Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
ཐུགས་དམ་བསྐུལ་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་དམ་བསྐུལ་ཆོགnext

ཐུགས་དམ་བསྐུལ་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཐུགས་དམ་བསྐུལ་ཆོག་བཞུགས་སོ༔ དཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཁྲག་འཐུང་ཧེ་རུ་ཀཿཡི་ལྷ་ཚོགས་རྣམས༔ བསྟན་འགྲོའི་དོན་དུ་ཐུགས་དམ་རྒྱུད་བསྐུལ་ནས༔ རྣམ་བཞིའི་ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར༔ ཐུགས་དམ་བསྐུལ་ཆོག་ཟུར་གསལ་འདི་ལྟར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ལས་གསུམ་འཕྲིན་ལས་གང་བརྩམས་ཀྱང་༔ དམ་ཚིག་ཚུལ་ལྡན་སྔགས་འཆང་རྣལ་འབྱོར་པས༔ བསྐྱེད་རྫོགས་ཏིང་འཛིན་གསལ་ཞིང་སྟངས་སྟབས་སྒྱུར༔ ཐུན་གཏོར་དགྲ་བགེགས་གཟུགས་ཕུང་མི་ཤ་ཁྲག༔ རི་བོ་ཙམ་དང་རྒྱ་མཚོ་ལྟ་བུར་བསྐྱེད༔ སྨན་རཀ་སྦྲེང་ཞིང་ཏིང་འཛིན་སྔགས་དམིགས་སྒྱུར༔ རིག་འཛིན་འདུས་པའི་ལྷ་ཚོགས་འཁོར་བཅས་ཀྱིས༔ མཆོད་རྫས་གཏོར་མ་དགྲ་བགེགས་ཤ་ཁྲག་གསོལ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གྲངས་མེད་སྤྲོས༔ ལས་བཞིའི་འཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམས༔ རྔ་དུང་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཆེན་པོ་དང་༔ ལང་ཀ་མགྲིན་བཅུ་ལྷོ་ནུབ་སྲིན་པོའི་ཡུལ༔ རྔ་ཡབ་གླིང་མཆོག་ཟངས་མདོག་དཔལ་གྱི་རི༔ ཐོད་མཁར་གྲུ་གསུམ་མེ་རླུང་འཁྲུག་པའི་ཀློང་༔ ཤ་ཁྲག་རྒྱ་མཚོ་མུ་མཐའ་མེད་པའི་དཀྱིལ༔ རཱུ་ཏྲ་སྲིན་པོ་བསྣོལ་བའི་ཁྲི་སྟེང་ནས༔ དཔལ་ཆེན་ཆེ་བའི་ཆེ་མཆོག་ཐོད་པ་རྩལ༔ ཁྲག་འཐུང་རྒྱལ་པོ་འཇིགས་བྱེད་ཧེ་རུ་ཀ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་རྔ་ཡབ་གླིང་ནས་བསྐུལ༔ སྐྱོད་ཅིག་སྐྱོད་ཅིག་པདྨ་འོད་ནས་སྐྱོད༔ གཤེགས་ཤིག་ད་གཤེགས་ཡེ་ཤེས་མཁའ་ལ་གཤེགས༔ སྤྱན་འདྲེན་ད་སྤྱོན་བདག་གི་མགོན་ལ་སྤྱོན༔ ཐུགས་དམ་བསྐུལ་ལོ་དམ་ཚིག་དབང་གིས་བསྐུལ༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ རབ་འབྱམས་འཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ དྲེགས་པ་ལྷ་སྲིན་གདུལ་ཕྱིར་གཤེགས་སུ་གསོལ༔ བདག་འཛིན་རཱུ་ཏྲ་བཟློག་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ བྱད་མ་རྦོད་གཏོང་བཟློག་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་བསྡུད་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ སྡེ་བརྒྱད་ཆམ་ལ་དབབ་ཕྱིར་གཤེགས་སུ་གསོལ༔ ཟ་འདྲེ་ཆུང་སྲི་བཟློག་ཕྱིར་གཤེགས་སུ་གསོལ༔ རྒྱ་འདྲེ་འགོང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ མི་ནད་ཡམས་ནད་བཟློག་ཕྱིར་གཤེགས་སུ་གསོལ༔ ནད་མུག་མཚོན་འཁྲུག་བསྒྱུར་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་འབྱུང་པོ་བཟློག་ཕྱིར་གཤེགས་སུ་གསོལ༔ ལྟས་ངན་ཡེ་འབྲོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལཿ མི་ཤ་ཁྲག་གི་མཆོད་པ་འབུལ་གྱི་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ གཏི་མུག་མུན་ལྟར་གཏིབས་པའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ༔ བདུད་རྩི་ཡོན་ཏན་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ ང་རྒྱལ་རི་ལྟར་སྤུངས་པའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་འཇམ་དཔལ་ཧེ་རུ་ཀ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ འདོད་ཆགས་ཆུ་ལྟར་ཁོལ་བའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀ༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ ཞེ་སྡང་མེ་ལྟར་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་བཛྲ་ཧེ་རུ་ཀ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ ཕྲག་དོག་རླུང་ལྟར་འཚུབ་པའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་སྲས་མཆོག་ཧེ་རུ་ཀ༔ ཕུར་པ་འཕྲིན་ལས་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་བླ་མེད་ཧེ་རུ་ཀ༔ མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ དུག་ལྔ་མེ་ལྟར་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་མཆོད་བསྟོད་ཧེ་རུ་ཀ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ སྔགས་ཀྱི་མཚོན་ཆ་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་ཁྲག་འཐུང་དྲག་སྔགས་ཧེ་རུ་ཀ༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་རྣམས༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཚོམ་བུའི་དཔའ་བོ་དཔའ་མོ་འབུམ༔ སྤྲུལ་པ་ཡང་སྤྲུལ་ཚོགས་ནི་སྐར་ལྟར་འཁྲུག༔ ཡེ་ཤེས་སྤྲུལ་པ་འཁོར་འདས་ཡོངས་ཀྱི་བདག༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབསཿ ཧཱུྃ༔ དཔལ་གྱི་བཀའ་འཁོར་སྐྱོང་བའི་འཕྲིན་ལས་བདག༔ གནས་ཡུལ་དུར་ཁྲོད་སྐྱོང་ཞིང་དམ་ལ་འདུ༔ ཆོས་སྐྱོང་བཀའ་ཡི་བསྲུང་མ་ཐུགས་དམ་ཅན༔ མི་ཤ་ཁྲག་གི་མཆོད་པ་འབུལ་གྱིས་བཞེས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ལས་ཀྱི་ཕོ་ཉས་སྟོང་གསུམ་གང་༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པས་སྲིད་གསུམ་ཁྱབ༔ སྣ་ཚོགས་རྫུ་འཕྲུལ་གང་འདུལ་འཕྲིན་ལས་མཛད༔ དཔའ་བོ་འབུམ་གྱི་དམག་ཚོགས་ཉེ་རེ་རེ༔ དཔའ་མོ་འབུམ་གྱི་གད་རྒྱངས་ལྷངས་སེ་ལྷང་༔ མཁའ་འགྲོ་འབུམ་གྱི་སྤྲུལ་པ་ཁྱུགས་སེ་ཁྱུག༔ བཤན་པ་འབུམ་གྱི་གྲི་ཐོགས་ཟངས་སེ་ཟང་༔ སྲིན་པོ་འབུམ་གྱི་ཤ་ཟ་ཆེམས་སེ་ཆེམ༔ བདུད་མོ་འབུམ་ནི་ཁྲག་འཐུང་ཀྲོགས་སེ་ཀྲོག༔ སྡེ་བརྒྱད་འབུམ་ནི་རྟ་རྒྱུག་སྤྲེངས་སེ་སྤྲེང་༔ ཤུགས་འགྲོ་འབུམ་ནི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ ལས་མཁན་འབུམ་ནི་འགུགས་འཆིང་ཧྲུགས་སེ་ཧྲུག༔ ཞིང་སྐྱོང་འབུམ་ནི་བཤུད་གླུ་ཙེ་རེ་རེ༔ འདབ་ཆགས་འབུམ་ནི་གཤོག་སྒྲ་འུ་རུ་རུ༔ གཅན་གཟན་འབུམ་ནི་ངར་སྐད་ཆི་ལི་ལི༔ སྣང་སྲིད་འཁོར་འདས་ཁྲག་འཐུང་དཔལ་གྱི་བྲན༔ གནས་ཡུལ་དུར་ཁྲོད་བསྲུང་མ་ལས་བྱེད་འབུམ༔ མི་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ལས་འདི་ད་ལྟ་འགྲུབ་པར་མཛོད༔ སྡིག་ཅན་ཡིད་ལ་བརྣག་པའི་དགྲ་བོ་འདི༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་པས༔ དོ་ནུབ་ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེ་ལ་ཤོག༔ མཉམ་པོར་འོང་བའི་བདུད་དང་སྤྲོད་ལ་ཁྲིད༔ སྲོག་གི་རྩ་བ་སྙིང་ཁྲག་ཕོས་ལ་ཤོག༔ སེམས་ཀྱི་རྩ་བ་དབུགས་དང་ཕྲོལ་ལ་ཤོག༔ དབང་པོའི་རྩ་བ་དོན་སྙིང་ཕྱུངས་ལ་ཤོག༔ མི་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ ཐུགས་དམ་མ་གཡེལ་བཅོལ་བའི་འཕྲིན་ལས་མཛོད༔ ཤ་ཁྲག་མཆོད་པ་ཉ་བོ་གཏོར་མར་དབུལ༔ བདེན་པ་བརྡར་ཞིང་འགུགས་བསྟིམ་ཡང་ཡང་བྱ༔ དེ་ལྟར་དགྲ་བགེགས་གང་ལ་བརྩམས་ན་ཡང་༔ ནུས་མཐུ་ཐོགས་མེད་དགྲ་བགེགས་ཐལ་བར་རློག༔ བཅོལ་བའི་ལས་རྣམས་མྱུར་དུ་འགྲུབ་པར་བྱེད༔ དེ་ཕྱིར་ཕྱི་རབས་དོན་དུ་ཡི་གེར་བཏབ༔ རིན་ཆེན་གཏེར་དུ་བཅོལ་ལོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཉི་མ་གྲགས་པའི་གཏེར་མའོ།། །། མངྒ་ལཾ། །


previousཐུགས་དམ་བསྐུལ་ཆོགnext