Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དོན་དབང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   


 
previousདོན་དབང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ།next

དོན་དབང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ།

བླ་མ་བདེ་མཆོག་འཁོར་ལོའི་དོན་དབང་བསྐུར་ཚུལ་ཁྲིགས་སུ་བཀོད་པ་ཡིད་བཞིན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་གུ་རུ་བཛྲ་དྷ་ར་ཡ། གཟུང་འཛིན་གཡོ་བ་ཨོཾ་དང་ཧཱུྃ་གི་རྩལ། །སྐྱེ་མེད་ཨཱཿཡིག་ཉིད་དུ་དྭངས་པ་ལས། །ཟུང་འཇུག་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །ཐོག་མའི་སངས་རྒྱས་སྟོབས་ལྡན་མཆོག་མཁྱེན་ནོ། །མགོན་ཁྱོད་དགྱེས་པའི་བྱིན་རླབས་ཉིན་བྱེད་འོད། །བདག་ཡིད་པད་མཚོར་ལྷུང་དང་ལྷན་ཅིག་ཏུ། །སྨིན་གྲོལ་འདབ་བརྒྱ་དགོད་པའི་གེ་སར་ལས། །གྲུབ་གཉིས་འབྲས་བཟང་སྨིན་པའི་བཀའ་དྲིན་སྩལ། །སྨིན་བྱེད་དབང་གིས་སྐལ་ལྡན་རྗེས་འཛིན་སྒོ། །སྤྲོས་པས་དབེན་ལ་སྙིང་པོ་བགྱིས་པའི་ཚུལ། །གཏེར་གཞུང་རྩ་བ་མ་ཉམས་ཡིད་བཞིན་ནོར། །ཆོག་ཁྲིགས་འདོད་པ་འཇོ་བའི་བྱི་དོར་བྱ། །དེ་ལ་འདིར་བླ་མ་བདེ་མཆོག་འཁོར་ལོའི་དོན་དབང་ཡིད་བཞིན་ནོར་བུ་ཇི་ལྟར་བསྐུར་ཚུལ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་ཀྱི་དང་པོ་ནི། གཏེར་གཞུང་རྩ་བར། བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལ༔ དོན་དབང་ཡིད་བཞིན་ནོར་བུ་ཡོད༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ མཎྜལ་དྲི་ཡིས་ཆག་ཆག་གདབ༔ ཚངས་པའི་ཐིག་གདབ་དཀྱིལ་འཁོར་འབྲི༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ སྟ་གོན་ལེགས་བྱས་བུམ་པ་གཞག༔ བདུད་རྩི་མེ་ཤེལ་དྲི་མེད་དང་༔ དྲིལ་བུ་རྡོ་རྫེ་རྩེ་ལྔ་པ༔ གཏོར་མ་རྒྱན་ལྡན་རྣམ་ལྔ་བཤམས༔ སློབ་དཔོན་དབང་གི་སྟ་གོན་དང་༔ བསྙེན་སྒྲུབ་ཁ་གསོ་ཏིང་འཛིན་བསྐྱེད༔ བདག་འཇུག་བླང་ཞིང་གཞན་དོན་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར། རབ་འབྲིང་ཐ་མའི་དཀྱིལ་འཁོར་གསུམ་པོ་གང་འབྱོར་གྱི་དབུས་སུ་མཉྫིའི་ཁྲིའུ་ཁར་བུམ་པ་བཅུད་ལྡན་མགུལ་མཆིངས་ཁ་རྒྱན་གྱིས་བརྒྱན་པ་ལ་སྐུ་ཙཀ་དར་དཀར་པོའི་གུར་ཅན་གཟུངས་ཐག་རྡོ་རྗེ་བཅས་བཀོད། དེ་བཞིན་དུ་མདུན་དུ་རྡོ་རྗེ། གཡས་སུ་བདུད་རྩི། གཡོན་དུ་མེ་ཤེལ། རྒྱབ་ཏུ་དྲིལ་བུ། མདུན་དུ་གཏོར་མ། གང་བདེར་དམ་དང་དྲི་ཐིག། མཐར་སྨན་རཀ་གཏོར་གསུམ་ཉེར་སྤྱོད་ལྔ། བཀའ་གཏེར་སྲུང་མཆོད་གཏོར་སོགས། གཞན་ཡང་ཚོགས་ཀྱི་ཡོ་བྱད་དང་། སྔོན་གཏོར་ཆ་གཉིས། དབང་དུས་བགེགས་གཏོར་སོགས་དང་། སློབ་དཔོན་གྱི་མདུན་དུ། ལས་བུམ། ཌཱ་དྲིལ། གུལ་ཡུངས། ནས་ཟེད་སོགས་དགོས་ཆས་ཐམས་ཅད་ཚོགས་པར་བྱས་ལ། དབང་ཆེན་གྱི་འཕྲོར་ཡིན་ན་དབང་རྫོགས་མཚམས་ནས་བསྐུར་ཆོག་ལ། འདི་ཉིད་ཟུར་བསྐུར་ཡིན་ན་ལས་གཞུང་བསྲང་འཛབ་བསྙེན་བྱ་ཞིང་རིགའཛིན་གྱིས་དབང་བླངས། ལས་བུམ་སྒྲུབ། ཚོགས་བསྐང་ལྷག་མ་ཡན་གྲུབ་ནས། སློབ་བུ་རྣམས་ཁྲུས་བྱས་བགེགས་བསྐྲད། བསྲུང་འཁོར་བསྒོམ་པ་རྣམས་གསང་བ་སྤྱིའི་འགྲོས་བཞིན་གྲུབ་ནས་སློབ་དཔོན་གྱིས་ཉན་པར་བསྐུལ་ཏེ། དབང་བཤད་གཏེར་སྟོན་གྱིས་མཛད་པ་ནི། འོ་ན་ད་ལམ་ཁྱེད་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོའི་དབང་ཞུ་སྙམས་པའི་མོས་པ་དང་འདུན་པ་རྩེ་གཅིག་གིས་ལེགས་པར་ཉོན་ཅིགདེ་ཡང་གནས་ཕུན་སུམ་ཚོགས་པ་ཆོས་དབྱིངས་རིག་འཛིན་རོལ་པའི་ཞིང་ཁམས་སུ་སྟོན་པ་ཕུན་སུམ་ཚོགས་པ་རིག་འཛིན་གྱི་རྒྱལ་པོ་དཔལ་ཧེ་རུ་ཀཿབདེ་མཆོག་དབང་གི་འཁོར་ལོ་འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་དང་རིག་པ་འཛིན་པའི་ཚོགས་རྣམས་ལ་དུས་ཕུན་སུམ་ཚོགས་པ་འབྲས་བུ་རྡོ་རྗེ་ཐེག་པ་ལ་སྤྱོད་པའི་སྐབས་སུ། ཆོས་ཕུན་སུམ་ཚོགས་པ་རིག་འཛིན་འདུས་པ་རྩ་བའི་རྒྱུད་གསུངས་ནས་མཁའ་འགྲོ་མ་རྣམས་ཀྱིས་ཡི་གེར་བཏབ་སྟེ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་ཀྱི་ཆོས་ཀྱིས་འགྲོ་བ་འདྲེན་པའི་དོན་དུ་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པ་རི་ཉི་མའི་འཁོར་ལོར་གཏེར་དུ་སྦས་པ་རྡོ་རྗེ་སེམས་དཔས་ལུང་བསྟན་པ་དང་དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གདན་དྲངས་ཤིང་བོད་ཁམས་གངས་རིའི་ལྗོངས་འདིར་ཕེབས་ནས་ཡི་དམ་སྒྲུབ་པ་བཀའ་བརྒྱད་རྗེ་འབངས་ཉེར་ལྔ་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་ཚེ་སླར་ཡང་བསམ་ཡས་མཆིམས་ཕུ་བྲག་དམར་དགེ་གོང་དུ་ལས་ལྡན་གྱི་སློབ་མ་དེ་རྣམས་ཀྱིས་བདག་ཅག་རྣམས་ལ་བླ་མའི་སྒྲུབ་ཐབས་ལ་ཡི་དམ་གྱི་བསྐྱེད་རིམ་ཚང་བའི་ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། སློབ་དཔོན་ཆེན་པོས་དེ་ཤིན་ཏུ་ནས་ལེགས་ཏེ་སངས་རྒྱས་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་བ་ཡིན་པས་ཁྱེད་རྣམས་ཀྱིས་གདམས་པ་འདི་བཞིན་ཉམས་སུ་ལོངས་ཤིག་གསུངས་ཏེ་རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྐྱེད་རྫོགས་དབང་དང་སྒྲུབ་ཐབས་ལས་བཞི་ཚང་བར་བཀའ་སྩལ་པ། སོ་སོས་ཉམས་སུ་བླངས་ནས་དངོས་གྲུབ་ཀུན་གྱིས་ཐོབ་པའི་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབས་ཏེ་གུ་རུ་རིན་པོ་ཆེའི་དགོངས་པ་ལྟར་དུ་ལྷོ་རྒྱལ་འཛམ་བུ་གླིང་གི་ཡུལ་གྱི་ལྟེ་བ་བདེ་མཆོག་དབང་གི་འཁོར་ལོའི་ཕོ་བྲང་གངས་རིའི་རྒྱལ་པོ་ཏི་སེ་མཁའ་འགྲོའི་གསང་མཛོད་དུ་སྦས་ཏེ་བཞག་པ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི་ལུང་བསྟན་དུས་བབས་བཞིན་དུ། ཁམས་པ་ཉི་མ་གྲགས་པས་ཤིང་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རེངས་རྒྱས་པའི་དུས་སུ་བདེ་ཆེན་གསང་བ་ཕུག་ནས་བླ་མ་བདེ་མཆོག་འཁོར་ལོའི་ཆོས་གཏེར། སྐུ་ཚབས་མཐོང་བ་དོན་ལྡན། དམ་རྫས་ཨཱཿཐམ་མ་སྟོང་། ཧྲཱི་དམ་བརྒྱ་དང་བཅས་གདན་དྲངས་ཤིང་ས་ཕོ་རྟའི་ལོ་ཧོར་ཟླ་བཅུ་པར་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་གྷུ་ཧྱ་ཀ་ལར་ཤོག་སེར་ལས་སྒྱུར་ནས་ཡི་གེར་ཕབ་ཏེ་ལོ་བཅུ་གསུམ་འདི་ཡན་གཏེར་སྟོན་ཀྱིས་མཛད། ལ་སོགས་པར་གསང་རྒྱ་མཐར་ཕྱིན་པར་ཐུགས་ཉམས་སུ་བཞེས་ཤིང་ལས་དང་སྐལ་བ་ལྡན་པའི་ཆོས་བདག་ལུང་ཟིན་རྣམས་ལ་རིམ་པར་སྤེལ་བའི་་གདམས་ཟབ་གང་དེའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་སྐབས་སུ་བབས་སྟེ། དེ་ཡང་དབང་ཆོག་རྒྱས་བསྡུས་གཉིས་ལས་འདིར་དོན་དབང་ཡིད་བཞིན་ནོར་བུ་བསྐུར་བ་ལ་ཡང་སློབ་དཔོན་གྱི་བགྱི་འོས་དང་སློབ་མའི་བགྱི་འོས་གཉིས་སུ་ཡོད་པ་ལས། སློབ་དཔོན་གྱི་བྱ་བ་རྣམས་གོང་དུ་ལེགས་པར་གྲུབ་ཟིན་པས་ཁྱེད་རང་རྡོ་རྗེ་སློབ་མ་རྣམས་སྐུའི་ངོ་སྐལ་དུ་དོན་དབང་ཡིད་བཞིན་ནོར་བུ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་གནང་བར་མཛོད། ཅེས་བརྡ་སྦྱར། ཡང་གཏེར་གཞུང་ལས། དེ་ནས་དམ་ལྡན་སློབ་བུ་ནི༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཨེ་མ་མགོན་པོ་ཐུགས་རྗེའི་བདག༔ དཀྱིལ་འཁོར་ལྷ་ཚོགས་འདུས་པའི་དཔལ༔ རིག་འཛིན་ཆེན་པོ་བདག་ལ་དགོངས༔ སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ༔ ཞེས་གསོལ་བ་ལན་གསུམ་གདབ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ མདུན་གྱི་ནམ་མཁའ་བླ་མ་བདེ་མཆོག་འཁོར་ལོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ་དམིགས་ལ། ཧཱུྃ་ཧྲཱིཿ བླ་མ་བདེ་མཆོག་དབང་གི་ལྷ་ཚོགས་དང་༔ སོགས་དང་། སྤྲོ་ན་བསླབ་བྱ་ཕན་ཡོན་སོགས་བཤད༔ སེམས་བསྐྱེད་ནི༔ ཧཱུྃ་ཧྲཱི༔ མར་གྱུར་ཕ་མ་སོགས། སྤྲོ་ན་གོ་དོན་བཤད། དབང་བསྡུས་ལ་སྐྱབས་སེམས་འདི་ཕྱག་བཞེས་གཏེར་ཆེན་ཉིད་ཀྱིས་གསུངས་པའོ། དེ་ཡང་དབང་བསྐུར་བ་རྟེན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ཀྱང་། དེ་ཉིད་བརྟེན་ཅིང་འཛིན་པ་དམ་ཚིག་ལ་རག་ལས་པས་ཁྱེད་རང་རྣམས་དམ་ཚིག་ལས་ནམ་ཡང་འདའ་བར་མི་རུང་བས་དེ་ཕྱིར་དམ་ཚིག་རྡོ་རྗེའི་ཆུ་སྦྱིན་པ་ནི། དེ་ནས་སློབ་དཔོན་གྱིས༔ ཁྱེད་ཅག་མི་ལུས་དོན་དང་ལྡན༔ གསང་སྔགས་ཆོས་ཀྱི་སྨིན་གྲོལ་འདི༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་དམྱལ་བར་བསྲེག༔ དེ་བས་དམ་ཚིག་ཡང་དག་སྲུངས༔ ས་མ་ཡ༔ ཨེ་དན་ཏེ་ཧཱུྃཿ ཅེས་དམ་ཆུ་བླུད༔ སྤྲོ་ན་དམ་ཚིག་གི་རྣམ་དབྱེ་རྒྱས་པར་བཤད། ཡང་གཏེར་གཞུང་ལས། གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ ཡེ་ཤེས་པ་དབབ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ བུམ་པ་དབང་བསྐུར་འདི་སྐད་དོ༔ ཡེ་ཤེས་དབབ་པ་ནི༔ སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཁྱེད་རང་རྣམས་ལ་ཕོག་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས་པར་མོས། ལས་བུམ་གྱི་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཤུ་ནྱ་ཏ། སྟོང་པའི་ངང་ལས་ནོར་བུ་རིན་པོ་ཆེའི་ཁྲི་ལས་དར་ཟབ་སྣ་ཚོགས་ལྷབ་ལྷུབ་ཏུ་བརྩེགས་པའི་ཁར་ཏི་ར་ཉི་ཟླ་པདྨ་འབར་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ངོ་བོ་གསེར་གྱི་རྡོ་རྗེ་ལ་ས་བོན་ཡི་གེ་ཧཱུྃ་དཀར་པོས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་རྣམས་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམས་པ་ཡོངས་སུ་གནས་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་རིག་འཛིན་འདུས་པའི་དབང་ཕྱུག་བདེ་མཆོག་དབང་གི་འཁོར་ལོ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་འགྱིང་བ་ཕྱག་གཉིས་སྣང་སྟོང་ཟུང་འཇུག་ཏུ་མཚོན་པའི་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་ཡུམ་ལ་འཁྱུད་པ། ཞལ་གཅིག་ཁྲོ་འཛུམ་སྤྱན་གསུམ་ཞི་མ་ཁྲོའི་ཉམས་ཅན༔ དབུ་སྐྲ་རལ་བའི་ཐོར་གཙུག་ལ་ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་གྱི་དབུ་རྒྱན་དང་སྙན་ཆ་མགུལ་ཆུན་དོ་ཤལ་སེ་མོ་དོ་ཕྱག་ཞབས་ཀྱི་གདུ་བུ་སོགས་རིན་པོ་ཆེ་སྣ་ཚོགས་དང་རུས་པའི་རྒྱན་དྲུག་མེ་ཏོག་གི་ཕྲེང་བ་དང་ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཆུན་པོ་རྣམས་ཀྱིས་བརྒྱན་པ། སྐུ་སྟོད་ལ་ཞིང་ལྤགས་དང་གླང་ཆེན་གྱི་ཀོ་རློན་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས། ཐབས་ཤེས་མཚོན་པའི་གཤོག་པ། ཁྲག་གི་ཐིག་ལེ། ཞག་གི་ཟོར་རིས། ཐལ་ཆེན་གྱི་ཚོམ་བུ་སོགས་དུར་ཁྲོད་ཀྱི་ཆས་དང་དཔལ་གྱི་ཆས་རྣམས་ཀྱིས་བརྒྱན་པ། དེའི་པང་དུ་ཡུམ་མཆོག་ལྷ་ལྕམ་མཁའ་འགྲོའི་དབང་ཕྱུག་མནྡ་རཱ་ཝ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། གཡས་པ་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་ཡབ་ལ་དགྱེས་པར་འཁྲིལ་བ་བདེ་སྟོང་རབ་ཏུ་རྒྱས་པའི་ལང་ཚོ་ཅན་ཕྱག་རྒྱ་ལྔ་དང་གཟིག་གི་ཤམ་ཐབས་ཀྱིས་སྤྲས་པ་ཡབ་ཡུམ་གཉིས་ཀ་དར་གྱི་ཅོད་པཎ་དང་ཉི་ཟླའི་རྒྱབ་ཡོལ་རང་འོད་འབར་པའི་ཀློང་ན་གར་དགུའི་ཉམས་དང་ལྡན་པར་བསྒོམ་ཞིང་། དེ་ལྟར་ཁྱེད་རང་རྣམས་ལྷར་གསལ་བའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གིས་མཚན་པར་མོས་ལ། དེ་ནས་བླ་མ་ལ་མོས་གུས་བྱས་པས་བླ་མ་དང་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་ཁྱེད་རང་བཅས་པའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དཔལ་ཆེན་པོ་བདེ་མཆོག་དབང་གི་འཁོར་ལོ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་གཉིས་མེད་དུ་སིབ་སིབ་ཐིམ་ཞིང་བསྟིམ་པའི་དམིགས་པ་དྲག་ཏུ་མཛོད། ཅེས་ལས་བྱང་གི་སྤྱན་འདྲེན་དབྱངས་དང་བཅས་བྱིན་དབབ་པར་བྱའོ། ཡེ་ཤེས་པ་དེ་དག་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་དུ་སྤྱི་གཙུག་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་པས་བརྟན་པའི་མོས་པ་མཛོད། ཅེས་དང་། ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཅེས་བརྗོད་རྡོ་རྗེ་སྤྱི་བོར་བཞག༔ དེ་དག་གིས་ནི་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས་ཞུགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱིས་རིམ་པར་བསྐུར་བར་བྱ་སྟེ། བུམ་པ་ཐོགས་ལ༔ ཧཱུྃ་ཧྲཱི༔ བུམ་པ་ཆོས་དབྱིངས་བཅུད་ནི་ལྷ་ཡི་སྐུ༔ རིག་འཛིན་འདུས་པའི་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཀ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ བྷནྡྷ་ཐོགས་ལ༔ ཧཱུྃ་ཧྲཱི༔ བྷནྡྷ་ཆོས་དབྱིངས་བཅུད་ནི་བདུད་རྩིའི་མཚོ༔ རིག་འཛིན་ལྷ་ཚོགས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགགས་མེད་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཝཀྐ་ཨ་བྷི་ཥིཉྩ་ཧྲཱི་ཧྲཱི༔ རྡོ་རྗེ་ཐོགས་ལ༔ ཧཱུྃ་ཧྲཱི༔ རྡོ་རྗེ་ཆོས་དབྱིངས་ས་བོན་ལྷ་ཡི་ཐུགས༔ རིག་འཛིན་ལྷ་ཚོགས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ༴སྐྱེ་མེད་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དྲིལ་བུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དྲིལ་བུ་ཆོས་དབྱིངས་གསུངས་དབྱངས་ཡོན་ཏན་ལྷ༔ རིག་འཛིན་ལྷ་ཡི་ཡོན་ཏན་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི༴ལེགས་ཚོགས་མཐར་ཕྱིན་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་རཏྣ་ཨ་བྷི་ཥིཉྩ་ཏྲཾ་ཏྲཱཾ༔ མེ་ཤེལ་ཐོགས་ལ༔ ཧཱུྃ་ཧྲཱི༔ མེ་ཤེལ་ཆོས་དབྱིངས་འོད་ལྔའི་ཕྲིན་ལས་ཏེ༔ རིག་འཛིན་ལྷ་ཚོགས་ཕྲིན་ལས་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི༴ཐོགས་མེད་རབ་འབྱམས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཀརྨ་ཨ་བྷི་ཥིཉྩ་ཨཱ་ཨཱ༔ གནས་ལྔར་བསྐུར་རོ༔ གཏོར་མ་མགོར་བཞག་བཀའ་གཏད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་གསུང་པའི་དོན་གཏོར་དབང་བྱ་སྟེ༔ སློབ་དཔོན་གྱིས་གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ༔ དེ་ཡང་གཏོར་སྣོད་རང་བྱུང་དབྱིངས་ཀྱི་ཞིང་ཁམས་ཆེན་པོ་ཡོངས་སུ་གྲུབ་པའི་ནང་ན། གཏོར་རྫས་བདེ་ཆེན་ཀུན་འདུས་རིག་འཛིན་ཐོད་པ་རྩལ་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་རྗོ་རྗེའི་བྱིན་རླབས་དང་། དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོ་བཞིན་ཁྱེད་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་གང་བས་ལུས་གདོས་བཅས་སུ་སྣང་བ་དག་ནས་འཆི་མེད་དྭངས་མའི་ལུས་སུ་གྱུར། ངག་གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་ཆེན་པོར་ལྷུན་གྱིས་གྲུབ༔ ཡིད་གཉིས་ཆོས་སུ་འཛིན་པའི་རྒྱུ་བ་རྒྱུན་ཆད་དེ་འཕོ་མེད་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། ངེས་དོན་བསྟན་འཛིན་བཟང་པོ། མི་འགྱུར་ཕན་བདེ་རྒྱ་མཚོ་ལ་སོགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་བདེ་མཆོག་དབང་གི་འཁོར་ལོ་ཡབ་ཡུམ། ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་འཁོར་ཚོམ་བུ་འབུམ་དངབཅས་པ་རྣམས་དང་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་བརྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཉམས་དང་རྟོགས་པ་གོང་དུ་འཕེལ་ཞིང་རྒྱས་ནས་ས་དང་ལམ་གྱི་ཡོན་ཏན་མ་ལུས་པ་མཐར་ཕྱིན་ནས་ཟུང་འཇུག་གདོད་མའི་ཀུན་བཟང་ཧེ་རུ་ཀའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གནས་སྐབས་སུའང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར་བས་ནད་གདོན་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་ཉེ་བར་ཞི་བ་དང་ཚེ་བསོད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མོས་པ་རྣམ་བཞིས་མཐོང་ཐོས་དྲན་རེག་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་འདུ་བ་དང་། དགྲ་བགེགས་གདུག་པ་ཅན་ཐམས་ཅད་མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་གཅོད་པ་སོགས་མདོར་ན་གྲུབ་པ་བརྒྱད་དང་འཕྲིན་ལས་བཞི་ལ་དབང་བསྒྱུར་བས་གང་བསམ་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གཞན་ཡང་ཤེས་རབ་སྟོང་པ་ཉིད་ཀྱིས་རྩིས་ཟིན་པའི་སྒོ་ནས་ཐབས་སྙིང་རྗེ་ཆེན་པོས། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེ་རྒྱུན་མི་འཆད་པར་སྒྲུབ་ནས་འབྲེལ་ཚད་བྱང་ཆུབ་གྱི་གོ་འཕང་ལ་འགོད་ནུས་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃཿབཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། གཏོར་མའི་ལྷ་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་སྙམས་པས་དེའི་ངང་ནས་མ་བཅོས་མཉམ་པར་བཞག་པར་མཛོད་ཅིགཅེས་དང་གཏོར་ཟན་ཅུང་ཟད་བདུད་རྩིར་ཞུ་བ་མྱང་དུ་བཅུག་གོ། དེ་ནས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་མཛད་པར་མོས་ལ། ཧཱུྃ་ཧྲཱིཿ དམིགས་མེད་ཆོས་སྐུ་སོགས་ཤིས་བརྗོད་དང་། དེ་ལྟར་དབང་བསྐུར་བ་ལེགས་པར་ཐོབ་པ་དེ་ཉིད་ཇི་ལྟར་ཞིང་ས་གཤིན་པོར་ས་བོན་བཏབ་ཏུ་ཟིན་ཀྱང་དེ་ཉིད་སྲུང་སྐྱོང་པོ་རྣམས་ཀྱིས་སྐྱོང་བྲན་བྱ་དགོས་པ་བཞིན་དུ་དབང་ཐོབ་པ་དེ་ཉིད་དམ་ཚིག་གིས་སྐྱོང་དགོས་པས། དམ་ཚིག་དབྱེ་བསྡུའི་རྣམ་བཞག་ཐུགས་ལ་ངེས་པས་སྲོག་གི་ཕྱིར་ཡང་མི་གཏོང་སྙམས་པའི་འདུན་པས་འདིའི་རྗེས་བཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ཡོན་འབུལ། རྗེས་བསྔོ་སྨོན་སོགས་གསང་བ་སྤྱི་འགྲོས་བཞིན་ཤེས་པར་བྱའོ། །དབང་ཐོབ་པའི་ཕན་ཡོན་ཀྱང་གཞུང་ལས། ཨེ་མ་རིག་འཛིན་ཡོངས་འདུས་ཀྱི༔ བྱིན་རླབས་དོན་དབང་ཡིད་བཞིན་ནོར༔ ཟབ་བཅུད་ཕྱུངས་ནས་པདྨས་བྲིས༔ ལན་གཅིག་འབྲེལ་ཐོགས་འགྲོ་བ་རྣམས༔ མཁའ་སྤྱོད་གནས་སུ་ཨེ་མ་ཧོ༔ ཏེ་སེའི་གངས་ལ་གཏེར་དུ་སྦས༔ སྲུང་མ་རྣམས་ཀྱིས་བྱ་ར་གྱིས༔ མ་འོངས་བསྐལ་བའི་སྙིགས་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཐོ་རངས་ཁར་གངས་རིའི་རྒྱལ་པོ་ཏི་སེ་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་ས་ཕོ་རྟ་ལོ་ཧོར་ཟླ་བཅུ་པར་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །དེ་ལྟར་སྨིན་བྱེད་ཡང་སྙིང་ཟབ་པའི་ཕུལ། །ཚིག་ཚོགས་ལོ་མའི་ཕུང་པོ་གཡོ་མིན་ཡང་། །དོན་གྱི་འབྲས་བཟང་མྱོང་འདོད་སུ་དག་ལ། །འཇུག་བདེའི་ལེགས་བཤད་རོ་བདེའི་སྐྱེས་འདི་མཚར། །ཇི་ལྟར་མཁའ་ལྡིང་ནམ་མཁར་སྤྱོད་པ་ལྟར། །རྗེས་མཐུན་བྱིའུའི་ཚོགས་ཀྱང་འཕུར་རྩལ་ངོམ། དེ་བཞིན་མཁས་རྣམས་འཆད་རྩོད་རྩོམ་པ་ལྟར། །ཉམས་ཆུང་བདག་ཀྱང་འདི་ཙམ་འབད་པས་སྦྱར། །འོན་ཀྱང་བླུན་པོའི་སྤྱི་བརྟོལ་རྫས་ཤེལ་ཕྲེང་། །རྨོངས་བརྟུལ་སྒྲེན་མོའི་མགུལ་རྒྱན་ཁོ་ན་ལས། །མཁྱེན་བཟང་ལང་ཚོས་སྒེག་པའི་ལུས་ཕྲ་མའི། །རྣམ་དཔྱོད་མགྲིན་པའི་རྒྱན་དུ་སུ་ཡིས་ལེན། །དེ་ལྟ་ནའང་དེང་དུས་གང་ཟག་ཕལ། །ཤར་ཚིག་ཙམ་ལའང་རོ་འཛིན་མདུད་རྒྱ་ཆུང་། །ལག་ལེན་ཆ་མེད་འདྲེན་བྱེད་གྱིས་དབེན་ཁྲོད། །རྩིང་སྤྱོད་བབ་ཅོལ་གྱ་གྱུར་རྒྱུ་བས་བྲེལ། །མཁས་གྲུབ་གང་མའི་སྐྱེ་སྤྲུལ་ཕལ་ཆེར་ཡང་། །ཆོག་ཁྲིགས་ཡིག་ནག་བཤར་རྒྱུག་འཕྲོད་སྦྱངས་པས། །དབང་བཞིའི་བརྡ་དོན་སྨིན་དང་གྲོལ་བའི་གནད། །འཆད་ལ་མི་སྨྲའི་བརྟུལ་ཞུགས་བཟུང་བ་མང་། །དེ་ཕྱིར་གསང་སྔགས་དར་ལ་མ་སྨིན་པའི། །ཚུལ་འདིས་སྙིང་པོའི་རིང་ལུགས་ཆུད་གསན་མོད། །དེས་ན་ཚུལ་འདིར་བསྟན་འཛིན་ཁྱེད་རྣམས་ཀྱིས། །བསྟན་པ་བྱི་དོར་བྱེད་པ་མི་རིགས་སམ། །འདི་ན་བླ་མའི་ཕྱག་བཞེས་ཇི་བཞིན་ལས། །ཉ་དང་ཉུང་མ་འདྲེས་པའི་ཁྱད་ཆོས་མེད། །དེས་ན་འཁྲུལ་མེད་ཕྱག་ལེན་གཙོར་འཛིན་པའི། །དཔྱོད་ལྡན་རྣམས་ཀྱི་སྙིང་ནོར་བྱ་བར་འོས། །དགེ་དེས་འཁོར་ལོའི་མགོན་པོ་ཉི་མ་གྲགས། །གང་གི་རིང་ལུགས་དབྱར་མཚོ་ལྟར་འཕེལ་ཞིང་། །ལུས་བསྐྱེད་ལྟོས་འབྲེེལ་གྱིས་མཚོན་འགྲོ་རྒྱུད་ལ། །རྩ་གསུམ་ལྷ་ཡི་བྱིན་བརླབས་འཇུག་གྱུར་ཅིག། ཅེས་པ་འདི་ནི་རྣམ་འདྲེན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་འཇིགས་མེད་བསྟན་པའི་ཉི་མ་སྡེས་རིང་མོ་ཞིག་ནས་བཀས་བསྐུལ་ཡང་སྙོམ་ལས་དང་ལེ་ལོར་ཡུན་རིང་དུ་ལུས་ཀྱང་ད་ལམ་ཆོས་བཀའ་ཁ་ཚང་ཕྱིར་དང་བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་དམིགས་ནས་རིགས་སྔགས་འཆང་བ་ངག་དབང་བློ་གྲོས་ཀྱིས་སྦྱར་བ་འདིས་ཀྱང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་རིང་ལུགས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། མངྒ་ལཾ། ཤུ་བྷཾ་མསྟུ།། །།


previousདོན་དབང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ།next