི་རྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་འབྲས་བསླུ་བ་མེད་པ་ལ་ཡང་གཉིས་ཏེ༔ རྒྱུ་དགེ་བ་བྱས་པས་འབྲས་བུ་མཐོ་རིས་འཐོབ་པ་དང་༔ རྒྱུ་མི་དགེ་བ་བྱས་པས་འབྲས་བུ་སྡུག་བསྔལ་འབྱུང་བའོ༔ རྒྱུ་དགེ་བ་བྱས་པས་འབྲས་བུ་མཐོ་རིས་འཐོབ་པ་ལ་ཡང་གཉིས་ཏེ༔ གནས་སྐབས་ཀྱི་མཐོ་རིས་དང་མཐར་ཐུག་གི་མཐོ་རིས་སོ༔ དང་པོ་གནས་སྐབས་ཀྱི་མཐོ་རིས་ནི་ཆོས་སྤྱོད་དགེ་བ་བཅུ་དང་༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང་༔ བསྡུ་བའི་དངོས་པོ་བཞི་སོགས་ཀྱི་འབྲས་བུས་གནས་སྐབས་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ལེན་པའོ༔ གཉིས་པ་མཐར་ཐུག་གི་མཐོ་རིས་ནི༔ གསང་སྔགས་ཕྱི་པ་དང་ནང་པ༔ ཡང་གསང་བླ་ན་མེད་པ་ལ་སོགས་པའི་སྦྱོར་དངོས་རྗེས་གསུམ་ཡང་དག་པར་བསྒྲུབས་པས་འབྲས་བུ་རྫོགས་པའི་སངས་རྒྱས་འཐོབ་པའོ༔ རྒྱུ་མི་དགེ་བ་བྱས་པས་འབྲས་བུ་སྡུག་བསྔལ་འབྱུང་བ་ནི༔ དཔེར་ན་ས་བོན་ལས་འབྲས་བུ་སྨིན་པ་ལྟར་མི་དགེ་བ་བཅུ་དང་༔ མཚམས་མེད་པ་ལྔ་དང་༔ ལོག་པར་ལྟ་བ་བརྒྱད་ལ་སོགས་ཀྱི་ལས་སྤྱད་པའི་འབྲས་བུ་རང་བྱས་ལས་ཀྱིས་རང་ཉིད་མནར་བའོ༔ བཞི་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ནི་དྲུག་སྟེ༔ དུག་ལྔ་དང་དུག་གསུམ་གྱི་འབྲས་བུ་ལས་འབྱུང་བ་ཁོ་ན་སྟེ༔ དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ༔ ཡི་དཱགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ༔ དུད་འགྲོ་ལ་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ༔ ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ༔ ལྷ་མ་ཡིན་ལ་འཐབ་ཅིང་རྩོད་དགོས་པའི་སྡུག་བསྔལ༔ མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཏེ་དྲུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཐར་ཕྱིན་པ་བླ་ན་མེད་པའི་ཕན་ཡོན་ལ་གསུམ་སྟེ༔ ཆོས་ཀྱི་སྐུ་དང་༔ ལོངས་སྤྱོད་རྫོགས་པའི་སྐུ་དང་༔ སྤྲུལ་པའི་སྐུ་སྟེ་གསུམ་མོ༔ ཆོས་སྐུ་ནི་འཁོར་འདས་ཡོངས་ལ་ཁྱབ་པས་བདེ་བ་ཆེན་པོར་རྟག་པ་རྒྱུན་གྱི་འཁོར་ལོར་ཡེ་ནས་བཞུགས་པ་དང་༔ ལོངས་སྐུ་འགག་མེད་རོལ་པ་ཆེན་པོར་དུས་གསུམ་གཡོ་མེད་དུ་བཞུགས་པ་དང་༔ སྤྲུལ་སྐུ་ནི་མཁྱེན་པ་གཉིས་ལྡན་གྱིས་འཁོར་བའི་སེམས་ཅན་བློས་མི་གཏོང་བར་འགྲོ་བའི་དོན་མཛད་པ་སྟེ༔ མཐར་ཕྱིན་བླ་མེད་བྱང་ཆུབ་ཆེན་པོའི་ཕན་ཡོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་དྲུག་སྟེ༔ སྐྱབས་སུ་འགྲོ་བ་དང་༔ སེམས་བསྐྱེད་པ་དང་༔ ཡན་ལག་བདུན་པ་དང་༔ རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་༔ མཎྜལ་འབུལ་བ་དང་༔ བླ་མའི་རྣལ་འབྱོར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ལ་གསུམ་སྟེ༔ ཕྱིའི་སྐྱབས་འགྲོ་དང་༔ ནང་གི་སྐྱབས་འགྲོ་དང་༔ གསང་བའི་སྐྱབས་འགྲོའོ༔ དང་པོ་ཕྱིའི་སྐྱབས་འགྲོ་ལ་ཡང་གསུམ་སྟེ༔ སངས་རྒྱས་དང་ཆོོས་དང་དགེ་འདུན་གསུམ་མོ༔ གཉིས་པ་ནང་གི་སྐྱབས་འགྲོ་ལ་ཡང་གསུམ་སྟེ༔ བླ་མ་དང་ཡི་དམ་མཁའ་འགྲོ་གསུམ་མོ༔ གསུམ་པ་གསང་བའི་སྐྱབས་འགྲོ་ལ་ཡང་གསུམ་སྟེ༔ ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སེམས་བསྐྱེད་པ་ལ་གཉིས་ཏེ༔ སྨོན་པའི་སེམས་བསྐྱེད་དང་འཇུག་པའི་སེམས་བསྐྱེད་དོ༔ དང་པོ་སྨོན་པའི་སེམས་བསྐྱེད་ལ་གསུམ་སྟེ༔ བདག་དོན་དུ་སྨོན་པ་དང་༔ གཞན་དོན་དུ་སྨོན་པ་དང་༔ བདག་གཞན་གཉིས་མེད་ཀྱི་དོན་དུ་སྨོན་པའོ༔ གཉིས་པ་འཇུག་པའི་སེམས་སྐྱེད་པ་ལ་བཞི་སྟེ༔ མ་བསྒྲལ་བ་སྒྲོལ་བ༔ མ་གྲོལ་བ་འགྲོལ་བ༔ དབུགས་མ་ཕྱུང་བ་དབུགས་དབྱུང་བར་བྱེད་པ༔ ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡན་ལག་བདུན་པ་ལ་བདུན་ཏེ༔ ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ སྡིག་པ་བཤགས་པ་དང་༔ དགེ་བ་ལ་རྗེས་སུ་ཡི་རང་བ་དང་༔ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་༔ དགེ་བ་བྱང་ཆུབ་ཏུ་བསྔོ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ བཞི་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་གསུམ་སྟེ༔ ལྷ་བསྒོམ་པ་དང་༔ སྔགས་བཟླ་བ་དང་༔ འོད་དུ་ཞུ་ནས་སྒྲིབ་པ་སྦྱང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་མཎྜལ་ལ་གསུམ་སྟེ༔ ཕྱིའི་མཎྜལ་གླིང་དང་ཞིང་ཁམས༔ ནང་གི་མཎྜལ་རིན་ཆེན་འབྲུ་ནོར༔ གསང་བའི་མཎྜལ་ལུས་ངག་ཡིད་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་བླ་མའི་རྣལ་འབྱོར་ལ་གཉིས་ཏེ༔ དབྱེ་བ་དང་བསྒོམ་ཐབས་སོ༔ དང་པོ་དབྱེ་བ་ལ་བཞི་སྟེ༔ ཚེ་རབས་ལས་ཀྱི་བླ་མ༔ དམ་ཚིག་དབང་གི་བླ་མ༔ མན་ངག་ལུང་གི་བླ་མ༔ ཉམས་ཆག་སྐོང་བའི་བླ་མའོ༔ གཉིས་པ་སྒོམ་ཐབས་ལ་གསུམ་སྟེ༔ སྐུ་སྒོམ་པ་དང་གསོལ་བ་གདབ་པ་དང་དབང་བཞི་བླང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་བ་ཁྱད་པར་གྱི་སྔོན་འགྲོ་ལ་དོན་གསུམ་སྟེ༔ ལུས་འཁོར་འདས་རུ་ཤན་དབྱེ་བ་དང་༔ ངག་འཁོར་འདས་རུ་ཤན་དབྱེ་བ་དང་༔ ཡིད་འཁོར་འདས་རུ་ཤན་དབྱེ་བའོ༔ དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ལ་གསུམ་སྟེ༔ རིགས་དྲུག་གི་ས་བོན་བཀོད་པ་དང་༔ ཡེ་ཤེས་ཀྱི་མེས་བསྲེག་པ་དང་༔ འབྲུ་གསུམ་གྱི་བཟླས་པའོ༔ དང་པོ་རིགས་དྲུག་གི་ས་བོན་བཀོད་པ་ལ་དྲུག་སྟེ༔ སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ༔ མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་གུ༔ སྙིང་གར་མིའི་ས་བོན་ནྲི་སེར་པོ༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི་མཐིང་ག༔ གསང་གནས་སུ་ཡི་དཱགས་ཀྱི་ས་བོན་པྲེ་དམར་པོ༔ རྐང་མཐིང་དུ་དམྱལ་བའི་ས་བོན་དུ་དུད་ཁའོ༔ གཉིས་པ་ཡེ་ཤེས་ཀྱི་མེས་བསྲེག་པ་ལ་གསུམ་སྟེ༔ ས་བོན་བཀོད་པ༔ མེ་སྤར་བ༔ བསྲེག་པའོ༔ དང་པོ་ས་བོན་བཀོད་པ་ནི༔ སྤྱི་བོར་ལྷའི་ས་བོན་ཨའི་སྟེང་དུ་ཨཱོཾ་དཀར་པོ༔ མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་གུའི་སྟེང་དུ་ཨཱཿདམར་པོ༔ སྙིང་གར་མིའི་ས་བོན་ནྲི་སེར་པོའི་སྟེང་དུ་ཧཱུྃ་མཐིང་ག་བསམ་མོ༔ གཉིས་པ་མེ་སྦར་བ་ནི༔ ཡི་གེ་གསུམ་ལས་སྐུ་གསུང་ཐུགས་ཀྱི་མེ་དཀར་དམར་མཐིང་གསུམ་དར་དྲག་ལ་ཡུན་རིང་བར་སྤར་བའོ༔ གསུམ་པ་བསྲེག་པ་ནི་རིགས་དྲུག་གི་ས་བོན་དེ་རྣམས་ཡེ་ཤེས་ཀྱི་མེ་དང་འཕྲད་པ་ཙམ་གྱིས་བྱ་སྒྲོ་མེ་ལ་བཤུར་བ་ལྟར་བསྲེག་པར་རྩེ་གཅིག་ཏུ་བསྒོམ་པར་བྱའོ༔ གསུམ་པ་འབྲུ་གསུམ་གྱི་བཟླས་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཞེས་འབུམ་ཚོ་དྲུག་བཟླའོ༔ གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ལ་དྲུག་སྟེ༔ ལུས་རྡོ་རྗེའི་འདུག་སྟངས༔ ངག་ཧཱུྃ་གི་བཟླས་པ༔ མཉེན་བཙལ་བ༔ ལམ་དུ་ཞུགས་པ༔ སྣང་བ་ལ་རྒྱས་འདེབས་པ༔ ཕུང་པོ་ལ་རྒྱས་འདེབས་པའོ༔ དང་པོ་ལུས་རྡོ་རྗེའི་འདུག་སྟངས་ནི༔ མཐིལ་བཞི་སྤྲད་ཅིང་རྐང་པའི་མཐེ་བོང་གཉིས་ལ་ལུས་ཀྱི་ལྕིད་བཀལ་ཞིང་ལག་པ་སྤྱི་བོར་བརྐྱང་པའོ༔ གཉིས་པ་ངག་ཧཱུྃ་གི་བཟླས་པ་ནི༔ དལ་ལྷོད་སྣ་ཚོགས་ཀྱིས་བུང་བ་ཚང་ཞིག་པ་ལྟར་བཟླའོ༔ གསུམ་པ་མཉེན་བཙལ་བ་ནི༔ ཧཱུྃ་དེ་ངག་ནས་བཟླས་པ་བཞིན་ཤིང་རིང་དང་རི་བོ་ཆེན་པོ་ལ་སོགས་ལ་རབ་ཏུ་འཁྲིལ་ཏེ་ཡར་སོང་བ་དང་༔ མར་རང་ལ་བསྡུ་བའོ༔ བཞི་པ་ལམ་དུ་གཞུག་པ་ནི༔ ཧཱུྃ་དེ་བཟླས་པ་བཞིན་དུ་རང་གི་ངག་ནས་ཧཱུྃ་ཐོན་ཏེ༔ རྒྱ་ལམ་ཆེན་པོར་ཞུགས་ནས་ཐོགས་མེད་དུ་སོང་ཞིང་མཐའི་རྒྱ་མཚོའི་བར་བརྟོལ་བ་དང་༔ སླར་རང་ལ་བཟློག་པའོ༔ ལྔ་པ་སྣང་བ་ལ་རྒྱས་འདེབས་པ་ནི༔ ཧཱུྃ་ཞེས་བསྒྲང་བ་དང་གཟུགས་སྣང་ཐམས་ཅད་ལ་ཧཱུྃ་ལས་ཧཱུྃ་སྒྲ་དིར་དིར་ཟང་ཐལ་དུ་སོང་བར་དམིགས་པའོ༔ དྲུག་པ་ཕུང་པོ་ལ་རྒྱས་འདེབས་པ་ནི༔ ཧཱུྃ་ཞེས་ངག་ནས་བགྲང་བ་དང་ཧཱུྃ་གིས་རང་ལུས་ཐམས་ཅད་མེར་མེར་ཤིགས་ཤིགས་ཡོམ་ཡོམ་དུ་ཕར་ཕུག་ཚུར་ཕུག་པར་བསམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡིད་འཁོར་འདས་རུ་ཤན་དབྱེ་བ་ནི་དོན་གསུམ་གྱིས་སྟོན་ཏེ༔ བྱུང་ས་ལ་བརྟག་པ༔ གནས་ས་ལ་བརྟག་པ༔ འགྲོ་ས་ལ་བརྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བྱུང་ས་ལ་བརྟག་པ་ནི༔ ལུས་རྡོ་རྗེའི་སྐྱིལ་ཀྲུང་དང་རྣམ་སྣང་གི་ཆོས་བདུན་ལྡན་པའི་ངང་ནས༔ ག་རེ་ངའི་སེམས་འདི་དང་པོ་གང་ནས་བྱུང་སྙམ་པའི་འདུན་པས་ལེགས་པར་བརྟག་གོ༔ མ་རྙེད་ཆོས་དབྱིངས་ངང་དུ་ཀློད༔ གཉིས་པ་གནས་ས་ལ་བརྟག་པ་ནི༔ ཕྱི་སྣོད་ནང་བཅུད་ཕུང་པོའི་ཁམས་གང་དུ་གནས་འདུག་ལེགས་པར་བརྟག༔ མ་རྙེད་རང་བྱུང་རྗེན་པར་ཞོག༔ གསུམ་པ་འགྲོ་ས་ལ་བརྟག་པ་ནི༔ སེམས་འདི་ཐ་མར་གང་དུ་འགྲོ༔ ལམ་དང་གཏད་ས་ཅི་འདྲ་འདུག༔ ལེགས་པར་བརྟག་སྟེ་སྣང་སེམས་ཀྱི༔ འཁྲུལ་བའི་ཁང་བུ་བཤིག་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དངོས་གཞིའི་རིམ་པ་ལ་རྣལ་དུ་དབབ་པ་དང་ངོ་སྤྲོད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྣལ་དུ་དབབ་པ་ལ་གསུམ་སྟེ༔ ལུས་རྣལ་དུ་དབབ་པ་དུར་ཁྲོད་དུ་མི་རོ་བསྐྱལ་བ་ལྟ་བུ༔ ངག་རྣལ་དུ་དབབ་པ་པི་ཝང་གི་གསང་ཐག་བཅད་པ་ལྟ་བུ༔ ཡིད་རྣལ་དུ་དབབ་པ་དུས་གསུམ་གྱི་ཤེས་པ་ལ་བཟོ་བཅོས་མེད་པར་བཞག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ངོ་སྤྲད་པ་ལ་གསུམ་སྟེ༔ ཆོས་སྐུར་ངོ་སྤྲད་པ་དང་༔ ལོངས་སྐུར་ངོ་སྤྲད་པ་དང་༔ སྤྲུལ་སྐུར་ངོ་སྤྲད་པའོ༔ དང་པོ་ཆོས་སྐུར་ངོ་སྤྲད་པ་ནི༔ ཀྱེ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་རང་གི་སེམས་གཞི་མེད་རྩ་བྲལ་ཀ་དག་ཆེན་པོ་བློ་འདས་ཀྱི་དགོངས་པ་དུས་གསུམ་གྱི་ཤེས་པ་སྐྱེ་འགགས་གནས་གསུམ་དང་བྲལ་བ་འདི་གཞི་མ་བཅོས་པ་ཆོས་ཀྱི་སྐུའོ༔ ཞེས་ངོ་སྤྲོད་དོ༔ གཉིས་པ་ལོངས་སྐུར་ངོ་སྤྲོད་པ་ནི༔ ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རང་སེམས་ཀྱི་ངོ་བོ་རྒྱ་ཡོངས་སུ་མ་ཆད་ཅིང་༔ ཕྱོགས་གང་དུའང་མ་ལྷུང་བར་དུས་གསུམ་རྟག་པ་ཡེ་གྲུབ་ཆེན་པོར་ལྷང་ངེ་ལྷམ་མེ་ལྷན་ནེ་ཝལ་ལེ་རྗེན་ནེ་ཁྲེ་སེ་བུན་ནེ་ཡེ་རེ་ས་ལེ་ཧྲིག་གེ་བ་འདི་རང་བཞིན་མ་བཅོས་པ་ལོངས་སྤྱོད་རྫོགས་པའི་སྐུའོ༔ ཞེས་ངོ་སྤྲོད་དོ༔ གསུམ་པ་སྤྲུལ་སྐུའི་ངོ་སྤྲོད་ནི༔ ཧོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་ཀྱི་རང་སེམས་ཀྱི་ངོ་བོ་སྐྱེ་བ་མེད་པ་ལ་སྩལ་སྣ་ཚོགས་སུ་འཕྲོ་ཞིང་༔ འཕྲོས་ཙ་ཉིད་ནས་འཕྲོ་བ་མེད་པ་ཐུགས་རྗེ་སྤྲུལ་སྐུའོ༔ ཞེས་ངོ་སྤྲད་ཅིང་སྤྲོས་མེད་ཀྱི་དབང་བསྐུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་ཡིས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཉམས་ལེན་ཆིག་དྲིལ་ཁྲེགས་ཆོད་ཁྲིད༔ བདེ་མཆོག་འཁོར་ལོའི་ཆོས་ཚན་དུ༔ ལེགས་པར་བསྒྲིགས་ཏེ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ ཉི་མ་གྲགས་པས་གངས་རིིའི་རྒྱལ་པོ་ཏེ་སེ་ནས་རྙེད་པའོ། །མངྒ་ལཾ། །


previousཁྲེགས་ཆོད་ཀྱི་ཁྲིད།next