Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
སྐུ་གདུང་སཱཙྪའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་གདུང་སཱཙྪའི་རིམ་པ།next

སྐུ་གདུང་སཱཙྪའི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྐུ་གདུང་སཱཙྪའི་རིམ་པ་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ ལས་དང་བག་ཆགས་སྦྱངས་བའི་ཕྱིར༔ སྐུ་གདུང་སཱཙྪའི་ཆོ་ག་ཞིག༔ པདྨ་འབྱུང་གནས་བདག་གིས་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔར་ས་འདུལ་སོགས་མ་མྱོང་བའི་ཡུལ་དང་རི་ཡིན་ན༔ སྒྲུབ་ཆེན་ལྟར་ས་བརྟགས་བླངས་སོགས་བྱ་ཞིང་གཙང་གཏོར་འབུལ༔ གསེར་སྐྱེམས་མཆོད༔ དགོན་པའམ་གྲོང་བརྡལ་སོགས་ཀྱི་ས་དུལ་མ་ལ་ནི་ས་ཆོག་མི་དགོས་སོ༔ ས་རྒྱུ་བཟང་ཞིང་ས་རྩི་ཆེ་ཆུང་ལེགས་པའི་རིགས་ནས་ས་བླང་༔ གད་ལེགས་པར་བྱས་ཏེ༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཅེས་ལན་བདུན་བརྗོད་པས་མ་རིག་གཉིས་འཛིན་གྱི་བག་ཆགས་སྒྲིབ་པའི་ཚོགས་ཐམས་ཅད་སྟོང་པ་ཉིད་དུ་བསམས༔ ཨཱོཾ་ཨཱཿཧཱུྃ་བྷྲཱུཾ་ཛྙཱ་ན་བཛྲ་ས་མ་ཡེ་སྭཱ་ཧཱཿ ཅེས་བརྗོད་པས་སྟོང་པ་ཉིད་ཀྱི་ངང་ལས་རྒྱུ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལས་གྲུབ་པའི་ཕུང་པོ་དགོས་འདོད་འབྱུང་བ་ཞིག་ཏུ་བསམས༔ རིན་པོ་ཆེའི་ཕྱེ་མ་བརྡར༔ ཨཱོཾཛྙཱ་ན་དྷརྨཱ་དྷརྟུ་ཤུདྡྷོ་ཧཾ༔ ཅེས་བརྗོད་པས་འབི་འབི་བཟོ་ཞིང་༔ འབི་འབི་ཆོས་ཀྱི་སྐུར་བསམས༔ ཧཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཅེས་བརྗོད་པས་ཆོས་སྐུ་རྣམ་དག་གི་ངང་ལས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལོངས་སྐྱོད་རྫོགས་པའི་སྐུར་བྱོན་པར་བསམས་ཤིང་༔ བརྐོས་པར་ལ་གདབ༔ ཨཱོཾ་ཤོ་དྷ་ནི་སརྦ་པཱ་པཾ་བྷི་ཤོ་དྷ་ནི་ཤུདྡྷེ་བྷི་ཤུདྡྷེ་སརྦ་པཱ་པཾ་སརྦ་ཀརྨ་ཨ་ཝ་ར་ན་བྷི་ཤུདྡྷེ་སྭཱ་ཧཱ༔ ཅེས་བརྗོད་པས་ལོངས་སྐུ་ལྔ་ལྡན་གྱི་ཞིང་ནས་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ་གང་འདུལ་གྱི་ངོ་བོར་བྱོན་པར་བསམ་མོ༔ ཨཱོཾ་ཨཱཿཧཱུྃ་བྷྲཱུྃ་ཛྙཱ་ན་ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཅེས་བརྗོད་པས་ཕྱི་སྐུ་གདུང་ལ་ནང་གཞལ་ཡས་ཁང་༔ བར་ཡིག་འབྲུ་དང་ཕྱག་མཚན་གསང་བ་སྐུ་གསུམ་གྱི་ལྷ་ཚོགས་ཐམས་ཅད་འགྲོ་བའི་དོན་དུ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པར་བསམ་མོ༔ འབྲས་སམ་ནས་དཀར་མོ་གཏོར་ཞིང་ཤིས་བརྗོད་སྣ་ཚོགས་དང་༔ ཡེ་དྷརྨཱའི་སྔགས་ཀྱིས་ཡེ་ཤེས་པ་བརྟན་པར་བྱའོ༔ དེ་ལྟར་གྱི་སྐུ་གདུང་དེ་གས་ཆག་གྲུག་སོགས་ཀྱི་གནོད་པས་མ་གོས་པར་བྱ་ཞིང་༔ རླན་དང་འབྱུང་བས་མི་འཇིགས་པའི་ཁང་བུའམ་བྲག་ཕུག་ཏུ་སྐྱེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་པས་ཚེ་བསྒྲུབ་པའི་ཕྱིར་དང་༔ ཚེ་འཕྲང་བཟློག་པ་སོགས་ཀྱི་ཕྱིར་དུ་སཱཙྪ་འདེབས་ན་ཚེ་དཔག་མེད་ཀྱི་ཏིང་འཛིན་དང་༔ ཚེ་སྒྲུབ་ཀྱི་སྙིང་པོ་གཙོ་བོར་བྱའོ༔ ནད་གདོན་ཞི་བར་འདོད་ན་རྡོ་རྗེ་སེམས་དཔའི་ཏིང་འཛིན་དང་༔ ཡི་གེ་བརྒྱ་པ་གཙོ་བོར་འདོན་ནོ༔ ཚེ་འདས་ཀྱི་སྒྲིབ་སྦྱོང་དུ་འདེབས་ན་ཀང་ཀ་ནིའི་གཟུངས་དང་མི་འཁྲུགས་པའི་ཏིང་འཛིན་གསལ་བར་བྱེད་དོ༔ བྱད་ཀ་དང་རྦོད་གཏོང་བཟློག་པར་འདོད་ན༔ སེང་གདོང་མའི་ཏིང་འཛིན་དང་ཡི་གེ་བཅུ་བཞི་པའི་དྲག་སྔགས་གཙོ་བོར་འདོན་ནོ༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་གསོ་ན་ཡིག་བརྒྱ་དང་རྡོ་རྗེ་སེམས་དཔའ་གཙོ་བོར་འདོན་ནོ༔ ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་གསོ་ན་དེ་བཞིན་གཤེགས་པ་སྒྲིབ་པ་རྣམ་སེལ་དུ་བསྒོམ་ཞིང་ལྟུང་བ་བཤགས་པའི་མདོ་གཙོ་བོར་འདོན་ནོ༔ དཀོར་གྱི་སྒྲིབ་པ་སྦྱོང་བར་འདོད་ན་སྤྱན་རས་གཟིགས་སུ་བསམ་ཞིང་ཡི་གེ་དྲུག་པ་གཙོ་བོར་བྱའོ༔ ནད་པའི་རྐྱེན་བཟློག་ཏུ་འདོད་ན་ཁྲོ་བོ་ཕྱག་ན་རྡོ་རྗེར་བསམ་ཞིང་བཛྲ་པཱ་ཎིའི་སྔགས་གཙོ་བོར་བྱའོ༔ འཇིགས་པ་ཆེན་པོ་བརྒྱད་ཀྱིས་མི་ཚུགས་པར་འདོད་ན་རྗེ་བཙུན་སྒྲོལ་མར་བསམ་ཞིང་ཨཱརྱ་ཏཱ་རེ་ཏུཏྟ་རེའི་སྔགས་གཙོ་བོར་འདོན་ནོ༔ རི་མོ་དང་འབུར་སྐུ་སོགས་སྐུ་གསུང་ཐུགས་རྟེན་གྱི་ལྷག་ཆད་ཉམས་པ་གསོ་བར་འདོད་ན་འཇམ་དཔལ་དབྱངས་སུ་བསམ་ཞིང་མཚན་ཡང་དག་པར་བརྗོད་པ་གཙོ་བོར་འདོན་ནོ༔ ཏིང་ངེ་འཛིན་གྱི་ཉམས་རྟོགས་གོལ་ཤོར་གྱི་སྒྲིབ་པ་སྦྱོང་བར་འདོད་ན་ཡུམ་ཆེན་མོར་བསྒོམ་ཞིང་ཤེར་སྙིང་གཙོ་བོར་འདོན་ནོ༔ རྒྱལ་བའི་བཀའ་ལ་ཀློག་རྫུན་བྱས་པའི་ཉེས་པ་འདག་པར་འདོད་ན་ཐུབ་པ་ཆེན་པོར་བསམས་ཤིང་དབྱངས་གསལ་གཙོ་བོར་འདོན་ནོ༔ དེ་དག་རྣམས་ནི་ལས་སྦྱོར་འགྲོ་དོན་གྱི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མ་འོངས་བོད་གྱི་རྒྱལ་ཁམས་འདིར༔ མི་དགེ་བཅུ་སྤྱོད་དགེ་བའི་ས་བོན་ནུབ༔ ཆོས་སྒོར་ཞུགས་རྣམས་ངན་སོང་གླིང་གསུམ་སྙོགས༔ ཐ་མལ་འགྲོ་བ་བར་དོའི་གནས་སུ་འཁྱམ༔ དེ་ཚེ་སངས་རྒྱས་བསྟན་པའི་མཐའ་ལ་ཐུག༔ དགེ་བཤེས་དམག་དཔོན་གོ་མཚོན་ནོར་བུ་གསོག༔ བུད་མེད་གཙོ་བོའི་གྲོས་ཀྱི་གཞི་མ་འདིང་༔ ཁྲལ་བཙུན་མང་ཞིང་གཤིན་ཟས་ཧབ་ཐོབ་རྒྱག༔ སྐྱེ་བོས་ཆོས་སྐད་དགེ་སྦྱོང་ཁྲིམ་སྐད་འདོན༔ བླ་མས་གསོད་གཅོད་མི་དཔོན་དགེ་ལ་འདུན༔ དེ་ཚེ་ང་སྤྲུལ་སྐྱེས་བུ་ཁམས་ནས་ཡོང་༔ ཆོས་འདིར་འཕྲད་ཅིང་འགྲོ་བའི་དོན་བྱེད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་རྙེད་པའོ། །མངྒ་ལཾ།། །།


previousསྐུ་གདུང་སཱཙྪའི་རིམ་པ།next