Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོར་གཤེགས་ཚུལ་ངག་འདོན།
   


 
previousདཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོར་གཤེགས་ཚུལ་ངག་འདོན།next

དཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོར་གཤེགས་ཚུལ་ངག་འདོན།

དཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོར་གཤེགས་ཚུལ་ངག་འདོན་བཞུགས། །གུ་རུ་བཛྲ་ས་ཏྭ་ཡ། འདིར་དཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོར་གཤེགས་ཐབས་ནི། རྣམ་རྒྱལ་བུམ་པའི་ནང་དུ་རྡུལ་ཚོན་དང་བུམ་ཆུའི་ལྷག་ཅུང་ཟད་བླུགས་པ་དར་རས་ཀྱིས་མགུལ་རྒྱན་དར་གྱི་འདོ་ལེའམ་ཁྲིའུ་ལ་བཏེགརོལ་ཆ་འཕན་གདུགས་བ་དན་སོགས་སྔོན་དུ་འགྲོ་བས་འབབ་ཆུའམ་འཚོ་འགྲམ་གང་ཡིན་དུ་སྤྱན་དྲངས། དེར་དྲི་བཟང་པོ་བྱུག་པའི་མཎྜལ་པད་དཀར་འདབ་བརྒྱད་བྲིས་པའི་སྟེང་དུ་འགོད་ལ། མདུན་ནས་མཆོད་ཡོན། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང་། ཁྱད་པར་ཟངས་ཀྱི་སྣོད་དུ་བཤོས་ཟླུམ་དམར་པོ་འབྲས་ཟན་འོ་ཞོ་བུ་རམ་སོགས་དང་སྦྱར་བ་བཀོད། སྐྱབས་སེམས་ཚད་མེད་བཞི་སྒོམ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ་པའི་ཉམས་ལྡན་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་བརྒྱན་པར་གསལ་བའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལ་ཡེ་སྟྭཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སརྦ་ཨརྒྷཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱཿ པཱ་དྱཾ། པུཥྤེ། དྷུ་པེ། སོགས་ཀྱིས་མཆོད་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་རྣམ་འཕྲུལ་རྡོ་རྗེ་སེམས། །དྭངས་ཤིང་ཐོགས་མེད་དཀར་བའི་མདངས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། །སྣ་ཚོགས་རྒྱན་ལྡན་ཁྱོད་ཕྱག་འཚལ། ཞེས་བསྟོད། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་མཐར་ཡིག་བརྒྱ་འཁོར་བ་ལས་འོད་འཕྲོས་དོན་གཉིས་བྱས་དངོས་གྲུབ་ཀྱི་བཅུད་བསྡུས་པར་དམིགས་ལ་ཡིག་བརྒྱ་དང་ཉེ་སྙིང་གི་བཟླས་པ་ཇི་ལྟར་རིགས་པའི་མཐར་མཆོད་ཅིང་བསྟོད་ལ། མདུན་གྱི་མཎྜལ་སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་པདྨ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ནས། མཛེས་པར་བརྒྱན་པ་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་སྟོད་ལྷའི་ལུས་ཐལ་མོ་སྦྱར་བ་སྦྲུལ་གྱི་གདེང་ཀ་དང་། སྨད་སྦྲུལ་མཇུག་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་དམ་ཚིག་པར་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་སེམས་དཔའ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། ཨཱོཾ་བཛྲ་ས་ཏྭ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁཱ་ཧི། ཨཱོཾ་བ་སུ་ཀི་མཾ་སྭཱ་ཧཱ། བདུན་ནམ་གསུམ་གྱི་གཏོར་མ་འབུལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། རྡོ་རྗེ་དང་པོ་ཀུན་ཏུ་བཟང་། ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལ། ཞེས་དང་། གདེང་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བུམ་པ་ནས་རྡུལ་ཚོན་ཆུ་བོར་བླུགས་ཤིང་། ཀླུ་ཆེན་བརྒྱད་པོ་ལ་སོགས་པ། །ཀླུ་ཡི་རིགས་རྣམས་ཐམས་ཅད་ཀྱིས། །རྒྱ་ཆེན་རྒྱུན་མི་འཆད་པ་རུ། །རྡུལ་ཚོན་འདི་ལ་མཆོད་པར་གྱིས། །ཞེས་བརྗོད་ཅིང་བསྟན་པ་རྒྱས་པ་དང་འགྲོ་ལ་ཕན་བདེ་འབྱུང་བའི་སྨོན་ལམ་འདོད་གསོལ་བྱ། ཀླུ་རྣམས་ཀྱིས་བཀུར་སྟི་ཆེན་པོས་རྡུལ་ཚོན་སྤྱན་དྲངས་པར་བསམས་ལ། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཤིས་བརྗོད་རྒྱས་པར་བྱ། བུམ་པ་དེ་ཆུས་བཀང་ཏེ་སྒྲུབ་ཁང་སོགས་ལ་བསངས་གཏོར་བྱས་ན་བཀྲ་ཤིས་པ་དང་། རྡུལ་ཚོན་ཆུ་བོར་གཤེགས་པས་ཆོས་རྒྱུན་མི་འཆད་པའི་རྟེན་འབྲེལ་ཅན་དུ་གསུངས་སོ། །ཚུལ་འདིའང་ཉེར་མཁོའི་ཕྱིར་དུ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ།། །།


previousདཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོར་གཤེགས་ཚུལ་ངག་འདོན།next