Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་བདག་སྐལ་ལྡན་ལུང་བསྟན།
   
   
   
   
   
   


 
previousཆོས་བདག་སྐལ་ལྡན་ལུང་བསྟན།next

ཆོས་བདག་སྐལ་ལྡན་ལུང་བསྟན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཆོས་བདག་སྐལ་ལྡན་ལུང་བསྟན་བཞུགས་སོ༔ རྩ་གསུམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ༔ རྣམ་པ་ཀུན་ཏུ་གུས་པས་སྐྱབས་སུ་མཆི༔ དེ་ཡང་བསམ་ཡས་མཆིམས་ཕུའི་བྲག་དམར་དགེ་གོང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ བདག་ཅག་རྗེ་འབངས་རྒྱལ་བློན་རྣམས་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་འཁོན་ཀླུའི་དབང་པོ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་བ་གྲངས་མང་བར་བསྐོར༔ དེའི་ཚེ་ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ པ་གོར་བཻ་རོ་ཙ་ན་ལ་སོགས་ཏེ༔ རྒྱལ་བློན་རྗེ་འབངས་འཁོར་དང་བཅས་པའི་རིག་འཛིན་ཕོ་མོ་དཔག་ཏུ་མེད་པ་འཚོགས་ནས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ རྒྱལ་པོས་མགུལ་གཡུ་འོད་ལྡན་འབར་བ་ཕུལ༔ ཀླུ་ཡི་དབང་པོས་གསེར་ཕྱེ་ཁལ་གཅིག་ཕུལ༔ མཚོ་རྒྱལ་བདག་གིས་དངུལ་གྱི་མེ་ལོང་དང་༔ ཨཱ་ཙར་ཡེ་ཤེས་ཆུ་ཤེལ་བུམ་པ་དང་༔ བཻ་རོ་ཙ་ནས་གསེར་གྱི་ཟ་མ་ཏོག༔ གཞན་ཡང་རྗེ་འབངས་ཀུན་གྱིས་རིན་ཆེན་རིགས༔ ཁྱད་པར་འཕགས་པའི་ཟོང་སྣ་རེ་རེ་ཕུལ༔ མགྲིན་གཅིག་སློབ་དཔོན་རྗེ་ལ་འདི་སྐད་ཞུས༔ ཀྱེ་མ་དུས་གསུམ་སངས་རྒྱས་འགྲོ་མགོན་རྗེ༔ བདེ་གཤེགས་ཀུན་འདུས་ཟབ་རྒྱས་མན་ངག་འདྲིལ༔ བླ་མ་ཡི་དམ་ཟུང་འཇུག་སྒྲུབ་པའི་ཆོས༔ ཚིག་ཉུང་དོན་ཆེ་གོ་སླ་ཉུང་བསྡུས་ཤིག༔ བདག་ཅག་རྣམས་ལ་ཐུགས་རྗེས་འཛིན་པར་ཞུ༔ དེ་སྐད་ཞུས་པ་དང་༔ ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་གི་ཞལ་ནས༔ ཀྱེ་ལས་དང་སྐལ་པར་ལྡན་པའི་རིག་འཛིན་ཕོ་མོ་ཁྱེད་རྣམས་ཀྱིས་ཞུས་པ་ཤིན་ཏུ་ལེགས་ཏེ༔ རབ་འཇིགས་ཆེན་པོ་དུར་ཁྲོད་བསིལ་བ་ཚལ་དུ་སྒྲུབ་པ་བཀའ་བརྒྱད་བཀའ་བབས་སྤྱི་དང་བྱེ་བྲག་ཏུ་བྱུང་ཞིང་༔ ཁྱད་པར་ཡོངས་རྫོགས་ཀྱི་བཀའ་བབས་ནི་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ཁོ་ན་ཡིན་ཞིང་༔ དེ་ཐམས་ཅད་འདུས་པ་འོ་མའི་མཚོ་ལྟ་བུ་ལས༔ རིགས་འདུས་བླ་མ་མཆོག་གི་རྩ་རྒྱུད་ལ་བརྟེན་ནས༔ བདག་ཉིད་པདྨ་འབྱུང་གནས་ཡུམ་གར་གྱི་དབང་མོ་མན་ངྷ་རཱ་ཝ་དང་གཉིས་སུ་མེད་པའི་སྒྲུབ་པ་རང་གི་སྒྲུབ་ཐབས་རང་གིས་བརྩམས་པ་འདི༔ བདེ་གཤེགས་ཀུན་འདུས་བྱིན་རླབས་བླ་མའི་སྒྲུབ་པ༔ ཡི་དམ་ཆེན་པོ་སྒྲུབ་པ་བཀའ་བརྒྱད་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ༔ ཚིག་ཉུང་ལ་དོན་འདུས་པ་བླ་མའི་སྐུ་རུ་བསྒོམ་ཞིང་ཡི་དམ་གྱི་སྒྲུབ་ཐབས་རྫོགས་པ༔ བདེ་མཆོག་དབང་གི་འཁོར་ལོ་རིག་འཛིན་གྱི་སྒྱུ་འཕྲུལ་ཆེན་པོ་འདི་རྒྱ་གར་འཕགས་པའི་ཡུལ་དུ་སྣོད་ལྡན་འགའ་ལ་ཐོར་ཙམ་བཤད་ཅིང་བོད་ཡུལ་འདིར་སྔོན་གྱི་སྨོན་ལམ་གྱི་མཐུས་འོང་བ་སེམས་ཀྱིས་ཤེས་ཏེ༔ མཁའ་འགྲོའི་ཡི་གེར་བཏབ་ནས་ཁྱེར་འོངས་པ་ཡིན་པས་ཁྱེད་རྣམས་ཀྱིས་ཉམས་སུ་ལོངས་ཤིག༔ ཕྱི་རབས་ཀྱི་དོན་དུ་གཏེར་དུ་ཡང་སྦའོ༔ ཞེས་གསུངས་ཤིང་བདག་ཅག་རྣམས་ལ་བདེ་མཆོག་བླ་མའི་ཆོས་སྐོར་ཡོངས་རྫོགས་སུ་གནང་༔ དེའི་ཚེ་བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་པདྨ་འབྱུང་གནས་ལ་འདི་སྐད་ཞུས་སོ༔ ཀྱེ་སློབ་དཔོན་ཆེན་པོ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བདེ་གཤེགས་འདུས་པ་འོ་མའི་རྒྱ་མཚོ་ལྟ་བུའི་ནང་ནས་སྙིང་པོ་མར་དུ་དྲིལ་བ་བདེ་མཆོག་འཁོར་ལོའི་ཆོས་སྐོར་རྣམས་གནང་བ་སྐུ་དྲིན་མཆོག་ཏུ་ཆེ་ལགས༔ ད་ཟབ་གསང་བླ་མེད་ཀྱི་ཆོས་སྐོར་འདི་རྣམས༔ གཏེར་དུ་སྦ་ན་གནས་གང་དུ་སྦ༔ འདོན་པའི་སྐྱེས་བུ་ཇི་ལྟ་བུ་འབྱུང་༔ འདོན་པའི་དུས་ནམ་ཡིན༔ འགྲོ་དོན་ཡུལ་ཕྱོགས་གང་དུ་དར༔ ཆོས་བདག་གི་སྐལ་ལྡན་གང་འདྲ་འབྱུང་༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཉོན་ཅིག་མཚོ་རྒྱལ༔ བདེ་གཤེགས་ཀུན་འདུས་བྱིན་རླབས་བླ་མའི་སྒྲུབ་སྐོར་འདི༔ གནས་ནི་ཆོས་འཁོར་འདིའི་ནུབ་ཕྱོགས་ཏེ་སེ་གངས་ཀྱི་རྒྱལ་པོ༔ མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་ཕོ་བྲང་༔ བདེ་མཆོག་འཁོར་ལོ་དབང་གི་གཞལ་ཡས་སུ་གཏེར་དུ་སྦའོ༔ འདོན་པའི་གཏེར་སྟོན་ནི་ད་ལྟའི་རིག་འཛིན་གྱི་ཚོམ་བུ་ལ་བཀའ་བབས་མེ་ཏོག་ཕོག་པའི་ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་མཐའ་གསང་མཚན་ཉི་མ་གྲགས་པ་རྩལ་ཞེས་བྱ་བས་འདོན་པར་འགྱུར་རོ༔ དུས་ནི་མ་འོངས་རྩོད་ལྡན་གྱི་ཡང་མཐའ་བཞི་བཅུ་ཁ་རལ་ཏེ་སུམ་ཅུར་ཉེ་བའི་དུས་སུ་འདོན་ནོ༔ འགྲོ་དོན་ནི་སྟོད་སྨད་བར་གསུམ་ཀུན་དང་ཁྱད་པར་སྟོད་ཀྱི་ཕྱོགས་སུ་དར་ཆེ་བར་འོང་༔ ཆོས་བདག་གི་སྐྱེས་བུ་ནི༔ ད་ལྟའི་རིག་འཛིན་ཕོ་མོ་ཁྱེད་རྣམས་ཀྱི་སྐྱེ་བ་དང་༔ ཁྱད་པར་མཆོག་ཏུ་གྱུར་པ་གུ་རུ་པདྨ་འབྱུང་གནས་བདག་གི་ཡང་བླ་མ༔ མཁས་གྲུབ་ཆེན་པོ་མི་བརྒྱད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཆོས་ཀྱི་བདག་པོར་ཡོང་གསུང་པ་དང་༔ བདག་འདྲ་བུད་མེད་ཡེ་ཤེས་འཚོ་རྒྱལ་དང་༔ ལོ་ཙཱ་བ་ཀླུའི་དབང་པོས་རིན་པོ་ཆེའི་མཎྜལ་ཕུལ༔ ཕྱག་དང་སྐོར་བ་མང་དུ་བྱས༔ མགྲིན་གཅིག་སྙན་པའི་དབྱངས་ཀྱིས་འདི་སྐད་ཞུས་སོ༔ འོ་ན་ཆོས་བདག་གི་སློབ་མ་མཁས་གྲུབ་ཆེན་པོ་མི་བརྒྱད་དང་༔ བདག་ཅག་རྗེ་འབངས་རྣམས་ཀྱི་ཆོས་ཀྱི་བདག་པོ་བྱེད་གསུངས་པ་དེ་རྣམས་ཡུལ་དང་ཕྱོགས་གང་འདྲ་ནས་འབྱུང་༔ དུས་གསུམ་མཁྱེན་པའི་སློབ་དཔོན་ཁྱེད་ཀྱིས་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་ཆོས་འདིར་དབང་བའི་བུ་སློབ་ནི༔ སྨོན་ལམ་དབང་གིས་སྟོད་སྨད་བར་གསུམ་ནས༔ རིམ་བཞིན་འོང་སྟེ་མཚོ་ལ་ངང་འདུ་འདྲ༔ གཏེར་གནས་ཆེན་པོའི་ལྷོ་ནུབ་ནས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི༔ རྣལ་འབྱོར་རང་རིག་རས་པ་ཞེས༔ དཔྲལ་བར་ཨ་ཡིས་མཚན་པ་འོང་༔ ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར༔ རི་བོ་བཀྲ་བཟང་གནས་འདབས་སུ༔ ཐུགས་མཆོག་མིང་༔ ཅན་སྐྱེས་བུ་ལ༔ སྨེ་བས་ག་ཤར་བརྒྱན་པ་འོང་༔ སློབ་དཔོན་ཆེན་པོ་པྲ་ཧསྟི༔ མང་ཡུལ་བྱམས་པ་སྤྲིན་ནས་འོང་༔ ཤཱཀྱ་འམ་བདུད་འདུལ་མིང་ཅན་ཞིག༔ ལྟེ་བར་ཕུར་པའི་རི་མོས་མཚན༔ སློབ་དཔོན་ནཱ་ག་རྫུ་ན་ནི༔ ཤཱཀྱའི་མིང་ཅན་རྣལ་འབྱོར་པ༔ གུ་གེ་པུ་རངས་ཡུལ་ནས་འོང་༔ མགྲིན་པར་ཆོས་འབྱུང་རི་མོས་མཚན༔ ཡོན་ཏན་རིག་འཛིན་བི་མ་ལ༔ ཤར་ཕྱོགས་ཁམས་ཀྱི་ཡུལ་ནས་འོང་༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་ཤ་སྨེ་སྤྱན་འདྲས་མཚན༔ སློབ་དཔོན་ཤཱནྟིང་གྷརྦྷ་ནི༔ ལྷོ་བྲག་མཁར་ཆུའི་བྱང་ནས་འོང་༔ ངག་གམ་དབང་གི་མིང་ཅན་ལ༔ དཔྲལ་བར་གྲུ་གསུམ་རི་མོས་མཚན༔ རིག་འཛིན་ངྷ་ན་སཾ་སྐྲྀ་ཏ༔ གནས་ཆེན་ཙ་རིའི་བྱང་ནས་འོང་༔ རྡོ་རྗེའི་རིག་འཛིན་མིང་ཅན་ལ༔ བརླ་གཡས་སྟག་གི་རི་མོས་མཚན༔ སློབ་དཔོན་རོམ་བྷུ་གྷུ་ཧྱ་ནི༔ པདྨ་བཀོད་ཀྱི་ཤར་འདབས་འབྱུང་༔ རཏྣའི་མིང་ཅན་གསང་སྨེ་ཅན༔ འབྲེལ་ཚད་དོན་ལྡན་སྐྱེས་བུ་འབྱུང་༔ གཞན་ཡང་རྗེ་འབངས་ཁྱེད་རྣམས་ནི༔ སྟོད་སྨད་ཡུལ་གྲུ་མང་ཞིག་ཏུ༔ དག་པའི་ལུས་ལེན་ཆོས་འདི་སྤེལ༔ བསྟན་པ་སེམས་ཅན་དོན་ཆེན་བྱེད༔ ཁྱད་པར་ཆོས་རྒྱལ་སྤྲུལ་ངག་པ་ཡིས༔ བོད་ཡུལ་ལྷ་མིའི་གཙུག་རྒྱན་བྱེད༔ མཚོ་རྒྱལ་དབང་སྤྲུལ་པ་བང་སོར་འབྱུང་༔ བཻ་རོའི་བསྟན་པ་སྤྲུལ་པ་དབུས་ནས་འོང་༔ ནམ་སྙིང་༼རྡོ་རྗེའི༽་སྤྲུལ་པ་གཙང་ནས་འབྱུང་༔ གཡུ་སྒྲའི་སྤྲུལ་༼སྙིང་པོ༽་པ་བྱང་ནས་འོང་༔ རྩེ་མང་༼སྐྱབས༽་སྤྲུལ་པ་ཁམས་ནས་འབྱུང་༔ བདུད་འཇོམས་༼ཕྲིན་ལས༽་སྐྱེ་བ་དབུས་ནས་འོང་༔ ངག་དབང་བསྟན་པ་རྡོ་རྗེ་དང་༔ སྙིང་པོ་སྐྱབས་དང་འཕྲིན་ལས་ཀྱི༔ མིང་ཟུར་ལྡན་པའི་སྐྱེས་མཆོག་བདུན༔ གཞན་ཡང་བདག་གཞན་དོན་བྱེད་པའི༔ ལས་ཅན་སྐྱེས་བུ་འགའ་རེ་འབྱུང་༔ རྗེ་འབངས་ཕལ་གྱི་སྤྲུལ་པ་ཚོས༔ ཆོས་འདིའི་འགྲོ་དོན་ངང་གིས་བྱེད༔ དེ་སྐད་གུ་རུ་རིན་པོ་ཆེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ འོ་ན་རྩ་བ་དང་ཡན་ལག་གི་ཆོས་བདག་དེ་རྣམས་མ་ཡིན་པའི་ཆོས་འདིར་འབྲེལ་པ་ཐོགས་པ་དང་ལམ་སྣ་ཟིན་པ་དུ་ཙམ་འབྱུང་༔ བདག་ལ་གསུང་དུ་གསོལ་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ཟབ་མོའི་དམ་ཆོས་འདི་ཉིད་ལ༔ འབྲེལ་པ་ཐོགས་པ་དུང་ཕྱུར་འབྱུང་༔ ལམ་སྣ་ཟིན་པ་འབུམ་ཚོ་གཅིག༔ ཕྱིར་མི་ལྡོག་པ་ཁྲི་ཚོ་གཅིག༔ ཟབ་ཆོས་འདི་ཡིས་གྲོལ་བར་འགྱུར༔ ཞེས་གསུངས་པ་དང་བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ མ་འོངས་ཀྱི་དུས་སྐལ་ལྡན་སྐྱེས་བུ་ཉི་མ་གྲགས་པ་རྩལ་གྱིས་གཏེར་ལ་སྤྱོད་ཚེ་བདག་གཞན་གྱི་འགྲོ་དོན་གང་འདྲ་ཡོང་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་ང་སྤྲུལ་སྐལ་ལྡན་དེས༔ ཟབ་མོའི་ཆོས་ལ་སྤྱོད་པའི་ཚེ༔ ཆོས་བདག་སྐལ་ལྡན་བྱང་སེམས་དང་༔ ཚོགས་བསགས་འགྲོ་བ་ཕོ་མོ་འགའ༔ སྐྱེས་བུ་དེ་དང་འཕྲད་པའི་ཚེ༔ ཨོ་རྒྱན་ང་དང་གཉིས་མེད་མཐོང་༔ མོས་གུས་འབར་ཞིང་གསོལ་བ་འདེབས༔ འགྲོ་བའི་དོན་མང་འབྱུང་བར་འགྱུར༔ མ་རུངས་བདུད་སྤྲུལ་ཕོ་མོ་དང་༔ བན་སྔགས་སྐྱེ་བོ་རྒྱལ་བློན་འབངས༔ ཁྱད་པར་འགོང་སྤྲུལ་དགེ་བཤེས་གསུམ༔ བུད་མེད་བདུད་མོ་བཞི་རྣམས་ཀྱིས༔ ཀྱལ་སྐུར་སྣ་ཚོགས་འདེབས་པ་ཡིས༔ སྐྱེ་འགྲོ་མང་པོ་ངན་འགྲོར་འཁྲིད༔ མ་འོངས་བདུད་འགོང་ཁ་དར་བས༔ མོས་གུས་འདེམ་རྐྱང་བྲལ་བ་ཡིས༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ ཡུན་དུ་འདྲིས་དང་འགྲོགས་པའི་མི༔ སྣང་བ་ཐེབས་གསུམ་ལོག་པ་འོང་༔ དེ་དུས་ངན་ལེན་མ་འཆང་བར༔ བཟོད་པའི་གོ་ཆ་སེམས་ལ་གོན༔ པདྨ་ང་ལ་གསོལ་བ་ཐོབ༔ འགྲོ་དོན་འབྱུང་བའི་རྟེན་འབྲེལ་ནི༔ གསང་རྒྱ་སྡོམས་ལ་གསང་བར་སྤེལ༔ རང་གི་གསང་བཞིན་ཉམས་སུ་ལོང་༔ ཆོས་འདི་དར་ལ་ཡུན་དུ་གནས༔ འགྲོ་དོན་ཕ་ལས་བུ་བརྒྱུད་བཟང་༔ གསུངས་པ་དང་མཚོ་རྒྱལ་བདག་གིས་སློབ་དཔོན་ལ་ཞུས་པ༔ གུ་རུ་རིན་པོ་ཆེ་སྐལ་ལྡན་བུ་དེ་ལ་བསྟན་འཛིན་གྱི་ཐུགས་སྲས་འབྱུང་ངམ་མི་འབྱུང་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་སྐལ་ལྡན་སྐྱེས་བུ་ལ༔ མཚན་ལྡན་ཐུགས་ཀྱི་གཟུངས་མ་དང་༔ ཕྱི་ནང་རྐྱེན་གྱིས་མ་ཁུར་བར༔ རྟེན་འབྲེལ་ཟབ་མོའི་གནད་འགྲིག་ན༔ ཕྱག་རྡོར་སྤྲུལ་པའི་ཐུགས་སྲས་འབྱུང་༔ མི་རབས་བདུན་ལ་རིག་པ་འཛིན༔ རྒྱུན་མི་ཆད་པས་འགྲོ་བ་འདྲེན༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་ཏེ་སེ་གངས་ཀྱི་ཕོ་བྲང་དུ་སྲུང་མ་ལ་བཅོལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེའི་གངས་ནས་གདན་དྲངས་པའོ། །མངྒ་ལཾ།


previousཆོས་བདག་སྐལ་ལྡན་ལུང་བསྟན།next