Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐོད་རྒལ་གྱི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོད་རྒལ་གྱི་ཁྲིད།next

ཐོད་རྒལ་གྱི་ཁྲིད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཐོད་རྒལ་གྱི་ཁྲིད་བཞུགས་སོ༔ དཔལ་ཆེན་ཧེ་རུ་ཀཿལ་འདུད༔ ཡེ་ཤེས་ལུས་ཅན་པདྨ་བདག༔ རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན༔ ཁྱད་པར་རྡོ་རྗེ་སེམས་དཔའ་ལཿམཆོག་གི་འོད་གསལ་ངོ་སྤྲོད་ཞུས༔ དོན་གཉིས་མཐར་ཕྱིན་པདྨ་ངས༔ འགྲོ་ལ་ཕན་ཕྱིར་ཡང་གསང་གནད༔ ཡི་གེར་འབྲི་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲེགས་ཆོད་གཏན་ཕེབས་སྐྱེས་བུ་ལ༔ འོད་གསལ་ངོ་སྤྲོད་འདི་ལྟར་གདབ༔ ཤར་ནུབ་ཉི་ཟླའི་འགྲོས་ལམ་ཡང་༔ དབེན་ཞིང་དྭངས་ལ་མཐོ་བའི་སར༔ མཁོ་བའི་ཡོ་བྱད་ཁམས་རྐྱེན་བསགས༔ ཤེས་རྒྱུད་དབང་དང་ཁྲེགས་ཆོད་ཀྱིས༔ ཡོངས་སུ་སྨིན་གྲོལ་མཐར་ཕྱིན་ནས༔ སྐལ་ལྡན་བུ་ལ་ངོ་སྤྲོད་གདབ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ ཕྱི་ནང་གསང་བའི་བྱ་བ་བཏང་༔ སྐུ་གསུམ་བཞུགས་སྟངས་འདི་ལྟར་བསླབ༔ ཆོས་སྐུ་སེང་གེ་ཁྱི་ཚུགས་དང་༔ ལོངས་སྐུ་གླང་ཆེན་འཕྲེད་ཉལ་དང་༔ སྤྲུལ་སྐུ་དྲང་སྲོང་ཙོག་པུ་སྟེ༔ ལུས་གནད་གསུམ་གྱི་འཁྲུལ་འཁོར་བཅུན༔ ངག་གནད་སྨྲ་བ་ཉུང་དང་སྤང་༔ ལ་ཟླ་དག་ཏུ་ཤེས་པར་བྱ༔ རླུང་གནད་ཤིན་ཏུ་དལ་བ་སྟེ༔ སེམས་གནད་ནམ་མཁའ་སྟོང་པར་གཏད༔ སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ༔ ཡུལ་གནད་རྐྱེན་བྲལ་ནམ་མཁའ་མཆོག༔ དཀར་ཤས་ཆེ་ན་གཡས་སུ་བལྟ༔ ལྗང་ཤས་གཡོན་དང་སེར་ཤས་གྱེན༔ དམར་ཤས་ཐུར་དང་མཐིང་ཤས་དབུས༔ གཟིགས་སྟངས་གཅུན་པས་འདི་ལྟར་འཆར༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ ངོ་བོ་ཉིད་སྐུ་དེ་བཞིན་གཤེགས༔ སྐུ་དང་ཞིང་ཁམས་འདུ་འབྲལ་མེད༔ གཞོན་ནུ་བུམ་སྐུ་ཞལ་ཕྱག་རྫོགས༔ དཀར་འཇམ་ལམ་གྱི་རྩར་བརྟེན་ནས༔ རྒྱང་ཞགས་སྒོ་ནས་དབྱིངས་སུ་འཆར༔ ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད༔ མཆོད་རྟེན་མིག་མང་དྲ་ཕྱམ་དང་༔ སྣང་བའི་འོད་གསལ་སྣ་ཚོགས་མཐོང་༔ དེ་ཚེ་ཆོས་ཉིད་མངོན་དུ་གྱུར༔ ངན་སོང་གསུམ་ལས་རྒྱངས་ཀྱིས་འཕགས༔ ཐིག་ལེ་སྟོང་སྒྲོན་འབྲལ་མེད་ཅིང་༔ ཟ་འོག་རིས་དང་གྱེན་འགྲེང་དང་༔ རྩིབ་ཤར་དུམ་ཁྲིག་པདྨ་དང་༔ མདའ་མདུང་འོད་ལྔའི་མུ་ཁྱུད་རིས༔ ལྔ་ལྡན་ཕུབ་རིས་འོད་གསལ་མང་༔ དེ་ཚེ་ཉམས་སྣང་གོང་དུ་འཕེལ༔ དེ་ནས་འོད་གསལ་སྣང་བ་དེ༔ ཐིག་ལེ་ཐིག་ཕྲན་མང་ཞིང་འཚེར༔ ལྔ་ལྡན་མུ་ཁྱུད་ར་བ་ཅན༔ དབུས་སུ་གཙུག་ཏོར་སྐུ་ཕྱེད་དང་༔ ཚང་མ་རྐྱང་གཅིག་ཡུམ་ཅན་དང་༔ འཁྲིལ་སྦྱོར་ཚོམ་བུ་ལྔ་ལྔ་སོགས༔ མཐོང་བས་སྤྱན་དང་རྫུ་འཕྲུལ་སྟོན༔ འབྱུང་བའི་ཁམས་ལ་ཟང་ཐལ་འགྲོ༔ དེ་ལ་ཡང་དག་གོམས་བྱས་པས༔ འོད་གསལ་ལས་རུང་རླུང་གི་ཡང་༔ འགྱུ་བ་རང་ཟད་འབྱུང་བ་བཞི་༔ འོད་དུ་གྲོལ་ནས་རིག་པ་དེ༔ གར་གཏད་འཕར་དང་འགུལ་བ་དང་༔ སྐད་འབྱིན་རགས་པའི་སྣང་བ་ཟད༔ ཕྱི་ནང་རིག་པ་ཚད་ལ་ཕེབས༔ ཉོན་མོངས་མེད་ཅིང་ལྟོ་གོས་ཀྱི༔ ཞེན་པ་བྲལ་ཞིང་ཡོན་ཏན་རྫོགས༔ ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར༔ ལུས་ཀྱི་བ་སྤུའི་ཚད་མཉམ་པའི༔ སངས་རྒྱས་ཞིང་ཁམས་གྲངས་མེད་འཆར༔ དེ་ཚེ་རིག་པ་ཚད་ལ་ཕེབས༔ ལུས་ཀྱི་གདོས་བཅས་ཤ་ཁྲག་དང་༔ ཉོན་མོངས་འབྱུང་བ་རྣམ་རྟོག་དང་༔ རླུང་གི་འགྱུ་བ་ཐམས་ཅད་ཟད༔ རེ་དོགས་གཉིས་འཛིན་བྲལ་བའི་ཚེ༔ སོར་མོའི་འོད་ཙམ་འཆར་བར་འགྱུར༔ འོད་ལ་རིག་པ་ཡུན་རིང་གཏད༔ འཕོ་བ་ཆེན་པོ་འགྲུབ་པར་འགྱུར༔ འཁོར་བའི་འགྲོ་བ་ཡོངས་སྒྲོལ་ཞིང་༔ པདྨ་བདག་དང་སྐལ་བ་མཉམ༔ སྐྱེ་འཇུག་རང་དབང་ཨེ་མ་ཧོ༔ འཕོ་བའི་སྐུ་ལ་མི་ཞེན་ན༔ འོད་གསལ་སྤངས་ནས་ལྷུན་གྲུབ་བསྐྱངས༔ ཕྱི་གསལ་སྣང་བ་ནང་དབྱིངས་ཐིམ༔ ཀ་དག་ཆོས་སྐུ་སྤྲུལ་པ་འབུམ༔ འབྲས་བུ་ཆོས་ཟད་མཐར་ཕྱིན་གྲོལ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཟབ་གསང་བླ་མེད་གནད༔ སྐུ་གསུམ་ལམ་དུ་བྱས་པ་ཡི༔ འབྲས་བུ་སྐུ་གསུམ་གཅིག་ཏུ་རྫོགས༔ འོད་གསལ་སྐུ་གསུམ་རང་ཆས་དེ༔ ཡེ་གྲུབ་རང་གནས་མངོན་དུ་གྱུར༔ ཟབ་གསང་ལམ་ལ་འདྲེས་སྦྱངས་མཐུས༔ ཕྱི་ནང་ཆོས་རྣམས་རང་སར་ཟད༔ ཆོས་དབྱིངས་འོག་མིན་ཕོ་བྲང་དུ༔ ཀུན་བཟང་སངས་རྒྱས་ས་ལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལུས་ནི་རབ་ཏུ་མི་འགུལ་ཞིང་༔ དེ་ཡི་སྟོབས་ཀྱིས་མིག་མི་འགུལ༔ དམིགས་རྟེན་དབྱིངས་ལ་འགུལ་སྐྱོད་བྲལ༔ དབྱིངས་རྟེན་རིག་པ་མི་འགུལ་ཞིང་༔ ཡེ་ཤེས་སྣང་བ་མངོན་དུ་བྱེད༔ སྔ་གྲོ་སཱུརྱའི་འོག་ཏུ་གཟིར༔ དགོངས་མོ་གཡོན་དང་ཡར་ངོ་ལ༔ ཙནྜའི་འབེན་ལ་གཅུན་པ་དང་༔ མར་ངོ་དག་ལ་ཨཱ་ལོ་ཀེ༔ ཉིན་གུང་ཕྱི་དབྱིངས་མཚན་གུང་དུ༔ ཙིཏྟར་གསལ་ཞིང་མ་ཡེངས་ཉལ༔ མན་ངག་མཐའ་བརྟེན་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཙིཏྟ་ཤ་ཡི་སྒྲོན་མའི་མདངས༔ དཀར་འཇམ་རྩ་སྒྲོན་ལམ་བརྒྱུད་དེ༔ རྒྱང་ཞགས་ཆུ་སྒྲོན་ཉིད་ལ་བསླབ༔ མི་འགུལ་གསུམ་ལ་ཉམས་བླངས་པས༔ དབྱིངས་ནི་རྣམ་དག་སྒྲོན་མ་སྟེ༔ ཡི་གེའི་ན་རོ་ལྟ་བུར་འཆར༔ ཤེས་རབ་སྒྲོན་མ་དབྱིངས་ཀྱི་ནང་༔ ལུག་རྒྱུད་ལྕགས་སྒྲོག་ལྟ་བུར་འཆར༔ ཐིག་ལེ་སྟོང་སྒྲོན་འོད་ལྔའི་མདངས༔ རྨ་བྱའི་སྒྲོ་ལྟར་གཅིག་གཉིས་འབྲེལ༔ སུམ་འབྲེལ་བཞི་སྒྲོམ་དག་ཏུ་འཚེར༔ བརྩོན་འགྲུས་ལྡན་པས་ཉམས་བླངས་ན༔ སྣང་བཞི་མཐར་ཕྱིན་ཟད་སར་འཁྱོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་གསང་བླ་མེད་གནད༔ ཕྱི་རབས་དོན་དུ་ཡི་གེར་བྲིས༔ ཏེ་སེ་གངས་ཀྱི་རྒྱལ་པོར་སྦས༔ སྲུང་མར་བཅོལ་ལོ་ཨ་ཐམ་རྒྱ༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །སརྦ་མངྒ་ལཾ། །


previousཐོད་རྒལ་གྱི་ཁྲིད།next