Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
དམ་ཚིག་སྤང་བླང་གི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཚིག་སྤང་བླང་གི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།next

དམ་ཚིག་སྤང་བླང་གི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དམ་ཚིག་སྤང་བླང་གི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཡང་གསང་བདེ་མཆོག་འཁོར་ལོ་ཡི༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་དོན༔ དམ་ཚིག་སྤང་བླང་ཟིན་བྲིས་ཤིག༔ གུ་རུ་རྗེ་ལ་ལུང་ཞུས་ནས༔ ཁོ་མོས་ཤོག་སེར་ལོགས་སུ་འདེབས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས༔ དབང་པོ་དམན་པ་གསུམ་ལ་བསྟན་པའི་ཆོས༔ འདུལ་བ་མདོ་སྡེ་མངོན་པ་གསུམ༔ འབྲིང་པོ་གསུམ་ལ་བསྟན་པའི་ཆོས༔ ཀྲི་ཡ་ཡོ་ག་ཨུ་པ་གསུམ༔ ཆེན་པོ་གསུམ་ལ་བསྟན་པའི་ཆོས༔ མ་ཧཱ་ཨ་ནུ་ཨ་ཏི་གསུམ༔ ཅེས་གསུངས་ཏེ༔ དེ་ཡང་རང་བྱུང་གི་ཡེ་ཤེས་རང་ངོ་མ་ཤེས་ཤིང་མ་རིག་པས་བསྒྲིབས་ཏེ༔ ལས་དང་ཉོན་མོངས་པའི་རླུང་གིས་གཡེངས་ནས་ཁམས་གསུམ་དུ་འཁྲུལ་ཞིང་རིགས་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཐུགས་རྗེས་འགྲོ་བའི་དོན་འཁོར་བ་ཐོག་མཐའ་མེད་པའི་བར་དུ་མཛད་པ་ལས༔ སེམས་ཅན་གྱི་འདུ་ཤེས་མ་ཟད་བར་དུ་ཆོས་ཀྱི་ཐེག་པ་ཡང་དེ་བཞིན་དུ་འབྱུང་བ་ཡིན་ཏེ༔ སྒྲོན་རྒྱུད་ལས༔ ཇི་སྲིད་འདུ་ཤེས་ཡོད་ཀྱི་མཐར༔ ཐེག་པ་རྣམས་ལ་རྫོགས་མཐའ་མེད༔ ཅེས་སོ༔ དེ་ལྟར་མཐའ་ཡས་པའི་ཆོས་ཀྱི་སྡེ་སྣོད་ཐམས་ཅད་ཀྱང་གོང་གི་ཐེག་པ་དགུ་པོ་ལ་འདུས་ཤིང་༔ གདུལ་བྱ་སེམས་ཅན་གྱི་ཁམས་དགུ་ལ༔ འདུལ་བྱེད་ཐེག་པ་དགུ་པོ་གང་ཟག་གིས་ཉམས་སུ་ལེན་པའི་བླང་དོར་དམ་ཚིག་གི་རིམ་པ་ནི༔ སྡོམ་དང་རྩ་བ་ཡན་ལག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྡོམ་ནི༔ ཐེག་པ་དགུ་སོ་སོར་སྤྱོད་ཚུལ་དང་མཐར་ཕྱིན་བསྟན་པ་དགུའོ༔ དང་པོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྒོ་ནས་རྩ་བ་བཞི་དང་ཡན་ལག་དྲུག་ལས་འཕྲོས་པའི་ཉིས་བརྒྱ་ལྔ་བཅུའི་འདོར་ལེན་འདུལ་བའི་སྡེ་སྣོད་དང་༔ ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་བསྲུང་བྱ་སྲུང་བྱེད་དང་བྲལ་ན་འདུལ་བ་མཐར་ཕྱིན༔ གཉིས་པ་རྟེན་འབྲེལ་བཅུ་གཉིས་འབྱུང་ལྡོག་གི་སྒོ་ནས་འཁོར་བར་རང་བཞིན་མེད་པར་རྟོགས་པས༔ སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པ་དང་ལྡན་པ་མངོན་པའི་སྡེ་སྣོད༔ རང་གིས་རང་ཉིད་མཚོན་ནས་མགོན་དུ་གྱུར་ན་མངོན་པ་མཐར་ཕྱིན༔ གསུམ་པ་སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་སེམས་ཀྱི་ངང་ནས་སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་བསྲུང་བ་བྱང་སེམས་ཀྱི་སྡེ་སྣོད༔ ཤེས་རབ་ཟབ་མོས་ཆོས་ཉིད་རྟོགས་ན་མདོ་སྡེ་མཐར་ཕྱིན༔ བཞི་པ་དག་པ་རྣམ་པ་གཉིས་ཀྱི་སྒོ་ནས་དཀོན་མཆོག་གསུམ་དང་བྱང་སེམས་སློབ་དཔོན་མཆེད་ལྕམ་སྔགས་དང་ཕྱག་རྒྱའི་དོན་ལ་སྤྱོད་པ་ཀྲི་ཡ༔ དག་པ་རྣམ་གསུམ་གྱི་དགོངས་པ་ཀློང་དུ་གྱུར་ཚེ་ཀྲི་ཡ་མཐར་ཕྱིན༔ ལྔ་པ་སྔགས་དང་ཕྱག་རྒྱ་གཉིས་ཀྱི་སྒོ་ནས་མན་ངག་ལ་སྤྱོད་པ་ཨུ་པ་ཡཿ ལྟ་སྤྱོད་དབྱེར་མེད་དུ་གྱུར་ཚེ་ཨུ་པ་མཐར་ཕྱིན༔ དྲུག་པ་ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོ་ནས་དཀོན་མཆོག་གསུམ་དང་རྡོ་རྗེ་རྒྱལ་པོ་མཆེད་ལྕམ་རྣམས་བསྟེན་ཅིང་རྣལ་འབྱོར་གཞན་ལ་དམོད་པ་སྤངས་ཏེ་རང་རྟགས་ཀྱི་ཕྱག་རྒྱ་བསྲུང་བ་ཡོ་ག༔ དཀྱིལ་འཁོར་ལྷ་ཚོགས་བརྗོད་མེད་དུ་གྱུར་ཚེ་རྣལ་འབྱོར་མཐར་ཕྱིན༔ བདུན་པ་ཐབས་ཤེས་གཉིས་ཀྱི་སྒོ་ནས་འཁོར་འདས་ཀྱི་ཆོས་རྣམས་ཡབ་ལྔ་ཡུམ་ལྔ་རང་བྱུང་དུ་སྦྱོར་ཞིང་ཉམས་སུ་ལེན་པ་མ་ཧཱ་ཡོ་ག༔ རྩ་བ་ཡན་ལག་བསྲུང་མཚམས་དང་བྲལ་ན་མ་ཧཱ་མཐར་ཕྱིན༔ བརྒྱད་པ་དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོ་ནས་ཕྱི་ནང་སྣང་སྲིད་དུས་གསུམ་གྱི་ཤེས་པ་ཐམས་ཅད་རང་བྱུང་གི་རིག་པར་ཐག་ཆོད་ཅིང་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་འཆང་བ་ཨ་ནུ་ཡོ་ག༔ སྒྲུབ་པ་མི་དམིགས་བློ་འདས་སུ་རྟོགས་ཚེ་ཨ་ནུ་ཡོ་ག་མཐར་ཕྱིན༔ དགུ་པ་ཁྱབ་བརྡལ་གཉིས་ཀྱི་སྒོ་ནས་མེད་པ་ཕྱལ་བ་གཅིག་པུ་ལྷུན་རྫོགས་བཞི་ལ་སྤྱོད་པ་ཨ་ཏི༔ དེ་བཞིའི་དགོངས་པ་ཀློང་དུ་གྱུར་ཚེ་ཨ་ཏི་རྫོགས་པ་ཆེན་པོ་མཐར་ཕྱིན༔ སྒྲོན་གསལ་ལས༔ བྱིས་པ་རྣམས་ནི་ནུ་ཞོས་འཚོ༔ དར་མ་ཁ་ཟས་རགས་པ་སྟེ༔ རྒས་ཤིང་འཁོགས་པ་བཅུད་སྙོམས་ལྟར༔ ཆོས་ཀྱི་ཐེག་པའང་དེ་བཞིན་དུ༔ དམ་ཚིག་རྣམས་ལ་ཞུགས་ཏེ་སྤྱོད༔ མཐར་ཕྱིན་འབྲས་བུ་ཨ་ཏི་ཆེ༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་རྩ་བ་ལ་གསུམ་སྟེ༔ བླ་མ་དང་ཡི་དམ་མཁའ་འགྲོ་གསུམ་གྱི་དམ་ཚིག་གི་རྩ་བའོ༔ དང་པོ་བླ་མའི་དམ་ཚིག་གིི་རྩ་བ་ལ་གསུམ་སྟེ༔ སྐུའི་དམ་ཚིག་དང་༔ གསུང་གི་དམ་ཚིག་དང་༔ ཐུགས་ཀྱི་དམ་ཚིག་གོ༔ རྒྱུད་ལས༔ དམ་ཚིག་དབང་གི་སློབ་དཔོན་ནི༔ མ་ལས་ལྷག་པས་སྤྱི་བོར་འཁུར༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནི༔ ཕ་ལས་ལྷག་པས་སྤྱི་བོར་མཆོད༔ མན་ངག་ལུང་གི་སློབ་དཔོན་ནི༔ སྙིང་ལས་གཅེས་སོ་རྩེ་གཅིག་བསྟེན༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲུང་༔ ཅེས་པས༔ དང་པོ་བླ་མའི་སྐུ་ཡི་དམ་ཚིག་ཏུ་སངས་རྒྱས་མངོན་སུམ་དུ་བལྟ་ཞིང་སྐུ་ལ་དམོད་པ་སྤང་༔ མ་གནང་ན་སྔོན་དུ་ལྟག་པ་བསྟན་ནས་མི་འགྲོ༔ སྐུའི་གྲིབ་མར་མི་འགོམ༔ ན་བཟའ་དང་ཆས་གོས་ཡོ་བྱད་གང་ལའང་མི་འགོམ༔ སྐུ་ལ་ཚད་མི་གཞལ༔ ཉལ་བ་དང་རྐང་ལག་སྐྱོང་བ་དང་ཚུལ་དང་མི་ལྡན་པའི་སྤྱོད་པ་རྣམས་སྤང་༔ བཞེངས་དུས་ལྡང་བྱ་མཐོང་དུས་ཕྱག་བྱ༔ རྡེག་ཚོག་དང་རྐུ་འཕྲོག་ངན་སེམས་སོགས་ནི་དངོས་སུ་ལྟ་ཞོག་བྲེ་མོའི་ཚུལ་དུའང་མི་བྱའོ༔ དྲི་ཆུ་དང་སྣབས་ལུད་ཕྱི་ས་སོགས་ཀྱང་བླ་མས་མཐོང་སར་མི་འདོར༔ ཁྲི་གདན་མཐོན་པོ་སོགས་ཀྱི་སྟེང་དུའང་བླ་མས་མཐོང་སར་མི་འདུག༔ ལུས་ཀྱི་བག་ཕབ་གུས་པའི་ཐལ་མོ་སྦྱར༔ ཙན་དན་དང་༔ ཨ་ཀ་རུ་དང་༔ དུ་རུ་ཀ་དང་༔ ཛ་ཏི་སོགས་ཀྱི་དྲི་བཟང་སྣ་ཚོགས་ཀྱི་དུད་པས་མཆོད་ཅིང་བྱུག་པས་བྱུག༔ ལྷའི་གོས་སོགས་དཔལ་འབྱོར་གང་ཡོད་ཀྱི་སྐྱེམས་དང་ཞབས་ཐོག་སྣ་ཚོགས་སུ་འཕངས་བསྲི་མེད་པར་སྐུ་ལ་མཆོད་པར་བྱའོ༔ བསྟོད་པར་བྱའོ༔ རབ་ཏུ་མཆོད་པར་བྱའོ༔ ཆེས་ཆེར་བསྟོད་པར་བྱའོ༔ གཉིས་པ་བླ་མའི་གསུང་གི་དམ་ཚིག་ནི༔ ཅི་གསུང་གི་བཀའ་མི་གཅོག་ཅིང་དང་དུ་ལེན༔ སེམས་ཅན་བརྒྱ་སྟོང་གི་སྲོག་ཆོད་གསུང་ཡང་ཕྱི་འགལ་དུ་མི་བྱེད༔ རྒན་གཏམ་དང་བརྩོག་གཏམ་དང་ཐོ་ཆོ་དང་སྐད་ལོག་ཚིག་རྩུབ་དང་ཤགས་འགྱེད་པ་སོགས་བླ་མའི་མདུན་དུ་མི་སྨྲ༔ རྫུན་དང་ཕྲ་མ་ངག་འཆལ་བ་སྐུར་འདེབས་སོགས་ནི་དངོས་སུ་ལྟ་ཞོག་འགྱུ་བར་ཤར་ཡང་འགྱོད་བཤགས་བྱ༔ ངག་རབ་ཏུ་འཇམ་པས་ཞེ་ས་རིམ་གྲོ་དང་བཅས་པའི་སྒོ་ནས་འདོད་པའི་དོན་གསོལ༔ གཞན་ལའང་ཆེ་བའི་ཡོན་ཏན་སྣ་ཚོགས་སུ་བརྗོད་ཅིང་༔ རྩ་བའི་བླ་མ་དེའི་མཚན་ནས་བརྗོད་པའི་གསོལ་འདེབས་བརྒྱ་ཚར་རེ་ཆག་མེད་བྱ༔ གསུམ་པ་བླ་མའི་ཐུགས་ཀྱི་དམ་ཚིག་ནི༔ འདོད་ལོག་དང་སྤྱོད་ལོག་གི་བྱ་བ་སོགས་ཀྱིས་བླ་མའི་ཐུགས་སྐད་ཅིག་ཀྱང་མི་དཀྲུག༔ དད་ལོག་དང་བརྣབ་སེམས་གནོད་སེམས་སོགས་ནི་དངོས་སུ་ལྟ་ཞོག་རྨི་ལམ་དུ་བྱུང་ཡང་སྨྲེ་སྔགས་ཀྱི་འགྱོད་བཤགས་དང་ལྟ་བའི་ཀློང་བཤགས་བྱ༔ དད་པ་དང་མོས་གུས་གདུང་ཤུགས་རྩེ་གཅིག་ཏུ་བསྐྱེད་ཅིང་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་དང་རྣམ་ཐར་ཇི་ལྟར་ཞིག་མཛད་ཀྱང་དགོངས་པ་ཅན་གྱི་མཛད་སྤྱོད་དུ་ཐག་བཅད་ཅིང་༔ ཉིན་ལན་བརྒྱ་མཚན་ལན་བརྒྱ་བླ་མ་ཡིད་ལ་དྲན་པ་བྱེད་ཅིང་བློ་སྙིང་བཀལ་ཏེ༔ གསོལ་བ་འདེབས་དབང་བཞི་ལེན་ཐུགས་ཡིད་བསྲེའོ༔ རྒྱུད་རྣམ་བཀོད་ལས༔ མཚན་ཉིད་ལྡན་པའི་བླ་མ་ལ༔ ཡང་དག་དམ་ཚིག་སུས་བསྲུང་བ༔ སྐུ་གསུམ་ཀློང་དུ་དེ་གྲོལ་ཞིང་༔ གལ་སྲིད་ཟུར་ཙམ་ཉམས་ནའང་༔ མི་དེ་མདུང་ཐུང་ལྔ་བརྒྱ་ཡིས༔ འབིགས་ཤིང་དམྱལ་བའི་མེས་བསྲེག་གོ༔ ཅེས་གསུངས་སོ༔ གཉིས་པ་ཡི་དམ་གྱི་དམ་ཚིག་ལ་གསུམ་སྟེ༔ སྐུ་གསུང་ཐུགས་སོ༔ དང་པོ་ཡི་དམ་གྱི་སྐུའི་དམ་ཚིག་ཏུ་ལུས་ལྷར་བསྒོམ༔ རྣམ་པ་གསལ་བ༔ རྣམ་དག་དྲན་པ༔ ང་རྒྱལ་བརྟན་པ་སྟེ་སྣང་སྟོང་སྒྱུ་མ་ལྟ་བུའི་བསྐྱེད་རིམ་བརྟན་པར་བྱ༔ གཉིས་པ་གསུང་གི་དམ་ཚིག་ཏུ༔ བསྙེན་པ་དང་༔ སྒྲུབ་པ་དང་༔ ལས་སྦྱོར་དང་༔ བསྙེན་པ་ཆེན་པོ་དང་༔ སྒྲུབ་པ་ཆེན་པོ་ལས་སྦྱོར་ཆེན་པོ་ལ་སོགས་པའི་སྔགས་འཁོར་འོད་ཟེར་སྤྲོ་བསྡུ་ལས་རབ་འབྱམས་ལྟར་ཚུལ་དང་མཐུན་པ་ལ་སྔགས་འབྲུ་རྣམས་ཆད་ལྷག་ཏུ་མ་སོང་བ༔ སྒྲ་དག་ལ་ཚིག་གསལ་བར་ཡང་དག་པར་བརྩོན་ཞིང་རྟགས་ཚུལ་བཞིན་དུ་ཐོན་པར་བྱའོ༔ གསུམ་པ་ཐུགས་ཀྱི་དམ་ཚིག་ནི༔ སྣང་སྲིད་ལྷ་ཡི་གཞལ་ཡས་སུ་ཤེས་པས་ཀུན་རྫོབ་འཁྲུལ་པར་མི་བཟུང་༔ གྲགས་པ་སྔགས་སུ་ཤེས་པས་སྒྲ་སྐད་བཟླས་བརྗོད་དུ་འཁྱེར༔ དྲན་རྟོག་ཐུགས་སུ་ཤེས་པས་གསལ་སྟོང་གི་ངང་གདངས་དང་མི་འབྲལ་བར་དྭངས་གསལ་གྱི་འཆར་སྒོ་མ་འགགས་ཙམ་དུ་ལྷའི་སྐུར་གསལ་བས་སྟོང་པའི་མཐའ་བསལ༔ སྟོང་ཉིད་ཀྱི་རང་གདངས་འགག་མེད་དུ་ཤེས་པས་རྟག་པའི་མཐའ་བསལ༔ གསལ་བ་ཆོས་ཀྱི་ཕྱག་རྒྱས་སྒོམ་གྱི་གཟེར་གདབ༔ འཛིན་པ་དམ་ཚིག་གི་ཕྱག་རྒྱ་མིག་འབྲས་ལྟར་བསྲུང་༔ སྤྱོད་པ་ལས་ཀྱི་ཕྱག་རྒྱ་མཚན་ལྡན་མུ་དྲ་འཆང་༔ སྐུ་ཡོངས་སུ་རྫོགས་པ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་འཇོག་ཅིང་༔ མདོར་ན་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཡེ་ནས་ཡིན་ལ་ཡིན་བཞིན་ཉམས་སུ་བླང་བར་བྱའོ༔ ཐིག་ལེ་གཅིག་པ་ལས༔ གསལ་བ་གསུམ་གྱི་ལྟ་བ་ཡིས༔ ཤར་པ་གསུམ་གྱི་ཡེ་ཤེས་ལ༔ ཤེས་པ་གསུམ་གྱི་དཀྱིལ་འཁོར་དུ༔ རྣལ་འབྱོར་རྒྱུན་ཞུགས་ཡང་དག་གནས༔ དཀྱིལ་འཁོར་ཀུན་བདག་ཀུན་ལས་རྒྱལ༔ ཅེས་གསུངས་སོ༔ གསུམ་པ་མཁའ་འགྲོའི་དམ་ཚིག་ལ་གསུམ་སྟེ༔ སྐུ་དང་གསུང་དང་ཐུགས་སོ༔ དང་པོ་མཁའ་འགྲོའི་སྐུའི་དམ་ཚིག་ཏུ་མཚན་ཉིད་ལྡན་པའི་སློབ་དཔོན་ལས་དབང་བཞི་ནོས་ཤིང་རྩ་འདུལ་ལུས་སྦྱོང་སྲོག་རྩོལ་ལས་སུ་རུང་བར་བྱ་ཞིང་བུད་མེད་ཡོངས་ལ་དམོད་པ་སྤང་༔ གཉིས་པ་མཁའ་འགྲོའི་གསུང་གི་དམ་ཚིག་ཏུ༔ སྒྲུབ་རྫས་བླ་རྡོ་བཅང་ཞིང་མཁའ་འགྲོའི་བསྙེན་སྒྲུབ་འབུང་༔ གསུམ་པ་མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཏུ་མུ་དྲ་མཚན་ལྡན་ཕྱོགས་གང་དུ་འདུག་ཀྱང་བཙལ་ཞིང་༔ རྒྱུད་ཡོངས་སུ་སྨིན་པར་བྱས་ལ་དགའ་བཞི་བདེ་སྟོང་གི་ཡེ་ཤེས་རང་མདངས་ལས་ཤར་བ་རང་གྲོལ་གྱིས་ཉམས་སུ་མྱོང་ཞིང་༔ ཁམས་ཡོངས་སུ་མི་ཉམས་པར་བརྩོན་འགྲུས་དང་ལྡན་པས་ཡང་དག་པར་བསྟེན་པར་བྱའོ༔ མཁའ་འགྲོ་ནག་མོ་ལས༔ སྲོག་རྩོལ་སྦྱོར་བ་ལས་རུང་ནས༔ དགའ་བཞིའི་བདེ་སྟོང་ཡེ་གྲོལ་ངང་༔ ལྷ་མོ་སྒྱུ་འཕྲུལ་མཛེས་མ་ལ༔ བྱང་ཆུབ་མཆོག་གི་ས་བོན་སྤེལ༔ བདེ་ཆེན་ལམ་སྟེ་བདེ་བའི་སྐུ༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡན་ལག་གི་རིམ་པ་ལ་དྲུག་སྟེ༔ ཕྱིའི་ཡན་ལག་ཉེར་ལྔ་དང་༔ ནང་གི་ཡན་ལག་ཉེར་ལྔ་དང་༔ གསང་བའི་ཡན་ལག་ཉེར་ལྔ་དང་༔ ཉམས་ཆག་བཤགས་པའི་ཐབས་དང་༔ ཉམས་པའི་ཉེས་པ་བསྟན་པ༔ ཡོངས་སུ་བསྲུང་བའི་ཕན་ཡོན་ནོ༔ དང་པོ་ཕྱིའི་ཡན་ལག་ཉི་ཤུ་རྩ་ལྔའི་དམ་ཚིག་ནི༔ དང་པོ་མ་བྱིན་པ་མི་བླང་བ་བརྒྱད་དོ༔ དང་པོ་མི་བླང་པ་བརྒྱད་ནི༔ བླ་མ་རྡོ་རྗེ་སློབ་དཔོན་ཀྱི་རྫས་ཁབ་སྐུད་ཙམ་ཡང་མི་བླང་ངོ་ཿ དེ་བླངས་ན་ཡི་དྭགས་ཀྱི་གནས་སུ་བསྐལ་པར་སྡུག་བསྔལ་ལ་སྤྱོད་དགོས་སོ༔ དམ་ཚིག་གཅིག་པའི་ཕྱིར་མཆེད་དང་ལྕམ་དྲལ་གྱི་རྫས་མི་བླང་༔ ཡུལ་གཉན་པའི་ཕྱིར་དགེ་འདུན་གྱི་སྡེ་དང་སྒོམ་ཆེན་གྱི་ས་ནས་མི་ལེན༔ དྲིན་ཆེ་བའི་ཕྱིར་ཕ་དང་མའི་རྫས་མ་གནང་བ་ལ་མི་སྤྱོད༔ སྒྲིབ་པ་ཤིན་ཏུ་ཆེ་བའི་ཕྱིར་པྲ་ཏི་ཧ་ནིའི་དུས་ཀྱི་མཆོད་པ་དང་༔ ཚོགས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པ་དང་༔ མ་ཧཱ་བྷོ་དྷི་ལ་སོགས་ལྷ་ཁང་དང་མཆོད་རྟེན་གྱི་དཀོར་ལ་བསྔོས་པ་ལ་མི་འབག༔ དེ་དག་རྣམས་ལས་བླངས་ན་བསྐལ་པ་ཆེན་པོ་སྟོང་ཕྲག་གསུམ་གྱི་བར་དུ་ཡི་དྭགས་ཀྱི་སྡུག་བསྔལ་རབ་ཏུ་འབར་བས་སྲེག་པར་བྱེད་དོ༔ གཞན་ཡང་ཆོས་ལ་སྤྱད་ནས་སྐྱེ་བོ་ཕལ་པ་ལ་སོགས་ཏེ་གང་ལའང་མི་རྐུ་ཞིང་༔ ཉམས་ན་ངན་སོང་གི་སྡུག་བསྔལ་ལ་སྤྱོད་པར་བྱེད་དོ༔ གཉིས་པ་མ་བྱིན་པར་བླང་བ་བརྒྱད་ནི༔ དོན་མ་བྱིན་པ་བླ་མས་སྒོམ་སྒྲུབ་མ་བྱེད་གསུང་ཡང་སྒོམ་སྒྲུབ་སྤྱད༔ ཐབས་མ་བྱིན་པར་བླང་བ་རིག་མ་མཚན་ལྡན་གང་དུ་འདུག་ཀྱང་བཙལ༔ རྫས་མ་བྱིན་པར་བླང་བ་བྷན་དྷ་མཚན་བཟང་སུ་ལ་འདུག་ཀྱང་བརྐུ༔ བུ་མོ་གཙང་བའི་རཀྟ༔ མངོན་སྤྱོད་ཀྱི་སྒྲུབ་རྫས༔ མཁའ་འགྲོ་ཆོས་སྐྱོང་གི་རྟེན་རྫས༔ བམ་རོ་མཚན་ལྡན༔ སེར་སྣའི་འཇུར་བུ་ཅན་གྱི་ནོར་རྫས་སོགས་བླང་ཞིང་སྤྱད་པར་བྱའོ༔ མི་ཚངས་པར་སྤྱོད་པ་བཞི་དང་མི་སྤྱོད་པ་བཞི་སྟེ༔ དང་པོ་སྤྱོད་པ་བཞི་ནི༔ རང་ལུས་ཡོངས་སུ་སྨིན་ནས་དགའ་བཞིའི་སྲོག་རྩོལ་ལས་སུ་རུང་བའི་རྣལ་འབྱོར་པས་མཚན་དང་ལྡན་པའི་རིག་མ་གང་ཡང་རུང་བ་ལ་བདེ་བ་སྤེལ་བར་བྱའོ༔ མཚན་ཉིད་ཡོངས་སུ་རྫོགས་ན་མ་དང་སྲིང་མོ་ལ་ཡང་སྤྱད་པར་བྱའོ༔ གྲོགས་སུ་གྱུར་ན་འཇབ་བུ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཀྱང་དང་དུ་བླང་བར་བྱའོ༔ ཉོན་མོངས་པ་ཡེ་ཤེས་ཀྱི་རང་བཞིན་དུ་ཡོངས་སུ་སྨིན་དུས་མཚན་མ་ཐོགས་ཚད་ཀྱི་མོ་ཆགས་ལ་སྤྱོད་པར་བྱའོ༔ གཉིས་པ་མི་སྤྱོད་པ་བཞི་ནི༔ དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་མཆེད་ཟླ་ལ་མི་སྤྱོད༔ བླ་མའི་གཟུང་མ་ལ་མི་སྤྱོད༔ དགེ་སློང་མ་ལ་མི་སྤྱོད༔ སྦྲུམ་མ་དང་ནད་བུ་ཅན་ལ་མི་སྤྱོད༔ རྫུན་དུ་སྨྲ་བ་བཞི་དང་མི་སྨྲ་བ་བཞི་སྟེ༔ སྨྲ་བ་བཞི་ནི༔ རྡོ་རྗེ་རྒྱལ་པོའི་ཆེ་བ་བརྗོད་པའི་ཕྱིར་རྫུན་སྨྲ༔ གསང་བ་བཅུའི་ཕྱིར་དུ་རྫུན་སྨྲ་སྟེ༔ གསང་བ་བཅུ་གང་ཞེ་ན༔ ལྟ་བ་ཟབ་མོ་ཐུན་མོང་མ་ཡིན་པའི་ཕྱིར་སྨྲ༔ སྦྱོར་སྒྲོལ་གྱི་སྤྱོད་པ་རླབས་པོ་ཆེའི་ཕྱིར་སྨྲ༔ དངོས་གྲུབ་མྱུར་དུ་འཐོབ་ཕྱིར་ཡི་དམ་གྱི་ལྷ་གསང་བའི་ཕྱིར་སྨྲ༔ འཕྲིན་ལས་ཐོགས་པ་མེད་པའི་ཕྱིར་བསྒྲུབ་པའི་རྟགས་གསང་བའི་ཕྱིར་སྨྲ༔ གཞན་ལ་གབ་པའི་ཕྱིར་སྒྲུབ་གནས་ཀྱི་ཕྱིར་སྨྲ༔ ཡ་གའི་གཏམ་སྤང་ཕྱིར་གྲོགས་ཀྱི་ཕྱིར་དུ་སྨྲ༔ སྐྱེ་བོ་ངན་པའི་ལོག་ལྟ་མི་འབྱུང་བའི་སྒྲུབ་རྫས་གསང་ཕྱིར་སྨྲ༔ གསང་བ་ནས་གསང་བར་སྤྱོད་ཕྱིར་བསྒྲུབ་པའི་དུས་གསང་བའི་ཕྱིར་སྨྲ༔ བསྒྲུབ་པ་ལས་སུ་རུང་ཞིང་ཐུན་མོང་བརྒྱད་འཐོབ་པའི་ཕྱིར་མཁའ་འགྲོ་ཆོས་སྐྱོང་གི་བླ་རྡོ་ཕྱག་མཚན་སོགས་གསང་བའི་ཕྱིར་སྨྲ༔ འདི་ཕྱིའི་བདེ་ལེགས་དང་རྟེན་འབྲེལ་འབྱུང་བའི་ཕྱིར༔ བླ་མས་གསང་དམ་གང་བསྒྲགས་པ་ཐམས་ཅད་ཡོངས་སུ་གསང་བའི་ཕྱིར་སྨྲ་བའོ༔ སེམས་ཅན་གཞན་ལ་ཕན་པ་དང་མགོན་སྐྱོབ་ཏུ་འགྱུར་ན་རྫུན་སྨྲ༔ དམ་པའི་ཆོས་ལ་སེམས་ཅན་གྱི་ཤེས་རྒྱུད་འཇུག་པའི་ཕྱིར་དུ་རྫུན་སྨྲ༔ མི་སྨྲ་བ་བཞི་ནི༔ རང་གི་བླ་མ་རྡོ་རྗེ་སློབ་དཔོན་ལ་མི་སྨྲ༔ མཆེད་ལྕམ་དམ་ཚིག་གཅིག་པ་ཐམས་ཅད་ལ་མི་སྨྲ༔ རང་འདོད་ངན་པས་བསླངས་ཏེ་ཕ་རོལ་ལ་གནོད་པ་སྐྱེལ་བའི་ཕྱིར་མི་སྨྲཿ ཕན་གནོད་མེད་པའི་འཆལ་ཚིག་གང་ཡང་མི་སྨྲ༔ ཚིག་རྩུབ་མོ་སྨྲ་བ་བཞི་དང་མི་སྨྲ་བ་བཞི༔ སྨྲ་བ་བཞི་ནི༔ ཡུལ་ཕ་རོལ་ལ་ཕན་པར་འདུག་ན་སྨྲ༔ ལྟ་ལོག་མུ་སྟེགས་ཚར་གཅོད་པའི་ཕྱིར་སྨྲ༔ ཞིང་བཅུ་བསྒྲལ་བའི་ཕྱིར་སྨྲ༔ གདོན་བགེགས་བསྐྲད་པའི་ཕྱིར་སྨྲ༔ མི་སྨྲ་བ་བཞི་ནི༔ ཕ་རོལ་ལ་གནོད་ན་མི་སྨྲ༔ དུག་ལྔ་རང་རྒྱུད་པའི་ངང་ནས་མི་སྨྲ༔ རང་དོན་ངན་པའི་ཕྱིར་མི་སྨྲ༔ དོན་མེད་འཁྱལ་བའི་ཕྱིར་མི་སྨྲ༔ གཉིས་པ་ནང་གི་ཡན་ལག་ཉི་ཤུ་རྩ་ལྔའི་དམ་ཚིག་ནི་ལྔ་ལྔ་སྟེ༔ མི་སྤང་བའི་དམ་ཚིག་ལྔ༔ དང་དུ་བླང་བའི་དམ་ཚིག་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ ཤེས་པར་བྱ་བའི་དམ་ཚིག་ལྔ༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔའོ༔ དང་པོ་མི་སྤང་བའི་དམ་ཚིག་ལྔ་ནི༔ འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་དང་གཏི་མུག་ལྔ་སྟེ༔ ཉོན་མོངས་པ་ལྔ་ནི་ཡེ་ནས་གནས་སུ་དག་པ་རང་ལ་གནས་པའི་དོན་རྟོགས་པའི་ཕྱིར་དང་དུ་བླང་བར་བྱའོ༔ གཉིས་པ་དང་དུ་བླང་བའི་དམ་ཚིག་ལྔ་ནི༔ དྲི་ཆེན་དང་དྲི་ཆུ་དང་མང་ས་དང་དམར་ཆེན་དང་ཟིལ་པ་ལྔ་སྟེ༔ ཡེ་ནས་རྣམ་པར་དག་པ་རང་བྱུང་གི་བདུད་རྩི་ལྔ་ཡིན་པས་དང་དུ་བླངས་ཤིང་བསྟེན་ན༔ ཚེ་རིང་བ་དང་ནད་མེད་པ་དང་ཉམས་རྟོགས་ཀྱི་ཡེ་ཤེས་ཕྱོགས་མེད་དུ་འབར་བ་དང་༔ རིག་པ་འཛིན་པའི་དངོས་གྲུབ་ལ་སྤྱོད་པ་ལ་སོགས་ཀྱི་ཡོན་ཏན་དང་ལྡན་པས་དང་དུ་བླང་ཞིང་བསྟེན་པར་བྱའོ༔ གསུམ་པ་སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི༔ སྦྱོར་སྒྲོལ་གྱི་སྤྱོད་པ་སྟེ༔ སྦྱོར་བ་ལྔ་ལ༔ ལམ་ཟབ་མོ་མན་ངག་གིས་སྒྲོལ་བའི་ཕྱིར་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་སྦྱོར༔ ལྷ་དང་དཀྱིལ་འཁོར་རང་གྲོལ་དུ་གསལ་ཕྱིར་ཡུལ་དང་དབང་པོ་སྦྱོར༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཤེས་དང་ཤེས་བྱ་སྦྱོར༔ སྣང་སྟོང་ཟུང་དུ་འཇུག་ཕྱིར་དབྱིངས་དང་ཡེ་ཤེས་སྦྱོར༔ བདེ་སྟོང་ཟག་པ་མེད་པའི་དོན་རྟོགས་ཕྱིར་ཡབ་དང་ཡུམ་སྦྱོར༔ སྒྲོལ་བ་ལྔ་ནི༔ གང་བསྒྲལ་ན༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསྒྲལ་ལོ༔ གང་དུ་བསྒྲལ་ན་དོན་དམ་ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པར་བསྒྲལ་ལོ༔ གང་གིས་བསྒྲལ་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ངང་ནས་ལྟ་བ་གྱད་ཀྱི་ལྷ་ཆེན་པོ་ཚད་མེད་པ་བཞི་དང་ལྡན་པ་དེས་བསྒྲལ་ལ༔ ཅིའི་ཕྱིར་བསྒྲལ་ན་མ་རིག་ལས་ངན་གྱི་སེམས་ཅན་རྣམས་བདེ་བ་འདོད་ཀྱང་བདེ་བ་བསྒྲུབ་མ་ཤེས་པར་སྡུག་བསྔལ་གྱི་ལས་སྣ་ཚོགས་ལ་སྤྱོད་དེ༔ ཞིང་བཅུ་ཚང་བའི་རིགས་དྲུག་ཏུ་འཁྱམས་པ་རྣམས་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ་བསྒྲལ་བའོ༔ ཐབས་ཇི་ལྟར་གྱིས་བསྒྲལ་ན༔ ལས་རབ་འབྱམས་སྣ་ཚོགས་ཀྱི་སྒོ་ནས་བསྒྲལ་ལོ༔ བཞི་པ་ཤེས་པར་བྱ་བའི་དམ་ཚིག་ལྔ་ནི༔ གཟུགས་ཕུང་རྣམ་པར་སྣང་མཛད༔ རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་སྟེ༔ ཕུང་པོ་ལྔ་གནས་སུ་དག་པ་ཡེ་ནས་རྒྱལ་བ་རིགས་ལྔ་ཡིན་པ་ཤེས་པར་བྱ་བ་དང་༔ ནམ་མཁའི་ངོ་བོ་དབྱིངས་ཕྱུག་མ༔ ས་ཡི་ངོ་བོ་སངས་རྒྱས་སྤྱན་མ༔ ཆུའི་ངོ་བོ་མཱ་མ་ཀི༔ མེའི་ངོ་བོ་ན་བཟའ་དཀར་མོ༔ རླུང་གི་ངོ་བོ་དམ་ཚིག་སྒྲོལ་མ་སྟེ༔ འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔའི་ངོ་བོར་རང་ལ་ཡེ་ནས་ཚང་ཞིང་འདུ་འབྲལ་མེད་པར་ཤེས་པར་བྱའོ༔ ལྔ་པ་བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ནི༔ རྡོ་རྗེའི་རིགས་དང་༔ རིན་པོ་ཆེའི་རིགས་དང་༔ པདྨའི་རིགས་དང་༔ ལས་ཀྱི་རིགས་དང་༔ དེ་བཞིན་གཤེགས་པའི་རིགས་ཏེ་རིགས་ལྔའི་ལྷ་ཚོགས་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་བསྒྲུབ་པར་བྱའོ༔ ཡེ་ཤེས་ལྔ་ནི༔ མེ་ལོང་ལྟ་བུའི་ཡེ་ཤེས་དང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དང་༔ སོ་སོར་རྟོག་པའི་ཡེ་ཤེས་དང་༔ བྱ་བ་གྲུབ་འི་ཡེ་ཤེས་དང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་སོ༔ གསུམ་པ་གསང་བའི་ཡན་ལག་ཉི་ཤུ་རྩ་ལྔའི་དམ་ཚིག་ནི༔ སེང་གེ་དཀར་མོའི་ཤ་མི་ཟ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་བསྡོ༔ གནམ་ལྕགས་ཀྱི་སྤུ་གྲི་འཐབ་པ་ཞེས་བྱ་བ༔ མཆེད་ལྕམ་ལ་མི་རྩོད༔ ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་ལས་ཕབ་པ་ཞེས་བྱ་བ༔ བླ་མ་ལ་ཚོད་ཡོད་དང་དེས་ཆོག་བརྙས་ལས་མི་བྱ༔ ཤེལ་གོང་ལ་མཚོན་གཏད་པ་ཞེས་བྱ་བ༔ བླ་མ་ལ་ངན་རྟོག་མི་བྱ༔ རྒྱལ་པོའི་དཀོར་མཛོད་ཁུར་བ་ཞེས་བྱ་བ༔ བླ་མའི་དཀོར་ལ་མི་འབག༔ རིན་པོ་ཆེའི་སྣོད་དུ་དུག་གཡོས་པ་ཞེས་བྱ་བ༔ བླ་མའི་ཕྱག་རྒྱ་མོ་ལ་སྤྱོད་པ་དང་བརྩོག་གཏམ་མི་སྨྲ༔ པདྨའི་ཟེའུ་འབྲུ་ཁ་གཡེང་བ་ཞེས་བྱ་བ༔ མཆེད་གྲོགས་ཀྱི་གཟུངས་མ་དང་༔ དཀྱིལ་འཁོར་གཅིག་ཏུ་ཚོགས་ནས་དམ་ཚིག་གཅིག་པའི་ལྕམ་དྲལ་ལ་མི་སྤྱོད༔ ནོར་བུའི་སྒྲོམ་བཤིག་པ་ཞེས་བྱ་བ༔ ད་ལ་རྙིང་པ་མི་བཤིག༔ སྒྲོན་མེའི་མདངས་འཕྲོག་པ་ཞེས་བྱ་བ༔ གཞན་གྱི་ཏིང་འཛིན་བསྒོམ་པ་ལ་བར་གཅོད་མི་བྱེད༔ བདུད་རྩིའི་ཆུ་རྒྱུན་ཟགས་སུ་འཇུག་པ་ཞེས་བྱ་བ༔ བླ་མས་གསང་ཤིག་གསུངས་པ་རྣམས་གཞན་ལ་མི་སྒྲོགས༔ རྡོ་རྗེའི་གུར་བཤིག་པ་ཞེས་བྱ་བ༔ གཞན་གྱི་མཚམས་དབང་མེད་ལ་མི་འགྲོལ༔ ཁྱུང་ཆེན་གྱི་འདབ་གཤོག་འདྲེག་པ་ཞེས་བྱ་བ༔ བསྙེན་སྒྲུབ་བྱེད་མཁན་ལ་བར་ཆད་མི་བྱ༔ མེ་དཔུང་འབར་བའི་ནང་དུ་མཆོང་བ་ཞེས་བྱ་བ༔ བཅད་རྒྱས་བསྡམས་པའི་ནང་དུ་མི་འགྲོ༔ ཉི་ཟླའི་ཟེར་འཕྲོག་པ་ཞེས་བྱ་བ༔ མཆེད་ལྕམས་ཐམས་ཅད་ལ་ངན་སྤྱོད་མི་བྱ༔ མ་བརྟགས་པའི་རྫས་ངན་བཅང་བ་ཞེས་བྱ་བ༔ བྷནྡྷའི་མཚན་མ་མ་བརྟགས་པར་མི་འཆང་༔ སྟག་སེང་འཐབ་པའི་ཁ་ལེན་པ་ཞེས་བྱ་བ༔ སྡེ་དགོན་དང་སྔགས་པ་ནང་འགྲས་ཀྱི་བཟློག་པ་མི་བྱ༔ ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་བྱ་བ༔ གཞན་གྱི་ཡོན་ཏན་ལ་མི་དམོད༔ ཁྲོ་ཆུའི་ངད་པ་ལེན་པ་ཞེས་བྱ་བ༔ དམ་ཉམས་པ་ལ་ཁ་ལག་མི་བསྲེ༔ ཉི་ཟླའི་བར་གཤོག་པ་ཞེས་བྱ་བ༔ ཕྱི་ནང་གསང་གསུམ་ཐམས་ཅད་ཀྱི་ཐབས་ཤེས་ཡ་བྲལ་དུ་མི་བྱེད༔ སེང་གེའི་འོ་མ་སྣོད་ངན་དུ་བླུགས་པ་ཞེས་བྱ་བ༔ སྣོད་མིན་ལ་གསང་སྔགས་མི་བཤད༔ དུག་ཧྲུལ་ནག་པོ་གདན་དུ་བཏིང་བ་ཞེས་བྱ་བ༔ བུད་མེད་མཚན་ངན་ཕྱག་རྒྱ་ལ་མི་བསྟེན༔ རྒྱལ་པོ་ཆེན་པོ་འབངས་སུ་ཕབ་པ་ཞེས་བྱ་བ༔ སྒྲུབ་པ་ལ་ཞུགས་ནས་གདོང་མི་ལ་མི་བསྟན༔ ལམ་གྱི་འཕྲང་བཅད་པ་ཞེས་བྱ་བ༔ དད་པ་ཅན་དང་ཚོགས་གསོག་བྱེད་པའི་ཁ་མི་དགག༔ དུག་གི་འདམ་དུ་ལུས་བརྩངས་པ་ཞེས་བྱ་བ༔ དམ་ཉམས་ཡུགས་ས་མཛེ་མོ་གསུམ་ཕྱག་རྒྱ་ལ་མི་བསྟེན༔ གསང་བ་མཆོག་གི་རྒྱུད་ལས༔ བླ་མེད་སྔགས་ཀྱི་ཐེག་པ་རྣམས༔ རྩ་བ་ཡན་ལག་བསྲུང་མཚམས་ལས༔ འདའ་བར་མི་བགྱིད་རྣལ་འབྱོར་རྣམས༔ འདི་ན་མི་གནས་མྱ་ངན་འདའ༔ སྐུ་དང་ཡེ་ཤེས་མངོན་དུ་བྱེད༔ ཉམས་ན་རྡོ་རྗེའི་དམྱལ་བ་སྟེ༔ མི་འདའ་དམ་ཚིག་སྒྲོན་མའོ༔ ཅེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཉམས་ན་བཤགས་པའི་ཐབས་བསྟན་པ་ནི༔ བཤགས་རྒྱུད་ལས༔ འདུལ་བའི་སྡོམ་པ་ཉམས་པ་ནི་རྫ་བེའུ་ཆག་པ་དང་འདྲ་སྟེ་སླར་གསོ་བའི་ཐབས་མེད༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་ནི༔ རིན་པོ་ཆེ་གསེར་དངུལ་གྱི་གཞོང་པ་ཞོམ་པ་དང་འདྲ་སྟེ་སླར་བཤགས་པའི་ཐབས་ནི་ཡོད་དོ༔ ཅེས་གསུངས་པས༔ གསང་སྔགས་ཀྱི་སྒོར་ཞུགས་ཀྱང་༔ བླ་མེད་ཀྱི་ལྟ་སྒོམ་རྣམས་ནི་མ་རྟོགས༔ ལྟ་བ་དམན་ཞིང་ཤེས་རབ་ཞན་པས་གཡོ་སྒྱུ་སྣ་ཚོགས་ཀྱི་ལས་བསགས་པས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་རྣམས་བཤགས་པའི་ཐབས་ནི་གཉིས་ཏེ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་༔ དེ་ལས་འཕྲོས་པའི་ཡན་ལག་ཉི་ཤུ་རྩ་ལྔའི་དམ་ཚིག་ཉམས་པ་སྐོང་བའི་ཐབས་དང་གཉིས་སོ༔ རྩ་བ་ལ་ཡང་སྡོམ་དང་རྩ་བ་གཉིས་ལས༔ དང་པོ་སྡོམ་ནི༔ ཐེག་པ་རིམ་པ་དགུའི་ལྟ་སྒོམ་སྤྱོད་གསུམ་གྱི་ཚོགས་ཐམས་ཅད་གོང་དུ་སྨོས་པ་རྣམས༔ མཐར་མ་ཕྱིན་པར་གཞན་དུ་གོལ་ཞིང་ལམ་ལས་ཉམས་ན༔ ཐེག་པ་གང་ལ་ཞུགས་ཤིང་སྤྱད་པ་དེའི་གང་འགལ་བ་ཐམས་ཅད་ཡོངས་སུ་ཉམས་པ་ཡིན་པས༔ སྔ་མའི་ཉམས་པ་སྦྱོང་བ་དང་༔ ཕྱི་མ་གསོ་བ་དང་༔ མཐར་ཕྱིན་པ་ལ་བརྩོན་པར་བྱའོ༔ གཉིས་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྩ་བ་གསུམ་ལ་བཤགས་པ་ལ་གསུམ་སྟེ༔ བླ་མ་ལ་བཤགས་པ་དང་༔ ཡི་དམ་ལ་བཤགས་པ་དང་༔ མཁའ་འགྲོ་ལ་བཤགས་པའོ༔ དང་པོ་བླ་མ་ལ་བཤགས་པ་ལ་གསུམ་སྟེ༔ སྐུ་དང་གསུང་དང་ཐུགས་སོ༔ དང་པོ་བླ་མའི་སྐུའི་དམ་ཚིག་ཉམས་ན༔ བླ་མ་ལ་དངོས་པོ་དག་པའི་འབུལ་བ་རང་ལ་གང་ཡོད་ཕངས་སྲི་མེད་པར་དབུལ་ཞིང་༔ རིན་པོ་ཆེ་ལ་བླ་མའི་སྐུ་འདྲ་བཞེངས་ཏེ༔ ཕྱག་དང་༔ སྐོར་བ་དང་༔ མཆོད་པ་དང་༔ མར་མེ་དང་༔ སྤོས་དང་༔ ཕྲེང་བ་དང་༔ བྱུག་པ་དང་༔ ཞལ་ཟས་དང་༔ རོལ་མོ་སོགས་ཀྱིས་བརྒྱ་སྟོང་ཁྲི་འབུམ་དུ་ཉམས་པ་ཆེ་ཆུང་ལྟར་མཆོད་པ་ལ་ཡོངས་སུ་བརྩོན་པར་བྱའོ༔ གཉིས་པ་གསུང་གི་དམ་ཚིག་ཉམས་ན༔ བཟའ་བ་དང་བཅའ་བ་དང་བཏུང་བའི་ལོངས་སྤྱོད་ཅི་མང་དུ་བསགས་ཤིང་གྷ་ན་ཚོགས་ཀྱི་མཆོད་པ་ཆེན་པོས་ཡོངས་སུ་དགྱེས་པ་བསྐང་༔ བཤགས་ཚིག་སྣ་ཚོགས་དང་ཡི་གེ་བརྒྱ་པ་འབུམ་ཚོ་དང་ཁྲི་ཚོ་དང་སྟོང་ཚོ་སོགས་ཉམས་པའི་སྐབས་དང་བསྟུན་ཏེ་ཡོངས་སུ་བཤགས་ཤིང་༔ གདམས་པ་ཟབ་མོ་སླར་བསྐྱར་ཏེ་ཞུའོ༔ བླ་མའི་བཀའ་འབུམ་དང་རྣམ་ཐར་རྣམས་མཐིང་ཤོག་ལ་གསེར་དངུལ་གྱིས་བྲིས་ནས་བརྒྱ་སྟོང་སོགས་གོང་ལྟར་སྐབས་མཐུན་དུ་ཀློག་གོ༔ གསུམ་པ་བླ་མའི་ཐུགས་ཀྱི་དམ་ཚིག་ཉམས་ན༔ རྒྱལ་སྲིད་དང་བུ་དང་ཆུང་མ་དང་རབ་ཏུ་གཅེས་པའི་ནོར་དང་༔ འབྲུ་དང་སྨན་དང་དར་ཟབ་དང་བཅས་པས་མཆོད༔ ཚོགས་ཀྱི་ཡོ་བྱད་དང་བཅས་ཏེ༔ བླ་མའི་དྲུང་དུ་ཡན་ལག་ལྔ་ས་ལ་བརྡེག་པའི་རྐྱང་ཕྱག་ལན་སྟོང་དུ་བཙལ་ཞིང་སྨྲེ་སྔགས་ཀྱི་འགྱོད་བཤགས་སྣ་ཚོགས་སུ་བརྗོད༔ རིན་པོ་ཆེའི་རྒྱུའམ་བྱིན་གྱིས་བརླབས་པའི་ས་ལ་མཆོད་རྟེན་བརྒྱ་སྟོང་ཁྲི་འབུམ་སོགས་ཉམས་པ་ཕྲ་སྦོམ་དང་བསྟུན་ཏེ་བཞེང་༔ བཀུར་བསྟི་རིམ་གྲོ་ཕུ་དུད་ཀྱིས་མཆོད༔ ཐུགས་ཀྱི་ཉམས་པ་ཤིན་ཏུ་ཆེ་ན༔ རིག་འཛིན་རྣམ་པ་གསུམ་ཁྱད་པར་འཕགས་པས་ལོ་ཟླའི་བར་དུ་མཚམས་བསྒྲུབ་ལ་བརྩོན་པའམ་སྲོག་གིས་བསྐང་ན་མ་གཏོགས་མི་འདག་གོ༔ གཉིས་པ་ཡི་དམ་གྱི་དམ་ཚིག་ཉམས་པ་བསྐང་བ་ལ་གསུམ་སྟེ༔ སྐུ་དང་གསུང་དང་ཐུགས་སོ༔ དང་པོ་ཡི་དམ་གྱི་སྐུའི་དམ་ཚིག་ཉམས་ན༔ རྟེན་གཏོར་རྟེན་མདོས་བཞེང་ཞིང་བསྐྱེད་རིམ་ལ་འབུང་༔ གཉིས་པ་གསུང་གི་དམ་ཚིག་ཉམས་ན༔ སྒྲུབ་གཏོར་སྒྲུབ་མདོས་བཞེང་ཞིང་བསྙེན་སྒྲུབ་སྐྱོར༔ གསུམ་པ་ཐུགས་ཀྱི་དམ་ཚིག་ཉམས་ན༔ བསྐང་གཏོར་བསྐང་མདོས་བཞེང་ཞིང་བསྐང་བ་མེད་པའི་ངང་ནས་ཐུགས་དམ་དབྱིངས་སུ་སྐོང་ཞིང་སྲོག་གི་ཕྱིར་ཡང་མི་གཏོང་བའི་དམ་བཅའོ༔ གསུམ་པ་མཁའ་འགྲོའི་དམ་ཚིག་ཉམས་པ་སྐོང་བ་ལ་གསུམ་སྟེ༔ སྐུ་དང་གསུང་དང་ཐུགས་སོ༔ དང་པོ་མཁའ་འགྲོ་སྐུའི་དམ་ཚིག་ཉམས་ན༔ བུད་མེད་ཡོངས་ལ་དམོད་པ་སྤང་ཞིང་རྩ་འདུལ་ལུས་སྦྱང་༔ གསུང་གི་དམ་ཚིག་ཉམས་ན༔ བསྙེན་སྒྲུབ་བསྐྱར༔ བླ་རྡོ་བཅང་༔ ཐུགས་ཀྱི་དམ་ཚིག་ཉམས་ན༔ ཁམས་སྤེལ༔ རིག་མ་བསྟེན༔ དགའ་བཞི་བསྒོམ༔ ཀུན་ད་ཏིལ་འབྲུ་ཙམ་ཡང་མི་ཉམས་པའི་བརྟུལ་ཞུགས་གཟུང་༔ གཉིས་པ་ཡན་ལག་ཉི་ཤུ་རྩ་ལྔའི་དམ་ཚིག་ཉམས་པ་སྐོང་བའི་རིམ་པ་ནི༔ གཞུང་ལྟར་སྤང་བླང་གི་རིམ་པ་གང་ལས་འདས་པ་དེར་མཐུན་དུ༔ སྔ་མའི་ཉམས་པ་བཤགས་ཤིང་ཕྱི་མ་ཡོངས་སུ་བསྲུང་བའི་དམ་ཚིག་ལ་གནས་པར་བྱའོ༔ ཁྱད་པར་དུ་རྩ་བ་དང་ཡན་ལག་གང་ཉམས་ནའང་༔ བཤགས་ཡུལ་གྱི་གཙོ་བོ་ནི༔ བླ་མ་དང་མཆེད་ལྕམ་རྒྱལ་ཐེབས་གཟུངས་མ༔ བཤགས་པའི་ཐབས་ཕྱི་མོས་གུས་ལུས་ཀྱི་བཤགས་པ་སྣ་ཚོགས༔ ནང་བྱིན་རླབས་སྔགས་ཀྱི་བཤགས་པ་སྣ་ཚོགས༔ ཡིད་རྟོག་ཚོགས་ལྟ་བའི་བཤགས་པ་ཆོས་ཉིད་ལ་མངོན་སུམ་དུ་སྤྱད་པ་གསུམ་མོ༔ བཤགས་པའི་གཙོ་བོ་ནི་སྒོ་གསུམ་རབ་ཏུ་གནོང་འགྱོད་ཀྱི་འདུན་པ་རྩེ་གཅིག་གིས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་ཉམས་པའི་ཉེས་པ་བསྟན་པ་ནི་གསུམ་སྟེ༔ སྡོམ་དང་རྩ་བ་ཡན་ལག་གོ༔ དང་པོ་སྡོམ་པ་ལ་གསུམ་སྟེ༔ ཕྱི་དང་ནང་དང་གསང་བའོ༔ དེ་རེ་རེ་ལའང་གསུམ་གསུམ་དུ་བྱེ་བའི་ཐེག་པ་དགུར་གྲགས་པའི་ལྟ་སྤྱོད་གོང་དུ་སྨོས་པ་རྣམས་ལས་གལ་སྲིད་འགལ་བར་གྱུར་པའི་ཕམ་ལྟུང་དང་ཉམས་ཆག་ཉེས་ལྟུང་ནི་མཐའ་ཡས་ཤིང་བརྗོད་ལས་འདས་པ་སྟེ༔ མདོ་རྒྱུད་ཀྱི་གཞུང་རྣམས་སུ་གསལ་ལོ༔ གཉིས་པ་རྩ་བ་ལ་གསུམ་སྟེ༔ བླ་མ་དང་ཡི་དམ་དང་མཁའ་འགྲོའོ༔ དང་པོ་བླ་མའི་སྐུའི་དམ་ཚིག་གི་རིམ་པ་ཉམས་པའི་ཉེས་པ་ནི༔ བླ་མ་ལ་མོས་གུས་མེད་ན་ཉམས་རྟོགས་མི་སྐྱེ༔ དད་པ་མེད་ན་བྱིན་རླབས་མི་འཇུག༔ ལྟག་པ་བསྟན་ན་མགོན་སྐྱོབས་མེད་པའི་འཇིག་རྟེན་དུ་སྐྱེ༔ སྐུའི་གྲིབ་མར་འགོམ་ན་ཤལ་མ་རིའི་སྡོང་པོ་ལ་འཛེག་དགོས༔ ན་བཟའ་དང་གསོལ་ཆས་འགོམ་ན་མཛེ་ཤུ་ཅན་གྱི་ལུས་ལེན༔ སྐུ་ལ་ཚད་གཞལ་ན་དམྱལ་བ་ཐིག་ནག་ཏུ་སྐྱེ༔ བླ་མའི་མདུན་དུ་ཉལ་ནས་བསྡད་ན་ལྟོ་འགྲོའི་ལུས་ལེན༔ རྐང་ལག་བརྐྱང་ནས་བསྡད་ན་ཀླུ་སྦྲུལ་མགོ་སྟོང་ཕྲག་ལྡན་པ་དང་ཞ་གྲུམ་འཁུམ་པ་སོགས་ཀྱི་ལུས་ལེན༔ བཞེང་ཚེ་ལྡང་བར་མ་བྱས་ན་སེམས་ཅན་སྤིར་གྱི་ལུས་ལེན༔ མཇལ་ཚེ་ཕྱག་མ་བྱས་ན་སྐྱེ་བ་བརྒྱའི་བར་དུ་ཆོས་མི་དར་བའི་ཡུལ་དུ་སྐྱེ༔ བླ་མ་ལ་རྡེག་པའི་ཚུལ་བྱས་ན་ལྷ་མ་ཡིན་དུ་སྐྱེ༔ བླ་མའི་མདུན་དུ་དྲི་ཆུ་འདོར་ན་ཟས་སུ་དྲི་ཆུ་བཟའ་བར་སྐྱེ༔ སྣབས་ལུད་འདོར་ན་ཟས་སུ་སྣབས་ལུད་བཟའ་བར་སྐྱེ༔ ཕྱི་ས་འདོར་ན་ཟས་སུ་ཕྱི་ས་བཟའ་བར་སྐྱེ༔ མ་གནང་བར་ཁྲི་སྟན་ཆེན་པོ་ལ་མདུན་དུ་འདུག་ན་རི་རབ་གྱི་འོག་ཏུ་སྐྱེ༔ བླ་མའི་ཉེ་སྐོར་དུ་ཆགས་པ་སྤྱོད་ན་ལྕགས་བསྲེགས་འབར་བའི་དམྱལ་བར་སྐྱེ༔ ལུས་ཀྱི་བག་དང་མི་ལྡན་པའི་སྤྱོད་པ་སྤྱད་ན་འདུ་ཤེས་ཡོངས་སུ་མེད་པའི་ཁྲོད་དུ་སྐྱེ༔ ཆོས་ཚིག་གསུམ་ཞུས་པ་དང་བསླབས་པའི་བླ་མ་དང་སློབ་དཔོན་གྱི་ཕྱག་བླངས་ན་སངས་རྒྱས་ཀྱི་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ༔ གཉིས་པ་བླ་མའི་གསུང་གི་དམ་ཚིག་གི་རིམ་པ་ཉམས་པའི་ཉེས་པ་ནི༔ བླ་མས་ཅི་གསུང་གི་བཀའ་བཅག་ན་སྐྱེ་བ་བརྒྱ་སྟོང་དུ་ངག་ལྐུགས་པའི་ལུས་ལེན༔ རྒན་གཏམ་དང་བཙོག་གཏམ་ཚིག་རྩུབ་ཕྲ་མ་ཤགས་འགྱེད་པ་སོགས་བླ་མས་གོ་སར་སྨྲ་ན་དམྱལ་བ་ངུ་འབོད་ཀྱི་ཡུལ་དུ་སྐྱེ༔ བླ་མ་ལ་སྐུར་འདེབས་དང་ངན་སྨྲ་བྱེད་ན་སྐྱེ་བ་ལྔ་བརྒྱར་ཆོས་ཀྱི་ཚིག་གཅིག་ཀྱང་མི་ཐོས་པའི་ལུས་ལེན༔ བླ་མ་ལ་འདོད་ཆགས་ཆེ་ཞེས་སྨྲ་ན་ཡི་དྭགས་སུ་སྐྱེ༔ གཏི་མུག་ཆེ་ཞེས་སྨྲ་ན་དུད་འགྲོར་སྐྱེ༔ ང་རྒྱལ་མཐོ་ཞེས་སྨྲ་ན་ལྷ་ལ་སྐྱེ༔ ཕྲག་དོག་ཆེ་ཞེས་སྨྲ་ན་ལྷ་མ་ཡིན་དུ་སྐྱེ༔ ཞེ་སྡང་ཆེ་ཞེས་སྨྲ་ན་སྲིན་པོར་སྐྱེ༔ བླ་མ་ལ་ཆོས་གཏམ་བྱེད་ན་སངས་རྒྱས་ལ་སྐུར་བ་བཏབ་པ་དང་མཉམ༔ བླ་མ་ལ་ཟོག་པོར་སྨྲ་ན་སྤུ་གྲི་འབར་བའི་དམྱལ་བར་སྐྱེ༔ སྒྲོ་སྐུར་བཏབ་ན་དགེ་འདུན་ཁྲི་ཚོ་གཅིག་བསད་པ་དང་མཉམ༔ བླ་མ་ལས་ང་བཟང་སྨྲ་ན་ཆུ་སྲིན་དུ་སྐྱེ༔ གསུམ་པ་བླ་མའི་ཐུགས་ཀྱི་དམ་ཚིག་ཉམས་པའི་ཉེས་པ་ནི༔ འདོད་ལོག་དང་སྤྱོད་ལོག་སོགས་ཀྱིས་བླ་མའི་ཐུགས་དཀྲུགས་ན༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་དཀྲུགས་པ་དང་མཉམ་པས་ཚ་བའི་དམྱལ་བར་སྐྱེ་ཞིང་དབང་པོ་མྱོས་པའི་ལུས་བརྒྱ་སྟོང་ཁྲི་འབུམ་མང་པོ་ལེན་པར་བྱེད་དོ༔ དད་ལོག་བྱས་ན་རབ་ཏུ་ཚ་བའི་དམྱལ་བར་སྐྱེ་ཞིང་༔ མདུང་ཐུང་ལྔ་བརྒྱས་རབ་ཏུ་འབིགས་ཤིང་ཚ་བའི་མེ་འདག་ཏུ་བསྲེག་པར་བྱེད་དོ༔ བརྣབ་སེམས་བྱས་པས་དམྱལ་བ་ཤམ་བྷ་ལ་རུ་སྐྱེ་ཞིང་༔ འགྲོ་དྲུག་གི་སྡུག་བསྔལ་མྱོང་བར་བྱེད་དོ༔ གནོད་སེམས་བྱས་པས་རྡོ་རྗེ་དམྱལ་བར་འཆད་ཅིང་རབ་ཏུ་འཆད་དོ༔ རྒྱུད་རྣམ་བཀོད་ལས༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ༔ སྐུ་གསུམ་བདག་ཉིད་རྡོ་རྗེ་འཆང་༔ སངས་རྒྱས་ཀུན་ལས་རབ་ཏུ་གཉན༔ སངས་རྒྱས་ཀུན་ལས་ལྷག་པར་བཀུར༔ ཚུལ་བཞིན་བརྟེན་པས་དངོས་གྲུབ་འཐོབ༔ ཚུལ་དང་བྲལ་ན་དངོས་གྲུབ་བརླག༔ དེ་ཕྱིར་མཁས་པས་རབ་ཏུ་བསྟེན༔ ཅེས་གསུངས་པས༔ བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདས་ན༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་ཡོངས་སུ་འདས་པའོ༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་རྒྱབ་ཀྱིས་ཕྱོགས་སོ༔ དེ་བས་ན་བླ་མའི་དམ་ཚིག་འདི་ཡོངས་སུ་བསྲུང་བར་བྱའོ༔ གཉིས་པ་ཡི་དམ་གྱི་དམ་ཚིག་ཉམས་པའི་ཉེས་པ་བསྟན་པ་ལ༔ དང་པོ་ཡི་དམ་གྱི་སྐུའི་དམ་ཚིག་ཉམས་ན༔ སྲུལ་པོ་དང་སྲིན་པོ་མྱོས་བྱེད་དང་རྗེད་བྱེད་ཀྱི་ལུས་སྣ་ཚོགས་སུ་གོལ་ཞིང་སྡུག་བསྔལ་ལ་སྤྱོད་པར་བྱེད་དོ༔ གཉིས་པ་ཡི་དམ་གྱི་གསུང་གི་དམ་ཚིག་ཉམས་ན༔ གཅན་གཟན་དང་མཆེ་བ་ཅན་གྱི་དུད་འགྲོ་མང་པོར་སྐྱེ་བ་དང་༔ དྲི་ཟ་བ་ལ་སོགས་ཀྱི་ལུས་སུ་གོལ་ཞིང་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ༔ གསུམ་པ་ཡི་དམ་གྱི་ཐུགས་ཀྱི་དམ་ཚིག་ཉམས་ན༔ འདོད་ཁམས་སོགས་ཀྱི་ལྷར་གོལ་ཞིང་བསྐལ་པ་མང་པོར་ཡི་དམ་གྱི་ལྷ་དང་མི་མཇལ་ལོ༔ གསུམ་པ་མཁའ་འགྲོའི་དམ་ཚིག་ཉམས་པའི་ཉེས་པ་བསྟན་པ་ལ༔ དང་པོ་མཁའ་འགྲོའི་སྐུའི་དམ་ཚིག་དང་འགལ་ན༔ ཚེ་ཐུང་བ་དང་ནད་མང་བ་དང་བཀྲ་མི་ཤིས་པའི་ལྟས་སྣཚོགས་སྡང་བ་དང་༔ ཚེ་རབས་སུའང་དུད་འགྲོ་དང་སྤྱང་ཀི་ལ་སོགས་སུ་སྐྱེ་སྟེ་སྡུག་བསྔལ་གྱིས་མནར་རོ༔ གཉིས་པ་མཁའ་འགྲོའི་གསུང་གི་དམ་ཚིག་དང་འགལ་ན༔ དགྲས་སྡང་བ་དང་གོད་ཆེ་བ་དང་ནད་ཡམས་མང་བ་དང་ལོ་ཉེས་པ་དང་སད་སྡང་བ་དང་སེར་བ་འབབས་པ་དང་༔ ལྕེ་འབབས་པ་དང་བཙོ་འབབས་པ་དང་འཐིབས་པ་དང་བརྗེད་པ་དང་རྨོངས་པ་དང་༔ མི་མཐུན་པ་སྣ་ཚོགས་མང་ཞིང་ཚེ་རབས་སུ་གསང་སྔགས་ཀྱི་ཆོས་ཚིག་འབྲུ་ཙམ་ཡང་མི་ཐོས་པ་མང་པོར་སྐྱེའོ༔ གསུམ་པ་མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་དང་འགལ་ན༔ མྱོས་པ་དང་རབ་ཏུ་མྱོས་པ་དང་རྦབ་གྲི་དང་རྟ་གྲི་དང་ལྕེབ་གྲི་དང་མཚོན་གྲི་དང་མཛེ་ཤུ་དང་ཕོལ་མིག་སོགས་ཀྱིས་འཆི་ཞིང་༔ ཚེ་རབས་སུའང་པྲེ་ཏ་ཀ་ཏིར་ཡ་ཀ་སོགས་སུ་ཁ་འཁོར་ཞིང་བྱང་ཆུབ་ཀྱི་མྱུ་གུ་བསྐམ་པར་འགྱུར་རོ༔ གསུམ་པ་ཡན་ལག་གི་དམ་ཚིག་དང་འགལ་བའི་ཉེས་པ་བསྟན་པ་ལ་གསུམ་སྟེ༔ ཕྱི་དང་ནང་དང་གསང་བའོ༔ དང་པོ་ཕྱི་ལ་ཡན་ལག་ཉི་ཤུ་རྩ་ལྔར་གསུངས་པའི་དམ་ཚིག་དང་འགལ་བའི་ཕམ་ལྟུང་ནི༔ མ་བྱིན་པར་བླངས་པས་ཡི་དྭགས་སུ་སྐྱེ་ཞིང་ཚེ་རབས་སུ་དབུལ་པོར་འགྱུར་རོ༔ མི་ཚངས་པར་སྤྱོད་པས་དམྱལ་བར་སྐྱེ་ཞིང་ཚེ་རབས་སུ་གཟུགས་ངན་པར་སྐྱེའོ༔ ཚིག་རྩུབ་མོར་སྨྲ་བས་ལྷ་མིན་དུ་སྐྱེ་ཞིང་ཚེ་རབས་སུ་དུད་འགྲོར་སྐྱེའོ༔ རྫུན་དུ་སྨྲ་བས་རལ་གྲིའི་ལོ་མའི་ནགས་ཚལ་དུ་སྐྱེ་ཞིང་ཚེ་རབས་སུ་ངག་རྫུན་མར་འགྱུར་རོ༔ གཉིས་པ་ནང་གི་ཡན་ལག་གི་དམ་ཚིག་དང་འགལ་བའི་ཉེས་རིམ་ནི༔ མི་སྤང་བའི་དམ་ཚིག་ལྔ་སྤངས་ན་ཡེ་ཤེས་མངོན་དུ་མི་འགྱུར༔ དང་དུ་བླང་བའི་དམ་ཚིག་ལྔ་སྤངས་ན་དངོས་གྲུབ་མི་འཐོབ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ་ཉམས་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་སྤྱོད་དང་མི་ལྡན༔ ཤེས་པར་བྱ་བའི་དམ་ཚིག་ལྔ་ཉམས་ན་ཞིང་ཁམས་ལྔ་མི་མཐོང་༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ཉམས་ན་སྐུ་བཞི་མངོན་དུ་མི་ནུས༔ གསུམ་པ་གསང་བའི་ཡན་ལག་གི་དམ་ཚིག་ཉེས་རིམ་ནི༔ རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོས་ན་ཤ་ན་ཁའི་དམྱལ་བར་སྐྱེ༔ མཆེད་ཟླ་ལྕམ་དྲལ་ལ་རྩད་ན་བསྡུས་འཇོམས་ཀྱི་དམྱལ་བར་སྐྱེ༔ བླ་མ་ལ་བརྙས་པར་བྱས་ན་བསྐལ་པ་བརྒྱར་དུད་འགྲོར་སྐྱེ༔ བླ་མ་ལ་ངན་རྟོག་ཏུ་རློམ་ན་མི་གཙང་བའི་འདམ་ཁྲོད་དུ་སྐྱེ༔ བླ་མའི་དཀོར་ལ་འབགས་ན་ནམ་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེ༔ བླ་མའི་ཇོ་མོ་ལ་སྤྱད་ན་ཆུ་བུར་རྡོལ་བ་ཅན་གྱི་དམྱལ་བར་སྐྱེ༔ དཀྱིལ་འཁོར་གཅིག་ཏུ་དམ་ཚིག་ལ་གནས་པའི་ལྕམ་དྲལ་ལ་སྤྱད་ན་སོ་ཐམ་ཐམ་པ་ཞེས་བྱ་བའི་དམྱལ་བར་སྐྱེ༔ མཆེད་གྲོགས་ཀྱི་གཟུངས་མ་ལ་སྤྱད་ན་ཨ་ཆུ་ཞེས་བྱ་བའི་དམྱལ་བར་སྐྱེ༔ ད་ལ་རྙིང་པ་བཤིགས་ན་ཡུལ་མཐའ་འཁོབ་དུ་སྐྱེ༔ ཏིང་འཛིན་བསྒོམ་པ་ལ་བར་དུ་བཅད་ན་མུན་ནག་གི་དམྱལ་བར་སྐྱེ༔ བླ་མས་གསང་དམ་བསྒྲགས་པ་བཀྲལ་ན་ངུ་འབོད་ཆེན་པོའི་དམྱལ་བར་སྐྱེ༔ ཆོས་བྱེད་དབེན་མཚམས་བསྡམས་པ་ལས་བཏོན་ན་རྒྱ་མཚོའི་ཀློང་རུམ་དུ་སྐྱེ༔ བསྙེན་བསྒྲུབ་བྱེད་པའི་བར་ཆད་བྱས་ན་ཆུ་སྲིན་གྱི་ཁ་ནང་དུ་སྐྱེ༔ མཚམས་ཀྱི་བཅད་རྒྱ་བསྡམས་པའི་ནང་དུ་སོང་ན་སྤུ་གྲི་འབར་བའི་ལམ་ཞེས་བྱ་བའི་དམྱལ་བར་སྐྱེ༔ མཆེད་དང་ལྕམ་དྲལ་ལ་ངན་སྤྱོད་སྣ་ཚོགས་བྱས་ན་རྡུལ་ལྟར་འཇོམས་པའི་དམྱལ་བར་སྐྱེ༔ བྷནྡྷ་མཚན་ངན་བཅངས་ན་བཀྲ་མི་ཤིས༔ སྔགས་པ་ནང་གྲས་ཀྱི་བསྲུང་བཟློག་མཁན་བྱས་ན་ལྷ་སྲུང་རང་གཤེད་ལ་འབབས༔ གཞན་གྱི་ཡོན་ཏན་ལ་དམད་ན་དུད་འགྲོར་སྐྱེ༔ དམ་ཉམས་དང་ཁ་ལག་བསྲེ་ན་ངན་སོང་དུ་མཉམ་པོར་ལྟུང་༔ ཕྱི་ནང་གི་ཐབས་ཤེས་རྣམས་ཡ་བྲལ་ན་ཀླ་ཀློའི་ཡུལ་དུ་དབང་པོ་སྐྱོན་ཅན་དུ་སྐྱེ༔ སྣོད་མིན་ལ་གསང་སྔགས་བཤད་ན་མཐའ་འཁོབ་རྔ་མོར་སྐྱེ༔ བུད་མེད་མཚན་ངན་ཕྱག་རྒྱ་ལ་བསྟེན་ན་ཚེ་སྲོག་འཕྲོག༔ སྒྲུབ་པའི་དུས་གདོང་མི་ལ་བསྟན་ན་དངོས་གྲུབ་ཡལ༔ དགེ་བ་བཅུའི་ལམ་བཀག་ན་རྒྱ་མཚོའི་ནང་གི་དུད་འགྲོར་སྐྱེ༔ དམ་ཉམས་ཡུགས་ས་མཛེ་མོ་གསུམ་ཕྱག་རྒྱར་བསྟེན་ན་སྐྱེ་བ་བརྒྱ་སྟོང་ལ་དངོས་གྲུབ་མི་འཐོབ༔ རྡོ་རྗེ་འབར་བའི་རྒྱུད་ལས༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཡོངས་སུ་བཟུང་ནས་གང་ཉམས་པ༔ ངན་སོང་གསུམ་དང་ཁམས་གསུམ་དུ༔ གོལ་ཞིང་སྡུག་བསྔལ་ཕ་མཐའ་ཡས༔ ཅེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་ཡོངས་སུ་བསྲུང་བའི་ཕན་ཡོན་བསྟན་པ་ལ་གསུམ་སྟེ༔ སྡོམ་དང་རྩ་བ་ཡན་ལག་གོ༔ དང་པོ་སྡོམ་ནི་ཐེག་པ་གང་ལ་ཞུགས་པའི་འབྲས་བུ་མངོན་དུ་མ་གྱུར་གྱི་བར་དམ་ཚིག་གི་འདོར་ལེན་རང་རང་གི་གཞུང་དེ་ལྟར་དང་དུ་བླངས་པས༔ ཉོན་མོངས་པའི་ཚོགས་ཐམས་ཅད་རིམ་གྱིས་དང་ཅིག་ཆར་སོགས་རིམ་པ་གཉིས་ཀྱི་སྒོ་ནས་འབྱང་ཞིང་སྐུ་དང་ཡེ་ཤེས་ལ་སྤྱོད་པ་དམ་ཚིག་བསྲུང་བའི་ཕན་ཡོན་ནོ༔ གཉིས་པ་རྩ་བ་ལ་གསུམ་སྟེ༔ བླ་མ་དང་ཡི་དམ་མཁའ་འགྲོའོ༔ དང་པོ་བླ་མའི་སྐུའི་དམ་ཚིག་བསྲུང་བའི་ཕན་ཡོན་ནི༔ བླ་མ་འདི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ཡིན་སྙམ་དུ་སྙིང་ནས་བསམ་ཞིང་༔ ཆོས་ཀྱི་བཀའ་སྩལ་གང་གནང་བ་ཐམས་ཅད་རྗེས་སུ་བསྒྲུབས་ན་ཚེ་འདིར་བླ་ན་མེད་པར་བྱང་ཆུབ་བོ༔ ལུས་ཀྱི་སྤྱོད་ལམ་རྣམས་བླ་མའི་དྲུང་དུ་ཚུལ་བཞིན་དུ་བསྲུང་བས༔ མཐར་མངོན་པར་རྫོགས་པ་འཚང་རྒྱ་བའི་ཚེ་མཚན་དཔེ་ཕུན་སུམ་ཚོགས་པ་འཐོབ་ཅིང་འདུས་པའི་འཁོར་རྣམས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ༔ སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་ནུས་སོ༔ བླ་མ་ལ་ལྡང་བ་བྱས་པས་དངོས་སྒྲུབ་སྣ་རེ་འཐོབ་བོ༔ ཕྱག་བྱས་པས་སྒྲིབ་པ་སྣ་རེ་འབྱང་ངོ་༔ ཐལ་མོ་སྦྱར་བས་བར་ཆད་སྣ་རེ་ཞིའོ༔ མཆོད་པ་ཕུལ་ན་སངས་རྒྱས་ཐམས་ཅད་མཆོད་པ་དང་མཉམ་མོ༔ ཞབས་ནས་འདེགས་ན་སངས་རྒྱས་ཐམས་ཅད་ཀྱི་ཞབས་ནས་བཏེགས་པ་དང་བསོད་ནམས་མཉམ་མོ༔ གཉིས་པ་བླ་མའི་གསུང་གི་དམ་ཚིག་བསྲུངས་པའི་ཕན་ཡོན་ནི༔ བཀའ་སྩལ་རྣམས་དང་དུ་བླངས་པས་མཆོག་གི་ས་ལ་ཉེའོ༔ ཀྱལ་སྐུར་སོགས་ངག་གི་ཚུལ་ལོག་པ་བསྲུངས་པས་གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན་པའི་དཔལ་ལ་སྤྱོད་ཅིང་ལོངས་སྤྱོད་རྫོགས་པའི་སྐུར་འགྲུབ་བོ༔ བླ་མའི་ཆེ་བ་དང་ཡོན་ཏན་གཞན་ལ་བརྗོད་པས་བདུད་ཀྱི་གཡུལ་ལས་ནམ་ཡང་རྒྱལ་ལོ༔ ཚིགས་སུ་བཅད་པས་བསྟོད་ན་སངས་རྒྱས་ཐམས་ཅད་ལ་བསྟོད་པ་དང་མཉམ་མོ༔ གསོལ་བ་ཕུར་ཚུགས་སུ་བཏབ་ན་འདོད་པའི་དངོས་གྲུབ་ཐམས་ཅད་འཐོབ་བོ༔ གསུམ་པ་བླ་མའི་ཐུགས་ཀྱི་དམ་ཚིག་བསྲུངས་པའི་ཕན་ཡོན་ནི༔ བླ་མ་ལ་དད་པ་རབ་ཏུ་བསྐྱེད་ན་བྱིན་རླབས་ཀྱི་སྣང་བ་དཔག་ཏུ་མེད་པ་འཐོབ་བོ༔ མོས་གུས་ཁ་གཏིང་མེད་པར་བྱས་ན་དབང་བཞིའི་ཡེ་ཤེས་མངོན་དུ་འཆར་རོ༔ སེམས་ཀྱི་ཉེས་ལྟུང་རྣམས་བསྡོམས་ཤིང་ཚུལ་གཞུང་ལྟར་བསྲུངས་ན༔ ཆོས་བཞིན་གྱི་དོན་ཐམས་ཅད་འགྲུབ་ཅིང་ཉམས་རྟོགས་དང་ཡེ་ཤེས་དཔག་ཏུ་མེད་པ་ཉམས་སུ་མྱོང་ནས་ཆོས་ཀྱི་སྐུ་མངོན་དུ་བྱེད་དོ༔ གཉིས་པ་ཡི་དམ་གྱི་སྐུའི་དམ་ཚིག་བསྲུངས་ན་ལུས་ཀྱི་བར་ཆད་རྣམས་ཞི་ཞིང་ཁམས་གསུམ་དབང་དུ་འདུ་སྟེ་མཐར་རིགས་བདག་གི་ཞིང་ཁམས་སུ་གྲོལ་ལོ༔ གསུང་གི་དམ་ཚིག་བསྲུངས་ན་སྲིད་གསུམ་ཟིལ་གྱིས་གནོན་ཅིང་འཁོར་འདས་ཐམས་ཅད་བཀའ་སྡོད་དུ་འགྱུར༔ ལྷ་ཀླུ་སྡེ་བརྒྱད་བྱེ་བ་དུང་ཕྱུར་ཐམས་ཅད་ཀྱིས་བྲན་བྱེད༔ ཨཱ་ལི་ཀཱ་ལི་རྣམ་པར་དག་པ་བྱང་ཆུབ༔ ཐུགས་ཀྱི་དམ་ཚིག་བསྲུངས་ན་འཁོར་འདས་ཐམས་ཅད་ལ་དབང་སྒྱུར་ཞིང་མཐར་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གྲོལ་བར་བྱེད་དོ༔ གསུམ་པ་མཁའ་འགྲོའི་སྐུའི་དམ་ཚིག་བསྲུངས་ན༔ མ་མོ་མཁའ་འགྲོ་སྤྲིན་བཞིན་འདུ་ཞིང་སྒྲུབ་པ་ཡ་བརྒྱད་ལ་སྤྱོད༔ ལུས་སྤྲུལ་སྐུར་སྨིན༔ གསུང་གི་དམ་ཚིག་བསྲུངས་ན་ལས་རླུང་དབུ་མར་དངས༔ རྩ་འཁོར་ཡི་གེ་ལོངས་སྐུར་སྨིན༔ ཐུགས་ཀྱི་དམ་ཚིག་བསྲུངས་ན་རྟེན་འབྲེལ་ཕྱོགས་མེད་དུ་འཆར༔ བར་ཆད་རྣམ་བཞིའི་བདུད་རྣམས་འཇོམས༔ བདེ་སྟོང་རང་དྲོད་འབར༔ དགའ་བཞིའི་ཡེ་ཤེས་ལ་སྤྱོད༔ སྐུ་བཞིར་མངོན་པར་བྱང་ཆུབ་བོ༔ གསུམ་པ་ཡན་ལག་གི་དམ་ཚིག་བསྲུངས་པའི་ཕན་ཡོན་ནི༔ ཕྱི་ནང་གསང་བ་གང་གིས་ཉེས་པ་རྣམས་བསྡམས་པས་བདེ་བ་དེར་མཐུན་དུ་སྤྱོད་ཅིང་སོ་སོའི་ཡེ་ཤེས་མངོན་དུ་བྱེད་དོ༔ ས་ལམ་གྱི་དྲོད་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་བྱང་ཆུབ་ཀྱི་ས་བོན་མཐར་ཕྱིན་པས་མཚན་དང་དཔེ་བྱད་དཔལ་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་སྐུ་དང་ཞིང་ཁམས་སུ་གྲོལ་བར་བྱེད་དོ༔ རྒྱུད་ལས༔ གལ་ཏེ་ལྟུང་བ་མེད་གྱུར་ན༔ དེ་ནི་མྱུར་དུ་བྱང་ཆུབ་བོ༔ ཅེས་དང་༔ སྤྱི་རྒྱུད་ལས༔ མཚམས་མེད་ལ་སྤྱོད་གདོལ་བ་སོགས༔ སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན༔ སྐྱེ་བ་འདི་ནས་མངོན་འཚང་རྒྱ༔ ཡང་དག་དམ་ཚིག་བསྲུང་བར་རིགས༔ ཅེས་སོགས་རྒྱ་ཆེར་གསུངས་པས༔ དམ་ཚིག་ནི་ཆོས་ཀྱི་གཞི་མ་ཡིན་ཞིང་༔ ལམ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་ཏེ༔ དམ་ཞེས་བྱ་བ་ནི་སྒོ་གསུམ་གྱི་ལོག་སྤྱོད་རྣམས་དམ་པར་བསྡམས་པར་བྱེད་པའོ༔ ཚིག་ཞེས་པ་ནི་ཉམས་ན་རྡོ་རྗེའི་དམྱལ་བར་འཚིག་པར་བྱེད་པས་སོ༔ དེ་བས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་ཟབ་མོ་འདི་ལ་བརྟེན་ནས་མངོན་པར་སངས་རྒྱས༔ རིག་པ་འཛིན་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱང་ཚུལ་འདི་ལ་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་ཐོབ༔ དེ་ན་མ་འོངས་པའི་སྐལ་ལྡན་ཕོ་མོ་ཆོས་ལ་སྤྱོད་ཅིང་སྔགས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་དམ་ཚིག་གི་སྤང་བླང་འདི་རྣམས་ཡང་དག་པར་བསྲུང་བར་བྱའོ༔ ཚུལ་བཞིན་དུ་སྤྱོད་པར་བྱའོ༔ བླ་ན་མེད་པར་བསྒྲུབ་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བུད་མེད་བློ་དམན་མཚོ་རྒྱལ་ངས༔ བྱང་ཆུབ་མྱུ་གུ་དམ་ཚིག་ཟིན་བྲིས་འདི༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་སྤྲོས་མེད་དོན༔ ཉེར་མཁོ་བསྡུས་ཏེ་ཤོག་སེར་ལོགས་ལ་བཏབ༔ མ་འོངས་དོན་དུ་རྒྱ་གསུམ་བཏབ་ཏེ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousདམ་ཚིག་སྤང་བླང་གི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།next