Nitartha Digital Library
Tibetan
 
previousཟབ་ལམ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས།next

ཟབ་ལམ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས་བཞུགས༔ ཧེ་རུ་ཀཿདཔལ་ལྷ་ལ་འདུད༔ མཆིམས་ཕུ་དཔལ་གྱི་དབེན་རྩ་རུ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ བཙུན་མོ་འབྲོམ་བཟའ་བྱང་ཆུབ་མས༔ གུས་པའི་ཕྱག་དང་བསྐོར་བ་བྱས༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ སྐྱེ་བ་དམན་པའི་བུད་མེད་བདག༔ ཤ་ཁྲག་དྲ་བའི་ལུས་ལེན་ཞིང་༔ བུད་མེད་བུ་རུ་སྐྱེས་ནས་ཀྱང་༔ ཁམས་ཞིག་ཉི་མ་གྲགས་པ་ཡི༔ གཏེར་གྱི་གྲོགས་སུ་འགྱུར་གསུང་དུས༔ ཉམས་ལེན་གང་ལ་བྱས་ན་ཟབ༔ ཡི་དམ་གང་གིས་བྱིན་རླབས་འཐོབ༔ ད་ནས་བཟུང་སྟེ་དེ་བར་དུ༔ ལས་ཀྱིས་ལུས་ངན་གང་ལྟར་ལེན༔ འགྲོ་དྲུག་མངལ་སྒོ་ཇི་ལྟར་འགྲིམ༔ བུད་མེད་སྐྱེ་བ་སྤངས་ནས་ཀྱང་༔ མཐོ་རིས་སངས་རྒྱས་འཐོབ་པའི་དུས༔ སྐྱེ་བ་དུ་ཙམ་བརྒྱུད་དུས་འོང་༔ གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང་༔ ཤེལ་དཀར་རྡོ་རྗེ་མཚོ་མོ་དང་༔ ལྷ་ལྕམ་ནུས་འབྱིན་ས་ལེ་དང་༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་སོགས༔ བདག་ཅག་རིག་འཛིན་མཆེད་ལྕམ་ལྔས༔ དཀྱིལ་འཁོར་གཉན་པོའི་མདུན་འདི་རུ༔ སྨོན་ལམ་བཏབ་པའི་རྟེན་འབྲེལ་གྱིས༔ གཏེར་གྱི་གྲོགས་སུ་སྐྱེ་གསུང་དུས༔ ཡུལ་ཕྱོགས་རིགས་རུས་ཅི་འདྲར་སྐྱེ༔ དུས་གསུམ་མཁྱེན་པས་གསུང་དུ་གསོལ༔ དེ་སྐད་ཞུས་པས་སློབ་དཔོན་གྱིས༔ ཁྱེད་རྣམས་མ་ཡེངས་ལེགས་པར་ཉོན༔ ད་ལྟ་དཀྱིལ་འཁོར་གཉན་པོའི་མདུན༔ སྨོན་ལམ་བཏབ་པའི་མཆེད་ལྕམ་ལྔ༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ ང་སྤྲུལ་ཉི་མ་གྲགས་པ་ཡིས༔ ཟབ་དོན་གཏེར་ལ་སྤྱོད་པའི་དུས༔ ཡེ་ཤེས་མཚོ་རྒྱལ་སྤྲུལ་པ་ཞིག༔ དྷེ་ཝི་ཀཽ་ཊིའི་བྱང་ཕྱོགས་ནས༔ སྔགས་སྐྱེས་བུ་མོ་རཏྣའི་མིང་༔ ང་སྤྲུལ་བུ་དང་འཕྲད་པའི་ཚེ༔ རྩ་མདུད་འགྲོལ་ཞིང་ལུང་བསྟན་གསལ༔ ཁ་བྱང་རྙེད་ཅིང་མངོན་ཤེས་འཆར༔ ཤེལ་དཀར་རྡོ་རྗེ་མཚོ་མོ་འདི༔ མང་ཡུལ་གངས་རིའི་འགྲམ་བཟང་དུ༔ སྔགས་སྒོམ་བུ་མོ་ཆོས་ཀྱི་མིང་༔ གཏེར་ཁ་གསུམ་གྱི་གྲོགས་བྱེད་ཅིང་༔ ཐུགས་ཀྱི་གཟུངས་མས་ཚེ་འཕྲང་སེལ༔ ད་ལྟའི་བཙུན་མོ་འབྲོམ་བཟའ་ཁྱོད༔ སྲིན་མོ་རྫོང་གི་ཤར་འདབས་སུ༔ སྔགས་སྐྱེས་བུ་མོ་ཨ་ཡི་མིང་༔ གཏེར་ཁ་ལྔ་ཡི་གྲོགས་བྱེད་ཅིང་༔ ཆགས་མེད་འཕྲིན་ལས་སྐྱོང་བར་འགྱུར༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་འདི༔ བྲག་དམར་ཟངས་སྦུབ་ཅན་གྱི་བྱང་༔ སྔགས་སྐྱེས་བུ་མོ་ཀརྨའི་མིང་༔ ཟབ་གཏེར་གྲོགས་བྱེད་རིགས་རྒྱུད་སྤེལ༔ རྒྱལ་པོའི་སྲས་མོ་ནུས་འབྱིན་འདི༔ དཔལ་གྱི་ཙ་རིའི་གནས་ནང་དུ༔ གནས་སྐྱེས་བུ་མོ་སྒྲོལ་མའི་མིང་༔ ཟབ་གཏེར་གྲོགས་དང་འདུ་བ་བཞིའི༔ དངོས་གྲུབ་ཆར་ལྟར་འབེབས་པ་འོང་༔ ད་ནས་བཟུང་སྟེ་དེ་བར་དུ༔ ལུས་ནི་སྣ་ཚོགས་གཟུགས་མང་ལེན༔ མཐོ་དམན་སྐྱེ་བ་མང་དུ་བརྒྱུད༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ གཏེར་གྲོགས་བུད་མེད་ལུས་ལེན་དུས༔ པདྨ་ང་ནི་རིགས་ཀྱི་ལྷ༔ ཟབ་གནད་འདུས་པའི་སྒྲུབ་སྐོར་རྣམས༔ ཉམས་སུ་ལེན་པའི་དུས་འོང་བས༔ བརྩོན་འགྲུས་ཞེ་བཅད་ཉམས་ལེན་འབུངས༔ སྡུག་བསྲན་དཀའ་ཐུབ་སྲང་ལ་གཅུན༔ བུད་མེད་ལུས་ཀྱི་རྒྱུན་ཆོད་དེ༔ དག་པའི་ཞིང་མང་ཉུལ་བར་བྱེད༔ དེ་སྐད་སློབ་དཔོན་ཆེན་པོས་གསུངས་པ་དང་༔ བདག་འདྲ་བུད་མེད་འབྲོམ་བཟའ་ལ༔ མ་འོངས་ལྔ་བརྒྱའི་ཡང་མཐའི་ཚེ༔ ཟབ་ཆོས་གཏེར་གྱི་གྲོགས་བྱེད་དུས༔ ཉམས་སུ་ལེན་པའི་སྒྲུབ་ཐབས་ཤིག༔ ཡི་དམ་ལྷ་སྐལ་གང་ཡིན་པ༔ སློབ་དཔོན་ཆེན་པོས་གནང་དུ་གསོལ༔ ཅེས་ཞུས་དངུལ་གྱི་མེ་ལོང་དང་༔ རིན་ཆེན་གསེར་གྱི་དོང་ཙེ་བདུན༔ གཙུག་གཡུ་རིན་ཆེན་སྟག་མགོ་ཕུལ༔ ཕྱག་དང་སྐོར་བ་གྲངས་མེད་བྱས༔ དུས་གསུམ་མཁྱེན་པའི་པད་འབྱུང་གིས༔ ཁྱོད་ཀྱི་ལྷ་སྐལ་འདི་ཡིན་གསུང་༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གནང་༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ མ་འོངས་དོན་དུ་ཡི་གེར་བཏབ༔ ཆོས་བཀའ་ཚང་ཕྱིར་གཏེར་དུ་སྦས༔ ལས་འཕྲོའི་དབང་གིས་འདི་འཕྲད་ནས༔ སྨོན་ལམ་དག་པས་མཚམས་སྦྱོར་ཏེ༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཏེ་སེའི་གངས་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousཟབ་ལམ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས།next