Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་ཆེན་པོའི་རླུང་འཁོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེས་བུ་ཆེན་པོའི་རླུང་འཁོར།next

སྐྱེས་བུ་ཆེན་པོའི་རླུང་འཁོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྐྱེས་བུ་ཆེན་པོའི་རླུང་འཁོར་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བསྟན་པ་འཇིགས་བྱེད་དགྲ་བོ་ལ༔ བཀའ་ཆད་དྲག་པོ་དབབ་འདོད་ན༔ སྐྱེས་བུའི་རླུང་འཁོར་འདི་བཞིན་བྱ༔ ཕུང་གསུམ་བདུད་ཀྱི་ཉི་མ་ལ༔ རོ་རས་དུག་ཤོག་གང་རུང་ལ༔ དྲི་ཁྲག་རྨེ་ཁྲག་མཛེ་ཕོའི་ཁྲག༔ འཕར་སྤྱང་སྟག་གཟིག་བྱ་རོག་དང་༔ འུག་ཁྲག་སྨན་ནི་ཚ་བ་གསུམ༔ སྣག་ཚར་བསྲེས་ལ་ལྕགས་སྨྱུག་གི༔ དམ་ཅན་ཡབ་ཡུམ་ལྟོ་བ་རུ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་དམིགས་བྱ་ལིངྒ་བྲི༔ དེ་རྒྱབ་མུ་ཁྱུད་དམ་ཅན་གྱི༔ བསྙེན་སྔགས་ཤམ་ཅན་བྲི་བར་བྱ༔ དེ་ཡི་ཕྱི་རོལ་རྩིབས་བརྒྱད་བཅད༔ དྲེགས་པ་སྡེ་བརྒྱད་བྲི་བ་ནི༔ ཚངས་པ་གཤིན་རྗེ་ཀླུ་དང་བདུད༔ ཕྱོགས་བཞི་དག་ལ་བྲི་བར་བྱ༔ བཙན་དང་དྲང་སྲོང་སྲིན་པོ་དང་༔ མ་མོ་བཞི་པོ་མཚམས་བཞིར་བྲི༔ སྲོག་བདག་ཚངས་པའི་ཐུགས་ཀ་རུ༔ ར་བྲིས་སྔགས་འདིས་བསྐོར་བར་བྱ༔ ཏྲི་ཙ་པ་ལ་ཨ་ཤུ་མེ་ཏྲི་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཙིཏྟ་སྲོག་སྙིང་ལ་རྦད་རྦད༔ དུམ་བུར་གཏུབ༔ ལྷུར་ཤིག༔ འཆི་བདག་གཤིན་རྗེའི་ཐུགས་ཀ་རུ༔ ཡ་བྲིས་སྔགས་འདིས་བསྐོར་བར་བྱ༔ ཡ་མ་ར་ཙ་དགྲ་བོ་ཆམ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ ཡ་ཡ་གཏུབ་གཏུབ་ཚལ་པ་ཚལ་པ༔ ན་ག་ཀླུ་ཡི་ཐུགས་ཀ་རུ༔ ཕུ་བྲིས་སྔགས་འདིས་བསྐོར་བར་བྱ༔ ན་ག་ཕུ་ཧུ་ཡ་ཧུ་ཡ་དགྲ་བོ་ཆེ་གེ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ ཆིངས་ཤིག་ཆིངས་ཤིག་ཁོས་པ་ཙ་ཧཱུྃ་ཕཊ༔ ནག་པོ་བདུད་ཀྱི་ཐུགས་ཀ་རུ༔ དུ་བྲིས་སྔགས་འདིས་བསྐོར་བར་བྱ༔ ཀུག་ཏ་བན་ཏ་དགྲ་བོ་ཆེ་གེ་་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ ཡ་མ་སྙིང་ལ་བསྣུན་བསྣུན༔ དམར་པོ་བཙན་ཀྱི་ཐུགས་ཀ་རུ༔ ཙ་བྲིས་སྔགས་འདིས་བསྐོར་བར་བྱ༔ ཤུ་ལ་ཛ་མ་ནུ་ཧ་བ་ཙིཏྟ་ས་ཧྲི༔ དགྲ་བོ་ཆེ་གེ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ དབང་པོ་ལྔ་ལ་རྦུད་རྦུད༔ དྲང་སྲོང་ལྗང་ཁུའི་ཐུགས་ཀ་རུ༔ ཏ་བྲིས་སྔགས་འདིས་བསྐོར་བར་བྱ༔ ར་ཧུ་ལ་ཡཱ་མ་ར་ཙ་དུ་དྲི་ཕུ་དྲི་དགྲ་བོ་ཆམ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ དོན་སྙིང་ལྔ་ལ་རྒྱུ་རྒྱུ༔ སྲིན་པོ་སྨུག་ནག་ཐུགས་ཀ་རུ༔ ཏྲི་བྲིས་སྔགས་འདིས་བསྐོར་བར་བྱ༔ དྷ་ཤ་གྷྲི་ཝ་རཀྴ་པ་དགྲ་བོ་ཆེ་གེ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ ཤ་རུས་ཁྲག་ལ་ཆེམ་ཆེམ༔ མ་མོ་ནག་མོའི་ཐུགས་ཀ་རུ༔ མ་བྲིས་སྔགས་འདིས་བསྐོར་བར་བྱ༔ མ་མ་རུ་ལུ་རུ་ལུ་དུམ་བུ་དགྲ་བོ་ཆེ་གེ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ འདོད་ཆགས་ཁྲག་ལ་ཧུབ་ཧུབ༔ སྐྱེས་བུའི་སྐུ་རྒྱབ་ཏྲི་བྲིས་ཤིང་༔ སྔགས་འདིས་ཐ་མ་བསྐོར་བར་བྱ༔ བཛྲ་ས་དུ་ཐུམ་རི་ལི་ལི་དགྲ་བོ་ཆེ་གེ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ ལུས་ངག་ཡིད་གསུམ་ཆིངས་ཆིང་༔ ཡུམ་མཆོག་སྐུ་རྒྱབ་མུ་བྲིས་ཤིང་༔ སྔགས་འདིས་ཐ་མར་བསྐོར་བར་བྱ༔ ཁ་རག་རག་མོར་དུན་ཏི་བྷྱོ་དགྲ་བོ་ཆེ་གེ་མཱ་ར་ཡ་ཙིཏྟ་སྲོག་ལ་རྦད་རྦད༔ བླ་སྲོག་རྣམ་ཤེས་ཁུག་ཁུག་སྒྲོལ་ཡ༔ ཡབ་ཡུམ་ལྟོ་བའི་ལིངྒ་ནི༔ མགོ་མཇུག་བཟློག་པ་བྲིས་པ་ཡི༔ སྙིང་ཁར་ཎི་ལ་མིང་རུས་བླ་དག་བསྐོར༔ དེ་ཡི་ཐ་མར་སྔགས་འདིས་བསྐོར་བར་བྱ༔ སྲོག་ནི་ཏྲི་ཧུར་ཐུམ་མཱ་ར་ཡ་སོད༔ ཁ་ཏྲི་རྦད༔ སུ་ཏྲི་ཙིཏྟ་྄རམ་ཤག་རྦད༔ ཏྲི་ནི་མཱ་ར་ཡ་རྦད༔ ཤག་ཤག་རྦུད་ནི་ཀ་ཏྲི་རྦད༔ ས་དུ་ས་མ་ཡ་ནི་རྦུད༔ ཤག་རྦད་སྲོག་ལ་ཐུན་ནི་མཱ་ར་ཡ་ཛཿ སྲོག་རྦུད་ཏྲི་ཛཿ ཤག་རྦད་མཱ་ར་ཡཿ རྩིབས་མཚོན་བརྒྱད་ལ་དགྲ་གཟུགས་ལིངྒ་བྲིས༔ སྙིང་ཁར་ཎི་ལ་མིང་རུས་བསྐོར༔ སྡེ་བརྒྱད་སོ་སོར་གཉེར་གཏད་བྲི༔ དེ་རྒྱབ་མུ་ཁྱུད་རྦད་སྔགས་བྲི༔ དེ་རྒྱབ་མུ་ཁྱུད་བསད་སྔགས་བྲི༔ དེ་རྒྱབ་མུ་ཁྱུད་དམོད་བཅོལ་བྲི༔ དེ་རྒྱབ་ཡབ་ཡུམ་སྐུ་གཟུགས་བྲི༔ དགྲ་ལིང་དགུ་འམ་ཉེར་གཅིག་བྲི༔ རྦད་བསད་སྔགས་ཀྱིས་སུམ་རིམ་བསྐོར༔ དེ་མཐར་ཛ་དང་ཁྲམ་གྱིས་བསྐོར༔ ལིངྒ་དགྲ་ཡི་ཟག་རྫས་བྱུག༔ ཡབ་ཡུམ་འཁོར་ལོའི་བར་དུ་ལྟེམ༔ འགུགས་གཞུག་བདེན་བརྡར་ལྷ་དབྱེ་བྱ༔ རྫས་ངན་བྱུག་བདུག་ལྷ་དང་བྲལ༔ དམ་ཅན་ཡབ་ཡུམ་བསྐྱེད་བསྟིམས་བྱ༔ ལྷ་སྲིན་སྡེ་བརྒྱད་བཀུག་ཅིང་བསྟིམས༔ གཞུང་བཞིན་སྒྲུབ་ཅིང་སྔགས་ཐུན་བཟུང་༔ ཁུག་རྟགས་རྫོགས་ནས་བསད་ལས་བྱ༔ དེ་ནས་འཁོར་ལོ་རླུང་ལ་བསྐོར༔ དེ་ཡང་བྲག་ནག་བྱང་བལྟས་ཤིང་༔ འདྲེ་གནས་རླུང་རྒྱུན་མི་འཆད་པར༔ གཞི་བདག་རླུང་ལྷ་གཏོར་མས་མཆོད༔ བཀའ་བསྒོ་བདེན་བརྡར་ཡང་ཡང་གཟུགས༔ ཤགས་བཏབ་དམོད་བོར་གཏོར་མ་འཕངས༔ གཡབ་མོ་གདབ་ཅིང་དྲག་སྔགས་བརྗོད༔ སྐྱེས་བུ་ཡབ་ཡུམ་ལྟོ་བ་རུ༔ ལྷ་སྲིན་སྡེ་བརྒྱད་དགྲ་བོ་རྣམས༔ འཐབ་འཁྲུགས་བསད་བཅད་གཏུབ་པར་བསམ༔ མེ་རླུང་མཚོན་ཆའི་ཆར་པ་བབས༔ ནད་དང་དུག་གི་ན་བུན་འཐིབ༔ དམ་ཉམས་མི་ནོར་འཁོར་བཅས་རྣམས༔ སྡེ་བརྒྱད་རྣམས་ཀྱིས་ཤ་ཟོས་ཤིང་༔ དོན་སྙིང་ཀླད་ཁྲག་ཐམས་ཅད་འཇངས༔ ནད་ཡས་དུག་གིས་མྱོས་ཤིང་འཐིབ༔ མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར༔ རྣམ་ཤེས་མི་དམིགས་ནམ་མཁའི་ཁམས༔ སྐད་ཅིག་ཉིད་ལ་བརླགས་པར་བསམ༔ དམིགས་པ་ནན་བསྐྱེད་སྐབས་སྐབས་འགུགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་སྦྱོར་བས་དགྲ་བོ་རྣམས༔ མེ་ལྕེ་ཁ་ཡི་སྦྲང་བུ་ལྟར༔ ཁ་ཕུང་འགྲོ་བར་ཐེ་ཚོམ་མེད༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཟབ་ཅིང་གཉན་པས་ཤིན་ཏུ་གསང་༔ ཅིག་རྒྱུད་བུ་ལ་མནའ་ཐོབ་སྤེལ༔ མང་ན་སྲུང་མས་འཁུ་ལྡོག་འབྱུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏི་སེ་ནས་གདན་དྲངས་པའོ། །མངྒ་ལཾ། །


previousསྐྱེས་བུ་ཆེན་པོའི་རླུང་འཁོར།next