Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲལ་ལས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲལ་ལས་བསྡུས་པ།next

བསྒྲལ་ལས་བསྡུས་པ།

བསྒྲལ་ལས་བསྡུས་པ་ཞིག་ཡོད། ཧཱུྃ་བྷྱོ། དུས་གསུམ་བདེ་གཤེགས་ཐུགས་རྗེའི་སྤྱན་ཅན་གྱིས། །མི་མངོན་དབྱིངས་ནས་གཟུ་དང་དཔང་པོ་མཛོད། །ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་གིས། །ལེགས་ཉེས་སྟངས་གཟུང་དམ་ཚིག་ཆད་པ་ཆོད། །བྷྱོ་གདོད་ནས་མ་སྐྱེས་བྱང་ཆུབ་སེམས་ཉིད་འདི། །མ་དག་སྐྱེ་བོ་རྣམས་ཀྱིས་མ་རྟོགས་ཏེ། །རྣལ་འབྱོར་བདག་གིས་འགྲོ་དོན་བྱ་སྙམ་ཡང་། །བདུད་དང་སྲིན་པོས་ཚེ་ལ་བར་བཅད་ཅིང་། །བགེགས་དང་འབྱུང་པོས་བདག་ལ་གླགས་བལྟས་ན། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །མི་མངོན་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །ངེས་པའི་དོན་འདིའི་འབྲས་བུ་ཆུད་མ་གསོན། །ཆོས་སྐྱོང་སྲུང་མ་མེད་དམ་ར་མདའ་མཛོད། །བྷྱོ་ཐོས་བསམ་སྒོམ་གསུམ་ཤེས་རབ་རྣམ་གསུམ་གྱིས། །ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་བསྒོམས་པའི་ཚེ། །བླ་མེད་བྱང་ཆུབ་མངོན་བྱེད་རྒྱུ་ཡིན་ཀྱང་། །གདོན་བགེགས་འབྱུང་པོས་སྒོམ་དུ་མ་སྟེར་བས། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །མི་མངོན་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །ངེས་པའི་དོན་འདིའི་འབྲས་བུ་ཆུད་མ་གསོན། །ཆོས་སྐྱོང་སྲུང་མ་མེད་དམ་ར་མདའ་མཛོད། །བྷྱོ་འཇིག་རྟེན་ཁམས་འདིར་འདུ་བའི་ཟས་དང་ནོར། །འཕགས་པ་མཆོད་ཅིང་འགྲོ་ལ་སྦྱིན་བསམས་ཀྱང་། །དམ་ཉམས་དགྲ་བོས་བགྱིད་དུ་མ་སྟེར་བས། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །མི་མངོན་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །ངེས་པའི་དོན་འདིའི་འབྲས་བུ་ཆུད་མ་གསོན། །ཆོས་སྐྱོང་བསྲུང་མ་མེད་དམ་ར་མདའ་མཛོད། །བྷྱོ་བདག་ནི་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་པོས། །སྨྲས་ཀྱང་མི་གསན་བཤགས་ཀྱང་མི་བྱང་ན། །བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ། །བཅོལ་ཡང་མི་མཛད་རྦད་ཀྱང་མི་རྒྱུག་ན། །སྔོན་གྱི་དམ་བཅའ་འགལ་བར་མི་འགྱུར་རམ། །ཐུགས་དམ་གནད་ནས་བསྐུལ་ལོ་འཕྲིན་ལས་མཛོད། །བསྟན་པའི་རཱུ་ཏྲ་བར་གཅོད་རྣམ་གཉིས་པོ། །མངོན་སྤྱོད་དྲག་པོའི་ཚུལ་གྱིས་ད་སྒྲོལ་ཅིག། བྷྱོ་དགོངས་ཤིག་རྒྱལ་བ་ཞི་ཁྲོའི་ཚོགས། །གསོན་ཅིག་ཆོས་སྐྱོང་བསྲུང་མ་རྣམས། །འགྲོ་མགོན་ཤཱཀ་ཐུབ་ལྷ་སྦྱིན་ངན་པས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། རྫོགས་པའི་སངས་རྒྱས་ཐོབ་པ་དོན་མ་ཆུང་། །བྱ་རྒྱལ་ཁྱུང་ལ་ཀླུ་ཐེའུ་རྣམས་ཀྱིས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། མཐུ་རྩལ་ལུས་ལ་རྫོགས་པ་དོན་མ་ཆུང་། །གཡུ་འབྲུག་སྔོན་མོ་མེ་ཏོག་བུང་བས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། སྟོང་གསུམ་སྒྲ་ཡིས་གང་བ་དོན་མ་ཆུང་། །སེང་གེ་དཀར་མོ་ཞེལ་འུ་ཁྱི་ཡིས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། གཡུ་རལ་གྲ་རུ་རྒྱས་པ་དོན་མ་ཆུང་། །བྱ་ཆེན་རྒོད་པོ་ཁྱིམ་བྱ་དེ་ཕོས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། གཤོག་དྲུག་ལུས་ལ་རྫོགས་པ་དོན་མ་ཆུང་། །ཡིད་བཞིན་ནོར་བུར་གོར་མོ་རྡོ་ཡིས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། དགོས་འདོད་འབྲས་བུ་འབྱུང་བ་དོན་མ་ཆུང་། །སྟག་མོ་རི་བཀྲ་སེ་ལེ་ག་མས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། འཛུམ་དྲུག་ལུས་ལ་རྫོགས་པ་དོན་མ་ཆུང་། །ས་བདག་སྤྱི་རྗེ་མཐའ་འཁོབ་འབངས་ཀྱིས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དོན་མ་ཆུང་། །རྡོ་རྗེ་སློབ་དཔོན་དམ་ཉམས་སློབ་མས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། ཤེས་རབ་གསུམ་ལ་སྦྱངས་པ་དོན་མ་ཆུང་། །རྣལ་འབྱོར་བདག་ནི་དམ་ཉམས་དགྲ་ཡིས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག། ཡི་དམ་ལྷ་ཚོགས་བསྟེན་པ་དོན་མ་ཆུང་། །བདེན་སྟོབས་མཐུ་རྩལ་མེད་པར་མི་སྲིད་ཀྱིས། །མངོན་སྤྱོད་དྲག་པོའི་ཆད་པ་དགྲ་ལ་ཆོད། །མཐུ་རྩལ་མ་ཆུང་དམ་ཉམས་དགྲ་བོ་བཞེས། ཕུད་མཆོད། ཕཊ་ཨེ་རཾ་ཡཾ་ཁཾ། བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ། ཨེ་མཐིང་ནག་གཅིག་ཡོངས་སུ་གྱུར་པ་ལས། དུག་གསུམ་ལས་གྲུབ་པའི་བཙོན་ཁང་དུས་མཐའི་ཆར་སྤྲིན་ལྟར་གནག་པ། ཕྱི་ན་ཞེ་སྡང་བསྐལ་པའི་མེ་ཆེན་འབར་བ། ནང་ན་འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ། བར་ན་གཏི་མུག་ནག་པོའི་མུན་པ་འཐིབ་པ། མཐའ་ན་ཕྲག་དོག་དམར་པོའི་རླུང་དམར་འཚུབ་པ། ལོགས་ན་ང་རྒྱལ་ཆེན་པོའི་བྲག་རི་ཉིལ་བ། སྟེང་ནས་ཐོག་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབས་པ། ཕྱི་རོལ་དུ་ཕོ་ཉ་ཟ་བྱེད་གསོད་བྱེད་མི་སྡུག་པའི་ཚུལ་ཅན་གྱི་ལག་ན་འགུགས་སྒྲོལ་གྱི་མཚོན་ཆ་སྣ་ཚོགས་འཛིན་ཏེ་སྐར་ལྟར་དུ་འཁྲུག་པ། ཁ་དོག་ཅིང་མཐིལ་ཡངས་པ། ཟིན་ནས་ཐར་བ་མེད་པའི་ནང་དུ་ནྲི་དང་ཏྲི་ལས་སྐྱེས་པའི་དགྲ་བོ་སྐྱ་ལ་ཧམ་པ། སྔོ་ལ་རིད་པ། མགོ་བོ་ལྷོ་ནུབ་ཏུ་བསྟན་པ། རྐང་པ་བྱང་ཤར་དུ་བསྟན་པ། ཁ་ནས་མྱ་ངན་གྱི་འོ་དོད་ལྷང་ལྷང་འབོད་པ། མིག་ནས་ཁྲག་གི་མཆི་མ་ཕྲུ་ལུ་ལུ་འབབས་པ། ལག་པ་གཡས་ཀྱིས་བྲང་བརྡུང་ཞིང་གཡོན་གྱིས་སྐྲ་འབལ་པ། རྐང་པ་ལྕགས་སུ་བཅུག་པ། བུ་ག་ཐམས་ཅད་ནས་རྣག་ཁྲག་འཛག་པ། ཉམ་ཐག་པའི་གཟུགས་ཅན། དབུགས་དང་བྲལ་ལ་ཁད་པ། མགོན་སྐྱོབ་ཀྱི་ལྷ་སྲུངམེད་པ། འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར། ༈བདེན་སྟོབས་བརྗོད་པ་ནི། ན་མོ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ་སོགས་མདོ་སྔགས་བཀའ་གཏེར་བརྒྱུད་པ་དགུ་ལྡན་གྱི་དཔལ་ལྡན་རྩ་བའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ། ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོ་བདེ་མཆོག་འཁོར་ལོའི་ལྷ་ཚོགས་ཡབ་ཡུམ་དྲུག་ཅུ་ཐམ་པའི་བཀའ་བདེན་པ། ཁྲོ་བོ་རོལ་པའི་དུར་ཁྲོད་ནས་ཡི་དམ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ། བཀའ་དང་དམ་ཚིག་གསང་བའི་དུར་ཁྲོད་ནས་བཀའ་ཡི་ལས་བྱེད་མ་གཤིན་ཕུར་གསུམ། ཉེར་བཞིའི་དཔའ་བོ་དཔའ་མོ། གནས་ཡུལ་དུར་ཁྲོད་ཀུན་གྱི་ཞིང་སྐྱོང་། ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད། བོད་ཀྱི་མགུར་ལྷ་བཅུ་གསུམ། མ་ཡམ་བསྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིགགཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ་སྐུ་འཁོར་དང་བཅས་པའི་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པའི་མཐུ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་དམད་པ། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོ་བ། སེམས་ཅན་ཡོངས་ལ་འཚེ་བ། དཀར་པོ་དགེ་བ་བཅུའི་ལམ་བཀག་ཅིང་ནག་པོ་མི་དགེ་བ་བཅུའི་ལམ་ལ་འཇུག་པ། མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱི་དགྲསྔགས་འཆང་བ་རྣལ་འབྱོར་པ་བདག་གི་སྒོས་དགྲསྔ་དགྲ་ལག་ཏུ་བླངས་པ། ད་དགྲ་དངོས་སུ་བསྡོ་བ། ཕྱི་དགྲ་ཡིད་ལ་སེམས་པ། གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས་གང་ཡིན་པའི་བླ་སྲོག་རྣམ་པར་ཤེས་པ་མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རཀ་དམྱལ་ཁམས་བཅོ་བརྒྱད་ཡན་ཆད། བར་རི་རབ་གསེར་རིའི་ཁོང་གསེང་། རྒྱ་མཚོའི་གླིང་བར། ཉི་ཟླའི་འོད་ཁྱིམ། ས་འོག་ས་སྟེང་ས་བླ། བར་མ་ཆོས་བོན་བསྲུང་མའི་སྐྱབས་གནས་གང་དུ་གནས་ཀྱང་། ལས་བྱེད་ཀྱི་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། ཞགས་པ་ཅན་གྱིས་མགུལ་ནས་ཆིངས། ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། དྲིལ་བུ་ཅན་གྱིས་སྨྱོ་རུ་ཆུགཐོ་བ་ཅན་གྱིས་རྒྱབ་ནས་དེད། གཤོག་པ་ཅན་གྱིས་གཡས་ནས་ཆུམས། སྡེར་མོ་ཅན་གྱིས་གཡོན་ནས་གཟུང་། མཆུ་ཅན་རྣམས་ཀྱིས་ཀླད་ནས་ཕུག། མཆེ་བ་ཅན་གྱིས་སྙིང་རྩ་དྲོངས། ཡར་གྱི་སྲོག་སྒོ་ཕྱེས། མར་གྱི་བདུད་སྒོ་ཕྱེས། ལྟག་པའི་བདུད་དང་སྤྲོད། གདོང་པའི་འོད་ཕྲོགས། ཁོང་པའི་དོན་སྙིང་ཕྱུངས། གནམ་གྱི་འཇུ་ཐག་ཆོད། ས་ཡི་བརྟན་ཕུར་ཕུད། སེམས་ཀྱི་མར་མེ་སོད། ལས་རླུང་ནག་པོའི་རྟ་ལ་བསྐྱོན། ལོ་དང་ཟླ་བར་མ་འགྱངས། ཞག་དང་ཟ་མར་མ་འཇོགནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། ཚེ་ཕྱི་མ་ལ་དུས་མ་འདེབས། སྐྱེ་འཆི་ལ་ཁག་མ་སྙད། ལས་ཀྱི་དབང་བཙན་ཞེས་ཐ་སྙད་དུ་མ་འདོགས་པར། ནམ་མཁའ་ལ་ཕྱོར། བར་སྣང་ལ་གཡུགས། ས་གཞི་ལ་རྡོབས། གཟུགས་ལིངྒ་རུ་བྱས་ཤིང་། མིང་བྱང་བུ་རུ་བྲིས་པ་འདིའི་ནང་དུ་ཉ་མོ་སྲམ་གྱིས་དེད་པའམ། བྱིའུ་ཁྲས་བཤུར་བའམ། ཉེས་ཅན་བཙོན་དུ་འཁྲིད་པ་ལྟར་སྐད་ཅིག་རང་དབང་མེད་པར་འདིར་ཁུག། ཛཿཧཱུྃ་བཾ་ཧོ༔ བཛྲ་ཨངྒུ་ཤ་ཡ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོ། བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿཅེས་བརྗོད། དགྲ་བགེགས་དངོས་སུ་ཁུགས་ནས་བསྲུང་མ་རྣམས་ཀྱིས་བསྒྲལ་བར་བསམས་ཤིང་། །༈དེ་ནས་བླ་སྲོག་འགུགས་པ་ནི། ཧཱུྃ་བྷྱོ། དཔལ་གྱི་བཀའ་ཉན་རཀྟའི་དྲི་སྣོམ་མ། །ཁྲག་མདོག་དམར་མོ་བསེ་ཡི་རལ་པ་ཅན། སྡེར་མོ་ལྕགས་ཀྱུའི་རྩེ་ལས་མེ་འབར་མས། །ཉམས་པའི་སྙིང་ཕྱུངས་མཆན་ཁུང་ཆུག་ལ་ཤོག། ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །རྒྱུག་པའི་བྲང་ནི་སྤྱང་མོ་ངར་མ་འདྲ། དྲག་པོའི་སྐད་ནི་ནམ་མཁའི་འབྲུག་ལས་ཆེ། །མཆོངས་པའི་སྟོབས་ནི་བར་སྣང་གློག་ལས་མྱུར། །ཟངས་ཀྱི་སྡེར་མོ་དམར་མོ་འཕྱར་བ་ཡིས། །མགོན་མེད་བྱིའུ་ཕྲུག་ཁྲ་ཡིས་ཁྱེར་བ་ལྟར། །དམ་ཉམས་དགྲ་བོའི་དོན་སྙིང་ཁྱེར་ལ་ཤོག། བླ་སྲོག་རྣམ་ཤེས་ཁྲིད་ལ་ཤོག། ལྷ་ལྔའི་ལག་ནས་ཕྲོགས་ལ་ཤོག། འབྱུང་བ་ལྔ་ནས་ཆོམས་ལ་ཤོག། བྱད་ཐག་གིས་དཀྲི་བ་ནི། ཧཱུྃ་བྷྱོ། ཁྲག་འཐུང་ལྷ་ཚོགས་ཐུགས་དམ་ཅན། །དྲག་པོའི་འཕྲིན་ལས་དུས་ལ་བབས། བསྟན་པ་བཤིག་པའི་དགྲ་བགེགས་འདི། །བྱད་ཐག་ཞགས་པ་རྣམ་ལྔ་ཡིས། །ལུས་ངག་ཡིད་གསུམ་དམ་དུ་ཆིངས། །ལྷ་དབྱེ་བ་ནི། ཧཱུྃ་བྷྱོ། ཁ་ཁཱ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་པོ་བྱ་རོག་དབུ། །རྟོག་མེད་ཟས་སུ་ཤ་ལ་བཟའ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་མགོ། ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུག། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག། ལུས་དང་བསྲུང་མ་ཕྲོལ་ལ་ཤོགམངོན་སྤྱོད་དྲག་པོའི་འཕྲིན་ལས་མཛོད། །ཧཱུྃ་བྷྱོ། སྡིག་ཅན་དགྲ་བོ་ལས་ངན་འདིའི། །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །བང་ལྷ་མཛོད་ཁང་ནང་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིགས་འཛིན་སྲུང་མ་རྒྱབ་ནས་ཕྲོལ། ཚེ་ལུང་ནི། ཧཱུྃ། སྲས་མཆོག་འབར་བའི་ཐུགས་ཀ་ནས། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །སྡིག་སྒྲིབ་སྦྱངས་ཏེ་རྣམ་ཤེས་ཨ། བསྐྱེད་པའི་ལྷར་བསྟིམ་སངས་རྒྱས་གྱུར། ཁྲུས་ལུང་ནི། ཧཱུྃ། འོད་ཟེར་ལྕགས་ཀྱུའི་རྣམ་པ་ཡིས། །ཚེ་བསོད་ནྲི་ཡིག་རང་ལ་ཐིམ། །ནུས་སྟོབས་གཟི་བརྗིད་དཔལ་འབར་ཞིང་། །དབང་དྲག་འཕྲིན་ལས་ཐོགས་མེད་གྱུར། །བསྒྲལ་ལས་ནི། ཧཱུྃ་བྷྱོ། རྡོ་རྗེ་ཕུར་པ་ཀཱི་ལཱ་ཡ། །སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ། །དྲག་སྔགས་ཐོག་སེར་འབར་བ་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག། ཧཱུྃ། ཡུངས་ཀར་རྒྱལ་པོ་ཤ་རི་རམ། །ཁྲོ་རྒྱལ་ཡོངས་རྫོགས་འདུས་པའི་སྐུ། དྲག་སྔགས་འབར་བའི་ཡུངས་ཐུན་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག། ཧཱུྃ། རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག། མ་མོ་ཡོངས་རྫོགས་འདུས་པའི་སྐུ། །དྲག་སྔགས་འབར་བའི་ཁྲག་ཐུན་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག། ཧཱུྃ། ཚེ་མདའ་དྲག་པོ་སྐར་ལྟར་འཁྲུག། དྲེགས་པ་ཡོངས་རྫོགས་རྩལ་གྱི་སྐུ། །དྲག་སྔགས་འབར་བའི་ཚེ་ཐུན་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག། ཧཱུྃ། འབྱུང་བའི་དུག་ཐུན་རླུང་ལྟར་འཚུབ། །གདུག་པ་དུག་ལྔ་ཡོངས་རྫོགས་སྐུ། །དྲག་སྔགས་འབར་བའི་དུག་ཐུན་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག། ཧཱུྃ། ཐོགས་མེད་དྲག་པོ་ལས་ཀྱི་མཚོན། །ཕྱག་མཚན་ཡོངས་རྫོགས་མཚོན་ཆའི་སྐུ། །དྲག་སྔགས་འབར་བའི་མཚོན་ཆ་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག། ཧཱུྃ། སྟོབས་ཆེན་འདུས་པ་མདའ་རྡོའི་ཐུན། །བདུད་འཇོམས་ཡོངས་རྫོགས་འདུས་པའི་སྐུ། །དྲག་སྔགས་འབར་བའི་ཐུན་སྣ་འདིས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགཅེས་དྲག་སྔགས་ཀྱིས་བསྒྲལ་ལོ། བསྟབ་པ་ནི། ཧཱུྃ། དཔལ་ཆེན་ཁྲག་འཐུང་ལྷ་ཡི་ཚོགས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཞལ་དུ་སྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་སྒྲིམས་ཤིག་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །དགྲ་བགེགས་ཀྱི་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི། ཅེས་ལིང་རོ་གཏོར་མ་ལ་འབུལ། །བསྐུལ་བ་ཕྱག་ལེན་ལྟར་འདོན་ནོ། བསྒྲལ་ལས་བསྡུས་པ་འཁྱེར་བདེ་འདི་ནི་བཀའ་བརྒྱད་ལྟར་བདག་སྤྲང་བན་ཉི་མ་གྲགས་པས་སྦྱར་བའོ། །མངྒ་ལཾ།། །།


previousབསྒྲལ་ལས་བསྡུས་པ།next