Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་ཆེན་པོའི་བསྐུལ་བ་ཤིན་ཏུ་གཉན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེས་བུ་ཆེན་པོའི་བསྐུལ་བ་ཤིན་ཏུ་གཉན་པ།next

སྐྱེས་བུ་ཆེན་པོའི་བསྐུལ་བ་ཤིན་ཏུ་གཉན་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལསཿ སྐྱེས་བུ་ཆེན་པོའི་བསྐུལ་བ་ཤིན་ཏུ་གཉན་པ་བཞུགས་སོཿ གར་ཐོད་ཐོད་དུ་མི་བྱའོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿདཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོཿ མ་འོངས་སྐལ་ལྡན་རྗེས་འཇུག་གིས༔ བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ ཉམས་པའི་དགྲ་བོ་སྒྲོལ་འདོད་ན༔ བསྲུང་མ་ལས་ལ་བསྐུལ་བར་བྱ༔ ནས་ནག་ཕྱེ་ལ་དཔལ་བཤོས་ནི༔ དགུ་འམ་ཉེར་གཅིག་གང་རུང་བཅས༔ རྩང་དང་ཤ་སྣ་ཁྲག་སྣས་བརྒྱན༔ ཉམས་པའམ་དམིགས་བྱའི་ཟག་རྫས་དང་། ལིངྒས་བརྒྱན་ཅིང་དཔལ་འབར་གཟུག༔ ལས་གྱི་གཞུང་བསྲང་བདག་མདུན་རྣམས༔ ཡི་དམ་ལྷ་དང་བསྲུང་མར་བསྐྱེད༔ འབོད་རྦད་ལ་སོགས་དྲག་སྔགས་བཟླ༔ གདོང་ལ་ར་ཁྲག་དུག་སོལ་བྱུག༔ རལ་ནག་ཐོད་བཅིངས་གོས་ནག་གྱོན༔ བཤུད་པ་རྔ་གླིང་རོལ་མོ་འཁྲོལ༔ ར་ཚིལ་བསུར་ཆེན་སྤོས་དཀར་བསྲེག༔ མ་ཉེས་དཔང་འཛུགས་གསེར་སྐྱེམས་མཆོད༔ བདེན་སྟོབས་བརྗོད་ཅིང་ཐུན་གྱིས་བྲབ༔ ལིངྒ་བསྒྲལ་ཞིང་གཏོར་མ་འབུལ༔ སྟངས་སྟབས་བསྒྱུར་ཞིང་གཡབ་དར་ཐོགས༔ རྔམ་པའི་སྟབས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ་ཛ༔ དགོངས་ཤིག་སྐྱེས་བུ་སྐུ་འཁོར་དགོངས༔ གསོན་ཅིག་སྲུང་མ་སྡེ་བརྒྱད་གསོན༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ དཀའ་བ་དང་བླངས་ལྕི་བ་འཕྲག་ལ་ཁུརཿ ལུས་སྲོག་བཟན་བོར་ཤ་ཁྲག་འབེན་ལ་བཙུགས༔ མོས་པ་གཏིང་བསྐྱེད་བྲག་ཕུག་ཞྭ་ལྟར་གོན༔ ཁྱེད་གསོལ་ཁྱེད་མཆོད་བསྟེན་ཅིང་བསྒྲུབ་པའི་ལྷ༔ སུ་ལ་མི་རེ་སྐྱེས་བུ་ཁྱོད་ལ་རེ༔ སུ་ལ་མི་ལྟོས་སྡེ་བརྒྱད་སྲུང་མར་ལྟོས༔ ཡེ་ཤེས་སྤྱན་གྱིས་ལེགས་ཉེས་དྲང་ཤན་ཕྱེས༔ ཉམས་པའི་དགྲ་བོ་སྡིག་ཅན་ལས་ངན་འདིས༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་དམད༔ གསང་སྔགས་དམ་བཀྲལ་རྣལ་འབྱོར་དགྲ་རུ་ལངས༔ ཡོངས་ལ་འཚེས་ཤིང་དཀོར་བརྐུས་གཙུག་ལག་བཤིག༔ དགེ་འདུན་སྡེ་བཅོམས་དོ་བསྡོས་ཕོད་བཙུགས་ཤིང་༔ ལྷ་སྲུང་ཆོས་སྐྱོང་ཁྱེད་ལ་མཐུ་མེད་ཟེར༔ རྣལ་འབྱོར་རིག་འཛིན་བདག་ལ་ལྷ་མེད་ཟེར༔ སངས་རྒྱས་བཀའ་བཅག་རྒྱུ་འབྲས་ཁྱད་དུ་བསད༔ མི་དགེ་བཅུ་སྤྱོད་བསྟན་དགྲ་ལས་ངན་འདི༔ མྱུར་དུ་ཁུག་ཅིག་སོད་ལ་སྙིང་ཁྲག་འཐུང་༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ ཧཱུྃ་བྷྱོ་ཛ༔ ཉི་མ་ནུབ་ཕྱོགས་འོ་ཡུག་བྲེ་མོ་ནས༔ ལྕགས་མཁར་ཕོ་བྲང་འབར་བའི་གཞལ་ཡས་ནས༔ ཀླུ་བདུད་ཡབ་ཡུམ་བཤོས་པའི་མཐུ་བོ་ཆེ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ༔ འབར་བ་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ༔ བཞེངས་ཤིག་བཞེངས་ཤིག་སྲུང་མ་དབྱིངས་ནས་བཞེངས༔ སྐྱོད་ཅིག་སྐྱོད་ཅིག་སྡེ་བརྒྱད་འཁོར་ཚོགས་སྐྱོད༔ རབ་ཏུ་ཁྲོས་ཤིང་དྲག་ཏུ་སྐྱོད་པའི་ཚེ༔ སྐུ་མདོག་མཐིང་ནག་ཨམ་གཙིགས་སྤྱན་གསུམ་འབར༔ དུག་དང་ནད་ཀྱི་རླངས་པ་ཐུ་ལུ་ལུ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་ལྷུབས་སེ་ལྷུབ༔ དབུ་ལ་ལྕགས་རྨོག་དྭངས་རུ་ལྡེམས་སེ་ལྡེམ༔ ཕྱག་གཡས་རྡོ་རྗེ་མདུང་དར་ཕྱ་ར་ར༔ གཡོན་པས་ཐོ་བ་བདུད་ཞགས་ཁྱུགས་སེ་ཁྱུག༔ ཆིབས་སུ་བདུད་རྟ་ནག་པོ་སྤྲེངས་སེ་སྤྲེང་༔ བདུད་བྱ་ནག་པོ་ལས་ལ་ཆུམས་སེ་ཆུམ༔ འོད་ནག་འཚུབ་མ་མང་པོ་ཀྱི་ལི་ལི༔ ཁྲོ་ཆུ་མེ་ཡི་ཚྭ་ཚྭ་ཐོ་རོ་རོ༔ ཤངས་ནས་ཧཱུྃ་ཕཊ་བཤུས་འདེབས་ལྷངས་སེ་ལྷང་༔ སྟག་རལ་གཟིག་ཤུབས་འཁོར་གསུམ་ཀྱི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་འུ་རུ་རུ༔ བདུད་དམག་འབུམ་སྡེས་བདུད་ཞགས་ཚུབས་སེ་ཚུབས༔ བཙན་དམག་འབུམ་སྡེས་མདུང་དམར་སྤུངས་སེ་སྤུང་༔ གཤིན་རྗེ་འབུམ་གྱི་གྲི་སྐོར་ལྷབས་སེ་ལྷབ༔ ལྷ་དམག་འབུམ་གྱིས་ལྷ་ཕྱེ་ཤ་ར་ར༔ ཀླུ་དམག་འབུམ་གྱིས་དུག་རླངས་ཐིབས་སེ་ཐིབས༔ དྲི་ཟ་འབུམ་སྡེས་དབུགས་ལེན་ཐམས་སེ་ཐམ༔ མ་མོ་འབུམ་གྱིས་སྲོག་གཅོད་ཡམས་སེ་ཡམ༔ གནོད་སྦྱིན་འབུམ་གྱིས་སྙིང་འབྱིན་འུ་རུ་རུ༔ སྲིན་པོ་འབུམ་གྱིས་བཤས་བྱེད་ཞུངས་སེ་ཞུང་༔ གཟའ་རྒོད་འབུམ་གྱིས་ཐོག་སེར་ཆེམས་སེ་ཆེམ༔ འཆི་བདག་འབུམ་གྱིས་ཞགས་པ་ན་ར་ར༔ འདྲེ་མོ་འབུམ་གྱིས་སྒོ་བརྡུང་ཁྲོགས་སེ་ཁྲོག༔ ཕྲ་མེན་འབུམ་གྱིས་འཕུང་གཡོས་ཟེངས་སེ་ཟེངས༔ དྲག་པོའི་ཐུན་གྱི་སེར་བ་ཤ་ར་ར༔ སྤུ་གྲི་ལས་འགྲིག་སྔགས་སྒྲ་དི་རི་རི༔ ཁྲག་གི་ན་བུན་མང་པོ་ཐུ་ལུ་ལུ༔ ནད་ཡམས་དུད་པ་མང་པོ་ཆི་ལི་ལི༔ གིང་ཕོ་སྟོང་སྡེས་མདའ་འཕེན་ཤ་ར་ར༔ གིང་མོ་སྟོང་སྡེས་གཡབ་མོ་ཆེམས་སེ་ཆེམ༔ དར་ནག་རུ་མཚོན་ཚོགས་ནི་ཡེ་རེ་རེ༔ རྔ་ཐུག་དར་མདུང་མང་པོ་པུ་རུ་རུ༔ མི་ལྤགས་གཡབ་མོ་མང་པོ་ཡུགས་སེ་ཡུག༔ མི་མགོ་མང་པོའི་རྔ་བརྡུང་དི་རི་རི༔ མི་རྐང་མང་པོའི་གླིང་བུ་ཀྱུ་རུ་རུ༔ གཤོག་ཅན་དུར་བྱ་མང་པོ་ལིངས་སེ་ལིང་༔ མཆེ་ཅན་སྟག་གཟིག་འབུམ་ནི་ཉི་ལི་ལི༔ ཁྱི་སྤྱང་དོམ་དྲེད་འབུམ་གྱིས་ཀངས་སེ་ཀངས༔ ཟངས་ཀྱི་འཕར་བ་འབུམ་ནི་སྐད་དེ་སྐད༔ སྤྲུལ་པ་སྡེ་བརྒྱད་གཙོ་འཁོར་འབུམ་གྱི་ཚོགས༔ ལ་ལས་ཉི་ཟླ་ཐོགས་ཏེ་ཆ་ལང་རྡེབས༔ དམ་ཉམས་དགྲ་བོ་སྨྱོ་ཞིང་འབོགས་པར་བྱེད༔ ལ་ལས་གློག་འཕྲེང་འཛིན་ཞིང་གཡུག་པར་བྱེད༔ གང་ལ་བཏབས་པ་ཐལ་བ་རྡུལ་དུ་བརླག༔ ལ་ལས་རི་རབ་ཀླད་ལ་སྐོར་བར་བྱེད༔ སྟོང་གསུམ་ཐམས་ཅད་གཡོ་ཞིང་རབ་ཏུ་འཁྲུག༔ ལ་ལས་རྒྱུ་ཞགས་ལྡོག་ཅིང་འཕེན་པར་བྱེད༔ གང་ལ་བཏབས་པར་ནད་རིགས་བུ་ཡུག་འཐིབ༔ མུན་པ་ནག་པོའི་མདོག་ཅན་འཇིགས་བྱེད་སྟོང་༔ རྔམས་པའི་ཤུགས་ཀྱིས་སྐྱོད་ཅིང་ལས་ལ་རྒྱུ༔ ཤ་ཟ་ནག་པོ་སྡེ་བརྒྱད་འབུམ་གྱི་ཚོགས༔ མེ་དཔུང་ཀློང་ན་འགྱིང་ཞིང་འགྱིང་ཞིང་རྒྱུག༔ སྨན་དང་མ་མོ་བྱེ་བ་འབུམ་ཕྲག་རྣམས༔ བུ་ཡུག་རླུང་དམར་ཚུབ་མར་སྡོངས་ཏེ་འཕྱོ༔ དོ་ནུབ་ནམ་གྱི་གུང་ཐུན་སྨག་རུམ་ལ༔ དམ་ཉམས་དགྲ་ལ་སྤྲུལ་པའི་དམག་དཔུང་རྒྱོབ༔ ལྟས་ངན་བརྒྱད་ཅུ་ཆོ་འཕྲུལ་ཆར་པ་ཕོབ༔ ནང་འཁྲུག་འཕུང་བཤིག་རྒྱབ་འདྲེ་སྣ་ཚོགས་སློངས༔ ལས་རླུང་དྲག་པོས་ཐོགས་མེད་རྒྱབ་ནས་དེད༔ འཇིགས་རུང་མུན་པ་ནག་པོའི་ནང་དུ་ཐུམས༔ གསོད་བྱེད་སྲོག་གི་བཤན་པས་གཡས་ནས་ཆུམས༔ ཟ་བྱེད་ཕོ་ཉའི་ཚོགས་ཀྱིས་གཡོན་ནས་བཟུང་༔ གནམ་གྱི་འཇུ་ཐག་སྟེང་གི་ཕྱོགས་ནས་ཆོད༔ ས་ཡི་བརྟན་ཕུར་འོག་གི་ཕྱོགས་ནས་ཕྱུངས༔ དཀོན་པའི་ཚེ་སྲོག་སྙིང་གི་དཀྱིལ་ནས་ཕྲོལ༔ དམ་ཉམས་དགྲ་བོ་མ་གཏོང་ཤོར་ར་རེ༔ ཕོ་བརྒྱུད་མི་རབས་རྩད་ནས་ད་ཆོད་ཅིག༔ མོ་བརྒྱུད་ཕྲུ་མ་མངལ་ནས་ད་སྐོམས་ཤིག༔ ནད་ཀྱི་ཆར་ཕོབ་སྡེ་བརྒྱད་ཟ་ཁ་ཐོད༔ ལྷག་མ་རྗེས་ཤུལ་མེད་པར་རྡུལ་དུ་རློགས༔ ཅེས་བརྗོད་ཅིང་དྲག་སྔགས་བཟླ་གཡབ་མོ་བརྡབ་ཟོར་འཕེན༔ ལིངྒ་གྲི་སྐོར་བྱ་ཞིང་མནན་བསྲེག་གཞུང་ལྟར་བྱ༔ སྡེ་བརྒྱད་འཁོར་བཅས་ཀྱི་ཟ་ཁ་དགྲ་ལ་གཏད་པས་འཕུང་ཐབས་སྣ་དགུས་དགྲ་བོ་མི་ནོར་འཁོར་དང་བཅས་པ་སྐད་ཅིག་ཉིད་ལ་བརླགས་པར་བསམས༔ དུམ་ཚེ་ལ་གུར་ཝ་ཏི་རྦད་རྦད༔ རྦད་རྦད་ཏྲི་ས་དུ་ས་མ་ཡ༔ བན་ཏྲི་སྲོག་ལ་ཡ༔ ཐུན་ཏྲི་སྙིང་ལ་ཡ༔ མཱ་ར་ཡཱ༔ ཙིཏྟ་ཁ་ཧི༔ ཙིཏྟ་ཁ་ཧི༔ འུར་ཝ༔ འུར་ཝ༔ གུར་ཏྲི་གུར་ཏྲི༔ ཏྲི་སྲོག་ལ་ཡ་ཡཱ༔ ར་ཏྲི་ཤོ་ན་ཡཱ༔ འུར་རཾ་འུར་རཾ༔ རྒྱུག་རྒྱུག༔ བྲེང་བྲེང་༔ ཐུཾ་ཐུཾ་རི་ལི་ལི༔ རུས་ལ་རྟག་ཆུམ་ཁྲག་ལ་འབར་བ་ཐིབ་ཐིབ༔ ཅེས་པ་འདི་མང་དུ་བཟླ་ཞིང་ཐལ་མོ་བརྡབ༔ འདི་སྔགས་འགྲིག་སྤུ་གྲི་འབར་བ་ཞེས་བྱ་བ་ཡིན་པས་དགྲ་བོ་ཤིན་ཏུ་ཐུ་ན་མ་གཏོགས་ཕྲན་བུ་ཙམ་ལ་བསྐུལ་་བ་འདི་དང་སྔགས་འདི་མི་བགྲང་ངོ་༔ ཅིའི་ཕྱིར་ཞེ་ན་འདི་ནི་བདག་ཉིད་པདྨ་འབྱུང་གནས་ཀྱི་བསིལ་བ་ཚལ་གྱི་དུར་ཁྲོད་ནས་ཕྱུངས་ཤིང་༔ མཁའ་གྲོའི་གསང་མཛོད་ནས་གདན་དྲངས་པའི་མན་ངག་ཡིན་པས་ཤིན་ཏུ་བཀའ་གཉན་པར་ཡོད་པས་ཕྲན་བུ་ཙམ་ལ་བྱས་ན་རང་ལ་ལྡོག་གོ༔ དེ་བས་བཙའ་ཤེས་པར་གྱིས་ལ་དམ་ལྡན་ལ་ཆིག་བརྒྱུད་དུ་སྤེལ་ལོ༔ དམ་མེད་ལ་སྦོས་ཤིག༔ ཤིན་ཏུ་གསང་བའི་རྒྱ༔ ཁ་ཐམ་གྷུ་ཧེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ། །


previousསྐྱེས་བུ་ཆེན་པོའི་བསྐུལ་བ་ཤིན་ཏུ་གཉན་པ།next