Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་ཆེན་པོའི་བླ་རྡོ་བཅང་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེས་བུ་ཆེན་པོའི་བླ་རྡོ་བཅང་ཐབས།next

སྐྱེས་བུ་ཆེན་པོའི་བླ་རྡོ་བཅང་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལསཿ སྐྱེས་བུ་ཆེན་པོའི་བླ་རྡོ་བཅང་ཐབས་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྐྱེས་བུ་ཆེན་པོའི་རྟེན་འཛུགས་དང་བླ་རྡོ་བཅིངས་ཐབས་ནི༔ ཕྱི་བརྟེན་ར་ཕོ་ཁམ་པ་ལ༔ ར་རྩེ་མདུད་ཅན་ལ་གཡང་གི་གལ་ཏ་མགོ་སྦྲེལ་དུ་འབྲུ་སྣ་དར་སྣ་རིན་ཆེན་སྣ་ཚོགས་ཀྱིས་བསྐང་བ་བཀལ་ཞིང་༔ ར་མ་གཡང་དར་སྣ་ཚོགས་ཀྱིས་བརྒྱན་སྟེ་ལས་གཞུང་བསྲང་ཞིང་མངའ་གསོལ་བྱའོ༔ ནང་བསྟན་བྱ་རོག་རྒྱལ་མཚན་ལ་གསེར་གཡུ་ཟངས་ལྕགས་བྱི་རུ་རིན་ཆེན་སྣ་ཚོགས་ཀྱི་དར་མཚོན་སྣ་ལྔ་ལས་བརྒྱན་ཏེ༔ ཁ་རུ་དགྲ་བོའི་ལིངྒ་བཞུགས༔ སྡང་བའི་དགྲ་ཕྱོགས་བསྟན་ཏེ༔ སྒྲུབ་ཁང་ཐོག་དུ་གཟུག་གོ༔ གསང་བའི་བརྟེན་ནི་སྨྱུག་སྒོད་མདའ་སྒྲོ་མེ་ལ་མ་བཤུར་བའི་མགུལ་དུ༔ སྐྱེས་བུའི་གཟུངས་དང་དམ་རྫས༔ སྟག་དང་༔ ར་དང་༔ བྱི་ལའི་སྙིང་༔ རའི་དབང་པོ་རྣམ་ལྔ༔ མགྲོན་བུ༔ ཤྭ་རིན་ཆེན་གྱི་རིགས༔ དར་ལྔ་ལ་སོགས་ཀྱིས་བརྒྱན་ཏེ་རྟེན་གཏོར་ལ་གཟུག་པའམ༔ སྒྲུབ་ཁང་གི་ནང་དུ་བཅིང་ཞིང་གསོལ་མཆོད་ལ་འབུལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རོ་རས་ལ་སྐྱེས་བུ་ཆེན་པོའི་གཟུགས་མངོན་རྟོགས་ལྟར་བྲིས་ལ༔ རྒྱབ་ཡིག་གི་ཐུགས་ཀར་ཏྲི་བྲིས༔ དེ་ཡི་མཐར་འབོད་རྦད་བསད་གསུམ་གྱི་སྔགས་ཀྱིས་བསྐོར་ཞིང་༔ དམ་རྫས་ར་སྟག་བྱི་ལིའི་སྙིང་༔ རའི་དབང་པོ་རྣམ་ལྔ༔ འུག་པའི་སྤུ་རི༔ ཙན་དན་གསེར་ཟངས་ལྕགས་མོ་ཁབ་སོར་བཞི་ཚད༔ ར་ཚིལ་བྱུག་པ་རྣམས་ཐུགས་ཀར་གླན་ཞིང་༔ ར་སྙིང་དམར་པོའི་གཞལ་ཡས་སུ་སྐུ་འབག་བླ་རྡོ་དྲིལ་བག་གཞུག་སྟེ་བཅང་༔ ཕྱག་མཚན་རྡོ་རྗེའི་རྒྱས་འདེབས༔ དབྱི་སྤྱང་ཁུག་མར་བཅུག་ལ་བཅིང་༔ དེ་ལ་དམ་ཚིག་སྐྱེས་བུ་བསྐྱེད༔ སྔགས་ཀྱིས་རྒྱུད་བསྐུལ་བཀུག་ལ་བསྟིམས༔ རྟག་དུ་བདུད་རྩི་སྨན་གྱིས་མཆོད༔ དམ་ཚིག་སྒོམ་ཞིང་ཕྲིན་ལས་བཅོལ༔ དམ་མེད་ལ་གསང་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་སྒྲུབ་པའི་དངོས་གཞི་སྟེ༔ འདི་ནི་སྲོག་གི་དང་མའོ༔ འདི་ནི་གསང་བའི་མན་ངག་སྟེ༔ འདི་ནི་གཅིག་ཆོག་ནོར་བུའོ༔ འདི་དང་ལྡན་པའི་རྗེས་འཇུག་ལ༔ བཀའ་སྲུང་ཆེན་པོས་རྟག་ཏུ་སྐྱོངསཿ མཆོད་བསྟོད་སྒྲུབ་པ་མི་བྱེད་པར༔ བླ་རྡོ་བཅིང་ན་རང་ལ་འཁུ༔ ལས་ཅན་བུ་ལ་གཅིག་རྒྱུད་གྱིས༔ སྣོད་མིན་རྣམས་ལ་ཤོར་ར་རེ༔ ས་མ་ཡཱ༔ ཁ་ཐམ་རྒྱཿ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཁོ་བོ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ༔ མངྒ་ལམ།


previousསྐྱེས་བུ་ཆེན་པོའི་བླ་རྡོ་བཅང་ཐབས།next